སྨན་པ་དང་ནང་ཆོས་བར་གྱི་འབྲེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »སྨན་པ་དང་ནང་ཆོས་བར་གྱི་འབྲེལ་བ།
སྨན་པ་དང་ནང་ཆོས་བར་གྱི་འབྲེལ་བ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-05-05ལྟ་ཀློག (3792)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྨན་པ་དང་ནང་ཆོས་བར་གྱི་འབྲེལ་བ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ཉིན་འགའི་སྔོན་ཀླུ་ཆུ་རྫོང་བོད་སྨན་ཁང་གི་སྨན་པ་རྣམས་ལ་ཁ་བརྡ་བྱས་པའི་དོན་བསྡུས་ཏེ་ཡིག་ཐོག་ཏུ་བཀོད་ན་འདི་ལྟར།

 ༼༡༽ཐོག་མར་ངས་འདིར་ཕེབས་ཀྱི་ཉན་མཁན་རྣམ་པ་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།

    ཀླུ་ཆུ་རྫོང་བོད་སྨན་ཁང་གི་འགོ་གཙོ་སྒྲོལ་མ་སྐྱབས་ཀྱིས་རེ་བ་ཡང་ཡང་བཏོན་པའི་ངོ་མ་བཟློག་པར་དེ་རིང་ང་ཀླུ་ཆུ་རྫོང་བོད་སྨན་ཁང་འདིར་ཡོང་ནས་རྣམ་པ་ཚོར་ཁ་བརྡ་ཐུང་ཐུང་ཞིག་མི་བྱེད་ཀ་མེད་བྱུང་སོང་། སྤྱིར་ཡིན་ན་ང་ལྟ་བུ་འདིར་འོངས་ནས་བསླབ་བྱ་བྱེད་པའི་འོས་བབས་མེད་སྙམ། རྒྱུ་མཚན་ཀླུ་ཆུ་རང་ན་བཀུར་བར་འོས་པའི་སྐུ་ཡོན་དང་འཇོན་ཐང་གང་གི་ཆ་ནས་ཀྱང་ཆེས་ཕུན་སུམ་ཚོགས་པ། ང་ལྟ་བུ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་བླ་མ་གྲྭ་བའམ་མཁས་པ་གྲགས་ཅན་མང་བོ་ཞིག་ཡོད་པ་ནི་སྨོས་མ་དགོས་པ་རེད། ང་ལ་སྤྱིར་སྐྱེས་སྦྱངས་ཀྱི་ཡོན་ཏན་ཅི་ཡང་མེད་པའི་ཁར། ལྷག་པར་སྨན་ལ་བསླབ་མ་མྱོང་བས་མི་ཤེས་སྟབས་རྣམ་པ་ཚོའི་ཡིད་མགུ་བའི་བསླབ་བྱ་ཞིག་བྱེད་རྒྱུ་གང་ན་ཡོད། འོན་ཀྱང་ང་རང་ཉམ་ཐག་སྐྱེ་འགྲོ་མང་བོའི་ལུས་སྲོག་གི་སྡུག་བསྔལ་སེལ་བའི་རིག་གཞུང་འདི་ལ་དགའ་ཞེན་ཆེ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ། ངས་དེ་རིང་ཁྱེད་རྣམ་པར་སྨན་པ་དང་ནང་ཆོས་བར་གྱི་འབྲེལ་བ་ལས་འཕྲོས་ཏེ་ཁ་བརྡ་ཐུང་ཐུང་ཞིག་བྱེད་རྒྱུ་ཡིན། དེ་ཡང་སློབ་དཔོན་བདེ་བྱེད་བདག་པོས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན།།སེར་སྐྱ་སོགས་ལ་མི་སྡང་ཡང་།གང་ཞིག་རིགས་པར་ལྡན་པའི་ཚིག། དེ་ཉིད་སྟོན་པར་ཡོངས་སུ་འཛིན།།ཞེས་གསུངས་པ་ལྟར་སྙིང་ཐག་པ་ནས་ནང་ཆོས་འདི་ལ་མིའི་རིགས་སྤྱི་ལ་ཕན་པའི་དགེ་མཚན་བླ་ན་མེད་པ་ཞིག་ཡོད་དོ་སྙམ་དུ་ང་རང་གི་ལྟ་ཚུལ་དེ་རྣམ་པ་ཚོར་ཞུས་པ་ལས། ང་རང་ནང་ཆོས་ལ་དད་པ་ཡོད་པའི་གྲྭ་བ་ཞིག་ཡིན་པས་ཆོས་འདི་བཟང་ངན་ཇི་ལྟར་གྱུར་ཀྱང་ཕྱོགས་ཞེན་དང་ལ་རྒྱ་ཞིག་ཅིས་ཀྱང་འཛིན་དགོས་རྒྱུ་རེད་སྙམ་དུ་བཤད་པ་གཏན་ནས་མིན་ལགས།

   དེ་ཡང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་།།བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི།།བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས་གསུངས་པ་ལྟར། སེམས་ཅན་སུ་ཡིན་ཡང་། ལུས་ཀྱི་རྣམ་པ་ཇི་ལྟར་གནས་ཀྱང་། སྐད་ཆ་བཤད་ཤེས་མི་ཤེས་དང་། སྐད་རིགས་གཅིག་མི་གཅིག ཆ་ལུགས་མཐུན་མི་མཐུན། པགས་མདོག་འདྲ་མི་འདྲ་སོགས་ལ་མི་ལྟོས་ཤིང་། ཐོབ་དང་གོ་ས། མིང་དང་སྙན་གྲགས། རྒྱུ་དང་འབྱོར་བ་སོགས་གང་ལའང་ལྟོས་པ་མེད་པར་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་འདྲ་འདྲ་ཡིན། འོན་ཀྱང་བདེ་སྡུག་ནི་རང་ཉིད་འདོད་པ་བཞིན་འབྱུང་བ་མིན་པར་རང་གིས་དེའི་རྒྱུ་བསྒྲུབས་མ་བསྒྲུབ་ལ་རག་ལས་པས། འཕེན་བྱེད་ཀྱི་ལས་དང་དེ་སྐྱེད་བྱེད་ཀྱི་ཉོན་མོངས་མ་སྤངས་པའི་སོ་སོ་སྐྱེ་བོ་རྣམས་ནི། མི་འདོད་ཀྱང་ལས་ཉོན་ཀྱི་དབང་གིས་སྐྱེ་བ་ལེན་དགོས་ལ། དེ་ལ་དེའི་དབང་གིས་སྡུག་བསྔལ་སྣ་ཚོགས་པ་ཞིག་འབྱུང་བ་ཡིན་ཏེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།།སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག།བདེ་བ་འདོད་ཀྱང་གཏི་མུག་པས།།རང་གི་བདེ་བ་དགྲ་ལྟར་འཇོམས།།ཞེས་གསུངས་པ་ལྟར་ཡིན་པས་སོ།།སྡུག་བསྔལ་ལའང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་མཐའ་ཡས་པ་ཡོད་ཀྱང། གཞན་རྣམས་ནི་སྐབས་སུ་མ་བབས་པས་རེ་ཞིག་མི་བཤད་ལ། ཁྱེད་ཚོ་དེ་རིང་འདིར་འོངས་ནས་ཉན་མཁན་ཕལ་ཆེར་སྨན་པ་ཤ་སྟག་ཡིན་པས། ངས་རེ་ཞིག་དེ་དག་ལས་འགྲོ་བ་ཉམ་ཐག་པ་དེ་དག་ན་བའི་སྡུག་བསྔལ་ལས་ཇི་ལྟར་སྐྱོབ་ཚུལ་སྐོར་སྨན་པ་ཞིག་ཡིན་ན་བསམ་བློ་ཇི་ལྟར་གཏོང་ཚུལ་ནང་ཆོས་དང་འབྲེལ་ནས་ཅུང་ཙམ་བཤད་པར་འདོད་དོ།།

དང་བོ། ནད་ཇི་ལྟར་ངོས་འཛིན་ཚུལ།

   དེ་ཡང་རྗེ་བཙུན་བྱམས་པ་མགོན་པོས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན།།འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།།དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་།།བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱེད།།ཅེས་གསུངས་པ་ལྟར་རིག་གནས་ལྔ་བོ་དེ་ཚུར་བསྡུས་ན་ཚར་གཅོད་རྗེས་འཛིན་བདག་ཉིད་ཀུན་ཤེས་ཀྱི་རིག་གནས་གསུམ་དུ་འདུ་ཞིང་། སྤྱིར་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་ན་དེ་དག་ལ་མཁས་པར་སྦྱོང་དགོས། ལྷག་པར་ཡང་གཞན་དོན་བསྒྲུབ་པ་ལ་དེ་གསུམ་ལས་རྗེས་འཛིན་གྱི་རིག་གནས་འདི་ཤིན་ཏུ་མཁོ་ཞིང་། དེ་ཡང་གཞན་རྗེས་སུ་འཛིན་པའི་ཡན་ལག་བཟོ་གསོ་གཉིས་ལས་གསོ་བ་རིག་པ་ནི། ནད་ཀྱི་ངོ་བོ་གང་ཡིན་པ་ཤེས་པར་བྱས་ནས་དེ་ཇི་ལྟར་སེལ་བར་བྱེད་པའི་ཐབས་དང་བསལ་ནས་ཕྱིས་མི་འབྱུང་བར་བྱེད་པའི་རིག་གནས་ཤིག་ལ་ཞེས་བྱ་སྟེ། འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལས། གསོ་བ་རིག་པ་གང་ཞེན། ནད་ཀྱི་ངོ་བོ་ལ་མཁས་པ། ནད་ཅི་ལས་གྱུར་བ་ལ་མཁས་པ། ནད་བྱུང་བ་བསལ་བ་ལ་མཁས་པ། ནད་བསལ་ནས་ཕྱིས་མི་འབྱུང་བར་བྱ་བ་ལ་མཁས་པའོ།།ཞེས་གསུངས་པའི་ཕྱིར།

   དེ་ཡང་རང་ཅག་མ་དག་པའི་འགྲོ་བ་རྣམས་ནི། སྤྱིར་ན་ནད་སྣ་ཚོགས་ཀྱི་ཚང་ལྟ་བུར་ཡོད་དེ། ལམ་རིམ་ཆེན་མོ་ལས། རྒྱུན་རིང་བ་གསོ་དཀའ་བ་སྡུག་བསྔལ་དྲག་པོ་སྐྱེད་པའི་ནད་ཆགས་སོགས་ཉོན་མོངས་པས་དུས་རྟག་ཏུ་ན་བ་ཡིན་པས་དེ་ལ་དེར་ངོ་ཤེས་པ་བྱེད་དགོས། ཀ་མ་བའི་ཞལ་ནས། དོན་ལ་མི་ན་ན་དེ་ལྟར་སྒོམ་པ་ཕྱིན་ཅི་ལོག་ཏུ་འགྲོ་སྟེ། དུག་གསུམ་ཀྱི་གཅོང་ནད་ཆེན་པོས་ཐེབས་ནས་ནད་ཚབས་ཤིན་ཏུ་ཆེ་བ་ལ་འོ་སྐོལ་གྱིས་ན་བར་ཡེ་མ་ཤེས་གསུང་ཞེས་གསུངས་པ་ལྟར། རང་ཅག་གི་རྒྱུད་ན་ནད་འབྱུང་བའི་རྩ་བ་ཉོན་མོངས་དུག་གསུམ་ཤིན་ཏུ་སྟོབས་ཆེ། དེ་ལས་ལུས་གདུང་བར་བྱེད་པའི་ནད་རང་ཅག་ཐ་མལ་བས་ཀྱང་ཚོར་ཐུབ་པ་རྣམས་བྱུང་བ་ཡིན་ཏེ། འདོད་ཆགས་ལས་རླུང་། ཞེ་སྡང་ལས་མཁྲིས་པ། གཏི་མུག་ལས་བད་ཀན་འབྱུང་ཞིང་། དེ་ད་དུང་རྒྱས་པར་དབྱེན། ལྟར་སྣང་འཕྲལ་གྱི་ནད་བརྒྱ་དང་གཅིག ཀུན་བརྟགས་གདོན་གྱི་ནད་བརྒྱ་དང་གཅིག ཡོངས་གྲུབ་ཚེ་ཡི་ནད་བརྒྱ་དང་གཅིག གཞན་དབང་སྔོན་གྱི་ནད་བརྒྱ་དང་གཅིག་སྟེ་ནད་རིགས་བཞི་བརྒྱ་རྩ་བཞི་ཡོད།དེ་དག་ལས་ལྟར་སྣང་བའི་ནད་ནི་བཅོས་མི་དགོས་ལ། གཉིས་པ་ཀུན་བརྟགས་གདོན་གྱི་ནད་ནི་ཆོས་དང་རིམ་གྲོ་ལ་བརྟེན་ནས་གདོན་མ་བཅོས་བར་དུ་སྨན་དཔྱད་ཀྱིས་མི་ཕན་པའི་ནད་རིགས་རྣམས་སོ།།བཞི་བ་གཞན་དབང་སྔོན་གྱི་ནད་ནི། ཇི་སྐད་དུ། སྨན་པས་བོར་ཞིང་རིམ་གྲོས་བཟློག་ཏུ་མེད།།གཉེན་རྣམས་གསོན་དུ་རེ་བའི་རེ་ཐག་ཆད།།རང་ཉིད་ཅི་བྱ་གཏོལ་མེད་གྱུར་བའི་ཚེ།།བླ་མའི་གདམས་ངག་དྲན་པར་བྱིན་གྱིས་རློབས།།ཞེས་གསུངས་པ་ལྟར་བླ་མའི་གདམས་ངག་དྲན་ནས་བར་དོ་ན་འཇིགས་སྐྲག་མེད་པ་དང་ཕྱི་མར་ངན་སོང་དུ་མི་ལྷུང་བའི་ཐབས་ལ་འབད་རྒྱུ་ལས། རིམ་གྲོ་དང་སྨན་པ་མཁས་པས་ཀྱང་བཅོས་སུ་མི་བཏུབ་པའི་ནད་ཀྱི་རིགས་རྣམས་སོ།།འོ་ན་སྨན་པས་བཅོས་སུ་ཡོད་པའི་ནད་ཀྱི་རིགས་ནི་གང་ཡིན་ཞེ་ན། གསུམ་པ་ཡོངས་གྲུབ་ཚེ་ཡི་ནད་ཀྱི་རིགས་རྣམས་ཡིན་པར་བཤད་དོ།།

   གལ་ཏེ་མི་ལ་ལས་དུག་གསུམ་ལས་ནད་སྣ་ཚོགས་འབྱུང་བར་བཤད་པ་ནི། ནང་བ་སངས་རྒྱས་པ་ཁོ་ནའི་བཤད་ཚུལ་ཙམ་ལས་སྨན་གཞུང་དང་མི་མཐུན་སྙམ་ན། སེམས་ཀྱི་ཉོན་མོངས་ལས་དོན་ལྔ་སྣོད་དྲུག་ལ་ནད་འབྱུང་ཚུལ་ཡོད་པར་བཤད་པ་འདི་ནི་ནང་བ་བ་ཁོ་ནའི་བཤད་ཚུལ་མིན་ཏེ། རྒྱའི་སྨན་གཞུང་ཐམས་ཅད་ཀྱི་ཐོག་མའམ་འབྱུང་ཁུངས་ལྟ་བུར་གྱུར་བའི་ཧོང་ངྷིའི་ནང་མདོ(黄帝内经)ཞེས་པ་ལས་ཀྱང་།(怒伤肝,喜伤心,悲伤肺,思伤脾,恐伤肾。) ཁྲོ་བས་མཆིན་པར་གནོད། དགའ་བས་སྙིང་ལ་གནོད། གདུང་བསགློ་ལ་གནོད། བསམ་གཞིག་གིས་མཚེར་བར་གནོད། དངངས་སྐྲག་གིས་མཁལ་མར་གནོད་ཅེས་བཤད་པ་འདིས་ཀྱང་སེམས་ཀྱི་འགྱུར་ལྡོག་ལས་ལུས་ཀྱི་བདེ་སྡུག་འབྱུང་བར་བཤད་པས་སོ།།ད་དང་བཤད་བྱ་མང་ཡང་མང་བར་འགྱུར་བས་རེ་ཞིག་མི་བཤད་དོ།།

  ཡང་ལ་ལས་སྨན་པ་མཁས་པ་དང་མ་འཕྲད་པ་མ་གཏོགས་སྨན་པ་མཁས་པ་དང་ཐུག་ན་སྨན་གྱིས་བཅོས་མི་ཐུབ་པའི་ནད་ཅིག་ག་ལ་ཡོད་སྙམ་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་(世界卫生组织)ཚོགས་པས་ཞིབ་འཇུག་བྱས་ནས་སྡོམ་ཚིག་བཀོད་པ་ལྟར་ན། (个人的健康和寿命,15%决定于遗传,10%决定于社会因素,8%决定于医疗条件,7%决定于气候影响,60%决定于自己。)མི་ཞིག་གི་བདེ་ཐང་དང་ཚེ་ཚད་ལས། བརྒྱ་ཆའི་བཅོ་ལྔ་ནི་རང་གི་མི་བརྒྱུད་ལ་འབྲེལ་བ་ཡོད་ཅིང་། བརྒྱ་ཆའི་བཅུ་ནི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ལས་བྱུང་ལ། བརྒྱ་ཆའི་བརྒྱད་ཙམ་ནི་སྨན་བཅོས་བྱེད་པའི་ཆ་རྐྱེན་ལ་རག་ལས་ཤིང་། བརྒྱ་ཆའི་བདུན་ནི་ནམ་ཟླའི་ཤུགས་རྐྱེན་ལས་བྱུང་བ་དང་། བརྒྱ་ཆའི་དྲུག་ཅུ་ནི་མི་རང་ཉིད་ལ་ཐུག་ཡོད་ཅེས་བཤད་དོ།།འདི་ལས་ང་ཚོས་ཅི་ཞིག་གོ་དགོས་སྙམ་ན། མི་ཞིག་གི་བདེ་ཐང་དང་ཚེ་སྲོག་ལ་སྨན་དང་སྨན་པས་ནུས་པ་བརྒྱ་ཆའི་བརྒྱད་ལས་འདོན་མི་ཐུབ་པར་བཤད་པས། དེས་ན་གོང་ནས་སྨན་པ་མཁས་པ་དང་འཕྲད་ཀྱང་བཅོས་མི་ཐུབ་པའི་ནད་ཡོད་པར་བཤད་པའི་སྒྲུབ་དུའང་འགྲོ་བས་སོ།།

   ཁྱད་པར་དུ་མི་རྣམས་ཀྱི་བསམ་བློ་དང་རིན་ཐང་གི་ལྟ་བ། ཀུན་སྤྱོད་སོགས་ཆེས་ཆེར་ཇེ་ངན་དུ་སོང་བའི་དབང་གིས་ད་ལྟའི་དུས་འདིར་རང་ཅག་གི་འཚོ་བ་རོལ་སའི་ཁོར་ཡུག་འདི་ཆེས་ཤིན་ཏུ་འབག་བཙོག་ཅན་དུ་གྱུར་བས་མི་རྣམས་ལ་ཡ་ང་བའི་སྐྲན་ནད་ཀྱི་རིགས་གསོ་མི་ཐུབ་པ་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་དག་ལས་དཔེ་མཚོན་ཙམ་ཞིག་བཤད་ན། བཏུང་བྱའི་ཆུ་ལ་རྫས་ཀྱིས་ལྷད་པས་མཆིན་པའི་སྐྲན་ནད་ཀྱིས་ཐེབས་པ་ཤིན་ཏུ་མང་། རྔུབ་རྒྱུའི་མཁའ་དབུགས་བཙོག་པར་གྱུར་བས་གློ་བའི་སྐྲན་ནད་ཀྱིས་ཟིན་པ་མང་། བཟའ་བྱའི་ཟས་ལ་དུག་རྫས་མང་བས་ཕོ་བའི་སྐྲན་ནད་ཀྱིས་ཟིན་པ་ཤིན་ཏུ་མང་བོ་ཡོད་པར་གསར་འགྱུར་སྣ་ཚོགས་ལས་བཤད་པ་དང་། མདོར་ན་ད་ལྟར་ཀྲུང་གོ་ན་ཆ་མཉམ་དུ་སྐར་མ་དྲུག་རེའི་ནང་ལ་སྐྲན་ནད་ཕོག་པའི་མི་རེ་འབྱུང་བཞིན་ཡོད་པར་བཤད་དོ།།

གཉིས་པ། སྨན་པ་ལ་གཞན་ཕན་གྱི་བསམ་བློ་དགོས་ཚུལ།

    དེ་ལྟར་ཁོར་ཡུག་དང་མི་རང་རང་གི་སེམས་ཁམས་སོགས་ཆ་ཀུན་ནས་དྲི་མ་ཅན་དུ་གྱུར་བའི་སྟོབས་ཀྱིས་དུས་རབས་འདིར་ལྷག་པར་ཡང་ནད་རིགས་སྣ་ཚོགས་ཀྱིས་གཙེ་ཞིང་ཤིན་ཏུ་ཉམ་ང་བའི་འགྲོ་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་དོ།།དེས་ན་གནས་བབས་འདི་ལྟ་བུའི་དུས་སུ་གལ་ཆེ་བ་ནི། སྤྱིར་མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་ཡོ་བསྲིང་གི་ཕྱོགས་ལ་ནུས་ཤུགས་ཆེས་ཆེར་འཕུད་དགོས་ཤིང་། ཁྱད་པར་དུ་སྨན་པ་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་ཡག་རྒྱུ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ་སྙམ། ཡོད་ཚད་ནས་ཡོད་ཚད་རྒྱུ་དང་འབྱོར་བ། ཐོབ་དང་གོ་ས། མིང་དང་སྙན་གྲགས་ལ་བཏང་བའི་འདོད་སྲེད་མེ་ལྕེ་དམར་པོ་དགུང་དུ་མཆེད་པའི་སྙིགས་དུས་འདིར། གལ་ཏེ་སྨན་པ་ལའང་སྒོར་མོ་མ་གཏོགས་བསམ་རྒྱུ་མེད་པའམ། ཡང་ན་ནད་པས་མྱ་ངན་གྱི་འོ་དོད་་ཇི་ལྟར་སྒྲོག་ཀྱང་ཕ་བོང་ལ་སྨྲེ་སྔགས་བཏོན་པ་བཞིན། འགྲོ་བ་ཉམ་ཐག་པའི་ཚེ་སྲོག་ལ་ཅི་མི་སྙམ་ཞིང་སྙིང་རྗེ་ཅུང་ཅད་ཀྱང་མེད་ན་ནི་སྨན་པ་ཞེས་པའི་མིང་འདི་འཆུད་ཟོས་སུ་བཏང་ཚར་བ་རེད།

    ལུས་བདེ་བར་སྡོད་ལ་སེམས་ནང་དུ་བཀུག་ནས་བསམ་བློ་ཞིབ་མོ་ཞིག་ཐོངས་དང་། གལ་ཏེ་རང་ཉིད་ནད་ལྕི་མོ་ཞིག་གིས་ཟིན་ནས་འབྲལ་དཀའ་བའི་གཉེན་ཉེ་གྲོགས་མཆེད་ཐམས་ཅད་དང་མི་འདོད་བཞིན་དུ་འབྲལ་དགོས་པར་མཐོང་ཞིང་། གོས་ཀྱི་གོན་འཕྲོ། ཟས་ཀྱི་བཟའ་འཕྲོ། སྐད་ཆའི་བཤད་འཕྲོ་སོགས་ཐམས་ཅད་མ་ལུས་པ་ཅམ་ཀྱིས་བཞག་སྟེ་འཇིག་རྟེན་ཕ་རོལ་དུ་རང་ཉིད་གཅིག་བུ་འགྲོ་དགོས་པ་ལྟ་བུའི་སྣང་བ་ཤར་ནས་ཤིན་ཏུ་འཇིགས་ཤིང་སྐྲག་སྟེ་མྱུར་དུ་སྨན་ཁང་དུ་ཐོན་དེ་སྨན་པ་དང་འཕྲད་པ་ན། བོར་བའི་བུ་སླར་ཡང་ཨ་མའི་བང་དུ་ལོག་པ་ལྟ་བུའི་དགའ་བ་དང་བཅས། འདིས་ནི་ངའི་སྲོག་སྐྱོབ་ངེས་སོ་སྙམ་དུ་ཡིད་ཆེས་དང་རེ་བ་མ་ལུས་པ་སྨན་པ་དེ་ལ་བཅོལ་བའི་ཚེ། སྨན་པ་དེས་ཁྱོད་ཀྱི་སྒོར་མོ་མ་གཏོགས་གཞན་ཅི་ལ་ཡང་ཁ་ཡ་མི་བྱེད་པའམ། ཡང་ན་གཤིན་རྗེ་ལས་མཁན་དག་གིས་དམྱལ་བ་བ་རྣམས་མཐོང་བ་ལྟར་ཁྱོད་ལ་འཇིགས་སུ་རུང་བའི་རྣམ་འགྱུར་དང་། ཡིད་ཐག་ཆད་པའི་ཚིག་རྩུབ་ཤ་སྟག་གིས་ཚར་བཅད་ན། དེ་ལས་སྡུག་བསྔལ་བ་ཅི་ཞིག་ཡོད། དེས་ན་རང་ལ་གཞན་གྱིས་དེ་ལྟར་བྱས་ན་སྡུག་བསྔལ་མི་བཟོད་དོ་སྙམ་དུ་རང་ཉམས་ལ་དཔོག་སྟེ། རང་གིས་གཞན་ལའང་དེ་ལྟར་མི་བྱེད་པར། ནད་པའི་ནད་ལ་ཕན་ཅི་ཐོགས། ནད་པའི་སེམས་ལ་དགའ་བདེ་སྟེར་ཅི་ཐུབ་བྱའོ་སྙམ་ནས་ཐབས་ཤེས་ཡོད་རྒུ་འདོན་པ་ལ་སྒྲིམས་ན། རྒྱའི་སློབ་གསོ་བ་དང་བསམ་བློ་བ་ཀུན་གྱི་ཡབ་ལྟ་བུར་བསྔགས་པའི་མཁས་མཆོག་ཁོང་ཙིས། རང་གིས་མི་འདོད་པ་དེ་གཞན་ལའང་མ་སྟེར་(己所不欲勿施于人)ཞེས་པའི་མི་ཆོས་བསླབ་བྱདང་ཡང་མཐུན་པར་མ་ཟད། ལྷག་པར་དུ་ཁྱོད་རང་སྨན་པ་ཞིག་ཡིན་པའི་ཆ་ནས་སྨན་པ་ཞེས་པའི་མིང་འདི་ལ་ངོ་གནོང་མི་དགོས་ཤིང་། ཀུན་ཀྱིས་མགོ་བོའི་ཞྭ་བཞིན་དུ་བཀུར་བར་འགྱུར་ཞིང་། བཀུར་ཡང་ཆོག་ཆོག་ཡིན་ཏེ། སྨན་པ་མཆོག་ལ་ཆེ་ས་ནས་འབངས་མི་ཡོངས་དང་། ཆུང་ས་ནས་ལུས་ཁམས་ཐམས་ཅད་སྙིང་ཐག་པ་ནས་སྐྱོབ་འདོད་ཡོད་པའི་ཕྱིར་ཏེ། ཧོང་ངྷིའི་ནང་མདོ་(黄帝内经)ལས། གོང་འབངས་མི་བཅོས་ཞིང་། འོག་ལུས་ཁམས་གསོས་ཏེ། མི་སེར་ལ་ནད་མེད་པར་བྱའོ།།"上以治民,下以治身,使百姓无病。"ཞེས་པ་ལྟ་བུའི་བསམ་བློ་རྒྱ་ཆེན་པོ་དགོས་ཤིང་། ནང་བའི་ཆོས་ཀྱི་དབང་དུ་བྱས་ནའང་རང་ཉམས་ལ་དཔོག་སྟེ་གཞན་གྱི་སྡུག་བསྔལ་སེལ་འདོད་ཀྱི་བསམ་པ་བསྐྱེད་པ་ནི། སྐྱེས་བུ་ཆེན་པོའི་ལམ་ཉམས་སུ་ལེན་ཚུལ་གྱི་ཕྱོགས་སུ་གཏོགས་ཏེ། མཉམ་མེད་ཇོ་བོ་ཆེན་པོས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས།། གང་ཞིག་གཞན་གྱི་སྡུག་བསྔལ་ཀུན།། ཡང་དག་ཟད་པར་ཀུན་ནས་འདོད།། སྐྱེས་བུ་དེ་ནི་མཆོག་ཡིན་ནོ།། ཞེས་གསུངས་པ་དང་ཕྱོགས་འདྲ་ཞིང་། རྗེ་བདག་ཉིད་ཆེན་པོས། རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ།། མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།། མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི།། བྱང་ཆུབ་སེམས་མཆོག་འབྱུང་བར་བྱིན་གྱིས་རློབས།།ཞེས་གསུངས་པ་དང་ཡང་སྒོ་མཐུན་པས་སོ།།

  གལ་ཏེ་ཁྱོད་ཀྱིས་འདི་ལྟ་བུའི་བསམ་བློ་ལ་གོམས་ཅི་ཐུབ་ཀྱི་སྒོས་སྨན་ལག་ལེན་བྱེད་ནུས་ན་ནི་དེ་ལས་ལྷག་པའི་ཆོས་ཉམས་སུ་ལེན་རྒྱུ་ཅི་ཞིག་ཡོད། གལ་ཏེ་ཆོས་མི་འདོད་སྙན་གྲགས་འདོད་ནའང་དེས་ཁྱོད་ལ་སྙན་གྲགས་སྟེར་འོང་།

   སྤྱིར་ཡང་བརྩེ་སེམས་དང་བྲལ་བའི་ནུས་པ་ཙམ་ནི་སྐྱེས་བུ་རྟོགས་ལྡན་རྣམས་ཀྱི་བསྟོད་པའི་གནས་སུ་མི་འགྱུར་ཏེ། དེང་སྐབས་འཛམ་བུ་གླིང་གི་འབྱོར་ལྡན་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་བ་ཨ་རིའི་བྷེལ་ཀེ་ཚིས་(比尔盖茨)སི་ཐན་ཧྥུ་སློབ་གྲྭ་ཆེན་མོར་གཏམ་བཤད་ཅིག་གི་སྐབས་སུ་(斯坦福大学)། གལ་ཏེ་ང་ཚོའི་སྤྲོ་སྣང་དེ་བརྩེ་སེམས་དང་གཅིག་ཏུ་བསྲེས་མ་ནུས་ན། ང་ཚོས་ཚན་རིག་གི་གསང་བ་ཅི་ཙམ་ལ་གདེང་ཚོད་ཐོབ་ཀྱང་། འཛམ་བུ་གླིང་དུ་ཆེས་དཀའ་བའི་གནད་དོན་དེ་སེལ་མི་ཐུབ་པས། ང་ཚོས་བློ་རིག་གི་ཟློས་གར་འཁྲབ་པ་ཙམ་མ་གཏོགས་མེད་དོ།།"如果我们的乐观没有融入同情,那么无论我们掌握多少科学秘密,都解决不了世界上最棘手的问题,我们只是在玩智力游戏。"ཞེས་བཤད་པ་ལྟ་བུ་རེད། དེས་ན་སྨན་པ་ཚོས་རང་གི་ཁེ་ཁོ་ན་ལ་མི་བལྟ་བར་ནད་པ་ལ་སྙིང་བརྩེ་བའི་སྒོ་ནས་ལྷད་མ་འདྲེས་པའི་སྨན་གྱི་སྡེབ་སྦྱོར། གཡོ་མ་ཞུགས་པའི་ནད་ཀྱི་བརྟག་ཐབས། སྒྱུས་་མ་གོས་པའི་ནད་ཀྱི་བཅོས་ཐབས་ལ་འབད་པར་བྱེད་རྒྱུ་ནི་སྙིང་ནས་རེ་བ་ལགས།

གསུམ་པ། ནད་པ་ཐམས་ཅད་ལ་བཏང་སྙོམས་ཀྱི་བསམ་པ་བསྐྱེད་དགོས་ཚུལ།

   མི་རིགས་གང་ཡིན་ཡང་རུང་། མཐོ་དམན་སུ་ཡིན་ཡང་ཆོག དབུལ་ཕྱུག་ཇི་ལྟར་གྱུར་ཀྱང་བླ། གལ་ཏེ་ན་བས་ཁྱོད་ཀྱི་བྲང་ལ་མགོ་བོ་གཏད་བྱུང་ན་འདྲ་མཉམ་དང་དྲང་བདེན་གྱི་སྒོ་ནས་སྨན་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེ། དེར་མ་ཟད་གཉེན་ལ་ལྷག་པ་དང་། བར་མ་ལ་བཏང་སྙོམས་། དགྲ་ལ་བསམ་ངན་སྦྱོར་རྩུབ་སོགས་གཏན་ནས་བྱེད་མི་རུང་སྟེ། གལ་ཏེ་ཁྱོད་ནང་ཆོས་ལ་དད་པ་ཡོད་པའི་སྨན་པ་ཞིག་ཡིན་ན། འཇིག་རྟེན་འདིར་དགྲ་གཉེན་གྱི་དབྱེ་བ་མཐའ་གཅིག་ཏུ་མ་ངེས་པར་གསུངས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཕ་ནི་བུ་ཉིད་མ་ནི་ཆུང་མ་དང་།།སྐྱེ་བོ་དགྲར་གྱུར་བ་ཡང་བཤེས་ཉིད་དང་།།ལྡོག་པ་ཉིད་དུ་མཆི་བས་དེ་སླད་དུ།།འཁོར་བ་དག་ན་ངེས་པ་འགའ་མ་མཆིས།།ཞེས་གསུངས་པ་ལྟར་ཡིན་པས་སོ།།

   དེས་ན་ལྷན་སྐྱེས་སུ་མི་གཞི་བཟང་ཞིང་བྱམས་སེམས་ཡོད་ན་བསྟོད་པར་འོས་ལ། དེ་ལྟ་བུ་ཞིག་མིན་ནའང་བློ་སྦྱོང་གིས་རང་བློ་སྨིན་པར་བྱས་ནས་ངོ་མཚར་བའི་བོད་ཀྱི་རིག་གཞུང་། གཞན་དོན་སྒྲུབ་པའི་ཐབས་ལ་ཉེ་བར་མཁོ་བའི་ཡན་ལག་གསོ་བ་རིག་པ་འདིའི་སྒོ་ནས་མིའི་རིགས་ཡོངས་ཀྱི་ཞབས་འདེགས་ལེགས་པ་རེ་བསྒྲུབ་ཨེ་ཐུབ་གནང་རྒྱུ་ནི་ངའི་སྙིང་ཁོང་གི་རེ་བ་ཡིན་ལགས།

   དེ་ཡང་རང་གིས་དངོས་སུ་བསྒྲུབས་ནས་སྡུག་བསྔལ་སེལ་བའི་ཐབས་ལ་མི་བརྩོན་པར་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་ཞེས་ཡིད་སྨོན་ཙམ་ཀྱི་ངང་དུ་ལུས་པའམ། ཡང་ན་ང་ལྟ་བུས་དེ་འདྲའི་བྱ་བ་ཆེན་པོ་ཞིག་བསྒྲུབ་ག་ལ་ཐུབ་སྙམ་དུ་བདག་ཉིད་བརྙས་པའི་ལེ་ལོའི་དབང་དུ་འགྲོར་མི་སྟེར་ཞིང་བརྩོན་པ་དང་སྤྲོ་སེམས་བརྟན་ན་བྱ་བཞག་ཅི་ཞིག་བསྒྲུབ་ཀྱང་རེ་ཞིག་དཀའ་བ་ལྟར་སྣང་ཡང་མཐར་འགྲུབ་པར་ངེས་ཏེ། བྷེལ་ཀེ་ཚིའི་ལྕམ་་མོ་མེས་ལིན་ཏཱ་(梅林达)ཞེས་པས་ཀྱང་། "对我而言,乐观不是消极地认为一切都会变好,而是我们能够把一切变得更好的信念,无论情况多么坏,我们都能够帮助别人,不忽视也不感到绝望。"ཞེས་པ་དོན་བསྒྱུར་བྱས་ན། ངས་བལྟས་ན་སྤྲོ་སྣང་ཞེས་པ་ནི་ཅི་ཡང་མི་བསྒྲུབ་པར་ཐམས་ཅད་ལེགས་པ་ཞིག་འོང་པར་འགྱུར་རོ་སྙམ་པ་ལ་མི་བྱ་ཡི། ང་ཚོས་ཐམས་ཅད་ལེགས་པར་བསྒྱུར་ཐུབ་པོ་སྙམ་པའི་ཡིད་ཆེས་ཀྱིས་ནས་ཚུལ་དེ་ཅི་འདྲའི་ཐུ་མོ་ཞིག་ཏུ་འདུག་ཀྱང་གཞན་ལ་རོགས་བྱེད་ཐུབ་པ་དང་། སྣང་མེད་མི་བྱེད་ཅིང་སྐྱོ་ཐག་ཀྱ་མི་ཆད་པ་དེ་ལ་བྱའོ།། ཞེས་པའོ།།

   རྗེ་བདག་ཉིད་ཆེན་པོས་ཀྱང་། མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བསྒོས་ན།།ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ།།སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར།།གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ།།ཅེས་གསུངས་པས་སོ།།

   མཇུག་མཐར། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།།མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།བེེཌཱུརྱ་ཡི་འོད་ཀྱིས་འགྲོ་རྣམས་སྐྱོངས།།སེམས་ཅན་ནད་པ་ཇི་སྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཅིག།འགྲོ་བའི་ནད་ནི་མ་ལུས་པ།། རྟག་ཏུ་འབྱུང་བ་མེད་པར་ཤོག།།ཅེས་སྙིང་ནས་སྨོན་ལམ་འདེབས་སོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg9m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502010
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།