བླ་རུང་སྒར་དང་བདག་གི་བག་ཆགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »བླ་རུང་སྒར་དང་བདག་གི་བག་ཆགས།
བླ་རུང་སྒར་དང་བདག་གི་བག་ཆགས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-05-11ལྟ་ཀློག (3998)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བླ་རུང་སྒར་དང་བདག་གི་བག་ཆགས།

གྱི་ལིང་འཇིགས་མེད།

  མི་ལོ་དུ་མའི་ཡར་སྔོན་ཞིག་ལ་སློབ་གྲོགས་གསེར་རྟ་བསོད་དར་ལགས་ཀྱི་རེ་བ་ལྟར་ལྷ་སའི་བསོད་ནམས་དང་ངེད་གཉིས་ཁོང་གི་ཕ་ཡུལ་གསེར་རྟ་སྙི་སྟོད་དུ་སོང་སྟེ་དགུན་གཞུང་ཞིག་ལ་གསབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་པ་ཡིན། དེ་ནི་སྤྱི་ལོ་ཉིས་སྟོང་དྲུག་ལོའི་དགུན་གཞུང་རེད། ཁ་བས་གཡོགས་པའི་མཐོ་སྒང་གི་གྲང་ལྷགས་ནི་མདེའུ་ཇི་བཞིན་ང་ཚོའི་གདོང་ལ་ཟུག་ནའང་སེམས་བསམ་པའི་གཏིང་ལ་སྤྲོ་སྣང་གིས་ཁྱབ་ཡོང་། ད་དུང་གཡང་གཟར་དང་འཕྲང་རིང་སོགས་ཕལ་ཆེར་འཆི་ལམ་ལས་མེད་པའི་ལམ་རིང་ཞིག་བརྒྱུད་མཐར་སྙི་སྟོད་དུ་སླེབས། དགུན་གཞུང་དེར་ངས་གསེར་རྟ་སྙི་སྟོད་ཀྱི་བྱིས་པ་བརྒྱ་ཕྲག་ལྷག་ལ་སུམ་ཅུ་བ་སོགས་རྒྱུན་ཤེས་རེ་གཉིས་ཤིག་མཚམས་སྦྱོར་བྱས་པ་ཡིན།

  སྐབས་དེ་དུས་ང་ཚོའི་མ་ཡུམ་སློབ་གླིང་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཚང་མས་ཆེས་ཆེར་བསྔགས་བརྗོད་དང་ཡི་རངས་ཞུ་ས་ནི་གསེར་རྟ་བླ་རུང་སྒར་ཡིན་ལ། ངེད་ཅག་སློབ་གྲོགས་ཚང་མ་ཡང་སྒར་ཁ་དེ་དང་། དེ་གའི་མཁན་པོ་རྣམ་པ་ལ་ཤིན་ཏུ་དུང་བས། དངོས་སུ་ཞལ་མཇལ་མ་མྱོང་ཡང་ཆོས་འབྲེལ་དངོས་སུ་ཐོབ་པ་ལྟ་བུའི་མོས་གུས་ཡོད། ང་ལ་མཚོན་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་དང་རྨེ་སྤྲུལ་ཚང་རྣམ་གཉིས་ཀྱི་གསུང་རྩོམ་ཞིག་ཡིན་ན་ཕལ་ཆེར་བློར་མི་འགྲོ་ཡང་ཁ་བྱང་ལག་བྱང་ལ་བཏང་ཡོད། དེ་དུས་སློབ་གྲོགས་ས་སྒང་འཇམ་དབྱངས་མཁྱེན་རབ་ཀྱི་ལག་ནས་ད་གཟོད་ཁོང་རྣམ་པའི་གསུང་རྩོམ་ལ་མཇལ་ཐུབ།


  དེ་དུས་ང་ཚོར་མཚོན་ན་རང་གི་སློབ་དཔོན་རྣམ་པ་ལས་གཞན་ཆེས་དད་མོས་བྱེད་ས་ནི་བླ་རུང་གི་མཁན་པོ་དེ་རྣམ་པ་ཡིན་པས། བླ་རུང་སྒར་ལ་མཇལ་སྐོར་དུ་འགྲོ་མཁན་དང་སོང་མྱོང་མཁན་ཧ་ཅང་མང་། ལོ་དེར་ང་རང་སློབ་གྲོགས་ལགས་ཀྱི་དྲིན་ལས་གསེར་རྟའི་སྙི་སྟོད་དུ་འགྲོ་ཐུབ་སོང་བས། བླ་རུང་སྒར་ལ་མཇལ་བའི་གོ་སྐབས་དེ་འཆོར་དུ་འཇུག་ག་ལ་ཕོད།

    སྙི་སྟོད་ནས་ཉིན་འགའ་ལ་བསྡད་རྗེས་བྱ་བ་སྣ་ཚོགས་ཀྱི་དབང་གིས་མྱུར་དུ་འགྲོ་དགོས་སོང་། འོན་ཀྱང་ཇི་འདྲའི་བྲེལ་བ་ཆེ་ནའང་བླ་རུང་སྒར་ལ་ཅིས་ཀྱང་མཇལ་དགོས། དེ་དུས་སློབ་གྲོགས་བསོད་དར་གྱི་གྲོགས་པོ་ནི་ཆ་རྐྱེན་ཧ་ཅང་བཟང་བའི་སྤྲུལ་སྐུ་ཞིག་ཡིན་པས་ང་འགྲོ་སྐབས་ཁོང་གིས་རླངས་འཁོར་བསྐོར་ཏེ་གསེར་རྟ་རྫོང་བར་དུ་སྐྱེལ་མ་གནང་བར་མ་ཟད། ད་དུང་ང་རང་ཁྲིད་དེ་བླ་རུང་སྒར་ལ་མཇལ་དུ་སོང་། སྙི་སྟོད་ནས་གསེར་རྟ་རྫོང་བར་སྤྱི་ལེ་བརྒྱ་ལྷག་ཡོད་པར་མ་ཟད་ད་དུང་ལམ་ཡང་དེ་འདྲའི་བདེ་རྒྱུ་མེད་པས་ང་ཚོ་ཕལ་ཆེར་ཉིན་ཕྱེད་ཅིག་ལ་སོང་བ་ཡིན།

   ཕྱི་དྲོ་དེར་བླ་རུང་སྒར་དུ་སླེབས། མཚན་སྙན་ཆེ་ཞིང་རང་གི་སེམས་གཏིང་ན་རེ་སྨོན་ཆེ་བའི་སློབ་གླིང་དེར་དངོས་སུ་སླེབས་པའི་སྤྲོ་སྣང་དེ་དག་འཆད་པ་ལ་ཁོ་བོར་ཡིག་འབྲུས་མི་འདང་ལ། སྐབས་དེར་བླ་རུང་གི་མཁན་པོ་རྣམ་པར་མཇལ་ཁ་མ་བྱུང་བའི་ཕང་སེམས་དེ་ད་ལྟའང་ད་དུང་བརྗེད་ཐབས་བྲལ།

   དེ་དུས་ལུགས་རྙིང་ལོ་སར་ལ་ཉེ་བས་བླ་རུང་སྒར་ཁའང་ཅུང་ལྷིང་འཇགས་རེད། གོ་ཐོས་སུ་ངས་མཚན་སྙན་ཐོས་མྱོང་བའི་མཁན་པོ་དེ་དག་ཀྱང་སྒར་ཁ་ན་མི་བཞུགས་ཟེར། དེ་དུས་མཁན་པོ་གངས་བསམ་ལྷུན་གྲུབ་ཚང་བཞུགས་འདུག་ཟེར་མོད། འོན་ཀྱང་མཇལ་མ་ཐུབ། མཁན་པོ་ཁོང་གིས་ཞལ་འདོན་གསུང་བའི་སྒྲ་སྣ་ཚོགས་ལ་ཉན་མྱོང་ལ། རྩོམ་ཡིག་རེ་འགར་ཡང་མཇལ་མྱོང་བས་དངོས་གནས་མཇལ་འདོད་ཆེན་པོ་བྱུང་།

   དེ་ནས་བཟུང་ད་ལྟའི་བར་ང་རང་བླ་རུང་དུ་འགྲོ་བའི་གོ་སྐབས་མ་བྱུང་མོད། འོན་ཀྱང་དེ་གའི་མཁན་པོ་རྣམ་པའི་རྩོམ་ཡིག་དང་གསུང་བཤད་ཀྱི་སྒྲ་སྣ་ཚོགས་འཚོལ་བ་སྟབས་ཇེ་བདེར་གྱུར་པས་ནམ་རྒྱུན་ཁོམ་སྐབས་རེ་བཞིན་ཁོང་ཅག་གི་གསུང་རྩོམ་དང་གསུང་བཤད་ལ་ཉན་རྒྱུ་དེ་བདག་གི་གོམས་གཤིས་ཤིག་ཏུ་གྱུར།

   རྗེས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་དངོས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་བྱུང་ལ། དེ་དུས་ང་ཡང་འདི་གར་དགེ་རྒན་གྱི་ཚུལ་དུ་ཡོད་པས་ཁོང་ལ་དངོས་སུ་མཇལ་བའི་སྐལ་བ་ལྡན་བྱུང་།

   སྔར་སློབ་དཔོན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་མཆོག་གིས་དཔེ་ཁྲིད་ཀྱི་སྐབས་ཤིག་ཏུ་གསུང་འཕྲོས་སུ་གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་ལྷོ་ནུབ་མི་རིགས་སློབ་གླིང་ནས་ནུབ་ཕྱོགས་མཚན་ཉིད་རིག་པའི་སྐོར་གྱི་འཆད་ཁྲིད་གནང་ཚུལ་དང་། ཁོང་བསམ་གྱིས་མི་ཁྱབ་པའི་ཐུགས་རྒྱུད་དྲང་མོ་ཡིན་པས་སློབ་མ་ཚོའི་དྲི་བར་ལན་གནང་སྐབས་སློབ་མ་ལ་ལ་ཧ་ཅང་མ་དགའ་བར་ལྐོག་ཏུ་སྐད་ཆ་འདྲ་མིན་བཤད་པ་ཐོས་པས་ཐུགས་ཕམ་པོ་བྱུང་ལུགས་གསུངས་པ་ཐོས་ལ། སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཀྱང་རྟག་པར། བླ་རུང་གི་མཁན་པོ་རྣམ་པའི་གསུང་རྩོམ་སོགས་དྲངས་ཏེ་འཕྲོས་བཤད་དུ་འདི་ལྟ་བུའི་མཁས་པ་འདི་དག་ནི་དུས་རབས་ཀྱི་དགོས་མཁོ་དང་ང་ཚོ་སེར་མོ་བའི་གཟི་བརྗིད་ཡིན་ཚུལ་གསུངས་མྱོང་།

   རྗེས་སུ་དགེ་རྒན་ཤེས་རབ་བསྟན་དར་རམ་མང་རའི་རྒྱ་གྲོལ་རིན་པོ་ཆེས་ཀྱང་དཔེ་ཁྲིད་སྐབས་འཕྲོས་བཤད་མང་བོར། ད་སྐབས་མང་བོས་བླ་རུང་གི་མཁན་པོ་བསོད་དར་རྒྱས་སོགས་ལ་བོད་ཀྱི་རིག་གཞུང་གཞན་ཡིག་ཏུ་བསྒྱུར་ན་མི་ལེགས་ཞེས་ངན་བཤད་བྱེད་མོད། དོན་ལ་ཁོང་ཅག་གིས་མ་བསྒྱུར་ན་ཡང་གཞན་གྱིས་མང་བོ་བསྒྱུར་ཡོད་ལ། དེ་དག་ཕལ་ཆེར་ལོག་སྒྱུར་དུ་སོང་ཡོད་པས། ཁོང་ཅག་གིས་བསྒྱུར་ན་ཧ་ཅང་ལེགས་ཚུལ་དང་། དམ་པའི་ཆོས་ཀྱི་ཁྲིམས་དང་འགལ་བ་ལ་ཆོས་དང་མཐུན་པའི་ཆད་ལས་ཡོད་དེ། དཔེར་ན་ཕྱག་འཚལ་བ་དང་། ཡང་ན་གནས་སྐབས་སུ་ཆོས་སྐལ་གཅོད་པ་ལྟ་བུ། ཆད་པ་དེ་དག་འདུལ་བ་ན་གསུངས་ཡོད་ལ། ད་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་དགེ་བཅུའི་ཁྲིམས་ཀྱི་ནང་དུ་ཆད་པ་གཅོད་སྟངས་དེ་འདྲ་ཞིག་ཡོད་པ་ཐོས། དེ་ནི་འདུལ་བ་དང་མཐུན་པའི་ཁྲིམས་རེད་ཅེས་ཡང་ཡང་གསུངས་པ་ཐོས་པས་ངེད་ཅག་སློབ་མ་རྣམས་ལ་མཚོན་ན་བླ་རུང་གི་མཁན་པོ་དེ་དག་དང་ཁོང་ཅག་གི་སྒར་ཁ་ལ་མཇལ་རྒྱུ་ནི་སེམས་གཏིང་གི་ཆེས་ཆེ་བའི་རེ་བ་ཡིན་པས། སྐབས་དེར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་མཇལ་བའང་ང་ལ་མཚོན་ན་སྐད་ཆའི་ལམ་ནས་མཚོན་དཀའ་བའི་སྤྲོ་སྣང་བྱུང་།

   ངོ་ཤེས་པའི་བླ་རུང་གི་སློབ་གཉེར་བ་ལ་ལས་ང་ལ་ཁྱོད་ཚོའི་སློབ་གླིང་དེ་ཡ་མཚན་ཡིན་ཚུལ་དང་། ཁོ་ཚོ་ཡང་སློབ་གླིང་དེར་ཡོང་འདོད་ཧ་ཅང་ཆེ་རབས་གླེང་ལ། སྐབས་ཤིག་སློབ་གྲོགས་འཕྲིན་ལས་ཉི་མ་མཁན་པོ་བསོད་དར་རྒྱས་ཚང་ལ་མཇལ་དུ་སོང་བར་ཁོང་གིས་སྔས་ནས་དགེ་རྒན་རིན་པོ་ཆེ་ལྡོང་ཡོན་ཏན་ཚང་གི་ཡང་དག་པའི་སློབ་གསོ་ཞེས་པའི་དཔེ་ཁྲིད་འོད་སྡེར་བསྟན་ཏེ། ཁོང་གིས་རྟག་པར་འདི་ལ་ཉན་པ་ཡིན་གསུངས་སོང་ཟེར། འོན་ཀྱང་དོན་དངོས་སུ་ང་ཚོའི་སློབ་གླིང་ནི་སློབ་སྦྱོང་གི་གོ་སྐབས་ཤོར་བའི་བོད་ན་གཞོན་མང་བོ་ཞིག་ལ་ཆེས་ཐོག་མའི་སྟ་གོན་གྱི་གོམ་སྟབས་སློབ་ས་ཙམ་ཡིན་པས། ལྔ་ཟུང་རིག་པའི་གཞུང་ལུགས་ཀྱི་མཚོ་མོ་རླབས་ཀྱིས་སྐྱོམ་པའི་བླ་རུང་སྒར་ཁ་དང་ཇི་ལྟར་བསྡུར་ཨང་།

   ད་སྐབས་དྲ་ལམ་ནས་བླ་རུང་སྒར་གྱི་འདྲ་པར་སྣ་ཚོགས་མཐོང་ཐུབ་ལ། འདྲ་པར་དེ་དག་མཐོང་ཐེངས་རེར་ཞིབ་ལྟ་ཐེངས་རེ་བྱས་པ་ཡིན། ཉེ་བའི་ལོ་འདི་དག་ལ་ང་ཚོའི་མཐར་ཕྱིན་སློབ་མ་རེ་འགའ་ཡང་བླ་རུང་སྒར་དུ་སོང་ཡོད་པས་བླ་རུང་གི་ཉམས་དགའ་བའི་ལྟད་མོ་མང་བོ་ཞིག་ཐག་རིང་གི་རྨ་ཁུགས་འདི་ནས་ཀྱང་མཐོང་ཐུབ་མོད། འོན་ཀྱང་ཞེ་ལྷོད་ལྷོད་ཀྱིས་བླ་རུང་སྒར་ལ་ཡང་བསྐྱར་ཐེངས་ཤིག་འགྲོ་རྒྱུ་ནི་བདག་གི་ཆེས་ཆེ་བའི་རེ་བ་ཡིན་ལ། དེ་ནི་ཕལ་ཆེར་བླ་རུང་གི་མཁན་པོ་རྣམ་པའི་གསུང་རྩོམ་གྱིས་ང་ལ་ཐེབས་པའི་བསླུ་བྲིད་ཅིག་ཀྱང་ཡིན་ནོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528379
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།