​གཟི།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» རང་མོས། » ​གཟི།
​གཟི།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-05-10ལྟ་ཀློག (6518)རྩོམ་ཁུངས: མཆོད་མེ་དྲྭ་ཚིགས།པར་འདེབ།

                     གཟི། 

                         ལྗང་བུ།

ཤ་ཁྲག་ཟད་བྱུང  རུས་གཞི་འཐོར་སོང

མགོ་བོའང་དུས་ཚོད་ཀྱིས་ཁྱུར་མིད་བཏང་ཞིང
སླར་ཡང་ཚོང་པ་ཞིག་གི་ལག་མཐིལ་ལ་བསྐྱུགས་དུས
མིག་འབྲས་གཅིག་པུ   ལྐོག་གྱུར་གྱི་དྭ་ཕྲུག་ཅིག་དང་འདྲ་བར
ཁེར་རྐྱང་ངང་ཀེམ་ཀེམ་གཡོ་བར་བྱེད  ཤེས་རིག་ཅིག་ཀྱང
ཉམ་ང་བའི་ངང་གཡོ་ཚོང་གི་མཐིལ་ན་ཀེམ་ཀེམ་གཡོ་བར་བྱེད
                      ༢༠༠༠.༦.༢༤ཉིན་ལྷ་སའི་མགར་ཁང་དུ། 


 གཟི། 

ང་ནི་རིགས་རྒྱུད་ཅིག་གི་སྙིང་དེ
ཞུགས་འབུལ་བྱས་པ་ལས་བྱུང་བའི་རིང་བསྲེལ་ཡིན

ང་ནི་ཉི་མའི་དབང་པོ་ཡིས་མི་ལོ་སྟོང་ཕྲག་ལ་བསྲན་ཀྱང
དེ་རིང་གཞི་ནས་དབང་མེད་ཤོར་བའི་མིག་ཆུ་རྡོག་གཅིག་ཡིན

ང་ནི་མིག་ཡིན    ང་ནི་སྨྲ་བྱེད་ཁ་ལས་ཐོན་གྱིན་པའི
བརྗོད་ངག་གི་ཕྲེང་རྡོག་རེ་རེ་ཞིབ་བརྡར་བྱས་པ་ལས་བྱུང་བའི
གཞན་དབང་གིས་མ་བསླད་པའི་དོན་སྙིང་ཆེས་ཐོག་མ་དེ་ཡིན
      ༢༠༠༡.༢.༢༠ཉིན་མེ་འཁོར་ནང་དུ།

 

གཟི། 

རྡོ་གཞན་དང་འདྲ་བར
གཟི་དེ་ཡང་རྡོ་ཡིན
མི་དང་མི་ཕན་ཚུན་གྱི་དབྱེ་བ་ཇི་བཞིན
གཟི་དེ་ཡང་རྡོ་གཞན་དང་འདྲ་གི་མི་འདུག
                               ༢༠༠༡.༨.༡༩

 གཟི། 

དྲི་བསུང་དང་འཇམ་མཉེན
དབྱངས་སྙན་དང་མཛེས་སྡུག
མངར་ཁ་དང་དགའ་ཚོར
ཤེས་རིག་དང་བྱམས་བརྩེ
ཉི་འོད  ཆུ  མཁའ་རླུང
ཐབས་ཤེས་ཡོད་ཚད་ཀྱི་སྒོ་ནས
དངོས་པོ་རྣམས་ང་ཚོ་དང་ཉེ་བར་བཅར
དངོས་པོ་རྣམས་ཀྱིས་བདེན་རྫུན་གྱི་ཁྲོད་ནས
ང་ཚོར་ལྐོག་ལྟ་བྱེད་ཀྱིན་འདུག
གཟི་མིག་དགུ་བ་ཞིག་གིས
མཐོ་སྒང་འདི་ལ་ལྐོག་ལྟ་བྱེད་ཀྱིན་འདུག
                            ༢༠༠༡.༩.༣

 གཟི། 

གྲི་དང་སྟ་རེ་བརྡར་སའི་དངོས་པོ་མཁྲེགས་པོ་ཞིག

ཅི་ཙམ་ཟད་ན་དེ་ཙམ་མཛེས་སྡུག་ལྡན་པའི་སྒྲུང་གཏམ་ཞིག
ཇི་ལྟ་ཇི་སྙེད་ཀྱི་ཆུ་འགོ་དང་མེ་ལོང  མིག
བོད་པ་ཚོས་རྒྱན་ཆ་ལས་རིན་གོང་ཆེས་ཆེ་ཤོས་དེ
                                      ༢༠༠༡.༩.༢༧



 གཟི། 

གངས་རི   མཆེ་བ་ཞེས་པའི་ཐ་སྙད་དེ་ཐོག་མའི་འབྱུང་ས
ནམ་མཁའི་སྔོ་བསངས་དང་སྤྲིན་དཀར་གྱི་ཡོ་ལང་ལྡོད་ཀྱིན
དུས་ཚོད་ཀྱི་ཉིན་སྲིབ་བར་ནས་གཙུབ་ཅིང་བརྡར་བ་ཇི་བཞིན
ག་ལེར་བཞུས་པ་ལས་ཤུགས་བསྟན་གྱི་ཉིང་ཁུ་ཐིགས་པ་གཅིག་ཐོན
བར་མེད་འབབ་པའི་གཙང་པོ་ཞེས་པ་ཞིག་ཐོན་ཡོང
གཙང་པོ་དེ་ཡུན་རིང་བཞུར་བ་ལས
ནས་འབྲུའི་ས་བོན་དང་ལ་རྒྱ་ཞེས་པ་ཞིག་ཐོན་ལ
གཟི་མིག་དགུ་བ་ཞེས་པ་ཞིག་ཀྱང་ཐོན་ཡོང
 

 གཟི། 


ཕར་ལྟ་བྱེད་དེ
ལྡོང་བར་གྱུར་ནས
ལྟ་བྱའི་ཡུལ་དུ་འཁུམས

 

 གཟི། 

ཉི་ཟླའི་བསྐྱར་ཟློས་ཀྱི་འོག་ཏུ  མཐོ་སྒང་ཞིག་གི་མཐོ་ཚད་ཀྱིས་བསྡད་དེ

ཞོགས་པའི་སྨུག་སྤྲིན་དང་དགོང་ཁའི་ལྷགས་རླུང་ཁྲོད་དུ་བསྡད་དེ
མི་ལོ་བཅུ་ཕྲག་དུ་མར་དབེན་སིམ་ཁྲོད་རྫུན་པར་གནས་པའི་ཁ་སྤྲོད་དུ་བསྡད་དེ
བདག་གིས  མཐོང་རེག་མྱོང་དུ་ཡོད་པའི་དོན་སྙིང་ཞིག་འཚོལ་བར་འདོད
དེ་དག་ཞུན་མར་བཞུས་ནས་ཉིང་བཅུད་ཅིག་གི་ཐིགས་པ་རེ་རེ་བཟོ་བར་འདོད

བདག་གིས་ཁྱེད་རང་དངོས་གནས་རྙེད་བྱུང་བ་ཡིན་ནམ་ཁྱེད་རང་དང་འབྲེལ་བའི
གཏམ་གྱི་བརྗོད་པ་དང་ངག་གི་སྦྱོར་བ་དེ་ལ་འཇུ་ཐུབ་པ་བྱུང་ཡོད་དམ
རྣམ་པ་དེ་ལས་ཁྲ་རིལ་རིལ་གྱི་མིག་ཟུང་དག་མཐོང་ཐུབ་ལ
ཕྱི་གསལ་ནང་གསལ་གྱི་འཇིག་རྟེན་འདིའི་དར་རྒུད་དང
འཇིག་རྟེན་འདིའི་ཚྭ་དང་འཚོ་བཅུད  གཏེར་ཁ་དང་རི་ཆུ
འཇིག་རྟེན་འདིའི་སྟག་དང་ལུ་གུ  མེ་ལྕེས་སྐྱེད་ཀྱིན་པའི་མཐར་ཐུག་གི་རྩ་བ
གཉིད་ཀྱིན་པའི  འཚོ་བཞིན་པའི  བསམ་བློ་གཏོང་གིན་པའི
ཉིན་དང་མཚན་གྱི་བར་སྲུབས་ནས་ནགས་ཚལ་ལ་མགོ་འཁོར་བའི
དབང་རྩའི་བར་ཁྱམས་ལ་འཁྱམ་ཉུལ་བྱེད་ཀྱིན་པའི་འདོད་པ་དང་འདུན་པ
ནས་ཀྱི་རྡོག་པོ་རེ་རེ་བཞིན་ས་འོག་ནས་སྐྱེ་བཞིན་པའི་འབར་གྱིན་པའི
འཆི་བཞིན་པའི  ཉི་འོད་ཀྱིས་བརྡ་ཡིག་འབྲི་བཞིན་པའི་དགུན་ཁ་དང
དགུན་ཁའི་གངས……རི་མཐོང་བྱུང
བདག་གིས  ཅི་ཞིག་མཐོང་བྱུང  བདག་གིས་ཅི་ཞིག་ལུས་སོང
བདག་གི་རུས་མིང་དང་བདག་གི་ཤ་ཁྲག་རུས་རྐང་ཁྲོད་ཀྱི་ཕབ་རྩི་དཀར་པོ
མ་འོངས་པའི་ཕྱོགས་ནས་ང་ལ་འོང་གིན་པའི་ན་ཆུང་གི་མིག་ཟུང་དག
རྨ་ཁ་དག  ངེས་པ་མེད་པ་དག  ལོ་རྒྱུས་ཀྱི་རབ་རིབ་ཏུ་འགྱུར་ངེས་པ་དག
བསྟར་དུ་བརྒྱུས་པའི་སྐར་མ་དག  བསྟར་དུ་བརྒྱུས་པའི་མིག་འབྲས་དག
སྐར་མས་བརྗོད་པར་འདོད་ཀྱང་ང་ཡིས་ཐོས་ཐབས་བྲལ་བའི་སྙིང་གཏམ་དག
ཞང་ཞུང་ཡིག་རྒན་ལས་ཀྱང་སྔ་བའི་སྒོ་དང་སྒེའུ་ཁུང་གི་ཤུགས་བསྟན་སྟོང་པ
དམ་དུ་བརྒྱབ་པའི་དོན་ལྔ་སྣོན་དྲུག་གི་མཚོན་བྱེད་དེ
འཇའ་ཚོན་གྱི་ཕྱུ་པ་ཁྲ་བོ་གྱོན་པའི་གཞོན་ནུ་མ་ཚོས་ང་ལ་མནར་གཅོད་གཏོང་ཞིང
མཛུབ་བར་ནས་བརྡོལ་འོངས་པའི་འོད་ཟེར་ལྟ་བུས་ང་ལ་རེ་བའམ་རེ་སྟོང་བསགས་ཡོད

གྲོང་ཚོ་ཞིག་གི་ཆགས་ཚུལ  རུ་སྡེ་ཞིག་གི་འབྱུང་ཁུངས  ད་ལྟ་གཞི་ནས་གྲུབ་ཀྱིན་པའི
ཐོག་ཁང་མཐོན་པོ  རླངས་འཁོར་འབབ་ཚིགས  འགྱིག་སོབ་ལས་གྲུབ་པའི་གདོང་འབག
ལམ་འགྲམ་གྱི་གློག་སྒྲོན  དུས་རབས་ཀྱི་བཙའ་ཆགས་པའི་མེ་ལོང་ཆེན་པོ
མེ་ཏོག་ཚལ་གྱི་མེ་ཏོག་དང་གེ་སར་ཁྲོད་ཀྱི་བུང་བ   ཕྱོགས་གང་རུང་ནས་འོངས་པའི
ང་ཡི  ཕོན་ཆེ་བའི་སྨྲེང་སེམས་ཀྱི་ཁོང་བུ   རེ་ཆད་དང་རེ་བ་མཉམ་འདྲེས་ཀྱི་མིག
ང་ཡི་ཅི་ཡང་མི་མཐོང་ལ་ཅི་ཡང་མི་ཚོར་བའི  གོར་མ་རྡོ་ལྟ་བུའི་རྨ་ཁ་ཟབ་མོ  
རྨ་ཁ་ཉམ་ཆུང  ང་ཡི་ཁྲབ་དང་རྨོག་ལྟ་བུའི  ང་ཡི་སོལ་བ་དང་མེ་ལྟ་བུའི་ཉེས་དམིགས་འབའ་ཞིག
ང་ཡི་ནམ་ཡང་མཐོང་མི་འདོད་ཀྱང་མཚན་མོར་ཀྱང་འོད་ཟེར་འགྱེད་ཀྱིན་པའི་ཁ་ཆེམས་ཐོར་བུ
ང་ཡི་གཅེར་བུར་ལུས་པའི་བེམ་པོ་དེ་མཚོན་བྱེད་ཀྱི་རྡོ་ཁྲ་བོ  རྡོ་གྲང་མོ་རྡོ་ཤི་བོ་
ཚེ་སྲོག་དང་བཅས་པའི་འོ  གཉིས་སྦྱོར་དགའ་སྟོན་ལ་བདེ་བར་འཇུག་བྱེད་མཚན་མ
དཔོན་པོ  ཚོང་པ  གྲོང་མི  རྫི་བོ  ཇག་པ   བླ་བཙུན
སྐྱེ་བོ་གང་རུང་གིས་མི་ལོ་སྟོང་ཕྲག་ལ་འཕྲོག་རྩོད་བྱེད་ཀྱིན་པའི་ཤུལ་བཞག་དངོས་རྫས
མ་ཉེས་ཁ་གཡོག་གི་ཉེས་མིང་ཁྱེར་ཞིང་བྱམས་བརྩེ་ཡི་བདག་ཉིད་ཅན་གྱི་རྒན་མོ
མི་རྣམས་ཀྱིས་ཐོག་མ་ནས་གླེང་མི་འོས་པའི་ངན་སྐྲན་གྱི་ན་ཚ་ཞིག
རྟོག་གེ་བའི་རྨི་ལམ་ལས་སྐྱེས་ཤིང་ནམ་ཡང་འཚར་ལོངས་འབྱུང་ཐབས་མེད་པའི་ཁྱེའུ་ཞིག
                                                         ༢༠༠༡ལོའི་ཟླ་བཅུ་གཉིས་པར་ལྷ་སའི་མགར་ཁང་དུ། 



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། db3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23524054
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།