​དགོན་སྡེའི་སློབ་གསོ་གླེང་བ།(གཉིས་པ)
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »​དགོན་སྡེའི་སློབ་གསོ་གླེང་བ།(གཉིས་པ)
​དགོན་སྡེའི་སློབ་གསོ་གླེང་བ།(གཉིས་པ)
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-25ལྟ་ཀློག (3515)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགོན་སྡེའི་སློབ་གསོ་གླེང་བ།(གཉིས་པ)

          ཤེས་རབ་བསྟན་དར།

     བསླབ་བྱ་གོ་རིམ་བཞིན་ཁྲིད་པའི་ཁྱད་ཆོས་ནི་དཔེར་ན་སུམ་ཅུ་བ་ཁྲིད་ནས་ཚར་རྗེས་རྟགས་འཇུག་ཁྲིད།  རྟགས་འཇུག་ཁྲིད་རྗེས་སྙན་ངག་ཁྲིད་པ་ལྟ་བུ་ཡིན།དེ་ལྟར་ཁྲིད་ན་སྣ་རེ་རེ་ལའང་མཐར་ཕྱིན་པར་སྦྱང་ཐུབ།  དེང་སང་སློབ་གྲྭ་ནས་རྩིས་རིག་རྒྱ་ཡིག་སོགས་སྣ་མང་བོ་དུས་མཉམ་དུ་ཁྲིད་པས་བསླབ་བྱ་སྣ་གཅིག་ལ་མཐར་ཕྱིན་པར་སྦྱངས་མི་ཐུབ།   བོད་ཀྱི་དགོན་པའི་ནང་དུ་དེ་ལྟ་བུ་མིན་ཏེ་བསྡུས་གྲྭ་ཁ་ཚང་སྦྱངས་རྗེས་རྟགས་རིགས་དང་དེ་ནས་བློ་རིག དེ་ཕར་ཕྱིན་སྦྱོང་བ་སོགས་རིམ་བཞིན་སྦྱོང་བ་ཞིག་ཡིན།  དེ་ལྟར་སྦྱངས་ན་བསླབ་བྱ་སྣ་རེ་རེ་ཁ་ཚང་དུ་སྦྱང་ཐུབ།

    བསླབ་བྱ་ལག་ལེན་དུ་འདེབས་པའི་ཁྱད་ཆོས་ནི་འཁྲིད་བྱའི་བསླབ་བྱ་དེ་ཉིད་སློབ་མ་དེའི་ཉམས་སུ་ལེན་དགོས།བོད་ཀྱི་དགོན་སྡེ་ཡིན་ན་རིགས་པ་གཙོ་བོ་ཡིན་ན་དགེ་རྒན་གྱིས་རིགས་པ་དེ་ཁྲིད་ན་དེ་ནས་ཆོས་གྲྭར་སོང་ནས་རིགས་པ་དེ་བེད་སྤྱད་བཏང་ནས་ལག་ལེན་དུ་གདབ་རྒྱུ་རེད།དེ་ནི་བསླབ་བྱ་ལག་ལེན་དུ་འདེབས་པའི་ཁྱད་ཆོས་རེད།
ཚིག་དོན་ཟུང་དུ་འབྲེལ་བའི་ཁྱད་ཆོས་ནི་དང་བོར་ཚིག་བློར་འཛིན་དགོས།དེ་ནས་ཚིག་དེ་དོན་ལ་སྦྱར་ནས་ཁྲིད་པ་ནི་ཚིག་དོན་ཟུང་འབྲེལ་གྱི་ཁྱད་ཆོས་ཡིན། དགོན་པ་ནས་གཞུང་ལུགས་མང་བོ་བློར་བཟུང་ནས་དེའི་དོན་ལ་འགྲེལ་བ་བརྒྱབས་ནས་ཁྲིད་རྒྱུ་རེད། འདིའི་མིང་ལ་ཚིག་དོན་ཟུང་འབྲེལ་གྱི་ཁྱད་ཆོས་ཟེར།
   ལུང་རིགས་ཟུང་འབྲེལ་གྱི་ཁྱད་ཆོས་ནི་ལུང་གཙོ་བོ་མ་རེད།ལུང་ལ་བརྟེན་ནས་ལུང་དེ་རིགས་པས་བསྒྲུབས་ཏེ་ཁྲིད་རྒྱུ་རེད།དེའི་མིང་ལ་ལུང་རིགས་ཟུང་འབྲེལ་གྱི་ཁྱད་ཆོས་ཟེར།
ཚོད་ལྟ་རང་སྟེང་ནས་བྱེད་པའི་ཁྱད་ཆོས་ནི་དེང་སང་གི་རྫས་འགྱུར་དང་དངོས་ལུགས་སོགས་ཀྱི་ཚོད་ལྟ་ནི་ཚོད་ཁང་དུ་སོང་ནས་ཚོད་ལྟ་བྱེད་པ་ཡིན་ལ་ཚོད་ལྟ་བྱ་ཡུལ་ནི་གཞན་པ་ཞིག་ལ་ཚོད་ལྟ་བྱེད་པ་ལས་རང་ཉིད་ལ་ཚོད་ལྟ་བྱེད་ཀྱིན་མེད།ནང་བའི་སྐབས་འགྲོ་ཡིན་ན་ཆོག་གི   སེམས་བསྐྱེད་ཡིན་ན་ཆོག་གིདེ་ཐམས་ད་སྦྱངས་རྗེས་ཚོད་ལྟ་བྱེད་མིན་དེ་རང་སྟེང་ནས་ཚོད་ལྟ་བྱེད་པ་སྟེ་རང་གིས་ཉམས་སུ་བླངས་ནས་ཚོད་ལྟ་བྱ་དགོས།
       ཡོན་ཏན་བཞིན་གོ་མིང་སྟེར་བའི་ཁྱད་ཆོས་ནི་དཔེར་ན་ཁྱོད་ལ་ཡོན་ཏན་མཐོན་པོ་ཞིག་ཡོད་ན་གོ་སའང་མཐོན་པོ་ཞིག་སྟེར་དགོས་ལ་མཚན་སྙན་ཡང་མཐོན་པོ་ཞིག་སྟེར་རྒྱུ་རེད།   ཡོན་ཏན་དམན་ན་དེ་བཞིན་གོ་སའང་མཐོན་པོ་ཞིག་མི་རག་གི    དཔེར་ན་དགའ་ལྡན་གསེར་ཁྲི་ནི་རི་བོ་དགེ་ལྡན་པར་མཚོན་ན་ཆེས་མཐོ་བའི་གོ་ས་ཡིན། དགའ་ལྡན་གསེར་ཁྲི་ནི་ཡོན་ཏན་ལས་ཐོབ་པ་ཞིག་ལས་དེང་སང་གི་ལྟག་སྒོ་སོགས་ལས་གཏན་ནས་འགྲོ་ས་མེད།
      བོད་ཀྱི་དགོན་སྡེའི་སློབ་གསོའི་མི་འདང་ས།དགོན་སྡེ་སློབ་གསོ་ཡང་སློབ་གསོ་རེད་འདི་དུས་རབས་རིམ་པ་བཞིན་བྱུང་ནས་རེད། དེ་བས་མི་འདང་ས་འང་གང་མང་ཞིག་ཡོད་རྒྱུ་རེད།གཞུང་ལུགས་གང་ཡིན་ཡང་མི་འདང་ས་ཡོད་རྒྱུ་རེད་འདོད་གིངའི་འདང་བརྒྱབས་པ་ཡིན་ན་བོད་ཀྱི་དགོན་སྡེའི་སློབ་གསོ་ལ་མི་འདང་ས་འང་ཆེ་འབྲིང་ཆུང་གསུམ་གྱི་སྟེང་ནས་ཡོད་འདུག  ཡོངས་ཁྱབ་མིན་པའི་སྐྱོན་ཞིག་ཡོད།  ཡོངས་ཁྱབ་མིན་པའི་སྐྱོན་ཞེས་པ་ནི་གོང་དུ་བཤད་པའི་དགོན་སྡེའི་ལམ་ལུགས་འདི་ནི་ཡོངས་ཁྱབ་མ་རེད། འདི་དགོན་སྡེ་ཐམས་ཅད་ཀྱིས་བེད་སྤྱད་གཏོང་གི་མེད་ལ་གྲུབ་མཐའ་སོ་སོས་བེད་སྤྱོད་གཏོང་གི་མེད་གི དེ་ནི་ཡོངས་ཁྱབ་མིན་པའི་སྐྱོན་རེད། དགོན་སྡེ་སློབ་གསོ་དར་སྤེལ་གཏོང་ན་དགོན་སྡེ་ ཡོངས་ཁྱབ་ནས་ཐོས་བསམ་བྱེད་པའི་སློབ་གཉེར་ཀྱི་ལམ་ལུགས་འདི་གཏན་ལ་ཕབ་ན་ཆེས་ཕུན་སུམ་ཚོགས་པ་ཞིག་རེད།བོད་ཀྱི་དགོན་པ་འདེབས་མཁན་ཚང་མས་འདི་ལ་ཐུགས་མཉམ་འཇོག་གིན་མེད་པས་འདི་ནི་སྐྱོན་ཞིག་རེད།   སངས་རྒྱས་བསྟན་པ་ནི་ལུང་དང་རྟོགས་པའི་བསྟན་པ་རེད།  ལུང་གི་བསྟན་པ་ནི་གཞུང་ལུགས་ལ་ཐོས་བསམ་བྱ་དགོས་པ་རེད།  རྟོགས་པའི་བསྟན་པ་ནི་དེའི་དོན་ཉམས་སུ་ལེན་པ་དེ་ཡིན།དེ་མེད་ན་སངས་རྒྱས་ཀྱི་བསྟན་པ་ཡོད་པར་འཇོག་ས་མི་འགྲོ་ལ་བསྟན་རྒྱས་ཀྱི་བསྟན་པ་འཛིན་ས་མི་འགྲོ་གི  དེང་སང་བོད་ཀྱི་ས་ཆ་སོ་སོ་ན་དགོན་པ་ཆེ་བ་དག་ཏུ་མ་གཏོགས་སློབ་གཉེར་ཡོད་ས་ཐོས་བསམ་སྒོམ་གསུམ་ཡོད་ས་ཡོངས་ཁྱབ་ཀྱི་མེད་ནི་ཚོད་རེད། འདི་ནི་ ཡོངས་མིན་པའི་སྐྱོན་རེད།  དེ་འཕྲོ་ནས་གཅིག་གྱུར་མིན་པའི་སྐྱོན་སྟེ་བོད་ལ་དགོན་སྡེ་སུམ་སྟོང་ལྷག་ཡོད།དེ་དག་ཏུ་སློབ་དེབ་གཅིག་གྱུར་མིན་ལ་རྒྱུགས་ལེན་ཡང་གཅིག་གྱུར་མིན་ལ་སློབ་ཡུན་ཡང་གཅིག་གྱུར་མིན།   ལ་ལས་སློབ་དེབ་འདི་འདམས་པ་དང་ལ་ལས་སློབ་དེབ་གཞན་པ་ཞིག་འདེམས་པ།ལ་ལས་རྒྱུགས་ལེན་སྟངས་འདི་འདྲ་ཞིག་ཡིན་པ་དང་ལ་ལས་གཞན་པ་ཞིག་ལེན་པ་སོགས་གཅིག་གྱུར་མིན་པའི་སྐྱོན་རེད།
     དེ་ནས་བོད་ཀྱི་དགོན་སྡེ་སོ་སོར་ཡོངས་ཁྱབ་ཀྱི་སྐྱོན་ཞིག་ཡོད་པ་ནི་མང་ཚོགས་ཀྱི་ཆོས་ཀྱི་ཤེས་ཡོན་ལ་དོ་སྣང་མེད་པའི་སྐྱོན་ཞིག་ཡོད།ཚང་མས་གྲྭ་བའི་སློབ་གཉེར་གཙོ་བོར་འཛིན་པ་ལས་ཆོས་དད་མང་ཚོགས་ཀྱི་ཤེས་ཡོན་དང་ཆོས་ལུགས་ལ་འགྲེལ་བཤད་བརྒྱག་པའི་ཐད་ནས་གཏན་ནས་མི་འདང་།  དེ་ལ་འདི་ལྟ་བུ་བཞི་ཡོད་དེ་བོད་ཀྱི་ནང་བའི་ཆས་ཀྱི་སློབ་དེབ་ལ་མང་བོ་ཡོད་ཅིང་ཡ་མཚན་པ་ཡོད།  ཡིན་ནའང་དེང་གི་སྤྱི་ཚོགས་དང་འབྲེལ་ནས་གོ་སླ་བའི་སྒོ་ནས་འགྲེལ་བ་བརྒྱབས་ཡོད་པ་ཧ་ཅངཉུང་། དཔེར་ན་ལམ་རིམ་ཆེན་མོ་ནི་མཁས་པ་བལྟས་ན་བློ་རབ་འབྲིང་མཐའ་གསུམ་གྱི་གོ་བ་ཞིག་ཡིན། ཡིན་ནའང་དེའི་ནང་གི་སྐྱབས་འགྲོ་སྐོར་དང་ལས་འབྲས་ཀྱི་སྐོར་དེང་གི་སྤྱི་ཚོགས་དང་འབྱར་ནས་རྒྱ་ཆེ་མང་ཚོགས་ཀྱིས་གོ་སླ་བར་འགྲེལ་བ་བརྒྱབས་ཡོད་པ་ཞིག་དཀོན།དེ་ནི་དགོན་སྡེ་ཡིན་ན་འདྲ།དགེ་བཤེས་ཚོ་ཡིན་ན་འང་འདྲ།འདི་ནི་ཚང་མས་སྐྱོན་ཆ་ཞིག་རེད།དཔེར་ན་རྒྱ་ནག་གིས་འདི་ལྟར་བྱེད་ཀྱིན་ཡོད་དེ་ནང་བསྟན་གྱི་དཔེ་ཆ་གོ་སླ་བ་མང་བོ་དཔར་ནས་རིན་མེད་གཟིགས་འབུལ་བྱེད་ཀྱིན་ཡོད།  འདི་གཅིག་རེད།
   དེ་ལས་གཞན་གསོ་སྐྱོང་འཛིན་གྲྭ་ལ་སོགས་པ་སྒྲུབ་གིན་མི་འདུག་དེང་སང་རྒྱ་ནང་དུ་དགོན་པ་རེ་རེའི་ནང་དུ་ཁྱིམ་པ་ཕོ་མོ་ལ་དེ་ལྟ་བུའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་བཞིན་ཡོད་པ་རེད། ང་ཚོས་ཀྱང་གྲྭ་བ་ཁོ་ནའི་ཤེས་ཡོན་དོ་སྣང་མི་བྱེད་པར་ཁྱིམ་པ་ཕོ་མོས་ཤེས་ཡོན་ལའང་དོ་སྣང་བྱེད་དགོས།ཁྱིམ་པ་ཕོ་མོའི་ཆོས་དད་དང་ཆོས་ལུགས་ཀྱི་ཤེས་ཡོན་ལ་དོ་དམ་མེད་ལ་སངས་རྒྱས་ཀྱི་བསྟན་པའི་མདུན་ལམ་ལ་གནོད་པ་རེད།དེ་བས་དེ་ལྟ་བུའི་ཐུས་ཐུང་འཛིན་གྲྭ་བསྒྲུབ་ཐུབ་ན་བོད་ཀྱི་སློབ་གསོ་ལ་ཤིན་ཏུ་ཕན་པ་རེད།
   དེ་ལས་གཞན་ནི་གློག་དྲ་ལས་ནང་བསྟན་གྱི་སློབ་གསོ་དར་སྤེལ་གཏོང་བ་ལ་སོགས་པའི་ཆ་འཕྲིན་སློབ་གསོ་དར་སྤེལ་བྱས་པ་ཤིན་ཏུ་མི་འདང་བ་རེད།  རྒྱ་ནག་དང་ཡང་ན་ཕྱི་གླིང་བར་ནང་བསྟན་གྱི་དྲ་གནས་ཤིན་ཏུ་མང་བོ་ཡོད་པ་དང་དེ་དག་ལས་ནང་བའི་གཞུང་ལུགས་དང་རྒྱུན་ཤེས་ལ་སོགས་མང་བོ་ལྟ་ཐུབ་པ་རེད།  དེ་ནི་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་མཐུན་རྐྱེན་བླ་ན་མེད་པ་ཞིག་རེད་སྙམ།
   ད་དུང་གལ་ཆེ་བ་ཞིག་ཡོད་པ་ནི་ནང་བསྟན་བོད་ལ་དར་ནས་ལོ་ངོ་ཆིག་སྟོང་ལྷག་འདས་བཞིན་ཡོད་ནའང་དམང་ཚོགས་ཀྱི་ཤེས་ཡོན་དམའ་བ་དང་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་བྱེད་ཐབས་དག་གིས་སྤྱི་ཚོགས་དང་ཁྱིམ་ཚང་སོགས་ལ་ཕན་གདག་ཐུབ་པ་ཤིན་ཏུ་དཀོན་པ་རེད།རྒྱ་ནག་ལ་མཚོན་ན་ནང་བསྟན་སྤྱི་ཚོགས་ཀྱི་ཁྲོད་དུ་དར་སྤེལ་གཏོང་ལས་མི་ཤི་དུས་འདོན་པ་ཞིག་ཏུ་བྱེད་མི་རུང་བའི་འབོད་སྐུལ་གཏོང་བཞིན་ཡོད་པ་རེད།  ལྷག་པར་དོན་སྙིང་ལྡན་པ་ནི་ནང་བསྟན་གྱི་རྣམ་པ་ཅན་གྱི་ཁྱིམ་ཚང་ཞིག་འཛུགས་ཐུབ་པར་བསམ་བློ་གཏོང་གི་ཡོད་པ་རེད།  ལྷག་པར་ནང་བསྟན་ལ་སྤྱི་ཚོགས་ཀྱི་འཚོ་བར་སྐུལ་འདེབས་གནང་ཐུབ་པའི་གནས་མང་བོ་ཞིག་ཡོད་ཀྱང་ད་ལྟ་དེ་དག་བེད་སྤྱོད་བྱས་པ་ཤིན་ཏུ་ཉུང་བ་འདི་ནི་གནད་དོན་རེད་སྙམ།
     དགོན་སྡེ་སློབ་གསོའི་ཁ་སྐོང་ནི་ཅིའི་ཕྱིར་དགོན་སྡེ་སློབ་གསོ་ལ་ཁ་སྐོང་བྱ་དགོས་སམ།   སྔོན་མ་བོད་ཀྱི་དགོན་སྡེ་སློབ་གསོའི་ནང་དུ་ཡོད་ཀྱང་བར་སྐབས་ནས་ཉམས་སོང་བ་འདྲ་འདྲ།ཡང་ན་དུས་རབས་དང་བསྟུན་ནས་འཕེལ་རྒྱུས་གཏོང་བ་ལ་ངེས་པར་དགོས་འདྲ་འདྲ།   འདི་ལྟ་བུའི་མིང་ངས་དགོན་སྡེ་སློབ་གསོའི་ཁ་སྐོང་ཞེས་བཤད་ཡོད།  གཅིག་ནི་སྔོན་ཆད་བོད་ཀྱི་དགོན་སྡེ་ལ་སྦྱོང་ཕྱོགས་ཤིག་ཡོད།ཐོག་དང་བོར་སྦྱོར་ཀློག་སྦྱང་དགོས་ཤིང་དེ་ནས་ཡི་གེའི་འབྲི་ལུགས་ལ་སྦྱང་བ་རེད། ད་ལྟ་ཡང་འདི་ལྟར་བའི་སྦྱོང་ལུགས་ཡོད་ན་འོས་ཏེ་དཔེར་ན་ཐོག་དང་བོ་སྦྱོར་ཀློགདེ་ནས་འབྲི་ལུགས དེ་ནས་སུམ་རྟགས་དག་གསུམ།དེ་ནས་ནང་བསྟན་གྱི་ལོ་རྒྱུས་ལ་སྦྱངས་རྗེས་གཞི་ནས་ནང་བསྟན་གྱི་གཞུང་བཀའ་པོད་ལྔ་ལ་སྦྱངས་ན་ཤིན་ཏུ་འོས་སྙམ།  དེ་རྒྱུ་མཚན་ཅི་རེད་ཅེ་ནསྔོན་ཆད་བོད་ཀྱི་དགོན་མང་ཆེ་བ་ནས་གཞུང་པོ་ཏི་ལྔ་ལ་སྦྱངས་རྗེས་སུམ་རྟགས་དག་གསུམ་སོགས་རིག་གནས་ལ་སྦྱོང་སྲོལ་ཡོད། འདི་ལ་ཡི་གེ་འབྲི་ཀློག་ཡིན་ན་འདྲ།དོན་གྱི་གོ་བ་ཡིན་ན་འདྲ། ཕྱོགས་གང་ཐད་ནས་གནོད་སྐྱོན་མང་བོ་ཡོད། འདི་ནི་གོ་རིམ་གྱི་གནད་དོན་རེད།
   དེ་ནས་སློབ་ཐུན་གྱི་གནད་དོན་རེད་།ནང་བ་སངས་རྒྱས་པའི་དགོན་སྡེར་རིག་གནས་བཅུ་བོ་འདི་གཙོ་བོ་བྱས་ནས་ཁྲིད་དགོས་ཡོད་མོད།  དེང་སང་གི་སྤྱི་ཚོགས་རིག་པ་འདི་ཡང་ནང་དུ་བཞག་ན་བཟང་གི  དེ་ཅི་ཡིན་ཞེ་ན་སྤྱི་ཚོགས་རིག་པས་ཆོས་ལུགས་དང་སྤྱི་ཚོགས་བར་གྱི་འབྲེལ་བ་དང་ཆོས་ལུགས་ཀྱི་སྤྱི་ཚོགས་ལ་ནུས་ཇི་ཐོན་པ་དང་སྤྱི་ཚོགས་དང་ཆོས་ལུགས་གཉིས་ཀྱི་འབྲེལ་བ་ག་འདྲ་ཡོད་པ་སོགས་ངེས་པར་མཁོ་བའི་རིག་པ་ཞིག་ཡིན།  བོད་ཀྱི་དགོན་སྡེའི་བསླབ་བྱའི་ནང་དུ་སྤྱི་ཚོགས་རིག་པ་འདི་གཏན་ནས་ཡོད་ནི་མ་རེད།བྱང་ཁོ་རེ་ཡ་དང་ཉི་ཧོང་གི་ཆོས་ལུགས་ཀྱི་སློབ་གྲྭ་ཆེན་མོའི་ནང་དུ་སྤྱི་ཚོགས་རིག་པ་དང་ཆོས་ལུགས་སྣ་ཚོགས་ཕྱི་ཡིག་སོགས་བཀོད་སྒྲིག་བྱས་ཡོད་ལ་བོད་ཀྱི་དགོན་སྡེའི་ནང་དུ་སྤྱི་ཚོགས་རིག་པ་ཆོས་ལུགས་སྣ་ཚོགས།ཕྱི་ཡིག་སོགས་ཡིག་རིགས་སྣ་ཚོགས།  དེང་རབས་ཀྱི་རི་གཞུང་སྦྱོང་བའི་སློབ་ཚན་བཀོད་སྒྲིག་བྱས་ན་གྲྭ་བའི་ལྟ་ཚུལ་ཡིན་ནའང་འདྲ།ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ནུས་པ་འདོན་པའི་ཐད་ལ་ནུས་པ་གལ་ཆེན་ཐོན་ངེས་སྙམ།
   དགོན་པའི་ནང་དུ་གྲུབ་མཐའ་ལས་ཆོས་ལུགས་སྣ་ཚོགས་སྦྱང་དགོས་ལ་དེ་ཆོས་ལུགས་སྣ་ཚོགས་བཤད་གྱིན་ཡོད་མོད་དེ་ནི་སྔོན་ཆད་ཀྱི་རྒྱ་གར་གྱི་ཆོས་ལུགས་བཤད་པ་ལས་དེང་སང་གི་ཁ་ཆེའི་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་སོགས་ཅི་ཡང་བཤད་གིན་མེད།དེ་བས་དེང་སང་གི་ཆོས་ལུགས་ཀྱི་གནས་ཚུལ་ཀྱང་ཕྲ་ཞིང་ཞིབ་པ་ཡོད་པའི་སློབ་ཚན་ཞིག་བཀོད་སྒྲིག་ཅིག་བྱས་ན་བཟང་གི
    དེ་འཕྲོ་ནས་ངས་སྔོན་དུ་ཁོ་རེ་ཡ་སོགས་ཀྱི་ནང་བསྟན་སློབ་གྲྭའི་ནང་དུ་བོད་ཡིག་དང་སང་ཊི་ཏའི་ཡི་གེ་སྦྱང་རྒྱུ་ངེས་ན་དུ་ཡོད།བོད་ཀྱི་དགོན་སྡེའི་ནང་དུའང་ནང་བསྟན་དར་ཡོད་པའི་རྒྱལ་ཁབ་གཞན་པའི་ཡི་གེར་སྦྱང་རྒྱུ་ཞིག་ཡོད་རྒྱུ་ན་ཆོས་ལུགས་ཀྱི་འབྲེལ་འདྲིས་དང་ཆོས་ལུགས་དར་སྤེལ་སོགས་ཕྱོགས་གང་ཐད་ནས་ཕན་ཁེ་ཆེན་པོ་ཡོད་རྒྱུ་རེད།
དེའི་འཕྲོ་ནས་དེང་རབས་རིག་གནས་རེད།དེང་རབས་གཞུང་ལུགས་ནི་རྫས་འགྱུར་དང་དངོས་ལུགས་ལ་སོགས་པ་རེད།འཛམ་གླིང་གི་སྟེང་ན་ཆོས་ལུགས་མང་བོ་ཞིག་ཡོད་མོད་ཀྱང་དེ་ཐམས་ཅད་ལས་ཚན་རིག་དང་མཐུན་པར་ཡར་་སུ་འགྲོ་ཐུབ་པའི་ཆོས་ལུགས་ནང་བ་སངས་རྒྱས་པའི་ཆོས་ལུགས་ཡིན་ཟེར།  སྔོན་རྒྱ་གར་གྱི་སྲིད་འཛིན་པུའུ་ཀྲང་ཞིག་གིས་ཆ་རྐྱེན་ལྔ་བརྩིས་ནས་ཆོས་ལུགས་མང་བོ་ཞིག་ཡོད་མོད་དེའི་ནང་དུ་ཚན་རིག་དང་མཐུན་པར་ཡར་རྒྱས་སུ་འགྲོ་ཐུབ་པ་ནི་ནང་བ་སངས་རྒྱས་ཡིན་ཟེར་ནས་ཉིན་མ་གཅིག་ལ་མི་ཁྲི་བརྒྱ་ཧིན་རྡིའི་ཆོས་ལུགས་དོར་ནས་ནང་བར་ཞུགས།  ནང་བ་སངས་རྒྱས་པའི་རིན་ཐང་འདོན་པའི་ཆེད་དུ་རྫས་འགྱུར་དང་དངོས་ལུགས་ལ་སྦྱངས་ན་དེ་ལས་ནང་བསྟན་དང་མཐུན་པའི་ཆ་མང་བོ་ཤེས་ནས་ནང་བ་སངས་རྒྱས་པའི་རིན་ཐང་ཡང་རིམ་བཞིན་ཇེ་གསལ་དུ་འགྲོ་རྒྱུ་རེད།  རྒྱ་ནག་གི་ཚན་རིག་པ་ཞིག་གིས་འདི་སྐད་ཟེར་ཏེ་ངས་སྔོན་ཆད་  སྦྱངས་སྦྱངས་པའི་རིག་གཞུང་ཐམས་ཅད་ནང་བ་སངས་རྒྱས་པའི་རྨང་གཞིའི་རྒྱུན་ཤེས་ལྟ་བུ་ཞིག་ཏུ་གྱུར་ཡོད་ཟེར།དེང་སང་སེ་འབྲུ་དགེ་གསུམ་ལ་སོགས་པའི་དགོན་པ་གཞན་པར་དབུ་མ་འཛིན་གྲྭ་མཐར་ཕྱིན་རྗེས་ཚན་རིག་འཛིན་གྲྭ་ཞིག་སྒྲུབ་ཀྱིན་ཡོད་པ་ཤིན་ཏུ་ལེགས་པར་འདོད་དོ༎   དེས་ན་དགོན་པ་སོ་སོ་ནས་ཀྱང་འདི་ལྟ་བུའི་སློབ་ཚན་ཞིག་བཀོད་བསྒྲིག་བྱས་ན་བཟང་གི་འདོད་གི
    དེ་འཕྲོ་ནས་བྱེད་ཐབས་རེད། བྱེད་ཐབས་ཀྱི་ཐད་ནས་སྔོན་གྱི་སློབ་ཁྲིད་ཡིན་ན་སློབ་ཁྲིད་ཀྱི་གྲ་སྒྲིག་ཡོད་ནི་མ་རེད།  སྒོའི་སམ་སྟེང་ནས་སློབ་ཁྲིད་བྱེད་པའི་ཐབས་ཡོད་ནི་མ་རེད།  བརྡ་འཕྲིན་སློབ་གསོ་ཡོད་ནི་མ་རེད།  ད་སྐབས་ཚན་རིག་ཆེས་དར་བས་ཀློག་ཀླད་ཀྱི་སྟེང་ནས་ཁྲིད་པ་སོགས་མེད་དེ་ད་སྐབས་གློག་ཀླད་ཀྱི་སྟེང་དུ་བཀའ་བསྟན་སོགས་ཡོད་པས་འདི་ཚང་མ་བརྡ་འཕྲིན་གྱི་སྟེང་ནས་གོ་སླ་བར་འགྲེལ་ཐུབ་པའི་ཁྱད་ཆོས་ཡོད་པས་དེ་ཡིན་ན་འདི་ཚང་མ་ཡང་བཀོད་སྒྲིག་ཅིག་བྱས་ན་ཕན་ནུས་ཆེན་པོ་ཞིག་ཡོད་རྒྱུ་རེད།
དེ་ནས་སློབ་ཁྲིད་གྲ་སྒྲིག་རེད།དེང་མ་དགོན་པར་སློབ་ཁྲིད་བྱེད་པ་ཐམས་ཅད་དགེ་རྒན་གྱི་བློ་སྟེང་ནས་ཁྲིད་བཞིན་ཡོད།དེ་སང་ལྟ་བུའི་སློབ་ཀྲིད་གྲ་སྒྲིག་ཡོད་ནི་མ་རེད།དགེ་རྒན་གྱིས་གཞུང་དག་ཐོ་གཏུགས་་ནས་གྲ་སྒྲིག་ལེགས་པོ་བྱས་ན་དེ་ལས་ལྷག་པར་ཁྱད་པར་འཕགས་པ་ཞིག་ཡོང་རྒྱུ་རེད།
དེ་འཕྲོ་ནས་སྒོ་སམ་གྱི་སློབ་ཁྲིད་མེད་ཀི སྔགས་ལ་སམ་ཊ་ལ་སོགས་པའི་སྟེང་ནས་ཁྲིད་རྒྱུ་ཡོད།ཡིན་ནའང་གཞུང་ཆེན་མོ་སྦྱོང་དུས་སྒོ་སམ་གྱི་སྟེང་དུ་ཡི་གེ་བྲིས་ནས་འདི་འདི་རེད།འདི་འདི་རེད་ཅེས་ངོ་སྤྲོད་རྒྱུ་མེད་ཀིབློ་དམན་པ་དག་ལ་སྒོ་སམ་གྱི་སློབ་ཁྲིད་བྱས་ཏེ་གཅིག་གཅིག་ངོ་སྤྲོད་བྱས་ན་ཕན་ཁེ་ཆེན་པོ་ཡོད་སྙམ།
    དེ་འཕྲོ་ནས་བདུན་པ་དགོན་སྡེ་དང་སློབ་གྲྭའི་སློབ་གསོ་གཉིས་ཀྱི་ཁྱད་པར།  འདི་གཉིས་ལ་འདྲ་བའི་ཁྱད་པར་ཡོད་ལ་མི་འདྲ་བའི་ཁྱད་པར་ཀྱང་ཡོད།མི་འདྲ་སའི་སྟེང་ནས་བལྟས་ན་སློབ་གྲྭ་ཡིན་ན་དེང་རབས་ཀྱི་སློབ་གསོ་རིག་པ་བེད་སྤྱད་ནས་སློབ་གསོ་བྱ་བ་ལས་ཤིང་དགོན་སྡེ་ཡིན་ན་བོད་ཀྱི་སྲོལ་རྒྱུན་རྨང་གཞི་བྱས་ནས་སློབ་གསོ་གཉེར་བ་ཞིག་རེད།  མི་རིགས་སེམས་ཁམས་དང་མཐུན་མིན་གྱི་ཁྱད་ཆོས་ཀྱང་ཡོད་དེ་སློབ་གྲྭ་ཡིན་ན་དེང་སང་གི་མི་རིགས་གཞན་པའི་སློབ་གསོའི་བྱེད་ཐབས་དེ་ལག་བསྟར་བྱས་པ་རེད།དེ་ལྟར་བྱས་ན་མི་རིགས་ཀྱི་སེམས་ཁམས་དང་མཐུན་མིན་སྣ་ཚོགས་ཤིག་ཡོད་འདུགབོད་ཀྱི་དགོན་སྡེའི་སློབ་གསོ་འདི་ལོ་སྟོང་ཕྲག་གཅིག་ལྷག་གི་ཉམས་མྱོང་དེ་རྨང་གཞི་བྱས་ནས་ཡོང་བ་ཡིན་པས་མི་རིགས་ཀྱི་སེམས་ཁམས་དང་ཆེས་མཐུན་པ་ཞིག་རེད། དེ་འཕྲོ་ནས་མི་རིགས་ཀྱི་རིག་གནས་ལྡན་མིན་གྱི་ཁྱད་པར་ཡོད་དེ་བོད་ཀྱི་དགོན་སྡེ་ཡིན་ན་མི་རིགས་ཀྱི་རིག་གནས་ཏག་ཏག་སྦྱོང་གིན་ཡོད་པ་རེད།  སློབ་གྲྭའི་སློབ་གསོ་ནི་དེང་རབས་ཀྱི་རིག་གནས་མང་བོ་སྦྱོང་གིན་ཡོད་པས་དེའི་སྟེང་ནས་ཀྱང་ཁྱད་པར་ཡོད་ཀི  དེ་འཕྲོ་ནས་ཡིག་རིགས་སྣ་ཚོགས་སྦྱོང་མིན་གྱི་ཁྱད་པར་ཡོད་དེ་དགོན་སྡེ་ཡིན་ན་བོད་ཡིག་ཁོ་ན་མ་གཏོགས་སྦྱོང་གིན་མི་འདུགསློབ་གྲྭ་ཡིན་ན་ཡིག་རིགས་སྣ་ཁ་མང་བོ་སྦྱོང་གིན་འདུགབསླབ་བྱ་ཡང་མང་བོ་སྦྱོང་གི་ཡོད་ཀི   དེ་ནས་གནས་སྐབས་དང་མི་ཚེའི་སློབ་གསོ་ཡིན་མིན་ཀྱི་ཁྱད་པར་ཡོད་ཀི  སློབ་གྲྭའི་སློབ་གསོ་ནི་གནས་སྐབས་ཀྱི་སློབ་གསོ་རེད།སློབ་གྲྭའི་སྐབས་སུ་སློབ་གསོ་བཏང་ནས་མ་འོངས་པའི་མི་ཚེ་ལ་ལག་ཆ་ཞིག་འཚོལ་བའི་ཆེད་དུ་རེད།  དགོན་སྡེ་སློབ་གསོ་དེ་འདྲ་མ་རེད།མི་ཚེ་གང་བོར་སློབ་གསོ་གཏོང་དགོས་པ་རེད། ཕྱི་གླིང་བས་ཚེ་གང་གསོ་སློབ་ཞེས་པ་དང་ཕྱོགས་འདྲ་རེད། མི་ཞིག་ཡིན་ཕྱིན་ལོ་ལོན་ཡིན་་ནའང་སློབ་གསོ་གཏོང་དགོས་པ་རེད། མ་བཏང་ན་མི་དེ་ཇེ་ལེགས་ཇེ་བཟང་དུ་འགྲོ་གིན་ཡོད་པ་མ་རེད།  དེ་ནས་ད་དུང་དངོས་པའི་དཔལ་ཡིན་གྱི་སློབ་གསོ་དང་བསམ་པའི་དཔལ་ཡོན་གྱི་སློབ་གསོ་ཁྱད་པར་ཡང་ཡོད་དེ་སློབ་གྲྭའི་སློབ་གསོ་ནི་ཐོག་དང་བོ་འཇིག་རྟེན་འདིའི་ཁ་གསོ་བའི་ཆེད་དུ་སློབ་གསོ་སྟེ་གཙོ་བོ་འཇིག་རྟེན་འདིར་འཚོ་བ་ཇི་ལྟར་རོལ་བའི་སློབ་གསོ་ཡིན་ལ་ནང་བ་སངས་རྒྱས་པའི་སློབ་གསོ་ནི་དེ་འདྲ་མ་རེད། མི་ཞིག་ཡིན་ན་ཁོའི་བསམ་པའི་སྟེང་ནས་ཇེ་བཟང་ཇེ་ལེགས་སུ་གཏོང་བའི་སློབ་གསོ་ཡིན་ལ་བསམ་པའི་སྟེང་ནས་ཇེ་བཟང་ཇེ་ལེགས་སུ་སོང་ན་དངོས་པོའི་སྟེང་གི་སློབ་གསོ་ཡང་རིམ་པ་བཞིན་དུ་ཡོང་རྒྱུ་རེད།  གཉིས་ཀའི་འདྲ་ས་ནི་གཉིས་ཀ་བོད་ཀྱི་རིག་གནས་སྦྱོང་བ་དང་གཉིས་ཀའི་བོད་མི་རིགས་ལ་ཁ་གཏོད་དང་གཉིས་ཀའི་བོད་ཀྱི་འཕེལ་རྒྱས་ལ་ཁ་གཏོད་པ་དེ་རེད།
    དེ་འཕྲོ་ནས་དགོན་སྡེའི་སློབ་གསོ་ལས་བོད་ཀྱི་སློབ་གསོ་ལ་མེད་དུ་མི་རུང་བ་སྐོར་ཞིག་ཡོད་དེ་ངས་བལྟས་ན་འདི་ལྟ་བུའི་འགའ་ཡོད་དེ་གཅིག་ནས་སློབ་ཡོན་མི་དགོས་པ་དེ་རེད།  དེང་སང་བོད་ཀྱི་སློབ་མ་མང་བོ་ཞིག་སློབ་གྲྭར་འགྲོ་གིན་ཡོད་ཀྱང་སློབ་གྲྭ་སོ་སོའི་སློབ་ཡོན་གྱི་སྟེང་ནས་ཇེ་མཐོ་འགྲོ་གིན་ཡོད་པསགནད་དོན་མང་བོ་མང་བོ་ཞིག་འབྱུང་གིན་ཡོད།  སློབ་མ་དབུལ་བོ་སྟེ་ཁྱིམ་ཚང་མེད་པོའི་སློབ་མ་དག་སློབ་གྲྭ་སློབ་གྲྭ་འགྲོ་བའི་དཀའ་ངལ་ཆེན་པོ་ཞིག་ཡོད་ཀི  གལ་ཏེ་བོད་ཀྱི་དགོན་སྡེ་སློབ་གསོའི་སློབ་ཡོན་མི་དགོས་པའི་སློབ་གསོ་འདི་དར་སྤེལ་བཏང་ན་མཆོག་དམན་སུས་ཀྱང་སློབ་གྲྭ་འགྲོ་ཐུབ་རྒྱུ་རེད།  དེ་ལྟར་ན་བོད་ཀྱི་སློབ་གསོ་འདི་འཕེལ་རྒྱས་ཆེན་པོ་ཞིག་འབྱུང་རྒྱུ་རེད།  སློབ་ཡོན་མི་དགོས་པའི་སློབ་གསོ་འདི་དགོན་པར་ཡོང་ནས་སྦྱངས་པ་ཞིག་ལ་འདི་ལྟ་བུའི་སློབ་གསོ་ཐོབ་ཡོད།  ད་བར་དབྱང་གནང་དགུང་གནང་གི་སྐབས་སུ་དགོན་པར་ཡོང་ནས་སློབ་སྦྱོང་བྱེད་མཁན་བརྒྱ་ཉིས་བརྒྱ་ཡོད་པ་རེད།དགོན་པ་ཆེ་བ་མང་བོ་ན་དེ་འདྲ་རེད།  དེ་དག་ལ་སྐར་གང་ཡང་སྟེར་མི་དགོས་ལ་དེ་ལས་གཞན་དགོན་སྡེའི་སློབ་གསོ་མྱོང་མཁན་དག་གིས་སློབ་སྦྱོང་འཛིན་གྲྭ་ལ་སོགས་པ་འཛུགས་ཀིན་ཡོད་ལ་དེའི་སྟེང་ན་ཡང་སློབ་མ་ཉིས་བརྒྱ་སུམ་བརྒྱ་ཡོད་ལ་དེ་དག་ལ་དབྱིན་ཇི་ལ་སོགས་པ་ཁྲིད་བཞིན་ཡོད།དགོན་སྡེ་སློབ་གསོ་མྱོང་བ་ཞིག་གིས་སློབ་ཡོན་གཅིག་ཀྱང་ལེན་གིན་མེད་ཀི མི་རིགས་གཞན་པ་སོགས་པས་ཁྲིད་གིན་ཡོད་པ་དག་གིས་ཟླ་གཅིག་ལ་སློབ་ཡོན་བརྒྱ་ཉིས་བརྒྱ་དང་སུམ་བརྒྱ་རེ་ལེན་གིན་ཡོད།  དེ་ལྟར་བླངས་ན་བོད་ཀྱི་སློབ་མ་དབུལ་བོ་མང་ཆེས་པ་ཞིག་འགྲོ་ཐུབ་གིན་མི་འདུག འདི་ནི་བོད་ཀྱི་སློབ་གསོ་ལ་ཤིན་ཏུ་གལ་ཆེ་མེད་དུ་མི་རུང་བོད་ཀྱི་སློབ་གསོ་ལ་སྐུལ་འདེབས་གཏོང་ཐུབ་པ་ཞིག་རེད།
    གཉིས་ཀྱི་སྟེང་ནས་དགེ་རྒན་ཡོན་ཏན་ཀུན་གྱི་རྩ་བར་འཛིན་པའི་ཁྱད་ཆོས་ཏེ་བོད་ཀྱི་སློབ་གྲྭའི་ནང་དགེ་རྒན་ཡོན་ཏན་ཀུན་གྱི་རྩ་བར་འཛིན་ཀྱིན་ཡོད་པ་མ་རེད།དགེ་རྒན་ལ་ཐོབ་ཐང་ཡང་དེ་འདྲ་ཡོད་པ་མ་རེད།དགེ་རྒན་ཡོན་ཏན་ཀུན་གྱི་རྩ་བར་བཟུང་ན་དགེ་རྒན་གྱི་ཐོབ་ཐང་ཡང་ཇེ་མཐོར་འགྲོ་ངེས་ཡིན།  དགེ་རྒན་གྱི་ཐོབ་ཐང་ཇེ་མཐོར་སོང་ན་སློབ་གསོའི་དཔུང་སྡེ་ཡང་ཇེ་བརྟན་ལ་འགྲོ་བས་དེས་ན་སློབ་གསོ་འཕེལ་རྒྱུས་སུ་འགྲོ་ཐུབ་རྒྱུ་རེད། འདི་གཙོ་བོ་རེད།
     དེ་ནས་རིགས་ལམ་སྦྱོང་བའི་ཁྱད་ཆོས་དེ་ཡིན་བོད་ཀྱི་དགོན་སྡེ་ཡིན་ཐོག་དང་བོར་ཁ་ཏོག་དཀར་དམར་ལ་ཞུགས་ནས་རིགས་ལམ་ལ་སྦྱོང་བ་ཡིན།  རིགས་ལམ་སྦྱངས་སྦྱངས་ན་དོན་གྱི་གོ་བ་ཡིན་ནའང་འདྲ།  ཕྱོགས་གང་ཐད་ནས་ཡར་བསྐྱེད་ཆེན་པོ་ཞིག་འབྱུང་གིན་ཡོད་གིན།   དེ་བས་རིགས་པ་སྦྱོང་བའི་ཐབས་ལམ་འདི་བོད་ཀྱི་སློབ་གྲྭ་དག་ལས་དར་སྤེལ་བཏང་ན་བོད་ཀྱི་སློབ་མ་དག་ལ་བློ་བསྐྱེད་མི་ཉུང་བ་ཞིག་འབྱུང་ངེས་རེད།  དེ་བས་ཟླ་བ་བཞི་ལྔ་ཞིག་ལ་ཆེད་དུ་རིག་པ་སྦྱོང་བའི་སློབ་ཚན་ཞིག་བཀོད་སྒྲིག་བྱས་ན་ཆེས་ཕན་ཁེ་ཡོད་པར་འདོད་ཀི
     དེ་འཕྲོ་ནས་བསམ་བློའི་རིག་གནས་ཀྱི་རིན་ཐང་རེད།  བོད་ཀྱི་དགོན་སྡེ་ཡིན་ན་བསམམ་བློ་རིག་གནས་གཙོ་བོར་འཛིན་གྱིན་ཡོད།  བསམ་བློའི་རིག་གནས་སྦྱོང་ཞེས་པ་ནི་བོད་ཀྱི་སློབ་གྲྭ་ཐམས་ཅད་དུ་ཆོས་ལུགས་སྦྱོང་ཞེས་པའི་དོན་མ་རེད།  ནང་བའི་ཆོས་ལ་མི་ཆོས་རིག་གནས་དང་ལྷ་ཆོས་ཀྱི་རིག་གནས་གཉིས་ཡོད་།  མི་ཆོས་རིག་གནས་ཀྱི་ཕྱོགས་འདི་དར་སྤེལ་ཏུ་གཏོང་དགོས།མི་ཆོས་རིག་གནས་ཞེས་པ་ནི་ཡ་རབས་ཀྱི་སྤྱོད་བཟང་དང་མཐུན་པའི་རིག་གནས་ཡིན།དེང་སང་གི་བྱང་ཚད་སློབ་གསོ་ཞེས་པ་དང་ཕྱོགས་འདྲ།  དེས་ན་བོད་ཀྱི་མི་ཆོས་རིག་གནས་འདི་དར་སྤེལ་ཏུ་བཏང་ན་བོད་ཀྱི་སློབ་མ་ཚོའི་རྒྱུ་སྤུས་ཇེ་མཐོར་འགྲོ་ཐུབ་སྟེ་དེ་ནི་རང་གི་སེམས་གཏིང་ནས་སློབ་གསོ་མྱོང་བ་ཞིག་རེད།དེས་ན་བོད་ཀྱི་སློབ་གསོ་འདི་འཕེལ་རྒྱས་སུ་འགྲོ་ཐུབ་རྒྱུ་རེད།   དེའི་རྒྱུ་མཚན་ནི་དེང་རབས་ཀྱི་སློབ་གསོ་རིག་པ་ལས་སྔོན་ཆད་ཚན་རིག་གིས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་སྟེར་ཐུབ་ཅེས་བཤད་པ་ཡིན་ལ་ད་ལྟ་བལྟས་ན་དེ་ནི་ལྷ་སྒྲུང་ཞིག་རེད། དེ་ཅིའི་ཕྱིར་ཞེ་ན་ཚན་རིག་དང་དཔལ་འབྱོར་ཡར་རྒྱས་སུ་སོང་བ་ལ་བརྟེན་ནས་མི་དང་མིའི་བར་གྱི་འགལ་བ་དེ་ཛ་དྲག་ཏུ་སོང་ནས་མིའི་ཀུན་སྤྱོད་དང་བསམ་བློ་སོགས་ཉམས་བཞིན་འགྲོ་བཞིན་ཡོད་པ་རེད།  དེ་བས་བྱང་ཚད་སློབ་གསོ་དར་སྤེལ་གཏོང་དགོས་ཞེས་བཤད་པ་རེད།  དེས་ན་ངས་བཤད་པའི་བསམ་བློའི་རིག་གནས་འདི་དར་སྤེལ་དུ་གཏང་རྒྱུ་ན་བོད་ཀྱི་སྤྱི་ཚོགས་ལ་ཕན་ངེས་ཅན་ཞིག་ཐོགས་རྒྱུ་རེད།  དེང་སང་ནོཔའར་བྱ་དགའི་རྟགས་མ་ཐོབ་པའི་མི་ལྔ་བཅུ་ལྷག་གིས་དུས་རབས་ཉེར་གཅིག་པ་འདི་སྐྱོབ་ན་འདི་སྐྱོབ་པའི་རིག་གནས་ཁུང་ཙིའི་ཀུན་སྤྱོད་ཀྱི་རིག་གནས་རེད་ཅེས་བསྒྲགས་གཏམ་ཞིག་སྤེལ་བ་རེད།  དེའི་གནད་ཡང་ཁུང་ཙིའི་ཀུན་སྤྱོད་ཀྱི་རིག་གནས་འདི་མི་དང་མིའི་བར་གྱི་འབྲེལ་བ་ཛ་དྲག་ཏུ་སོང་བའི་གནད་དོན་འདི་ཐག་གཅོད་པ་ལ་ཕན་པས་རེད།  ཡིན་ནའང་ནང་སངས་རྒྱས་བའི་མི་ཆོས་ཀྱི་རིག་གནས་དེ་ལས་ཀྱང་ཁྱད་དུ་འཕགས་པ་རེད།  དེ་བས་བསམ་པའི་རིག་གནས་འདི་དར་སྤེལ་དུ་གཏང་རྒྱུ་བོད་མ་ཟད་འཛམ་པའི་གླིང་ལ་ཕན་ཐོགས་པའི་དོན་ཞིག་རེད་སྙམ།
        དེ་འཕྲོ་ནས་མི་ཚེ་སློབ་གསོར་གཏོང་བའི་སྤོབས་པ་རེད།   ནང་བ་ཞེས་བཤད་ན་ཆོག་དགོན་སྡེའི་སློབ་གསོ་མྱོང་མཁན་ཞེས་བཤད་ནའང་ཆོག་གི  མི་ཚེ་གང་བོར་ཁོང་གི་མི་ཚེ་དེ་རང་དང་གཞན་གྱི་སློབ་གསོའི་སྟེང་ཏུ་གཏོང་བ་རེད། དེ་ལྟ་བུའི་སྤོབས་པ་ཞིག་ཡོད་ཀི   དེ་ལྟ་བའི་སྤོབས་པ་ཡོད་ན་བོད་ཀྱི་སློབ་མ་ཡིན་ནའང་ཆོག་གི   བོད་ཀྱི་མི་ སུ་དང་སུ་ཡིན་ན་ཆོག་གི མི་ཚེ་གང་བོར་སློབ་གསོར་དོ་སྣང་བྱ་རྒྱུ་རེད།  དེ་ནི་མི་རིགས་ཀྱི་མདུན་ལམ་ཡིན་ན་ཆོག་གི་མི་རིགས་ཀྱི་དར་རྒྱས་ཡིན་ན་ཆོག་གི  གང་ལའང་མེད་དུ་མི་རུང་བ་ཞིག་རེད།
     དེ་འཕྲོ་ནས་མི་རིགས་ཀྱི་རིག་གནས་རྒྱུན་འོ་འཛིན་གྱི་སྤོབས་པ་རེད།   མི་རིགས་ཀྱི་རིག་གནས་ཞེས་པ་ནི་མི་རིགས་གྲུབ་ཆ་རེད།   མི་རིགས་ཞེས་པ་ནི་རིག་གནས་ལ་བརྟེན་ནས་གྲུབ་པ་རེད།   རིག་གནས་མེད་སོང་ན་མི་རིགས་མེད་སོང་བ་རེད།   དེས་ན་མི་རིགས་རིག་གནས་དེ་རྒྱུན་འཛིན་བྱས་ན་མི་རིགས་དེ་རྒྱུན་འཛིན་བྱས་པ་རེད།  མི་རིགས་དེའི་རྒྱན་འཛིན་བྱ་དགོས་ན་ངེས་པར་ཏུ་མི་རིགས་ཀྱི་རིག་གནས་ལ་སྦྱངས་དགོས་པ་རེད།  བོད་ཀྱི་དགོན་སྡེ་ན་མི་རིགས་རིག་གནས་ཀྱི་རིག་གནས་རྒྱུན་འཛིན་བྱེད་བཞིན་ཡོད་ལ་ཁོང་རྣམ་པའི་མི་ཚེ་གང་བོར་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་སྤོབས་པ་ཡ་མཚན་པ་ཞིག་ཡོད་འདུགསྤོབས་པ་ཡ་མཚན་པ་ཞིག་ཡོད་པ་འདི་སློབ་ གྲྭའི་ནང་དུ་དར་སྤེལ་ཏུ་གཏང་ཐུབ་ན་མི་རིགས་འདི་སྲོག་ཉེན་ལ་ཐུབ་པའི་གནད་དོན་འདི་ལས་སྐྱོབ་ཐུབ་རྒྱུ་རེད་ལ་མི་རིགས་འདི་དར་རྒྱས་སུ་གཏང་ཐུབ་རྒྱུ་རེད།  ད་ཕལ་ཆེར་དེ་འདྲ་ཞིག་རེད་སྙམ།
     བཀྲ་ཤིས་དོན་འགྲུབ།  ཡ་ཡ།ཨ་ཁུབཀའ་དྲིན་ཆེ།ཁྱོད་ཀྱིས་ད་ཐེངས་ཀྱི་དགོན་སྡེའི་སློབ་གསོ་དང་སྦྲེལ་ནས་བོད་ཀྱི་སློབ་གསོ་སྤྱིར་བསྡོམས་ཐེངས་གཅིག་བྱས་འདུག་ཅེས་བཤད་ནའང་མི་ཆོག་རྒྱུ་མེད་ཀིངས་འདི་ནས་སློབ་རྭའི་འགྱུ་ཁུགས་ཀྱི་མགོ་འཛིན་པ་ཡོངས་དང་རྒྱ་ཆེ་བའི་ཉན་མཁན་ཡོངས་ཀྱི་ཚབ་བྱས་ནས་ཁྱོད་ལ་ཡང་ཡང་བཀའ་ དྲིན་ཆེ་ཞུ་བ་མ་ཟད་ཁྱོད་ཀྱི་མཛད་འཕྲིན་རྒྱུས་ཤིང་ལུས་ཀྱི་འབྱུང་བཞི་བདེ་བའི་སྨོན་འདུན་ཡང་ནས་ཡང་དུ་ཞུས་པ་ཡིན།དགེ་རྒན་ད་བདེ་མོ་བྱོས།
ཤེས་རབ་བསྟན་དར།ཡ་ཡ།བདེ་མོ།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23567015
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།