ས་གཡང་སེར་འཁོར་གཏོང་སྲོལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» རོང་བའི་དམངས་སྲོལ། »ས་གཡང་སེར་འཁོར་གཏོང་སྲོལ།
ས་གཡང་སེར་འཁོར་གཏོང་སྲོལ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-05-04ལྟ་ཀློག (5917)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

ཨར་ཀ་གྲོང་ཚོའི་ས་གཡང་སེར་འཁོར་གཏོང་སྲོལ།

རྩོམ་པ་བོ་མི་གསལ།

དང་པོ། ཁ་བྱང་གསལ་འགྲེལ་བྱེད་པ།
    ཨར་ཀ་གྲོང་ཚོ་ནི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ལྷོ་རྒྱུད་སྣམ་བུ་སྤུ་ཕྲུག་ཤད་མའི་འབྱུང་ཁུངས་གྲ་ནང་རྫོང་གི་ནང་ངོས་ཐག་མི་རིང་བའི་སར་གླང་ཆེན་ཉལ་འདྲའི་རི་བོ་ཆུ་མིག་རིའི་ཞབས་འོག་ཏུ་ཆགས་ཤིང་གྲོང་ཚོ་འདིར་ཨར་ཀ་དང་འབོང་སྟོང་། དཀར་ཆུང་ཞེས་གྲོང་ཆུང་གསུམ་ལས་གྲུབ་ཡོད་ལ་དེ་དག་ཙུའུ་བདུན་དུ་དབྱེ་ནས་ཡོད།
     ས་གཡང་ནི་དཔལ་དང་ཕུན་ཚོགས་འཐོབ་རྒྱུའི་གཡང་འགུགས་ཆོ་ག་རྣམ་པ་མི་འདྲ་བའི་ནང་ནས་བསོད་ནམས་ཅན་གྱི་ནོར་གཡང་འགུགས་པ་ལ་འདོད་དེ་ས་ཞིང་ངམ་ལོ་ཏོག་ལ་ཕྱ་གཡང་འགུགས་ནས་ཁུག་པར་བྱེད་པར་ཟེར་བ་དང་སེར་འཁོར་ནི་མདོག་གི་སྒོ་ནས་བཏགས་པར་གྲགས་ཏེ་སྐབས་དེར་སྟོན་མ་བསྡུ་བའི་སྔོན་ཙམ་དུ་ཡིན་པས་ལོ་ཏོག་ཚང་མ་སྨིན་ཏེ་སེར་པོར་འགྱུར་བས་ན་དེ་ལྟར་བརྗོད་པ་ཡིན། ཡོངས་གྲགས་སུ་བོད་ཀྱི་སོ་ནམ་གྱི་གྲོང་ཕལ་ཆེར་དུ་ལོ་ལྟར་གཏོང་སྲོལ་ཡོད་པའི་འོང་བསྐོར་དང་འདྲ་བ་ཡིན་ཞིང་ཨར་ཀ་གྲོང་ཚོས་ས་གཡང་ཞེས་པ་ལོ་དྲུག་དང་སེར་འཁོར་ལོ་བཅུ་གཉིས་རེར་ཐེངས་རེ་གཏོང་གི་ཡོད་པ་ལས་ལོ་ལྟར་གཏོང་བ་ནི་མ་ཡིན།
གཉིས་པ། གཏོང་དུས་དང་གཏོང་ཚུལ་གླེང་བ།
     ས་གཡང་དང་སེར་འཁོར་གཉིས་པོ་ལོ་བཅུ་གཉིས་ནང་ཐེངས་རེ་ལས་མེད་དུས་གྲོང་མི་ཚང་མས་དེ་ནི་གྲ་རྒྱས་པོ་ཞིག་གཏོང་རྒྱུའི་རེ་བ་བྱེད་ལ་གཏོང་གི་ཡང་ཡོད་དེ་ལོ་དེའི་བོད་ཟླ་དྲུག་པ་བདུན་པ་ཙམ་གྱི་(གཙོ་བོ་ལོ་དེའི་སྟོན་བསྡུའི་དུས་ཚོད་ལ་བལྟ་བ་ཡིན་ཏེ་སྟོན་མ་བསྡུའི་སྔོན་དུ་གཏོང་བ་ཡིན)ཚེས་ཆ་བཟང་བའི་ཉིན་ཞིག་ནས་འགོ་བཙུགས་ཏེ་ཉིན་གསུམ་རིང་གཏོང་གི་ཡོད་ཅིང་ཉིན་དང་པོའི་ཞོགས་པ་སྔ་པོ་ནས་གྲོང་མི་ཕོ་མོ་རྒན་གཞོན་རྣམས་བོད་ལུགས་ཀྱི་རྒྱན་གོས་གང་ལེགས་སྤྲད་དེ་འདུ་ཁང་ཞེས་པ་ཨར་ཀ་གྲོང་དབུས་སུ་དུས་རྒྱུན་དུ་ཆོས་ལུགས་ཀྱི་ཆོ་ག་སྤེལ་སའི་ས་ཆར་འཛོམས་ནས་འོང་བསྐོར་དངོས་སུ་འགོ་འཛུགས་པ་ཡིན། དེ་ཡང་ཕ་མ་གཉིས་འཛོམས་ཀྱི་ཕོ་མོ་ཁྱད་མེད་ལོ་བཟང་ཞིག་གིས་སྲིད་པ་ཧོ་འཁྱེར་ཞིང་རུ་སྣེ་འཁྲིད་དེ་རིམ་བཞིན་ལྷ་སྐུ་རྩ་ཆེན་འཁྱེར་མི། བསང་དུད་སྔོ་ལྷོག་ཏུ་འཕྱུར་བའི་མེ་ཁོག་འཁུར་མི། དམར་པོའི་གཟན་གྱིས་གཡོགས་པའི་གྲྭ་པ། རྟ་ཧྲག་ཐོག་ཏུ་འཛེགས་པའི་རྟ་པ། མདའ་གྲི་མདུང་གསུམ་ཐོགས་པའི་གོ་པ་སོགས་དང་། ལག་ཏུ་མདའ་དར་འཁྱེར་ཞིང་རྒྱབ་ཏུ་འབུམ་ཆོས་ཀྱི་པོད་རེ་འཁུར་བའི་མི་རྣམས་བཀོད་སྒྲིག་ཡོད་པའི་ཐོག་ནས་རུ་བསྟར་ལེགས་པར་བསྒྲིགས་ཏེ་རང་ཁོངས་སུ་གཏོགས་པའི་ཞིང་ཁར་བསྐོར་བ་བྱེད་པར་འགྲོ་བ་ཡིན། ཉིན་གུང་མཚམས་སུ་བསང་གླིང་ཞེས་པའི་ཞིང་འགྲམ་གྱི་རི་གཤམ་དུ་ངལ་གསོ་བྱེད་པ་དང་ཉིན་ཕྱེད་ཀྱི་བཟའ་བཏུང་ལ་རོལ་རྗེས་མུ་མཐུད་ཞིང་ཁ་བསྐོར་འཕྲོ་རྣམས་སྐོར་ནས་གྲོང་ཚོའི་ཐོད་ཀྱི་བསང་གསོལ་བྱེད་སའི་བསང་ཁུང་རྡོ་ལྕོག་གི་འགྲམ་དུ་བསང་གཏོང་བ་དང་།ལྷ་གསོལ་ལོ། ལྷ་གསོལ་ལོ། སྟེང་ལྷའི་ཡུལ་ལ་བསང་བཞེས། འོག་ཀླུའི་ཡུལ་ལ་བསང་བཞེས། བར་གཙང་ཁའི་ཡུལ་ལ་བསང་བཞེས། བསང་བཞེས། བསང་བཞེས། ཀི་ཀི་བསོ་བསོ་ལྷ་གསོལ་ལོ། ཞེས་ལྷ་གསོལ་ལེགས་པར་བྱེད། དེ་ནས་ཇ་ཆང་ཡུན་ཙམ་བཏུངས་ཏེ་ཉིན་དེའི་འོང་བསྐོར་རམ་ཆོས་བསྐོར་གྱི་བྱེད་སྒོ་ཡོངས་སུ་མཇུག་སྒྲིལ་བར་བྱེད་དོ།།
བཟང་བཟང་ཚེས་ཆ་བཟང་བའི་བཀྲ་ཤིས་ཀྱི་ཉིན་མོར།།
ཟབ་ཟབ་དམ་ཆོས་པུ་ཏི་སྒལ་སྟེང་དུ་འཁུར་ནས།།
ཡངས་ཡངས་འབྲས་བུས་ལྕི་བའི་ཞིང་ས་རྣམས་བསྐོར་གྱིན།།
འགུགས་འགུགས་ནོར་དཔལ་ཕྱ་གཡང་ཁུག་པ་ཞིག་བྱས་སོང་།།
དེའི་དགོང་དྲོར་འདུ་ཁང་འགྲམ་གྱི་གཡུལ་ཁ་དངུལ་གྱི་གཞོང་པ་འདྲ་བ་ཞིག་ཏུ་འཛོམས་ཏེ་ཇ་ཆང་གི་དཔལ་ལ་རོལ་ཞིང་འབག་ཕྲུག་ཚོས་གར་འཆམ་འཁྲབ་པ་དང་གཞས་པ་གཞས་མ་ཚོས་གཞས་ཆེན་དང་ཞབས་བྲོ་འཁྲབ་པ། རྟ་པ་དང་སྒ་གཡོགགོ་པ་སོགས་ཁག་ཚང་མས་རང་རང་གི་གཞས་དང་ཞབས་བྲོ་སྣ་ཚོགས་པ་འཁྲབ་སྟེ་སྙན་པའི་དབྱངས་དང་སྐྱིད་པའི་ཞབས་བྲོས་ལོ་ལེགས་ཐོབ་པར་རྟེན་འབྲེལ་ཞུ་ཞིང་གྲོང་ཚོ་ཁྱོན་ལ་བདེ་སྐྱིད་སྤྲོ་སྣང་གིས་ཁེངས་དུས་ལྷ་ཆེན་ཚངས་པ་དང་བཅས་པའི་ལྷ་ཚོགས་ཀྱི་སྐོར་ཞིག་ཀྱང་ལྟད་མོར་བྱོན་ནས་མི་ཡུལ་གྱི་བདེ་བར་ཡིད་སྨོན་བྱེད་བཞིན་གནས་སོ།།
གནའ་དེང་སྲོལ་ཟུང་གླུ་སྒྲ་སྒྲ་འཛིན་གྱི་ཉིང་བཅུད།།
འཁྲུག་ཆེ་ཞབས་བྲོའི་སྟངས་སྟབས་མིག་ཟུང་གི་རྒྱགས་ཕྱེ།།
ཇ་ཆང་བདུད་རྩིའི་སྙིང་པོ་བཀྲ་ཤིས་པའི་རྟགས་ལ།།
ཕྱོགས་ཁག་ལྟད་མོ་བ་ཚོའི་བསྔགས་བརྗོད་ཀྱི་མཐེ་བོང་།།
ཕྱི་ཉིན་གྱི་ཞོགས་པར་ཤར་ཕྱོགས་ལྷུན་པོའི་སྤོ་ནས་རྟ་བདུན་དབང་པོའི་འཛུམ་ཞལ་ལྷུག་པོར་གྲོལ་ཏེ་འདོམ་གང་ཙམ་འཕགས་མཚམས་སུ་ཚང་མ་མ་གྲོས་གཅིག་མཐུན་ངང་གྲོང་ཚོའི་བྱང་ཕྱོགས་ཆང་ཐོད་ཟེར་བའི་ས་སྟོང་གཡུ་ཡི་སྡེར་མ་ཆེན་པོ་ཞིག་ལྟར་སྣང་བ་རུ་འཛོམས་ཏེ་གཞས་ཆེན་ཞབས་བྲོ་དང་གོ་གཞས། རྟ་པ་དང་སྒ་གཡོག་གི་གཞས་སོགས་ཀྱི་གཙོ་བོར་བྱས་པའི་གཞས་ཞབས་ཀྱི་སྟོན་མོ་འགའ་བཤམས་རྗེས་སྐྱེ་བོ་ཀུན་གྱིས་རེ་སྒུག་དང་དགའ་བ་ཆེས་ཆེར་བྱེད་པའི་རྟ་རྒྱུགས་མདའ་འཕེན་འགྲན་བསྡུར་ལ་གྲ་སྒྲིག་དང་དངོས་སུ་འགྲན་འགོ་འཛུགས་པ་ཡིན། སྐབས་དེར་ཡུལ་གྲོང་གཞན་གྱི་ལྟད་མོ་བ་བརྒྱ་ཕྲག་མང་པོའང་ཡུལ་འདིའི་ཕྱོགས་སུ་མ་བོས་མགྲོན་དུ་བྱོན་ནས་རྟ་རྒྱུགས་ཐང་གི་གཡས་གཡོན་དུ་རུབ་སྟེ་རྟ་པ་ཚོའི་རྟ་རྩལ་འགྲན་པར་སྒུག་ནས་འདུག་གོ།
      སྔོན་ལ་རྟ་དཀར་མི་དཀར་གྱིས་རྟ་སྣེ་འཁྲིད་དེ་རྟ་ཁ་ཤོར་བ་དང་མདའ་འཕེན་སྐབས་སོགས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་སྐུལ་མ་བྱེད་པ་དང་ཡར་རྒྱུགས་མར་རྒྱུགས་ཐེངས་འགའ་བྱས་རྗེས་གཞི་ནས་དེ་མིན་གྱི་རྟ་རྣམས་གཏོང་དགོས་པ་ཡིན། ཡུལ་ལུང་རེ་འགར་རྟ་རྒྱུགས་གཏོང་སྐབས་ཐང་ཡངས་ངོས་སུ་ཚང་མ་མཉམ་དུ་གློད་ནས་མགྱོགས་ཚད་དང་རྟ་ཐོག་གི་རྩལ་རྩེད་འགྲན་པར་བྱེད་ཀྱང་ཨར་ཀ་གྲོང་ཚོར་ནི་དེ་འདྲ་མིན་ཏེ་ས་ཤུར་རིང་ཚད་སྨིད་བརྒྱ་ལྷག་དང་ཞེང་ཚད་སྨིད་གསུམ་ཙམ་ཆེད་མངགས་རྟ་རྒྱུགས་ཁུལ་བཟོས་ཡོད་པ་དེའི་ནང་རྟ་རེ་རེ་བཞིན་སྔ་རྗེས་སུ་འགྲན་པར་བྱེད། རྟ་པ་ཚོའི་བྱ་འཕུར་བ་བཞིན་གྱི་མྱུར་ཚད་ཀྱིས་སྐབས་རེ་གཡོན་ངོས་སུ་བཙུགས་པའི་འབེན་གཉིས་པོའི་སྙིང་རྩ་བཟུང་ནས་མདའ་རྒྱག་ལ་མཚམས་རེ་ས་ཐོག་ཏུ་བཀྲམས་པའི་ཁ་བཏགས་བསྒྲུག་ཅིང་ལན་རེར་རྟ་ཐོག་ནས་རྩལ་སྣ་མང་པོས་རང་ཉིད་ཀྱི་དཔའ་རྩལ་ངོམས་དུས་ངོ་མ་ཆེད་ལས་རྟ་རྩལ་པ་ཞིག་དང་གཉིས་སུ་མ་མཆིས། འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི་ས་ཁུལ་འགའ་རེར་རྟ་ཐོག་ནས་མེ་མདའ་རྒྱག་པ་དང་འབེ་ཤུ་འཕེན་པར་བྱེད་རུང་འདི་གར་ནི་སྨྱུག་མའམ་ཤིང་རིགས་ལས་བཟོས་པའི་མདའ་འཕེན་པ་ཡིན་ནོ།།
ཅང་ཤེས་རྟ་ཕོས་དགུང་སྔོན་ལྕགས་བྱར་འགྲན།།
རྟ་པ་གཞོན་ནུས་སྤྲེལ་རྒན་རྫུ་འཕྲུལ་འཁུ།།
སྣ་ཚོགས་རྩལ་ལག་གཅིག་འགྲན་གཉིས་འགྲན་དག།
ཕ་ཡུལ་མཛེས་པའི་རྒྱན་གྱི་རྒྱུར་འགྱུར་ཅིག།
དེ་ནས་ཉིན་ཕྱེད་ཟ་མ་བཟས་རྗེས་ཀྱི་ཕྱི་དྲོར་སླར་ཡང་འདུ་ཁང་མདུན་གྱི་གཡུལ་ཁའི་ནང་འཛོམས་ནས་གླུ་གར་བང་མཛོད་ཀྱི་སྒོ་མོ་ཕྱེ་སྟེ་སྲོལ་རྒྱུན་གནའ་ཉམས་ཀྱིས་ཕྱུག་པའི་གཞས་ཆེན་དང་ཞབས་བྲོ དཔའ་བོ་གེ་སར་གྱི་རྟུལ་ཞུགས་འཛིན་པའི་གོ་པའི་གྱེར་གཞས་དང་ཟངས་དུང་གི་སྒྲ དེ་བཞིན་རྟ་པ་སྒ་གཡོག་གིས་གཙོས་པའི་གླུ་གར་གྱི་སྙན་དབྱངས་ནི་ཁ་ཉིན་ལས་འཁྲུག་ཆ་དོད་ལ་ཁ་ཉིན་ལས་བཅུད་སྣ་འཛོམས། དེ་བས་དེང་རབས་གསར་དུ་དར་བའི་གླུ་གཞས་ཀྱི་འགྱུར་ཁུག་ཞིག་ལས་མི་སྒེར་དང་མི་སྒེར། ཙུའུ་ཆུང་དང་ཙུའུ་ཆུང་སོགས་ལ་འགྲན་སློང་གི་ཚ་རླབས་སྐུད་མེད་ཀྱི་རྒྱང་བསྒྲགས་གླེང་སྤྱད་དེ་ལས་འཕྱུར་ཞིང་མཐའ་འཁོར་ནས་སྒྲགས་པའི་ཐལ་མོའི་སྡེབ་སྒྲ་ནི་སྐབས་དེའི་འཁྲབ་སྟོན་པ་དང་གཞས་པ་གཞས་མ་ཆུང་ཆུང་ཚོར་བསྔགས་བརྗོད་དང་ངར་ཤ་སློང་བའི་རྒྱུ་གཙོ་བོར་འགྱུར་འདུག ད་དུང་མུ་མཐུད་ནས་འགྲན་བྱ་ནི་རྡོ་འགྱོག་དང་ཐག་འཐེན་གཉིས་རེད། འདི་གཉིས་ནི་ཕོ་རྒོད་པོའི་ཤེད་ཤུགས་འགྲན་ས་རེད་ལ་དམན་བུ་མོའི་ཁ་འགྲས་མཚར་ས་ཡང་རེད། ཕྱོགས་བཞི་མཚམས་བརྒྱད་ནས་རུབ་པའི་ལྟད་མོ་བའི་ཀློང་ན་རང་ཉིད་ཀྱི་རྒྱུད་ལ་འཇགས་པའི་དཔའ་རྩལ་ངོམས་དུས་ཅི་འདྲའི་ཉམས་བཟོ་དོད་ཅིང་ཡིད་དུ་འོང་བ་ཞིག་རེད་ཨང་།
བལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་དག་རེ་རེ་བཞིན་མཇུག་སྒྲིལ་བ་དང་ནུབ་རིའི་ཕྱོགས་ཀྱི་ཁྲི་གདུགས་ཉི་མས་ཀྱང་སྒོར་འཁྱིལ་ལེར་ཡོད་པའི་ལྟད་མོ་བ་ཚོའི་འདུན་པ་དང་འདྲ་བར་རི་རྩེ་ནས་ཡིབ་པར་སྐྱོ་བ་སྐྱེས་འདུག འདི་དག་ནི་ངའི་མཐོང་སྣང་དང་དྲན་ཤེས་ཀྱི་ཡོལ་བར་གསལ་བའི་དུས་ནས་བསྒྲིགས་པ་ལས་སྔོན་གྱི་དུས་སུ་དེང་རབས་གསར་དུ་དར་བའི་ནང་ཚན་དག་མེད་པར་བཤད་དོ།།
ཡུན་གཅིག་ས་གཡང་སེར་འཁོར་བཀྲ་ཤིས་དང་བདེ་ལེགས།།
ངོ་མཚར་བྱེད་སྒོ་སྣ་ཚོགས་ཕུན་སུམ་ནི་ཚོགས་སོ།།
སྒོ་གསུམ་ཀུན་ལ་བདེ་བ་སྐྱིད་སྣང་ཞིག་ཚོར་དུས།།
ཕྱི་ནང་སྐྱེ་འགྲོའི་བརྟན་པ་དབང་མེད་དུ་འཕྲོག་སོང་།།
དེ་རིང་ནི་ཉིན་གསུམ་པ་སྟེ་མཇུག་མཐའ་མའི་ཉིན་ཞིག་རེད། དེ་རིང་སྔ་དྲོར་མི་རྣམས་གྲོང་བྱང་ཆང་ཐོད་ཀྱི་ས་ཆར༼སྔོན་དུས་འདུ་ཁང་ནང་ཡིན༽འཛོམས་ཏེ་གྲྭ་པ་ཚོས་ཆོས་ལུགས་ཀྱི་ཆོ་ག་འགའ་སྤེལ་རྗེས་ཡུལ་གྱི་ཆོས་སྐྱོང་སྲུང་མ་དང་བུ་རྒྱལ་ཡིད་བཞིན་ནོར་བུའི་ནས་འབྲུ་བྱིན་ཅན་ཡང་སྟེར་བར་བྱེད།༼རིགས་པ་འདིའི་ཐད་གུས་པར་མཐོང་ཆོས་སུ་འགྱུར་བ་ཙམ་ལས་བྱང་ཆ་མི་ལྡན་པས་རེ་ཞིག་རྒྱས་པར་མ་བཤད༽གནའ་དུས་ནི་འདི་ཙམ་གྱིས་འཐུས་པར་བཤད་ཀྱང་དེང་དུས་གྲོང་མིའི་སྐུལ་མ་དང་ལྟད་མོ་བའི་རེ་འབོད་ལས་ཡང་བསྐྱར་རྟ་རྒྱུགས་ཐེངས་གསུམ་འགྲན་པར་བྱས་ཏེ་ཉིན་ཕྱེད་ཀྱི་ལྟོ་ཟར་འགྲོ་བ་ཡིན་ནོ།།
    ཕྱི་ཆའི་དུས་ལ་མུ་མཐུད་ནས་གཞས་དང་ཞབས་བྲོའི་སྟོན་མོ་ཕྲན་ཙམ་བཤམས་རྗེས་ཁ་བཏགས་གཡོགས་པ་ཞེས་གཞས་པ་གཞས་མ་དང་རྟ་པ་སྒ་གཡོག གོ་པ་འབག་ཕྲུག་སོགས་ས་གཡང་སེར་འཁོར་ནང་ཚུད་པའི་མི་ཚང་མར་སྔོན་ལ་གྲོང་ཚོ་ནས་སེམས་མཚོན་ཁ་བཏགས་རེ་གཡོགས་པ་དང་དེ་རྗེས་ཕྱི་ཕྱོགས་ན་ཡོད་པའི་རང་གི་སྤུན་མཆེད་ཤ་ཉེ གྲོགས་པོ་གྲོགས་མོ་སོགས་ཚང་མས་ཆེད་དུ་ཁ་བཏགས་གཡོགས་པར་ཡོང་བ་བཞིན་རང་གི་བློ་དཀར་གཉེན་ཚན་རྣམས་ཀྱི་མགུལ་ལ་གངས་ལྟར་དཀར་བའི་དར་དཀར་བསྒྲོན་ནས་རྟེན་འབྲེལ་མཚོན་པར་བྱེད་དོ།།
    ད་ནི་དུས་ཡུན་ཉིན་གསུམ་གྱི་དགའ་སྟོན་ལ་ཡོངས་སུ་བཞི་ཤད་འགོད་པའི་དུས་ལ་སླེབས་ཤིང་མི་རྣམས་ཀྱང་འདས་པའི་ལོ་ཟླའི་ནང་ལོ་ལེགས་བྱུང་བ་དང་མ་འོངས་པར་ལོ་ལེགས་ཡོང་བར་འབད་ཆེད་ས་དཀར་གྱིས་འཐེན་པའི་ལོ་ལེགས་ཞེས་པའི་ཡིག་འབྲུ་ཆེན་པོ་གཉིས་ཀྱི་སྟེང་འདུས་ཏེ་ཆེས་མཐའ་མའི་མཇུག་སྒྲིལ་ཞབས་བྲོར་རོལ་བ་ནི་ཇི་འདྲའི་དྲན་གསོར་འོས་ཤིང་དོན་སྙིང་ལྡན་པ་ཞིག་རེད་ལ་མི་ལོ་བཅུ་གཉིས་རྗེས་ཀྱི་དེ་རིང་སླར་ཡང་འདི་རུ་འཛོམས་པའི་བཀྲ་ཤིས་དང་བཅས་སྐྱེ་བོ་ཀུན་ནད་མེད་ཚེ་རིང་དང་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་པ་རྩེ་གཅིག་ནས་ཞུས་ཏེ་མཇུག་བསྡོམས་བཀོད་པར་བྱས་སོ།།
དཀར་གཙང་མཇལ་དར་མི་ཚོགས་ཀློང་ན་བཀྲ།།
བཀྲ་ཤིས་སེར་འཁོར་གྲོང་གི་ཕང་བར་འཁྲུག།
འཁྲུག་ཆེའི་རྟ་རྩལ་གླུ་གར་སྣ་ཚོགས་འདི།།
འདི་ཙམ་གྱིས་ནས་རྔ་མ་བསྡུ་བར་བྱས།།
གསུམ་པ། མཇུག་གི་གཏམ་དུ་ཞུ་བར།
    གོང་དུ་གླེང་ཟིན་པ་ནི་ཨར་ཀ་གྲོང་ཚོའི་ས་གཡང་སེར་འཁོར་གཏོང་ཚུལ་རགས་བསྡུས་རེད། འདིའི་ཐད་ཕལ་ཆེར་ཡུལ་གཞན་གྱི་འོང་བསྐོར་དུས་ཆེན་དང་ཆ་འདྲ་བས་ཡོངས་སུ་གཅིག་གཅིག་གཉིས་གཉིས་ཀྱིས་རྒྱས་པར་མ་གླེང་། གཙོ་ཆེ་བ་ནི་གཤམ་དུ་བཀོད་རྒྱུའི་དོན་ཚན་བཞི་པ་གཞས་དང་ཞབས་བྲོའི་ཚིག་རྐང་ཕྱོགས་བསྡུས་དེ་ཡིན། ཅིའི་ཕྱིར་ཞེ་ན། རིགས་པ་དེར་དད་པ་དང་བྱང་ཆ་ལྡན་པའི་སྐྱེ་བོ་ཕལ་ཆེ་བ་ནི་ད་ཆ་ནམ་ལངས་སྐར་མ་བཞིན་གཅིག་ཟུམ་གཉིས་ཟུམ་དུ་འགྱུར་དུས་དེ་དང་ལྷན་དུ་རིག་གནས་འདི་ཡང་ཟུམ་པར་བྱས་ན་མི་འགྲིག་པའི་ཕྱིར། དེའི་དབང་གིས་གུས་པས་དེ་སྔོན་སྲོལ་ལུགས་འདིར་དགའ་བ་དང་དྲན་ཤེས་ཡོད་པའི་རྒན་རབས་མང་པོར་སྐད་ཆ་དྲིས་པ་རྣམས་ཟིན་བྲིས་སུ་བཏབ་སྟེ་སྤེལ་བ་ནི་དོན་སྙིང་ལྡན་པ་ཞིག་ཡིན་པ་རང་ཉིད་ལ་གདེང་ཚོད་ཡོད་ལ་ང་ཚོ་རྗེས་རབས་པ་ཚོའི་ཕྲག་ཐོག་ཏུ་འབབ་པའི་འགན་འཁྲི་ཞིག་ཀྱང་ཡིན་པ་སྨོས་མེད་རེད། འོན་ཏེ་ཕངས་པའི་མདའ་མོ་སླར་ཡང་མི་ལོག་པ་ལྟར་གཞས་ཚིག་འགའ་ཞིག་ནི་མེས་པོ་འདས་པོ་དེ་དག་དང་མཉམ་དུ་གཤིན་རྗེའི་མངའ་འོག་ཏུ་བསྡུས་ཚར་འདུག་པ་ནི་ངས་འདི་གར་ཕྱོགས་བསྡུས་བྱས་པ་རྣམས་ཀྱང་མི་སྣ་མང་པོར་སྐད་ཆ་དྲིས་ནས་བྲིས་པ་ཞིག་ཡིན་ཡང་ཡོངས་སུ་ཆ་ཚང་བ་ནི་མ་ཡིན་པ་རྒན་རབས་མང་པོས་བཤད། དེ་འཕྲོས་གང་ཞིག་ཡིན་པ་ནི་ཁོ་ཚོའི་དྲན་ཤེས་སུའང་མི་གསལ་བས་གོང་གི་གཙོ་ཆེར་འཛིན་པའི་རྒྱུ་མཚན་དེ་ལའང་རྦད་དེ་བདེན་བསྒྲུབས་བྱས་པ་ཞིག་མ་ཡིན་ནམ།
མཇུག་ཏུ་གཞས་ཚིག་དེ་དག་བསྡུ་བའི་བརྒྱུད་རིམ་ནང་ཁོ་ཚོའི་ངག་བཤད་ཚང་མར་ཡུལ་སྐད་ཤན་ཞུགས་ཆེ་བར་འདུག་པས་ཐ་སྙད་རེ་འགའ་རང་ལ་ཡོད་པའི་འབྲེལ་ཡོད་དཔྱད་གཞི་དང་ཚིག་མཛོད་དུ་མི་གསལ་བ་ན་རང་བློས་གང་དཔོག་གིས་བཟོ་བསྒྲིགས་བྱས་པར་ནོར་འཛོལ་ཡོད་ཚེ་རྒྱ་ཆེའི་ཀློག་པ་པོས་དག་ཐེར་གནང་རོགས་ཞུ།
བཞི་པ། གཞས་དང་ཞབས་བྲོའི་ཚིག་རྐང་ཕྱོགས་བསྡུས།
༡ གཞས་ཆེན་གྱི་གྱེར་གཞས་དང་པོ།
དུས་ད་ལོའི་དགའ་ལ་དེ་ཞག་སྐྱིད་པ།
གནངས་རོས་གསེར་གྱི་ཟམ་པ་བཙུགས་སུ་ཆོག་ག་ཡོད།
ཉི་མ་ཤར་གྱི་ཕྱོགས་ནས་སྒོ་མོར་ཕྱེ།
ཤར་རྡོ་རྗེ་སེམས་དཔའི་སྒོ་མོར་ཕྱེ།
ཉི་མ་ལྷོ་ཡི་ཕྱོགས་ནས་སྒོ་མོར་ཕྱེ།
ལྷོ་རིན་ཆེན་འབྱུང་ལྡན་སྒོ་མོར་ཕྱེ།
ཉི་མ་ནུབ་ཀྱི་ཕྱོགས་ནས་སྒོ་མོར་ཕྱེ།
ནུབ་སྣང་བ་མཐའ་ཡས་སྒོ་མོར་ཕྱེ།
ཉི་མ་བྱང་གི་ཕྱོགས་ནས་སྒོ་མོར་ཕྱེ།
བྱང་དོན་ཡོད་གྲུབ་པའི་སྒོ་མོར་ཕྱེ།
ཉི་མ་དབུས་ཀྱི་ཕྱོགས་ནས་སྒོ་མོར་ཕྱེ།
དབུས་རྣམ་པར་སྣང་མཛད་སྒོ་མོར་ཕྱེ།ཞེས་པ་དང་།
ཉི་མ་ཤར་གྱི་ཕྱོགས་ནས་ཕྱྭ་བཀུག་ཤོག གཡང་བཀུག་ཤོག
ཉི་མ་ལྷོ་ཡི་ཕྱོགས་ནས་ཕྱྭ་བཀུག་ཤོག གཡང་བཀུག་ཤོག
ཉི་མ་ནུབ་ཀྱི་ཕྱོགས་ནས་ཕྱྭ་བཀུག་ཤོག གཡང་བཀུག་ཤོག
ཉི་མ་དབུས་ཀྱི་ཕྱོགས་ནས་ཕྱྭ་བཀུག་ཤོག གཡང་བཀུག་ཤོག
༢ གཞས་ཆེན་གྱི་གྱེར་གཞས་གཉིས་པ།
འཛམ་བུ་གླིང་གི་བདེ་བ། དཔལ་གྱི་ཆོས་འཁོར་ལྷ་ས།
ས་ལ་པད་མ་འདབ་བརྒྱད། གནམ་ལ་ཆོས་རྫས་འཁོར་ལོ།
བར་ལ་བཀྲ་ཤིས་རྟགས་བརྒྱད། འོག་ལ་ཆོས་རྫས་ཀྱི་དར།
ཞེས་པའི་རྗེས་ལ།
དཔྱིད་གསུམ་དཔྱིད་ཀྱི་དཔྱིད་ཟླ་ཤར་བ་འདྲ།
དཔྱིད་ཡུར་རའི་ནང་ལ་ཆུ་སྣ་འཛོམས།
ཆུ་སྣ་མི་གཅིག་བརྒྱ་དང་བརྒྱད་ཅུ་འཛོམས།
ཡིན་དྭངས་བཟང་འོང་ག་གསེར་ལས་ལྷག
དབྱར་གསུམ་དབྱར་གྱི་དབྱར་ཟླ་ཤར་བ་འདྲ།
དབྱར་འོང་གའི་དཀྱིལ་དུ་མེ་ཏོག་འཁྲུངས།
མེ་ཏོག་མི་གཅིག་བརྒྱ་དང་བརྒྱད་ཅུ་འཛོམས།
ཡིན་གུར་གུམ་མེ་ཏོག་གསེར་བཟང་ལས་ལྷག
སྟོན་གསུམ་སྟོན་གྱི་སྟོན་ཟླ་ཤར་བ་འདྲ།
སྟོན་གཡུལ་ཁའི་ནང་དུ་འབྲུ་སྣ་འཛོམས།
འབྲུ་སྣ་མི་གཅིག་བརྒྱ་དང་བརྒྱད་ཅུ་འཛོམས།
ཡིན་དཀར་མོའི་བརྒྱ་སྣ་གསེར་བཟང་ལས་ལྷག
དགུན་གསུམ་དགུན་གྱི་དགུན་ཟླ་ཤར་བ་འདྲ།
དགུན་སྣ་མིན་སྣ་ཚོགས་མི་སྣ་འཛོམས།
མི་སྣ་མི་གཅིག་བརྒྱ་དང་བརྒྱད་ཅུ་འཛོམས།
ཡིན་གེ་སར་རྒྱལ་པོ་གསེར་བཟང་ལས་ལྷག
ནོར་བུ་འདི་དག་བཀྲ་ཤིས་རྩ་བ་འདྲ།
ཕུ་ནས་གཡག་རུ་འཛོམས་པའི་བཀྲ་ཤིས་ཤོག
མདའ་ནས་འབྲུ་སྣ་འཛོམས་པའི་བཀྲ་ཤིས་ཤོག
༣ གཞས་ཆེན་གྱི་ཞབས་བྲོ་ཁག
༼ ༡ ༽ འགོ་འཛུགས་ཞབས་བྲོ།༼ གཞས་མགོ ༽
གཅིག་ལ་ཞུས་པའི་དི་རི།༼དི་རི་་་་་་རྐང་པ་བརྡབས་པའི་སྒྲ༽
གཉིས་ལ་ཞུས་པའི་དི་རི།
གསུམ་ལ་ཞུས་པའི་དི་རི།
བཞི་ལ་ཞུས་པའི་དི་རི།
ལྔ་ལ་ཞུས་པའི་དི་རི།
དྲུག་ལ་ཞུས་པའི་དི་རི།
བདུན་ལ་ཞུས་པའི་དི་རི།
བརྒྱད་ལ་ཞུས་པའི་དི་རི།
དགུ་ལ་ཞུས་པའི་དི་རི།
ཞེས་དགུ་ཚིག་རེ་བརྒྱབ་རྗེས།
རྐང་པའི་འོག་ལ་ཚེར་མ་ཡོག་རེད།
ཚེར་མ་ཡར་ལ་ཟུག་གི་མ་རེད།
ཡང་བསྐྱར་བགྲོད་པ་དི་རི། དི་རི།
གསུམ་འཇགས་ལད་མོ་དི་རི།
ཐེམས་པོ་མཐོ་ལ་དི་རི། དི་རི།ཞེས་དང་།
གཅིག་ལ་ཞུས་པའི་དི་རི།
གཉིས་ལ་ཞུས་པའི་དི་རི།
གསུམ་ལ་ཞུས་པའི་དི་རི།
བཞི་ལ་ཞུས་པའི་དི་རི།
ལྔ་ལ་ཞུས་པའི་དི་རི།
དྲུག་ལ་ཞུས་པའི་དི་རི།
བདུན་ལ་ཞུས་པའི་དི་རི།
བརྒྱད་ལ་ཞུས་པའི་དི་རི།
དགུ་ལ་ཞུས་པའི་དི་རི།
སྐེད་པའི་བར་ལ་གྲི་མགོ་ཡོག་རེད།
གྲི་མགོ་སྐེད་པར་ཟུག་གི་མ་རེད།
ཡང་བསྐྱར་བགྲོད་པ་དི་རི། དི་རི།
གསུམ་འཇགས་ལད་མོ་དི་རི།
ཐེམས་པོ་མཐོ་ལ་དི་རི། དི་རི།
མུ་མཐུད་ནས།
གཅིག་ལ་ཞུས་པའི་དི་རི།
གཉིས་ལ་ཞུས་པའི་དི་རི།
གསུམ་ལ་ཞུས་པའི་དི་རི།
བཞི་ལ་ཞུས་པའི་དི་རི།
ལྔ་ལ་ཞུས་པའི་དི་རི།
དྲུག་ལ་ཞུས་པའི་དི་རི།
བདུན་ལ་ཞུས་པའི་དི་རི།
བརྒྱད་ལ་ཞུས་པའི་དི་རི།
དགུ་ལ་ཞུས་པའི་དི་རི།
ལག་སྲང༼མཆན་ཁུང༽འོག་ལ་གྲུ་གུ་ཡོག་རེད།
གྲུ་གུ་ས་ལ་ཟགས་ཀྱི་མ་རེད།
ཡང་བསྐྱར་བགྲོད་པ་དི་རི། དི་རི།
གསུམ་འཇགས་ལད་མོ་དི་རི།
ཐེམས་པོ་མཐོ་ལ་དི་རི། དི་རི།
ཡང་བསྐྱར།
གཅིག་ལ་ཞུས་པའི་དི་རི།
གཉིས་ལ་ཞུས་པའི་དི་རི།
གསུམ་ལ་ཞུས་པའི་དི་རི།
བཞི་ལ་ཞུས་པའི་དི་རི།
ལྔ་ལ་ཞུས་པའི་དི་རི།
དྲུག་ལ་ཞུས་པའི་དི་རི།
བདུན་ལ་ཞུས་པའི་དི་རི།
བརྒྱད་ལ་ཞུས་པའི་དི་རི།
དགུ་ལ་ཞུས་པའི་དི་རི།
ལྕེ་ཡི་སྟེང་ལ་གཡུ་ཆུང་ཡོག་རེད།
གཡུ་ཆུང་ས་ལ་ཟགས་ཀྱི་མ་རེད།
ཡང་བསྐྱར་བགྲོད་པ་དི་རི། དི་རི།
གསུམ་འཇགས་ལད་མོ་དི་རི།
ཐེམས་པོ་མཐོ་ལ་དི་རི། དི་རི།
མུ་མཐུད་དུ།
གཅིག་ལ་ཞུས་པའི་དི་རི།
གཉིས་ལ་ཞུས་པའི་དི་རི།
གསུམ་ལ་ཞུས་པའི་དི་རི།
བཞི་ལ་ཞུས་པའི་དི་རི།
ལྔ་ལ་ཞུས་པའི་དི་རི།
དྲུག་ལ་ཞུས་པའི་དི་རི།
བདུན་ལ་ཞུས་པའི་དི་རི།
བརྒྱད་ལ་ཞུས་པའི་དི་རི།
དགུ་ལ་ཞུས་པའི་དི་རི།
མགོ་ཡི་སྟེང་ལ་གཡམ་པ་ཡོག་རེད།
གཡམ་པ་ས་ལ་ཟགས་ཀྱི་མ་རེད།
ཡང་བསྐྱར་བགྲོད་པ་དི་རི། དི་རི།
གསུམ་འཇགས་ལད་མོ་དི་རི།
ཐེམས་པོ་མཐོ་ལ་དི་རི། དི་རི། ཞེས་གཞས་པ་གཞས་མ་ཚང་མས་རང་སོ་སོའི་གཞས་ཀྱི་རྒྱག་སྟངས་དང་ཆུ་ཚད་མཐོ་པོར་སླེབས་པར་ངོམས་སོ་བྱེད་པ་སྟེ་རྐང་པའི་འོག་གི་ཚེར་མ་རྐང་པར་མི་ཟུག་པ་དང་སྐེད་པའི་བར་གྱི་གྲི་མགོ་སྐེད་པར་མི་ཟུག་པ། ལག་སྲང་སྟེ་མཆན་ཁུང་འོག་གི་གྲུ་གུ་དང་ལྕེ་སྟེང་གི་གཡུ་ཆུང་། མགོ་སྟེང་གི་གཡམ་པ་སོགས་ས་ལ་ཟགས་མི་སྲིད་ཅེས་ཁོ་ཚོའི་ཞབས་བྲོ་ཚད་མཐོ་པོར་སླེབས་པ་མངོན་པར་བྱེད་ཀྱི་ཡོད།

 རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkdr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530017
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།