རོང་བྲག་རྫོང་བྲག་སྟེང་ཡུལ་ཚོའི་རྒྱན་གོས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 16 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» རོང་བའི་དམངས་སྲོལ། »རོང་བྲག་རྫོང་བྲག་སྟེང་ཡུལ་ཚོའི་རྒྱན་གོས།
རོང་བྲག་རྫོང་བྲག་སྟེང་ཡུལ་ཚོའི་རྒྱན་གོས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-05-04ལྟ་ཀློག (597)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

རོང་བྲག་རྫོང་བྲག་སྟེང་ཡུལ་ཚོའི་རྒྱན་གོས།

                                                                           རྩོམ་པ་བོ། ཚེ་རིང་གཡང་སྐྱིད།
  སྤྱིར་ལྷོ་འཛམ་བུའི་གླིང་འདི་ལ་འགྲོ་བ་མིའི་རིགས་ཐོག་མ་བྱུང་བ་ནས་བཀྲེས་སྐོམ་གྱི་གདུང་བ་སེལ་ཕྱིར་ཟས་དང་བཏུང་བ་འཚོལ་ཤེས་པ་དང་། དེ་དང་མཉམ་དུ་ལུས་ཕུང་ལ་གྲང་འཁྱག་དང་ཕྱི་དངོས་སོགས་ཀྱིས་འཚེ་བ་འགོག་ཆེད་གྱོན་གོས་ཀྱི་གནད་དོན་ཐད་ལ་བསམ་གཞིགས་མི་བྱ་ཀ་མེད་རེད། དེ་ཡང་གདོད་མའི་དུས་སྐབས་སུ་ཤིང་ཤུན་གྱོན་པ་དང་དེང་སང་དར་དང་གོས་ཆེན་གྱོན་པའི་བར་གྱི་བརྒྱུད་རིམ་འདིར་ཡང་། དང་ཐོག་འཁྱག་པ་སོགས་ཀྱི་འཚེ་བ་སེལ་བྱེད་དང་རིམ་བཞིན་ངོ་ཚ་འཛེམ་བྱེད། དེ་ནས་མཛེས་བྱེད་སོགས་སུ་འཕེལ་རྒྱས་ཀྱི་གོམ་ཁ་འཇགས་མེད་དུ་སྤྲོས།རྒྱལ་ཁབ་དང་། མི་རིགས།ས་གནས་ལུང་པ་སོ་སོ་ལ་ཐུན་མོང་མ་ཡིན་པའི་གྱོན་ཆས་དང་མཛེས་རྒྱན་སོགས་ལྡན་པ་ནི་ཐད་ཀར་དེ་དག་གནས་སའི་ཁོར་ཡུག་དང་གནམ་གཤིས་དྲོ་གྲང་། ཐོན་སྐྱེད་དངོས་པོ།བསམ་པའི་ལྟ་བ་བཅས་དང་སྡོང་པོ་ཡན་ལག་བཞིན་དུ་འབྲེལ་བ་དམ་པོ་ཡོད་པར་སྙམ།དེ་ཡང་གདོང་དམར་བོད་ཀྱི་རུས་རྒྱུད་ལས་ལོགས་སུ་མེད་པའི་རྒྱལ་རོང་རོང་བྲག་རྫོང་དང་ཁྱད་པར་བྲག་སྟེང་ཡུལ་ཚོའི་གྱོན་གོས་ཐད་ཞིབ་འདྲི་དང་བརྟག་དཔྱད་བྱས་ཏེ་རྟོགས་པའི་གནས་ཚུལ་འགའ་ཞུ་ན།

༡བུད་མེད་ཀྱི་རྒྱན་གོས་སྐོར།

    དེ་ཡང་རྒྱལ་ཁབ་དང་མི་རིགས་གཞན་དག་དང་འདྲ་བར་བོད་གངས་ཅན་གྱི་ཡུལ་འདི་ལ་ཡང་གནས་ལུགས་དང་དྲོ་གྲང་། ས་བབས་ལ་སོགས་མི་མཉམ་པའི་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་ས་གནས་དང་ས་གནས་བར་གྱོན་ཆས་ཀྱི་བཟོ་དབྱིབས་དང་རྒྱུ་སྤུས། གྱོན་སྟངས་མི་འདྲ་བ་སོགས་བྱུང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལགས། སྤྱིར་བཏང་བོད་རིགས་བུད་མེད་རྣམས་ཀྱིས་ལྭ་བ་རྐང་ཚིགས་བར་ཙམ་དུ་ཕབ་པ་དང་སྐྱེས་པ་ཚོས་རྐང་པའི་པུས་མོ་ཙམ་དུ་ཕབ་ལ་རོང་བྲག་ཕྱོགས་སུའང་དེ་ལས་མ་འདས། ས་གནས་འདི་བོད་ཡུལ་ས་ཁུལ་གཞན་དག་དང་བསྡུར་ན་ཚ་བ་ཆེ་བ་དང་གྲོང་ཚོའི་ཆགས་ཚུལ་ཡང་རི་མཐོན་པོའི་སྟེང་དང་སྐེད་སོགས་སུ་གནས་པ་མང་། དེ་ལ་བརྟེན་ནས་རོང་བྲག་བུད་མེད་ཚོས་ནམ་རྒྱུད་གྱོན་པའི་ལྭ་བ་ལ་སྔོན་རྒྱབ་སོ་སོར་བྱས། དེ་ཡང་གཅིག་ན་ཚ་བ་སེལ་བ་དང་ལས་ཀ་ལམ་འགྲུལ་སོགས་ལ་སྟབས་བདེ་བའི་ཆེད་དུ་ཡིན་པར་སེམས། གཞན་དུས་ཆེན་སོགས་སུ་ལྟེབ་ཚིགས་ཧ་ཅང་མང་པའི་ཕུ་ཐུང་མེད་པའང་གྱོན་སྲོལ་ཡོད། བྲག་སྟེང་ཡུལ་ཚོ་ལྟ་བུ་ལ་མཚོན་ན།ཕལ་ཆེར་རོང་པ་ཡིན་ཞིང་། ཁོ་ཚོས་སྔ་མོར་གོས་སུ་བཙོ་མ་དང་རྩྭ་ལས་གྲུབ་པ་གྱོན་ཞིང་། ཕྱིས་སུ་འཚོ་བ་ཡར་རྒྱས་དང་བསམ་པའི་རེ་འདོད་ཆེ་རུ་ཕྱིན་པ་དང་བསྟུན་རང་རང་གིས་ཕྱུགས་ཟོག་རེ་གཉིས་གསོ་བའམ་འབྲོག་ཁུལ་དུ་ཕྱིན་ནས་འབྲུ་རིགས་དང་བལ་བརྗེ་རེས་བྱས་ནས་ཕྲུག་དང་ཕྱིང་པ། སྣམ་བུ་སོགས་ཀྱི་གོས་མེད་པ་ནས་ཡོད་པ་དང་སྤུས་ཞན་ནས་སྤུས་ལེགས་བཅས་སུ་འཕོ་འགྱུར་བྱུང་ཡོད།

    བལ་གོས་བཟོ་སྟངས་ཀྱི་གོ་རིམ་རགས་བསྡུས་ཙམ་བཤད་ན། དང་པོ་བལ་ལེགས་པར་གསེད་དགོས་པ་དང་། དེ་ནས་ཏོང་ཧོང༼རོང་བྲག་གི་ཡུལ་སྐད་བལ་འཁེལ་བྱེད༽ཐོག་ཏུ་འཁེལ་བ་དང་། སླར་བཀལ་ཟིན་པའི་བལ་སྣེ་གཉིས་གཅིག་ཏུ་ལེགས་པར་བསྒྲིལ་ཏེ། ཐགས་ཁྲིའི་ཐོག་ཏུ་འཐག་རྗེས།རང་རང་གི་འདོད་མོས་ལྟར་ལྭ་བ་དང་སྟོད་གོས། སྟོད་གཡོགས་སོགས་བཟོ་ཆོག  སྤྱིར་བལ་རྒྱ་མ་བཞི་ཙམ་གྱིས་སྟོད་གོས་རེ་ཐོན་ཐུབ་ཟེར། རྒྱབ་ཏུ་བལ་ལམ་ཡང་ན་རང་༼དུས་ཕྱིས་སུ་དར༽གིས་བཟོས་པའི་སྟོད་གཡོགས་རེ་གོན་སྲོལ་ཡོད་པ་ནི། འཁྱག་དུས་སམ་དུས་ཆེན་སོགས་སུ་གྱོན་པ་མང་། དེ་ཡང་བུད་མེད་ཚོ་རྔུལ་ལེན་དམར་སྐྱ་དང་དཀར་པོ་གྱོན་པར་དགའ་ཞིང་ལྭ་བ་ནག་པོ། དཀར་པོ།རྫ་མདོག་སོགས་ཁྱབ་ཆེ། ལོ་ཆུང་ཚོའི་གོན་པ་སྤྱི་མདོག་ཁ་བཀྲ་མོ་དང་གང་སར་མེ་ཏོག་བཀོད་པ་མང་ཞིང་རྒན་མོ་རྣམས་ཀྱིས་མདོག་ཁ་དུབ་པོ་དང་མེ་ཏོག་ཕལ་ཆེར་མ་བཀོད་པ་གྱོན།སྐེ་རགས་ལ་རྒན་གཞོན་ཚང་མ་མཚུངས་པ་མེ་ཏོག་དང་རི་མོ་བཀོད་ཡོད།

ལྷམ་ནི་བོད་ཡུལ་གཞན་དག་དང་འདྲ་བར་ཞབས་ཀོ་བ་དང་ཐོག་ལ་རས་དམར་ནག་གཉིས་ཀྱིས་གཙོ་བོ་གྲུབ་པའི་ཡུ་བ་རིང་པོ་དེ་རེད།

གཞན་ཡང་རོང་བྲག་རྫོང་གི་བུད་མེད་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འཛོམས་པའི་མགོ་རྒྱན་ལ་བསམ་བློ་རེ་བཏང་ན། སྤྱིར་བོད་རིགས་བུད་མེད་རྣམས་ཀྱིས་སྐྲ་ལོ་རིང་པོ་འཇོག་ལ། དེ་ཡང་ཚ་བ་ཆེ་བའི་ས་གནས་ཤིག་ལ་ཆ་མཚོན་ན་ནམ་རྒྱུན་ལས་ཀ་བྱེད་དུས་ངལ་བའི་རྒྱུ་ལྟ་བུ་ཞིག་ཏུ་གྱུར་པས་སྟབས་བདེ་ཆེད་མགོ་ཐོག་ལ་དཀྲི་བ་རྒྱག་པ་དང་།ཉི་མ་སྒྲིབ་བྱེད་དུ་དང་ཐོག་རྩྭ་ལོ་སོགས་མགོ་ལ་བཞག་པ་ནས་རིམ་བཞིན་རས་ཐིམ་འཇོག་པ་དང་། བུད་མེད་རྣམས་ནི་མཛེས་སྡུག་ལ་ལྷག་པར་ཞེན་པས་དེའི་ཐོག་མེ་ཏོག་བཀོད་ལ། རིམ་བཞིན་སྐྲ་ཚབ་དང་ཚར་ལོ་སྔོ་དམར་བཅིངས་པ་སོགས་དར་ནས་ད་ལྟའི་ཁྱད་ཆོས་ལྡན་པའི་མགོ་རྒྱན་འདི་ལྟ་བུ་ཞིག་གྲུབ་པར་སྙམ། དེ་ཡང་ལོ་ན་ཅུང་མཐོ་བའི་བུད་མེད་རྣམས་ཀྱི་མགོ་རས་ཐོག་ལ་མེ་ཏོག་བཀོད་མེད་པ་དང་ཚར་ལོ་སྔོན་པོའམ་ནག་པོ་གང་རུང་འདོགས་ལ་གཞོན་ནུ་མ་རྣམས་ཀྱི་མགོ་རས་ལ་མེ་ཏོག་ཡིད་དུ་འོང་བ་བཀོད་ཡོད་ལ་ཚར་ལོ་དམར་སྐྱ་བཏགས། བྲག་སྟེང་ཕྱོགས་སུ་མགོ་རས་ཐམས་ཅད་ནག་པོ་མཐོང་ལ་ས་ཆ་གཞན་དག་ཏུ་དཀར་པོ་ཡང་མཐོང་། བོད་མི་རྣམས་རྒྱན་ཆ་འདོགས་རྒྱུ་ལ་ཁྱད་པར་དུ་དགའ་ཞེན་དང་རྩིས་མཐོང་ཆེ་ལ། གསེར་དངུལ་གཡུ་བྱུ་རུ་གཟི་རྣམས་ནི་བོད་མིས་རིན་ཆེན་སྣ་ལྔ་རུ་བགྲང་ཞིང་དེ་བཞིན་རྒྱན་ཆ་ལའང་དེ་དག་དང་བྲལ་ཐབས་མེད། རོང་བྲག་བུད་མེད་ཚོས་རང་རང་གི་རྒྱུ་སྟོབས་དང་བསྟུན་ནས་རིན་ཆེན་སྣ་ལྔའམ་མ་མཐའ་ཡང་དེ་དག་དང་འདྲ་བ་རྣམས་ཀྱིས་སྐྲ་རྒྱན། རྣ་རྒྱན། སྐེ་རྒྱན། མཛུབ་དཀྲིས། ལག་གདུང་སོགས་འདོགས་རྒྱུ་ཧ་ཅང་དགའ་པོ་འདུག་པས། གངས་རིའི་རྒྱུད་པ་ཚོ་འབྱོར་བ་རྒྱས་ཚེ་རྒྱན་ཆའི་ཕྱོགས་སུ་གཏོང་རྒྱུ་དགའ་ཟེར་བ་དེ་དངོས་དོན་རང་རེད།

༢སྐྱེས་པའི་རྒྱན་གོས་སྐོར།

    སྐྱེས་པའི་རྒྱན་གོས་སྐོར་ལ་རོང་བྲག་དང་བོད་ཡུལ་སྤྱིའམ་ས་ཆ་གཞན་དག་དང་མི་འདྲ་ས་ཕལ་ཆེར་མེད། ཞྭ་མོ་ནི་ཕྱིང་བའི་ཞྭ་དབྱིབས་གོར་གོར་ཅན་ཞིག་དང་གཞན་ཀོ་ཞྭ། ལྭ་ཞྭ། ཚེ་རིང་དཀྱིལ་འཁོར་སོགས་གྱོན་ལ་རྔུལ་ལེན་ལ་ཨ་རྡུ་དམར་པོ་དང་དཀར་པོ་གྱོན། ཕྲུག་དཀར་པོ་དང་དམར་སྨུག རྫ་མདོག་སོགས་ཀྱི་ལྭ་བ་དང་དེའི་མཐའ་ཕྲུག་ཁྲ་ཡིས་བརྒྱན་སྲོལ་འདུག སྐྱེས་པའི་སྐེ་རགས་ལ་རི་མོ་བཀོད་སྲོལ་མེད་ཅིང་རྒྱན་ཆ་རུ་གྲི་འདོགས་པ་དགའ། ཐུན་མོང་མ་ཡིན་པ་ནི་ཁོ་ཚོའི་གྲི་ལ་ཕྲ་རྒྱན་ཧ་ཅང་མང་ཞིང་གྲི་ཤུབས་ནང་དུ་བ་སོའི་ཟ་ཐུར་ཆ་གཅིག་བཅུག་སྲོལ་འདུག ལྷམ་ནི་བུད་མེད་ཀྱི་ལྷམ་ལས་ཞབས་ཧ་ཅང་མཐུག་པོ་ཡོད་པ་ལས་གཞན་ཁྱད་མེད། གཞན་བུད་མེད་ཀྱི་གྱོན་གོས་བཤད་སྐབས་ལུས་པ་ཞིག་ནི། ཁོ་ཚོས་སྟོད་གོས་རིང་པོའི་མཐའ་ལ་སྲམ་གཟིག་གི་པགས་པའམ་དེ་དག་དང་འདྲ་བས་རྒྱན་སྲོལ་འདུག་ལ་དེ་ནི་བྲོ་འཁྲབ་དུས་དང་དུས་ཆེན་སོགས་སུ་གྱོན།

   མདོར་ན། རོང་བྲག་གི་གྱོན་གོས་མགོའི་ཞྭ་མོ་ནས་རྐང་གི་ལྷམ་བར་ཐམས་ཅད་རང་རང་གི་ཁོར་ཡུག་ལས་ཐོན་པའི་རྒྱུ་ཆ་དང་རོང་བྲག་མི་དམངས་རྣམས་ཀྱི་ཤེས་རབ་ཀྱི་བློ་དང་ལག་པའི་རྩལ་ལས་ཐོན་པ་ཤ་སྟག་ཡིན་ཞིང་། རྒྱུ་སྤུས་དག་ཅིང་ལུས་ཁམས་ལ་ཕན་པ་དང་མི་ཚེ་མི་རབས་བརྒྱུད་ནས་གྱོན་ན་ཡང་རལ་དཀའ། དེང་དུས་སྤྱི་ཚོགས་འཚོ་བ་ཇེ་རྒྱས་དང་། ཚོང་ཟོག་བརྗེ་རེས་དང་འགྲིམ་འགྲུལ་ཇེ་བདེར་ཕྱིན་པ་དང་མི་རྣམས་ཀྱིས་ཕྱི་ཐོན་དངོས་པོའི་དགོས་མཁོ་ལ་བཅངས་པའི་འདུན་པ་དྲག་པོ་གྱུར་པར་བརྟེན་རོང་བྲག་གི་གྱོན་གོས་ཐད་ལ་ཡང་འགྱུར་ལྡོག་གི་ཁ་ལོ་བསྒྱུར་དང་སྒྱུར་བཞིན་མཆིས། འགྱུར་ལྡོག་དང་བཅུད་ལེན་མེད་ན་འཕེལ་རྒྱས་ཀྱི་རེ་འདོད་བྲལ་ཟེར་བ་བཞིན། ཕྱི་རོལ་གྱི་ལེགས་པའི་ཆ་དང་བཟང་པོའི་ཕྱོགས་ནི་ང་ཚོས་ནམ་ཡང་དང་ལེན་བྱེད་པར་བརྩོན་དགོས། འོན་ཏེ་ཕྱི་རོལ་གྱི་ཡོད་ཚད་ཡང་དག་ཏུ་བཟུང་ཞིང་རང་གི་རིན་བྲལ་སྲོག་དམར་ལྟ་བུའི་ཁྱད་ཆོས་རྣམས་ཀྱང་བདག་མེད་བག་གཡེང་ལ་བཏང་ན། མཐར་རྩ་བ་སྐམ་པའི་སྡོང་པོ་བཞིན་དོན་སྙིང་གི་འབྲས་བུ་ཞིག་ཐོབ་ཐུབ་པ་ནི་འཁྲུལ་སྣང་གི་རྨི་ལམ་ཙམ་དུ་ཟད། ཐུན་མིན་གྱི་ཁྱད་ཆོས་མེད་ན་མི་རྣམས་ཀྱི་བློ་སེམས་འགུག་པའི་ནུས་པ་བྲལ་ཟེར་བ་བཞིན། རང་རང་གི་ཁྱད་ཆོས་དམ་བཟུང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་སྙམ། དེའི་ཕྱིར་མི་སུ་ཞིག་ཡིན་རུང་གཞན་ལ་ལད་མོ་རྐྱང་རྐྱང་མི་བྱ་བར་རང་མི་རིགས་ཀྱི་གོམས་སྲོལ་བཟང་པོ་སྐྱོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད་ལ། དེང་དུས་ཕྱི་ནས་ཐོན་པའི་རས་ཆ་སོགས་མང་དུ་ཕྱིན་པར་བརྟེན། ཧ་ཅང་རིན་ཐང་ལྡན་ཞིང་ལུས་ལ་ཕན་པའི་བལ་ལྭ་སོགས་གྱོན་མཁན་ཇེ་ཉུང་དང་དེ་དག་བཟོ་རྒྱུའི་ལག་རྩལ་ཤེས་མཁན་ཇེ་ཉུང་དུ་ཕྱིན་པ་དེ་ནི་སྐྱེ་བོ་ཀུན་གྱི་སེམས་གཏིང་གི་རྨ་ཁ་ཞིག་ཏུ་གྱུར་ལ། དེ་བས་སོ་སོས་རང་རང་གི་སྙིང་ནོར་ལྟ་བུའི་ཁྱད་ཆོས་བཟང་པོ་ལོ་ཟླའི་རླུང་ལ་བརླག་ཏུ་མི་འཇུག་པར་དམ་དུ་འཛིན་རོགས་ཞེས་སྒོ་གསུམ་དྲི་མ་མེད་པས་འབོད་སྐུལ་འདི་བཏང་བའོ། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5925086
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号