རུས་མིང་གི་འདོགས་ཚུལ་ཞིབ་ཏུ་བཤད་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 22 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »རུས་མིང་གི་འདོགས་ཚུལ་ཞིབ་ཏུ་བཤད་པ།
རུས་མིང་གི་འདོགས་ཚུལ་ཞིབ་ཏུ་བཤད་པ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-05-11ལྟ་ཀློག (1020)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

བོད་ཀྱི་རིག་གནས་ལས་བྱེ་བྲག་རུས་མིང་གི་འདོགས་ཚུལ་ཞིབ་ཏུ་བཤད་པ།

རྩོམ་པ་བོ་མི་གསལ།

ནང་ཆོས་དང་འབྲེལ་བའི་མིང་གི་འདོགས་ཚུལ།
        ནང་ཆོས་དང་འབྲེལ་བའི་མིང་གི་འདོགས་ཚུལ་ལ་ནང་དོན་རྣམ་པ་སྣ་ཚོགས་ཡོད་མོད།འདིར་གཙོ་ཆེ་བ་འགའ་ཞིག་བཀོད་ན།
གཅིག  ནང་ཆོས་བོད་དུ་དར་བ་ནས་བཟུང་དགོན་སྡེ་ཁག་གི་རབ་བྱུང་བ་དང་སེར་མོ་བ་རྣམས་ལ་ཆོས་མིང་འདོགས་པ་དང་། རིམ་བཞིན་འབངས་མི་སེར་དད་པ་བྱེད་མཁན་དང་། སྤྱི་ཚོགས་ཐོག་གི་མི་སྐྱ་ཕོ་མོ་རྣམས་ལ་ཡང་ཆོས་དང་འབྲེལ་བའི་མིང་འདོགས་པའི་སྲོལ་བྱུང་བ་རེད། དཔེར་ན། བླ་མ། སངས་རྒྱས། དབྱངས་ཅན། བསྟན་འཛིན། དགེ་འདུན། ལྷ་མོ། སྒྲོལ་མ་ལྟ་བུའི་མིང་གསར་བ་དེ་རིགས་མིའི་མིང་གི་རྒྱབ་མདུན་གང་རུང་ཞིག་ཏུ་བཞག་ནས་འབོད་པའི་སྲོལ་ཐོག་མར་བྱུང་ཞིང་། ཡིག་འབྲུའི་ཐད་ཚེག་བར་གསུམ་ཅན། བཞི་ཅན། དྲུག་ཅན་གང་རུང་སྣང་པ་དང་། བོད་སིལ་བུར་འཐོར་བའི་སྐབས་དང་བསྟན་པ་ཕྱི་དར་གྱི་སྐབས་སུ་ནང་བའི་ཆོས་དང་འབྲེལ་ནས་མིང་བཏགས་རྒྱུའི་གོམས་སྲོལ་དར་ཆེ་རུ་ཕྱིན་ཞིང་། བོད་སིལ་བུའི་སྐབས་ཀྱི་ལྟ་མ་ཡེ་ཤེས་འདོད་དང་། ལྷ་བཙུན་བྱང་ཆུབ་འོད། ཕོ་བྲང་ཞི་བ་འོད་སོགས་དུས་རབས་འདི་ནས་འགོ་བརྩམས་ཏེ་སྐྱ་སེར་ཐམས་ཅད་ལ་བླ་མས་མིང་འདོགས་སྲོལ་དེ་དར་ཁྱབ་ཆེ་རུ་ཕྱིན་འདུག་ཅེས་བརྗོད་པའོ།། བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཕྱོགས་རུས་སུ་ཕྱེ་བས། མི་མིང་འདོགས་སྲོལ་གྱི་ཐད་ལ་ཡང་གྲུབ་མཐའ་ཁག་གི་མིང་འདོགས་སྲོལ་བྱུང་བ་རེད། རྙིང་མའི་བླ་མ་ཞིག་གིས་ཕྲུ་གུ་ལ་མིང་བཏགས་ན་མང་ཆེ་བར་མིང་གི་ཐོག་མར་ཨོ་རྒྱན་དང་། རིག་འཛིན་ལྟ་བུ་འདོགས་པ་དང་། བཀའ་བརྒྱུད་པའི་བླ་མས་མིང་བཏགས་ན་ཀརྨ་དང་ཤེས་རབ། བྱང་ཆུབ་ལྟ་བུ་མང་བ། ས་སྐྱ་པའི་བླ་མས་མིང་བཏགས་ན་ཀུན་དགའ་དང་། འཇམ་དབྱངས་ལྟ་བུ་མང་པ། དགེ་ལུགས་པའི་བླ་མ་ཞིག་གིས་མིང་བཏགས་ན་ངག་དབང་དང་། བློ་བཟང་ལྟ་བུ་མང་ཤོས་སུ་མཆིས། ཡང་དཔེར་ན། རྙིང་མ་བར་ཨོ་རྒྱན་འཇིགས་མེད་གླིང་བ། གཡུང་དྲུང་དཔལ་མཆོག བཀའ་བརྒྱུད་ཚང་ལ། ཀརྨ་ཁྲིམས་ལས་བཟངཔོ། ཀརྨ་དུས་གསུམ་མཁྱེན་པ། ཆོས་ཀྱི་གྲགས་པ། ཆོས་ཀྱི་ཉི་མ་ལྟ་བུ་ས་སྐྱ་ཚང་ལ། ས་པཎ་ཀུན་དགའ་རྒྱལ་མཚན། ས་སྐྱ་བསོད་ནམས་རྩེ་མོ། ཀུན་དགའ་ཆོས་བཟང་། བློ་གྲོས་རྒྱལ་མཚན་ལྟ་བུ། དགེ་ལུགས་ཚང་ལ། བློ་བཟང་ཉི་མ་དང་། བློ་བཟང་རྒྱལ་མཚན། ངག་དབང་ཆོས་ལྡན་ལྟ་བུ་དང་། དགེ་སློང་མའི་མིང་ལ་ངག་དབང་གཡང་འཛོམས་དང་བྱང་ཆུབ་སྒྲོལ་མ་སོགས་མང་པའོ།།
གཉིས། བླ་མ་དང་སྤྲུལ་སྐུ་གོང་མའི་མིང་ཟུར་རང་གི་མིང་གི་སྔོན་དུ་སྦྱོང་བ། དཔེར་ན། པཎ་ཆེན་ཆོས་ཀྱི་འབྱུང་གནས་འདི་ཉིད་སི་ཏུ་སྐུ་ཐོག་བཞི་བའི་སྐུ་ཕྲེང་དུ་ངོས་འཛིན་མཛད་པས་ཕྱིས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་སམ་སི་ཏུ་པཎ་ཆེན་ཞེས་སུ་འདོད། ལྕང་སྐྱ་རོལ་བའི་རྡོ་རྗེ་འདི་ཉིད་ནི་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་(བྱང་གི་དགོན་ཆེན་བཞིའི་ཡ་གྱལ་)གི་ལྕང་སྐྱ་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་ལྡན་གྱི་སྤྲུལ་སྐུར་ངོས་འཛིན་མཛད་པས་མཚན་ཡང་དེ་ལྟར་དུ་གསོལ་བའོ།།
གསུམ། རང་གིས་ལས་གང་བྱས་པ་དང་གང་མཛད་པའི་ལས་ཀྱི་མིང་དེ་རང་གི་མིང་གི་སྔོན་དུ་སྦྱར་བ། དཔེར་ན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ནི་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱག་མཚོའི་ཡོངས་འཛིན་མཛད་པས་མཚན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཞེས་མིང་གི་སྔོན་དུ་ཡོངས་འཛིན་སྦོར་བ་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ཞེས་པ་སྡེ་དགེའི་པར་ཁང་ཆེན་མོའི་ཞུ་དག་མཁན་པོ་དང་། དཔེ་ཆ་ལེགས་བསྒྲིགས། བསྟན་འགྱུར་ལ་ཞུ་དག་གང་ལེགས་མཛད་པའི་དབང་གིས་མཚན་ཡང་དེ་ལྟར་དུ་གསོལ་པའོ།།
བཞི། རྒྱའི་གོང་མས་བསྩལ་བའི་མིང་དེས་རང་གི་མིང་དངོས་ཀྱི་ཚབ་བྱས་པའམ་མིང་གི་སྔོན་དུ་སྦྱོང་བ། ཏཱ་མིང་རྒྱལ་པོས་བོད་ཀྱི་ཆོས་རྒྱལ་ཆེན་པོ་རྣམ་གསུམ་ལ་ཆོ་ལོ་བསྩལ་པའི་མིང་གིས་མིང་དངོས་གྱི་ཚབ་བྱེད་པ་དང་། ཡང་ན་མིང་དངོས་གྱི་སྔོན་དུ་སྦྱར་ནས་འབོད་པ་སྟེ། བཀའ་བརྒྱུད་པ་ཀརྨ་དེ་བཞིན་གཤེགས་པ་ལ་རིན་ཆེན་ཆོས་རྒྱལ་ཞུ་བ་དང་། ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ལ་ཐེག་ཆེན་ཆོས་རྒྱལ་ཞུ་བ། དགེ་ལུགས་པ་ཤཱཀྱ་ཡེ་ཤེས་ལ་ཐེག་ཆེན་ཆོས་རྒྱལ་ཞུ་བ། དགེ་ལུགས་པ་ཤཱཀྱ་ཡེ་ཤེས་ལ་བྱམས་ཆེན་ཆོས་རྒྱལ་ཟེར་ཞིང་། བོད་ལ་ཆོས་རྒྱལ་ཞེས་པའི་མིང་མཐའ་ཡང་དེ་ནས་བྱུང་བ་ཡིན། ཡང་སྤྱི་ལོ1578རབ་བྱུང་བཅུ་བའི་ས་སྟག་ལོར་སོག་པོའི་རྒྱ་པོ་ཨལ་ཐན་གྱིས་རྒྱལ་མཆོག་གསུམ་པ་བསོད་ནམས་རྒྱ་མཚོར་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་གནང་བ་ནས་བཟུང་། རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་མིང་གི་སྔོན་དུ་ཏཱ་ལའམ་ཏཱ་ལའི་བླ་མ་ཞེས་མཚན་ཞུ་སྲོལ་བྱུང་བ་དང་། དེ་བཞིན་དུ་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་ཡང་ཨེར་ཏི་ནི་ཞེས་པའི་མཚན་ཞུ་སྲོལ་ཆགས་པའོ།།
ལྔ། ཡང་ཆེ་བ་མཚོན་པའི་མིང་གི་འབོད་སྲོལ་ཡོད་དེ། འདིར་མཁྱེན་རླབས་ཀྱི་ཆེ་བ་མཚོན་པ་དང་། ཡུལ་དང་གནས་ཀྱི་ཆེ་བ་མཚོན་པ། མཚན་གྱི་ཆེ་བ་བརྗོད་པའམ་གུས་སྲོལ་གསུམ་ལས། དང་པོ་མཁྱེར་རླབས་ཀྱི་ཆེ་བ་མཚོནཔ་དཔེར་ན། པཎ་ཆེན་རིག་པའི་སེང་གེ་པཎ་ཆེན་བློ་བཟང་ཆོས་རྒྱན། རབ་འབྱམས་སྨྲ་བ་བློ་བཟང་དོན་གྲུབ། རབ་འབྱམས་པ་ཆོས་དབྱིངས། གཞན་དུ་རང་དཀའ་ལྔ་པ། དཀའ་བཅུ་པ། སྨན་རམས་པ། རྩིས་རམས་པ་སོགས་དང་།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། ཀུན་མཁྱེན་འཇམ་དབྱུངས་བཞད་པའི་རྡོ་རྗེ། ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་དང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་སོགས་ཀྱང་མཁྱེན་རླབས་ཀྱི་ཆེ་བ་མཚོན་པའི་ཁོངས་སུ་འདུ། གཉིས་པ་ཡུལ་དང་གནས་ཀྱི་ཆེ་བ་མཚོན་པ། དཔེར་ན། གཙང་པ་རྒྱལ་པོ། དབུས་པ་བློ་གསལ། ཡར་ཀླུང་གྲགས་པ་རྒྱལ་མཚན། མངའ་རིས་ལོ་ཙཱ་བ། མདོ་སྨད་པ། ཆེ་གེ་མོ་ཞེས་པ་དང་། ཡང་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ། ས་སྐྱ་བ་བསོད་ནམས་རྩེ་མོ། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྟག་ཕུ་ལེགས་པའི་བློ་གྲོས་ཞེས་པ་ལྟ་བུས་ནི་ཡུལ་དང་གནས་ཀྱི་ཆེ་བ་མཚོན་པ་མ་ཟད། གྲུབ་མཐའི་ཆེ་བ་མཚོན་པ་ཡང་ཡིན། གསུམ་པ་མཚན་གྱི་ཆེ་བ་བརྗོད་པར་དཔེར་ན། བོད་བཙན་པོའི་སྐབས་སུ་རྒྱལ་པོ་ལ་བཙན་པོ་དང་བཙན་པོ་ཞུ་བ་དང་བཙུན་མོ་རྣམས་ཀྱི་མིང་དུ་བཟའ་ཞེས་པའི་མཚན་ཞུ་སྲོལ་ཡོད་པ་དང་། ཡང་བཙན་པོ་རྣམས་ལ་རྒྱལ་པོ་དང་རྗོ་བོ། རྗེ་བོ་སོགས་འབོད་པ་ཡང་ཡོད་ལ། རྗེ་བློ་བཟང་གྲགས་པ། རྗེ་འཇིགས་མེད་བསམ་གཏན། རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ། རྗེ་ཤེས་རབ་རྒྱ་མཚོ་སོགས་ཀྱང་མཚན་གྱི་ཆེ་བ་བརྗོད་པའི་ཁོངས་སུ་གཏོགས་སོ།།
དེང་རབས་བོད་མིའི་མིང་འདོགས་ཚུལ་གྱི་ཁྱད་ཆོས་མདོར་བྲི་བ།
  ང་ཚོ་བོད་མིའི་མིང་འདོགས་ཚུལ་ནི་བོད་ཀྱི་ཤེས་རིག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད། གོམས་གཤིས་རིག་པའི་ཁོངས་སུ་གཏོགས་པའི་རིག་པ་གལ་ཆེན་ཞིག་ཀྱང་ཡིན། དེར་ལོ་རྒྱུས་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པ། མི་རིགས་རང་གི་རིག་པའི་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅས་ལྡན་པས་”ཞེས་བརྗོད་པ་ལྟར་བོད་མིའི་རུས་མིང་འདོགས་ཚུལ་དེ་ལོ་རྒྱུས་འཕེལ་འགྱུར་གྱི་བརྒྱུད་རིམ་ཧ་ཅང་རིང་ཞིང་། ནང་དོན་ཕུན་སུམ་ཚོགས་པ་ཡོད་པའི་ཁྲོད་ནས་ད་ལྟ་དེང་རབས་བོད་མིའི་མིང་འདོགས་ཚུལ་ལ་ཁྱད་ཆོས་ག་འདྲ་འདུག་ཅེ་ན། གཤམ་དུ་དཔེར་བརྗོད་འགའི་སྒོ་ནས་གོ་བར་བྱ་སྟེ།
གཅིག ཆུང་དུས་ཀྱི་གཅེས་མིང་།
    གཅེས་མིང་ཞེས་པ་ནི་ཕྲུ་གུ་སྐྱེས་མ་ཐག་དང་། ཡང་ན་ལོ་ན་ཆུང་དུས་ཕ་མས་ཤིན་ཏུ་གཅེས་སུ་བཟུང་སྟེ་སྙིང་ཉེ་བ་མཚོན་སླད་ཚིག་སྙན་པོའི་ངང་བཏགས་པའི་མིང་ཡིན་ཏེ། དཔེར་ན། ཨ་བོ། ལྷ་མཐིལ། བུ་ཆུང་། གཅེས་ཕྲུག དཔའ་ཆུང་། བུ་དགའ། ཞེས་འབོད་པ་དང་། ཡང་ན་བུ་ཕྲུག་གང་གི་མིང་གི་སྔོན་མའི་ཡིག་འབྲུ་དང་རྗེས་སུ་ཚིག་གྲོགས་ཁོ། ལོ། ཐོ། ལོག བྷ་བྷེ་བྷོ༼རྗེས་འཇུག་གི་དབང་གིས་འབའ་འབེ་འབོ་དང་པ་པེ་པོ་བཀླགས༽ཕྲུག༼རྗེས་འཇུག་གིས་རུག་བཀླགས༽རིས༼དྲིས་འདྲིས༽ཞིས༼ལས༽སོགས་ཡོད་ཅིང་། ཚིག་གྲོགས་འདི་དག་མིང་མཐའ་སྦྱར་ན་ཆུང་ངུའི་དོན་སྟོན་པ་ཡིན། དཔེར་ན། གནམ་རྒྱལ་ལ་གནམ་ཁོ། མཚོ་མོ་ལ་མཚོ་ཁོ། རྟ་མགྲིན་ལ་རྟ་ཁོ། ཆོས་འཕེལ་ལ་ཆོས་ལོ། རིག་འཛིན་ལ་རིག་པོ། བསོན་ནམས་ལ་བསོད་ལོ། བདེ་སྐྱིད་ལ་བདེ་ལོག རབ་འབྱམས་ལ་རབ་ལོག རིན་ཆེན་ལ་རིན་ལོག ཕག་མོ་ལ་ཁག་རིས། རྡོ་རྗེ་ལ་རྡོ་རིས། གཅོད་པ་ལ་གཅོད་དྲིས་ལྟ་བུ་དང་། ཡང་རྡོ་རྗེ་ལ་རྡོ་ཕྲུགསྟག་འབུམ་ལ་སྟག་ཕྲུག རྒྱ་མཚོ་ལ་རྒྱ་རིག་ཅེས་པ། གཞན་ད་རུང་ཐོ་ཐོ། ལོ་ལོ། ལོ་རིས། རིས་རིས། ཁོ་ཁོ་སོགས་དོན་འདྲ་ལ་ཐོ་ཞེས་ཁ་སྐད་དུ་ཐོ་མིང་ཁ་ཤས་ཤིག་གི་མཐར་ཞུགས་ན་ཆུང་ངུའམ་བྱིས་པའི་དངོས་པོར་པོ་ཞེས་པ་ལྟར། ཞྭ་ཐོ། རྐང་ཐོ། ལག་ཐོ་ལྟ་བུ་དངོས་པོའི་མིང་དང་། དབང་ཆེན་ལ་དབང་ཐོ། ཀུན་ཐར་ལ་ཀུན་ཐོ། འཕགས་མོ་ལ་འཕགས་ཐོ་ལྟ་བུ་གཅེས་མིང་དུ་འགྱུར། གཞན་ཡང་པ་པེ་པོ་དང་བྷ་བྷེ་བྷོ་སོ།ས་མིང་མཐའ་སྦྱར་བ་ཧ་ཅང་མང་པོ་ཡོད་པ་དང་། འདོགས་མཁན་གྱི་ཆ་ནས་ཀྱང་སྤྱིར་རྒན་པས་བྱིས་པའི་ངག་གི་སྒྲ་གསལ་ལ་མི་གསལ་པ་དེ་ལ་བརྟེན་ནས་བྱིས་པར་གཅེས་མིང་འདོགས་པ་ཡིན་མོད། རྒན་པས་བྱིས་པར་བཏགས་པ་དང་བྱིས་པས་རྒན་པར་འདོགས་པ། ན་ཟླས་བཏགས་པའི་གཅེས་མིང་སོགས་ཀྱང་ཡོད་པར་བཤད་ཅིང་། གཅེས་མིང་དེ་དག་ཕྲུ་གུ་ནར་སོན་པ་དང་བསྟུན་ནས་རིམ་བཞིན་འབོད་པའི་སྲོལ་ཇེ་ཉུང་དུ་འགྲོ་བ་ཡིན་ལ། ལ་ལ་རང་གི་མི་ཚེ་གང་པོའི་མིང་དངོས་དེར་འགྱུར་བའང་ཡོད་སྲིད།
གཉིས། གཟའ་སྐར་དང་ཟླ་ཚེས་ཀྱི་ཐ་སྙད་མིང་དེ་ཕྲུ་གུའི་མིང་དུ་འདོགས་པ། དཔེར་ན། ཉི་མ་དང་། ཟླ་བ། སྤེན་པ། པ་སངས། ཕུར་བུ། ལྷག་པ། ཚེས་གཅིག ཚེས་གཉིས། བཅོ་ལྔ། ནམ་གང་སོགས་ཕྲུ་གུ་སྐྱེས་པའི་དུས་དང་ཟླ་ཚེས་གཟའ་སྐར་གྱི་མིང་དེ་ཕྲུ་གུའི་མིང་དུ་བཏགས་པ་ཡིན་ཞིང་། འདོགས་སྲོལ་འདི་ནི་བོད་དུ་གཟའ་ཚེས་བརྩི་འགོ་ཚུགས་རྗེས་བྱུང་བ་ཞིག་ཡིན་པར་བཤད།
གསུམ། ཆོས་ལུགས་ཀྱི་ཐ་སྙད་ཕྲུ་གུའི་མིང་དུ་འདོགས་པ། གོང་དུ་བརྗོད་ཟིན་པ་ལྟར་འདིར་ཡང་ཆོས་ལུགས་ཀྱི་ཐ་སྙད་ཕྲུ་གུའི་མིང་དུ་འདོགས་པ་དཔེ་འགར་དྲངས་ན། ལུང་རྟོགས། བཤད་སྒྲུབ། ཡེ་ཤེས། ལེགས་བཤད། བསམ་གཏན་ལྟ་བུ་ཕྲུ་གུའི་མིང་དུ་འདོགས་ཤིང་། སྲོལ་འདི་ཡང་བསྟན་པ་སྔ་དར་སྐབས་སད་མི་མི་བདུན་རབ་ཏུ་བྱུང་བ་ནས་འགོ་བཟུང་བ་ཞིག་རེད་ཅེས་བརྗོད།
བཞི། ལྷ་མིང་མིའི་མིང་དུ་འདོགས་པ། དཔེར་ན། འཇམ་དབྱངས། བྱམས་པ། སྒྲོལ་མ། དབྱངས་ཅན། རྣམ་སྲས། དབང་ཕྱུག རྟ་མགྲིན་སོགས་སྐྱབས་འཇུག་དང་བསོད་ནམས་གསོག་པའི་དོན་དུ་སྦྱར་བ་ལྟ་བུའོ།།
ལྔ། སྲོག་ཆགས་དང་རྩི་ཤིང་གི་མིང་མིར་འདོགས་པ། དཔེར་ན། སྟག་ཕྲུག དོམ་ཕྲུག༼དྲུག༽ སེངྒེ་ལྟ་བུ་སྟོབས་ཆེན་པོའི་དོན་དུ་འདོགས་པ་དང་། པདྨ་དང་། མེ་ཏོག་ལྟ་བུ་མཛེས་ཤིང་སྡུག་པའི་དོན་དུ༼མང་ཆེ་བ་བུ་མོར༽འདོགས་པའོ།།
དྲུག བསོད་ནམས་དང་དབང་ཐང་གི་ཆ་ནས་བཏགས་པ། དཔེར་ན། བསོད་ནམས་དང་། དབང་འདུས། དབང་རྒྱལ། དབང་ཆེན། གཡང་འཛོམས། དོན་གྲུབ། དགའ་སྐྱིད། སྟོབས་རྒྱལ་སོགས་ལྟ་བུའོ།།
བདུན། ཤེས་རབ་ལ་སྨོན་པའི་ཆ་ནས་བཏགས་པ། དཔེར་ན། བློ་གྲོས། ཡེ་ཤེས། རིག་འཛིན། ཤེས་རབ་ལྟ་བུའོ།།
བརྒྱད། རྐྱེན་དང་བར་ཆད་ཟློག་པའི་ཆེད་དུ་བཏགས་པ། དཔེར་ན་ཕག་སྐྱག་ཁྱི་ལུད་ལྟ་བུའོ།།
དགུ། དམིགས་བསལ་ཅན་གྱི་འདོགས་ཚུལ།
  ས་ཆ་ལ་ལར་སྐྱེས་པའི་མིང་ལ་གནམ་མཚོ་དང་པདྨ་ལྟ་བུ་འབོད་སྲོལ་ཡོད་པས། དེ་ནི་རྒྱུས་ལོན་བྱས་པ་ལྟར་ན་ཕྲུ་གུ་མ་སྐྱེས་གོང་དུ་ཕ་མས་རེ་འདུན་ནམ་ཚོད་དཔག་གིས་བུ་མོ་ཡིན་པར་བྱས་ནས་བུ་མོའི་མིང་གིས་བཏགས་པ་དེ་ཕྲུ་གུ་སྐྱེས་རྗེས་བུ་མོ་མིན་ཡང་མིང་དང་པོ་མ་འགྱུར་བར་རང་སོར་བཞག་པར་བཤད་པ་དང་། ཡང་ཕྲུ་གུ་ལ་ལར་ཕ་མས་བཏགས་པའི་མིང་དང་པོ་དེ་མ་གནས་པ་སྟེ། ཕྲུ་གུ་ངུ་སྤྲོ་བ་དང་། གཉིད་མི་ཉལ་བ། ཚ་རྒྱས་པ། ཤ་སྐམ་པ། མདོག་མི་བཟང་བ་བྱུང་བ་སོགས་ལས་བཟློག་ཆེད་དེར་གནས་པའི་ཡུལ་ལྷ་མཐུ་ཆེན་དང་གཞི་བདག་བཙན་པོ་གང་ཞིག་ལ་བཅོལ་བའམ། བླ་མ་བྱིན་རླབས་ཅན་ལ་ཞུས་ཏེ་མིང་གཉིས་པ་འདོགས་པའི་སྲོལ་ཡོད་པ་ཡིན། དཔེར་ན། ལྷ་ལུང་དཔལ་གྱི་རྡོ་རྗེའི་གནས་རི་ལ་མཇལ་བ་དང་དེར་བཅོལ་བའི་ཆ་ནས་ལྷ་ལུང་དཔལ་རྡོ་ཞེས་འདོགས་པ་དང་། རྨ་ཆེན་གངས་ལ་བསྐོང་བའམ་བཅོལ་བའི་ཆ་ནས་རྨ་ཆེན་འཚོ་དང་རྨ་ཆེན་རྒྱལ་ཞེས་བུ་མོ་ཡིན་ན་མིང་མཐར་འཚོ༼ཡང་ན་སྐྱིད་སོགས༽དང་བུ་ཡིན་ན་མིང་མཐར་རྒྱལ༼ཡང་ན་སྐྱབས༽སོགས་སྦྱར་ཏེ་འདོགས་པ། གནམ་མཚོ་ཕྱུག་མོར་བསྐོར་བས་མཚོ་མོ་ཐར་སོགས་འདོགས་པ་དང་། ཡང་ལ་ལར་ཕྲུ་གུ་གཅིག་ཀྱང་མ་སྐྱེས་པའམ་ཡང་ན་བུ་མོ་རྒྱང་སྐྱེས་པ་ལས་བུ་མ་འཁྲུངས་པ་ཡིན་ན། མདའ་བསྟོད་བསང་གཏོང་བྱེད་པ་དང་། མཇལ་སྐོར་འགྲོ་བ། སྐྱབས་འཇུག་ཞུས་པ་བཅས་ཡུལ་གང་ཞིག་ལ་སློང་བའི་ཆ་ནས་བཏགས་སྲོལ་ཡང་ཡོད། དཔེར་ན། ད་འདུག༼ཏན་ཏིག་འབྲི་སྲོལ་ཡང་ཡོད༽ཤེས་གྱི་ཕྲེང་བར་ཕྲུ་གུ་སློང་བའི་ཆ་ནས་ད་འདུག་སྐྱིད་དང་། ཡ་མྱེས་ཤ་བོར་བུ་སློང་བས་ཤ་བོ་ཚེ་རིང་། ཤ་བོ་འཚོ། ཤ་བོ་རྒྱལ་སོགས་འདོགས་པའོ། མིང་གཉིས་པ་འདོགས་པ་ལ་རྟགས་འགྱུར་བར་འདོགས་པའང་ཡོད་དེ། ཕྲུ་གུ་སྐྱེས་མ་ཐག་ཏུ་ཕོ་ཡིན་ཡང་། བདུན་གཅིག་གི་སྡོན་ན་མོའི་རྟགས་སུ་འགྱུར་བའི་གྲངས་ཀྱང་མི་ཉུང་བ་ཞིག་ཡོད་པས། ལ་ལར་མོའི་མིང་གཅིག་ཁོ་ན་ལས་སྔོན་ལ་བཏགས་མེད་པ་དང་། ལ་ལར་རྟགས་འགྱུར་བའི་ཉི་མ་ཅུང་འགོར་བའི་རྐྱེན་གྱིས་མིང་དང་པོ་སྐྱེས་པའི་མིང་དང་གཉིས་པ་བུ་མོའི་མིང་གིས་འཐུས་པ། ད་དུང་མི་གང་དེའི་ཁ་སྒོ་སྐྱེས་འགྲོས་དང་བྱ་བྱེད་སྤྱོད་གསུམ་སོགས་ལ་གཞིགས་ཏེ་ཞར་བ། གྱོལ་བོ། བསྟན་བཤིག་ལ་སོགས་པའི་ངན་མིང་འདོགས་སྲོལ་ཡོད་པ་རྣམས་གཅིག་ཤེས་ཀུན་འགྲོས་ཤེས་བར་བྱའོ། །མཚམས་གཅོད་དང་། ཤི་ལོག ཁྱི་ཕྲུག༼དྲུག༽ཕག་ཕྲུག བུ་ཁྲིད། འཆི་ཐར་ཚེ་རིང་། སྲི་ཐར་ཚེ་རིང་། བུ་མོ་ཆོག འདང་ཆེ༼ཅེ༽སོགས་ཕྲུ་གུ་སྔོན་རྣམས་ཤི་སོང་བ་དང་ཡང་ན་ཕྲུ་གུ་སྔོན་པ་རྣམས་བུ་མོ་རྐྱང་རྐྱང་སྐྱེས་པ་ལས་བུ་མ་སྐྱེས་ཤིང་། རྗེས་མ་ཕྲུ་གུ་སྐྱེས་པ་དང་ཡང་ན་བུ་སྐྱེས་འདོད་པའི་བསམ་འདུན་ནམ་རེ་མོས་མཚོན་པའི་ཆ་ནས་བཏགས་ཤིང་ཡང་ན་ཕྲུ་གུ་སྐྱེས་སྐྱེས་ཚང་མ་བུ་མོ་རྐྱང་རྐྱང་ཡིན་པའི་ཆ་ནས་དབུ་མོ་ཆོག་ད་ཕྲུ་གུ་འདང་བའི་ཆ་ནས་འདང་ཅེ་སྐྱིད་དང་འདང་ཅེ་རྒྱལ་སོགས་འདོགས་པ་ཡིན། མཚམས་གཅོད་ཅེས་པ་ཤི་མཚམས་གཅོད་རྒྱུ་དང་བུ་མོ་སྐྱེས་མཚམས་བཞག་པའི་དོན་དང་། ཁྱིམ་ཚང་ལ་ལར་བུ་མོ་རྐྱང་རྐྱང་སྐྱེས་པས་བུ་སྐྱེ་བའི་བསམ་འདུན་འགྲུབ་སླད་བུ་མོའི་མིང་ལ་བུ་ཁྲིད་ཅེས་འདོགས་པ་དང་། ཡང་འཇིགས་པ་ལས་ཐར་ཏེ་བདེ་བར་འགོད་ཐུབ་པའི་ཆེད་དུ་མིང་ངན་པ་ཕག་སྐྱག ཁྱི་ལུད། ཁྱི་ཕྲུག་སོགས་འདོགས་པ་ཡོད་དོ།།
བཅུ། སྒྲ་སྙན་ངག་དང་རིག་གནས་གཞན་གྱི་སྐོར་འདོགས་ཚུལ། དཔེར་ན། སྒྲ་མིང་ལ་གཙུག་ལག་རིག་པའི་དབང་ཕྱུག ལེགས་བཤད་ཟླ་བ། དགྱེས་པའི་བློ་གྲོས། ལེགས་བཤད་ཚངས་པ་བཞད་པའི་བློ་གྲོས་ལྟ་བུ་དང་། སྙན་ངག་གི་མིང་ལ་འཇིགས་མེད་རིག་པའི་བློ་གྲོས། ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ལ་སོགས་པ་སྒྲ་དང་སྙན་ངག་རིག་པའི་གནས་ལ་ཁྲིད་ལུང་ཐོབ་པའི་ཆ་ནས་མིང་གི་ཐོབ་ཐང་འདི་བཏགས་པ་དང་། གཞན་ཡང་བོད་ཀྱི་རིག་པའི་གནས་བཅུ་བོ་གང་ལ་མཁས་པ་དེའི་ཆ་ནས་པཎ་ཊི་ཏ་དང་། པཎ་ཆེན། རབ་འབྱམས་སྨྲ་བ། ཀུན་མཁྱེན་པ། ལྷ་རམས་པ། སྨན་རམས་པ། རྩིས་རམས་པ་སོགས་མིང་གི་ཆེ་བ་བརྗོད་པའི་སྐབས་སུ་བཤད་ཟིན་པས་འདིར་ཡང་དཔེ་ཞིག་དྲངས་ན། ལྷ་རམས་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་སོགས་ལྟ་བུ་དང་། དེ་མ་ཟད་ད་རུང་ས་ཆ་སོ་སོར་འདོགས་ལུགས་མི་གཅིག་པ་ཡོད་པ་དང་། དུས་རབས་ཀྱི་རང་བཞིན་ལྡན་པའི་མིང་གི་འདོགས་ཚུལ། བཅིངས་འགྲོལ་སྔ་རྗེས་ཀྱི་བོད་མིའི་མིང་འདོགས་ཚུལ། ལོ་རབས་བརྒྱད་ཅུ་དགུ་བཅུ། དུས་རབས་ཉེར་གཅིག་གི་མིང་གསར་བ་འདོགས་པའི་ཚུལ་ལས་རྒྱུན་དུ་འབྲི་རྩོམ་ལ་དཀའ་བ་དག་གིས་རྒྱའི་རྩོམ་རིག་མཁན་ཆེན་རྣམས་ལ་དཔེར་བྱས་ནས་ལྗང་བུ་དང་། རང་གྲོལ། ལྟ་བུའི་པིར་མིང་འདོགས་པ་དང་། ཡང་ཕྲུ་གུའི་མདུན་ལམ་མམ་མ་འོངས་”ཕུགས་འདུན་ལ་དམིགས་ནས་འདོགས་པ། མི་རིགས་གཞན་གྱི་མིང་ཡག་པ་ཚུར་བླངས་ནས་རང་གི་ཕྲུ་གུའི་མིང་དུ་འདོགས་པ། ཁྱད་ཆོས་སམ་ནུས་པ་གང་ཞིག་ལྡན་པའི་སྒོ་ནས་འདོགས་པ། མི་དེའི་ཕྱི་ཚུལ་གྱི་རྣམ་པའི་སྒོ་ནས་འདོགས་པ་སོགས་གདགས་གཞི་གང་དེར་འདོགས་མཁན་སྔོན་བླ་མ་དང་རྒན་གྲས་རྣམས་ཀྱིས་འདོགས་པ་ནས་རིམ་བཞིན་སྤུན་མཆེད་དང་། སློབ་མ། རིག་གནས་ཅན་རྣམས་ཀྱིས་འདོགས་པའི་ཕྱོགས་སུ་སྐྱོད་གྱི་ཡོད་པ་འདི་ཡང་སྤྱི་ཚོགས་འཕེལ་འགྱུར་འགྲོ་བའི་གྲུབ་ཆ་མཚོན་བྱེད་ཅིག་ཡིན་ནོ།།
མིང་གི་ཚེག་བར་དང་བསྡུ་མིང་བསྡུས་ཚུལ་བཤད་པ།

  བློ་མཐུན་སྒ་ཟླ་བ་ཚེ་རིང་གིས་”མིའི་མིང་འདོགས་ཚུལ་གྱི་རྣམ་པ་ནི་ཚེག་བར་མང་ཉུང་ཁོ་ན་མ་ཡིན་པར། བསྡུ་མིང་བསྡུས་ཚུལ་དང་གདགས་གཞིའི་དངོས་མིང་སྟེང་ས་མིང་དང་། རུས་མིང་། འཕྲིན་ལས་དབང་ཐོབ་ཐང་བརྩེགས་པ་སོགས་ཀྱང་བརྗོད་བྱའི་ཁོངས་སུ་གཏོགས་”ཞེས་པ་བཞིན་མིང་གི་ཚེག་བར་མང་ཉུང་དང་བསྡུ་མིང་བསྡུས་ཚུལ་ནི་ཧ་ཅང་གལ་ཆེ་བ་ཞིག་འདུག་སྟེ། མདོ་དབུས་ཁམས་གསུམ་ལ་ཡང་མིང་གི་ཚེག་བར་བསྡུས་ཚུལ་ལ་ཁྱད་པར་འགའ་རེ་ཡོད་པར་སྙམ། སྤྱིར་ཚེག་བར་མང་ཉུང་ཐད་ད་ལྟའི་བར་ཆེས་མང་བ་ཚེག་བར་ཉི་ཤུ་རྩ་གཉིས་དང་ཆེས་ཉུང་བ་ཚེག་བར་གཅིག་ཅན་ཡང་ཡོད་པ་ཡིན། གཅིག་ཅན་ནི་སྔོན་གནའ་མིང་འདོགས་པའི་སེ་དང་འབྲུ་ལྟ་བུ་སྟེ། དེ་དག་ནི་རུས་དང་མིང་ཞེས་ཁ་ཁར་དགར་རྒྱུ་མེད་པར་གཅིག་ཁོ་ན་ཉིད་དུ་འབོད། ཡང་དཔེར་ན། ད་ལྟ་དབུས་གཙང་ཕྱོགས་སུ་མཚམས་ཞེས་པ་ཡིག་འབྲུ་གཅིག་ཅན་དང་མཚམས་གཅོད་ཅེས་པ་ཡིག་འབྲུ་གཉིས་སུ་འབོད་པ་ཡང་ཡོད། ཚེག་བར་གཉིས་ཅན་ནི་མདོ་དབུས་ཁམས་གསུམ་དུ་ཁྱབ་པའི་ཉི་མ། ཟླ་བ། ཚེ་རིང་། སྒྲོལ་མ་སོགས་ལྟ་བུ་རེད། གསུམ་ཅན་དཔེར་ན། པདྨ་རྒྱལ། འཇམ་དབྱངས་མཚོ། རྟ་མགྲིན་རྒྱལ་ལྟ་བུ་སོགས་ད་ལྟ་ཨ་མདོའི་ཕྱོགས་སུ་དར་ཁྱབ་ཆེ་བ་ཡོད་པ་དང་། བསོད་ནམས་རྡོ་རྗེ། སྐལ་བཟང་དར་རྒྱས། བསྟན་འཛིན་ཆོས་གྲགས། བཀྲ་ཤིས་ཟླ་བ། ཕུན་ཚོགས་རྣམ་རྒྱལ། ཀུན་བཟང་སྒྲོལ་མ། དབྱང་ཅན་ལྷ་མོ། བྱམས་པ་སྒྲོལ་མ་སོགས་བཞི་ཅན་ནི་མདོ་དབུས་ཁམས་གསུམ་དུ་ཡོད་མོད། ནང་སྒོས་སུ་ཁམས་ཕྱོགས་སུ་འདོགས་རྒྱ་ཧ་ཅང་ཆེ་བ་ཡོད་པ་རྣམས་ཇི་ལྟར་བསྡུས་བའི་ཚུལ་ལ་མིང་གི་ཚེག་བར་གསུམ་དང་གསུམ་ཡན་གྱི་མིང་བསྡུ་བ་ལས་གཅིག་དང་གཉིས་ཅན་ནས་ཡང་མིང་གི་བསྡུས་ཚུལ་མི་འདུག དེ་ཡང་ཚེག་བར་གསུམ་དང་གསུམ་ཡན་གྱི་མིང་བསྡུ་བ་ལ་སྤྱིར་ཡིག་འབྲུ་གཉིས་སུ་འབོད་པ་མང་ཆེ་བ་ཡོད། ཚེག་བར་གསུམ་ཅན་བསྡུས་པར་དཔེར་ན། སྟག་འབུམ་རྒྱལ་ལ་སྟག་འབུམ་དང་། འབྲུག་ལྷ་རྒྱ་ལ་འབྲུག་ལྷ། པད་མ་རྒྱལ་ལ་པད་མ་ཞེས་མིང་གི་ཡིག་འབྲུ་གསུམ་པ་སྐྱེས་པ་སྟེ་ཕོ་སྟོན་པའི་ཡིག་འབྲུ་གཅིག་པོ་བསྡུས་ནས་གཉིས་སུ་འགྱུར་ལ། དེ་དང་འདྲ་བ་དབང་ཆེན་འཚོ་ལ་དབང་ཆེན་དང་། འབྲུག་མོ་སྐྱིད་ལ་འབྲུག་མོ། གཡང་ཕྱུག་འཚོ་ལ་གཡང་ཕྱུག་ཅེས་ཡིག་འབྲུ་གསུམ་པ་བུད་མེད་དམ་མོ་སྟོན་པའི་སྒྲ་དེ་བསྡུས་པ་ཡིན་ལ། སྲོལ་འདི་ནི་ཨ་མདོའི་ཕྱོགས་སུ་ཧ་ཅང་དར་ཁྱབ་ཆེ་བ་ཡོད། ཚེག་བར་བཞི་ཅན་བསྡུས་པ་ལས་ཡིག་འབྲུ་དང་པོ་དང་གསུམ་གཉིས་མཉམ་དུ་སྦྱར་ནས་འབོད་པ་ཅུང་ཡང་དག་པར་སེམས་ཏེ་དཔེར་ན། བཀྲ་ཤིས་ཕུན་ཚོགས་ལ་བཀྲ་ཕུན་ནམ་བཀྲ་ཤིས་ཕུན་དང་། འཇམ་དབྱངས་དོན་གྲུབ་ལ་འཇམ་དོན། སྐལ་བཟང་སྒྲོལ་མ་ལ་སྐལ་སྒྲོལ་ཞེས་དང་། ཡང་རྗེས་འཇུག་གི་དབང་གིས་མི་ཕྱི་མའི་སྔོན་འཇུག་ཡར་སྦྱར་ནས་བསྡུ་བ་ཡང་ཡོད་དེ། དཔེར་ན། འཇིགས་མེད་རྒྱ་མཚོ་ལ་འཇིགས་རྒྱམ། ཤེས་རབ་རྒྱ་མཚོ་ལ་ཤེས་རྒྱམ་ཞེས་བསྡུས་པ་དང་། མིང་གི་ཡིག་འབྲུ་སྔ་མ་གཉིས་དང་ཕྱི་མ་གཉིས་བླངས་ནས་བརྗོད་པ་དཔེར་ན། པད་མ་དབང་ཆེན་ལ་པདྨའམ་དབང་ཆེན་དང་། ཟླ་བ་རྡོ་རྗེ་ལྟ་བུར་ཟླ་བའམ་རྡོ་རྗེ་གང་ཅུང་དུ་འབོད་པ་ཡང་ཡོད་པས་འདིར་མང་པོ་མ་སྤྲས་ཤིང་གཞན་རྣམས་ཀྱང་ཅིག་ཤོས་ཀུན་འགྲོ་ཡི་དཔེ་ལྟར་སྐབས་བསྟུན་གྱིས་ཤེས་པར་བྱའོ།།
རུས་མིང་གི་བྱེད་ནུས་བཤད་པ།
    སྔ་རབས་བོད་རིགས་ཀྱི་རུས་མིང་དེས་ཉེ་དུ་གཉེན་སྡེབ་འགོག་པའི་ཐད་ལ་ཕན་ཡོད་ཀྱི་ནུས་པ་ཐོན་ཡོད་ཅིང་། དེ་སྔ་བོད་རིགས་ཀྱི་ཉེ་དུའི་འབྲེལ་བ་མཚོན་བྱེད་གཙོ་བོ་ཞིག་ནི་རུས་མིང་ལ་བརྟེན་ནས་རུས་ཁུངས་འདེད་པ་དང་། ཉེ་དུ་ཞེས་པ་དེ་རིགས་རྒྱུད་ཀྱི་འབྲེལ་བའི་གཉེན་བཤེས་ཏེ་ཕ་མ་གང་རུང་གི་རྒྱུད་མི་རབས་བདུན༼ཚིགས་པ་བདུན་ཡང་ཟེར༽ཚུན་ཆད་ལ་གཉེན་སྒྲིག་བྱེད་མི་ཆོག་པ་དེ་ཡིན། དེས་ན། མི་མིང་གི་འགོར་རུས་མིང་སྦྱོར་བའི་དགོས་པ་ནི་རུས་གཅིག་པ་གཉེར་སྡེབ་སྔོན་འགོག་གི་ཆེད་དུ་ཡིན་པ་མ་ཟད། གཉེན་སྒྲིག་བྱེད་མཁན་ཕོ་མོའི་དབར་རིགས་རྒྱུད་འབྲེལ་བའི་རྒྱང་ཐག་ཇི་ཙམ་རིང་བ་དེ་ཙམ་གྱི་ལེགས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནི་དེང་རབས་ཚན་རིག་དང་མཐུན་པ་ཞིག་ཀྱང་ཡིན། ཞེས་པ་དང་། རུས་མིང་གིས་བོད་རིག་གནས་གྲུབ་ཆའི་བྱེ་བའི་ཁྲོད་དུ་ཆེས་ཐོག་མའི་སྤྱི་ཚོགས་ཐད་དངོས་ཡོད་ཀྱི་ནུས་པ་བཏོན་ཡོད་པ་མ་ཟད། སྤྱི་ཚོགས་སྟེང་གོ་གནས་ཀྱང་གལ་ཆེན་ཞིག་བཟུང་ཡོད། རྩིས་གཞུང་དང་བསྟུན་ན་བོད་མའི་རུས་ཆེན་སྡེ་ལྔ་སྟེ་ལྡོང་ས་ཁམས་དང་། འབྲུ་ཆུ་ཁམས། དབྲ་ལྕགས་ཁམས། སྒོ་མེ་ཁམས། སྒ་ཤིང་ཁམས་ཡིན་པར་བསྟན་ཡོད་པ་འདིས་སྤྱི་ཚོགས་ཚན་རིག་དང་ལུས་ཁམས་རིག་པའི་ཐད་དཔྱད་གཞིའི་རིན་ཐང་ངེས་ཅན་ཞིག་ལྡན། ཞེས་པ། ཡང་རུས་མིང་དེ་རྒྱུད་འཛིན་རིག་པའི་ཆ་ནས་ཁྲག་རྒྱུད་གཅིག་པའི་གཉེན་སྡེབ་འགོག་པའི་ཐད་ལ་ཕན་པ་དང་མི་རབས་རྗེས་མ་བདེ་ཐང་ཡོང་བར་ཚན་རིག་དང་མཐུན་པའི་དོན་སྙིང་ཡོད་པ་”བཅས་བོད་ཀྱི་རུས་མིང་གིས་ཤ་མི་ཉེ་དུའི་འབྲེལ་བ་མཚོན་པ་དང་ཁྲག་རྒྱུད་གཅིག་པའི་གཉེན་སྡེབ་འགོག་པ། རྒྱུད་འཛིན་རིག་པའི་ཐད་དང་། རྩིས་གཞུང་དང་སྨན་དཔྱད་རིག་པའི་ཐད་སོགས་སྤྱི་ཚོགས་ཚན་རིག་དང་ལུས་ཁམས་རིག་པའི་ཐད་དཔྱད་གཞིའི་རིན་ཐང་ཆེས་ཆེར་ལྡན་ཞིང་མི་རབས་རྗེས་མར་རིགས་རྒྱུད་བཟང་ཞིང་ནང་རྐྱེན་ཉུང་ལ་བདེ་ཐང་གི་ལུས་པོ་ཞིག་བསྐྲུན་རྒྱུ་བཅས་ལ་ཕན་ཐོགས་པ་ནི་དེའི་བྱེད་ནུས་ཡིན་ལ་ད་ལྟ་ང་ཚོའི་རུས་མིང་འབོད་སྲོས་ཉམས་འགྲོ་བ་འདི་ཡང་རང་གི་རུས་རྒྱུད་རིམ་བཞིན་ཉམས་འགྲོ་བའི་རྟགས་དང་འཛམ་གླིང་མི་རིགས་གཅིག་ཅན་དུ་འགྱུར་འགྲོ་བའི་སྔ་ལྟས་ཤིག་ཡིན་པས། ཀུན་གྱིས་དེར་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེའོ། །
མཇུག་བསྡུ་པ།
     བོད་ལ་རུས་མིང་ཡོད་པ་མ་ཟད། དེའི་ལོ་རྒྱུས་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། དེ་བོད་ཀྱི་རིག་གནས་ཞིབ་འཇུག་ཁྲོད་གནས་བབ་གལ་ཆེན་ཟིན་ཡོད་པ་བཅས་དེའི་ཕྱོགས་ལ་དགའ་བ་དང་མོས་མཁན་དག་གིས་མཐོང་ཆེན་ཞིབ་འཇུག་གང་ལེགས་བགྱིས་ཏེ་བོད་ཀྱི་རུས་མིང་འདི་ཡང་དེང་སྐབས་རིག་གནས་སྒོ་འབྱེད་པའི་དུས་སྐབས་དང་བསྟུན་ཏེ་ཕྱི་ནང་འབྲེལ་འདྲིས་ཀྱི་མཐུན་རྐྱེན་ཞིག་དང་། འཛམ་གླིང་མི་རིགས་རུས་མཛོད་ནང་གི་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་ཏུ་འགྱུར་འགྲོ་བར་ཀུན་ནས་བརྩོན་ནོ། །

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da3g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5945766
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号