​དགོན་སྡེའི་སློབ་གསོ་གླེང་བ།(དང་བོ)
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »​དགོན་སྡེའི་སློབ་གསོ་གླེང་བ།(དང་བོ)
​དགོན་སྡེའི་སློབ་གསོ་གླེང་བ།(དང་བོ)
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-25ལྟ་ཀློག (3647)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགོན་སྡེའི་སློབ་གསོ་གླེང་བ།(དང་བོ)

ཤེས་རབ་བསྟན་དར།

གསར་འགོད་པ།བཀྲ་ཤིས་དོན་འགྲུབ།ཨ་ཁུ་ཁྱོད་བདེ་མོ་ཡིན་ནམ།

ཤེས་རབ་བསྟན་དར། བདེ་མོ་ཡིན།
བཀྲ་ཤིས་དོན་འགྲུབ།
      ང་ཡིན་ན་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་ཐད་གཏོང་ལེ་ཚན་སློབ་རའི་འགྱུར་ཁུགས་ཀྱི་མགོ་འཛིན་པ་བཀྲ་ཤིས་དོན་འགྲུབ་ཡིན།སྤྱིར་ན་སློབ་རའི་འགྱུར་ཁུགས་འདི་བོད་ཀྱི་སློབ་གསོ་ལ་ཁ་གཏད་པའི་ལེ་ཚན་ཞིག་ཡིན་པའི་ཆ་ནས་ང་ཚོས་ད་བར་དུ་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ་ལ་སོགས་པ་འབྲེལ་ཡོད་ཀྱི་མི་སྣ་ལ་བཅར་འདྲི་དང་ཡང་ན་འདིའི་སྐོར་གྱི་ཆེད་རྩོམ་མང་བོ་ཞིག་འདིའི་ནང་དུ་བཀོད་སྒྲིག་མང་བོ་ཞིག་བྱས་མྱོང་། ཡིན་ནའང་བོད་ཀྱི་དགོན་སྡེ་འདི་བོད་ཀྱི་བོད་ཀྱི་སློབ་གསོའི་མ་ལག་གཙོ་བོ་ཞིག་ཡིན་པའི་ཆ་ནས་འདིའི་སྐོར་གྱི་ཆེད་རྩོམ་དང་འདིའི་སྐོར་གྱི་འབྲེལ་ཡོད་མི་སྣ་ལ་བཅར་འདྲི་བྱེད་མ་ཐུབ།  དེ་རེས་ང་ཆེད་དུ་དགུན་གནང་གི་དུས་ཚོད་འདི་བེད་སྤྱད་ནས་ཀླུ་ཚང་དགོན་ཆེན་ལ་ཡོང་ནས་བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་ལ་ཆེད་དུ་ཁྱེད་ཚང་ལ་བཅར་འདྲི་ཞིག་བྱེད་བསམ་པ་ཡིན།
ཤེས་རབ་བསྟན་དར། ཡ་ཡ།
    བཀྲ་ཤིས་དོན་འགྲུབ། དེས་ན་ཁྱེད་ཀྱིས་རྒྱ་ཆེ་བའི་ཉན་མཁན་རྣམས་ལ་དགོན་སྡེ་སློབ་གསོའི་ཐད་ནས་ཁ་བརྡ་ཐུང་ཐུང་ཞིག་བྱས་ན།
ཤེས་རབ་བསྟན་དར།  ང་དགོན་སྡེ་སློབ་གསོ་ལ་ཞིབ་འཇུག་བྱས་མྱོང་མཁན་ཞིག་མ་རེད།ཡིན་ནའང་རང་གི་འདང་རྒྱག་ཚུལ་ལས་བོད་ཀྱི་དགོན་སྡེ་སློབ་གསོ་འདི་རྒྱ་ཆེ་བའི་ཉན་མཁན་རྣམས་ལ་ངོ་སྤྲོད་ཐུང་ཐུང་ཞིག་བྱས་ན་འདོད་གིདེས་ན་བོད་ཀྱི་དགོན་སྡེ་སློབ་གསོ་འདི་བཤད་པ་ལ་ཐོག་མར་སློབ་གསོ་དང་སློབ་གསོའི་གོ་དོན་དང་སློབ་གསོའི་ཁ་གཏད་ས།སློབ་གསོའི་དགོས་པ།སློབ་གསོའི་རིག་པ་ཟེར་བ་རྣམས་ངེས་པར་དུ་ངོ་སྤྲོད་བྱས་ན་བཟང་གི་འདོད་གིསློབ་གསོ་ཟེར་བ་ནི་འགྲོ་བ་མིའི་རིགས་ཀྱི་ལུས་ངག་ཡིད་གསུམ་ཀྱི་སྤྱོད་སྟངས་དེ་ཇེ་བཟང་ནས་ཇེ་ལེགས་སུ་གཏོང་བྱེད་ཀྱི་ཐབས་ལམ་ཞིག་རེད་ཅེས་བཤད་ན་ཆོག་གི  དེ་ཅི་རེད་ཅེ་ན་འགྲོ་བ་མིའི་རིགས་ཀྱི་མི་དེ་བཟང་བོ་ཞིག་ཡིན་ནམ་ཡང་མི་རིགས་ཤིག་ཡིནའང་ཆོག་གི རྒྱལ་ཁབ་ཅིག་ཡིན་ནའང་ཆོག་གི  དེ་དར་རྒྱས་སུ་འགྲོ་མི་འགྲོ་དེ་ཐད་ཀར་དུ་སློབ་གསོ་ལ་རག་ལས་ཡོད་པ་རེད།  དེ་སློབ་གསོ་རག་ལས་དོན་ནི་རྒྱལ་ཁབ་ཅིག་དར་རྒྱས་སུ་སོང་མ་སོང་གི་གནད་དོན་དེ་ཐད་ཀར་དུ་དཔལ་འབྱོར་དང་དམག་དོན།ཆབ་སྲིད།  ཚན་རིག་བཅས་ལ་རག་ལས་ཡོད་ནི་རེད།  དེར་འབྲེལ་བ་ཡོད་གིམཐར་གཏུག་ན་དེ་ཐམས་ཅད་ཀྱི་རྨང་གཞི་སློབ་གསོ་རེད།   སློབ་གསོ་ཡིན་པའི་རྒྱུ་མཚན་ནི་མི་རིགས་ཤིག་དཔེ་བཞག་ནས་བཤད་ན་འང་ཆོག་གི རྒྱལ་ཁབ་ཅིག་དཔེར་བཞག་ནས་བཤད་ནའང་ཆོག་གི ཐོག་དང་བོ་འཛམ་གླིང་ནས་སྔོན་ཐོན་པའི་མི་རིགས་ཡུག་ཐེ་མི་རིགས་ཟེར་བ་དེར་དཔེ་བཞག་ནས་བཤད་ན་ཡུག་ཐེ་མི་རིགས་ཟེར་བ་དེ་འཛམ་གླིང་ན་ཆེས་སྔོན་ཐོན་གྱི་མི་རིགས་ཤིག་རེད།  དེ་ཆེས་སྔོན་ཐོན་གྱི་མི་རིགས་ཀྱི་མི་རིགས་ཤིག་ཡིན་པའི་རྒྱུ་མཚན་ནི་སློབ་གསོ་དམ་འཛིན་བྱས་པ་བཟང་གི་ཟེར་གིམི་རིགས་དེ་ཡི་མ་མཐའ་སྡེ་བ་ཞིག་ཡིན་ན་དེའི་ནང་དུ་དཔེ་མཛོད་ཁང་ཡོད་ལ་དེའི་ནང་དུ་འཛམ་གླིང་གི་སྔོན་ཐོན་གྱི་དུས་དེབ་དང་ཚགས་པར་དག་དུས་ལྟར་ལ་ཐོན་པ་རེད།མི་རྒན་གཞོན་ཆུང་གསུམ་ཚང་མ་ཁོམ་པ་ཅུང་ཟད་ཅིག་བྱུང་ན་དཔེ་མཛོད་ཁང་ལ་སོང་ནས་དཔེ་ཆ་ཀློག་གིན་འདུག་པ་ནི་ཡུག་ཐེ་མི་རིགས་འཛམ་གླིང་གི་མི་རིགས་སུ་གྱུར་པ་ཡིན་ཟེར་གྱིན་འདུག དེའི་འཕྲོ་ནས་འཇར་པན་རྒྱལ་ཁབ་ལ་མཚོན་ནས་བཤད་ན་ཁོ་འཛམ་གླིང་དམག་འཁྲུག་གསུམ་པའི་ནང་དུ་ཕམ་སོང་མོད་དེ་ཡི་སློབ་གསོ་ཡི་ཁ་གཏད་ས་དེ་བྱིས་པར་གཏད་པས་ལོ་སུམ་ཅུ་ལྷག་གི་རིང་ལ་ཁོ་འཛམ་གླིང་གི་སྔོན་ཐོན་གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་དེ་འདྲ་རེད།
    སློབ་གསོའི་ཁ་གཏད་ས་ནི་འགྲོ་བ་མིའི་རིགས་ཡིན།  འགྲོ་བ་མིའི་རིགས་ཡིན་པའི་རྒྱུ་མཚན་ནི་མར་ཁེ་སུའི་མཚན་ཉིད་རིག་པའི་ནང་དུ་འགྲོ་བ་མིའི་རིགས་ནི་བསམ་བློ་གཏོང་ཤེས་པའི་མཐོ་རིམ་སྲོག་ཆགས་ཤིག་ཡིན་ཞེས་གསུང་བ་དེར་ཐུག་ཡོད་པ་རེད།  དེའི་རྒྱུ་མཚན་ནི་འགྲོ་བ་མིའི་རིགས་ཀྱིས་རང་གི་དགེ་མཚན་གྱི་ཕྱོགས་ལ་བསམ་བློ་གཏོང་ཤེས་ལ་སྐྱོན་གྱི་ཕྱོགས་ལ་བསམ་བློ་གཏོང་ཤེས་པས་མི་ལ་གནོད་ཀྱང་སྐྱེལ་ལ་བཟང་ཡང་བཅའ་ནི་རེད།དེའི་རྒྱུ་མཚན་གྱི་སློབ་གསོ་དམ་འཛིན་བྱས་པ་ན་འགྲོ་བ་མིའི་རིགས་དགེ་མཚན་གྱི་ཕྱོགས་ལ་ཁྲིད་ཐུབ་ནི་རེད།  བདག་ཅག་གིས་སྟོན་པས་ཀྱང།བདག་ཉིད་བདག་གི་དགྲ་ཡིན་ཞིང་༎ བདག་ཉིད་བདག་གི་དགྲ་ཡང་ཡིན༎གསུངས་ལ་དེ་ལྟར་གསུངས་པའི་རྒྱུ་མཚན་ཡང་འགྲོ་བ་མི་རིགས་སྐྱོབ་མཁན་རང་ཉིད་ཡིན་ལ་ཡང་ན་རང་ཉིད་ཀྱི་དགྲ་བོ་ཡང་རང་ཉིད་ཡིན།དེ་གནད་གང་ལ་ཐུག་པ་ཡིན་ཞེ་ནསློབ་གསོ་དམ་འཛིན་བྱས་མ་བྱས་ལ་ཐུག་ཡོད།དེས་ན་རང་བ་སངས་རྒྱས་པའི་ཆོས་འདི་མཐར་གཏུག་ནས་བཤད་ན་སློབ་གསོ་རིག་པ་རེད།   སློབ་གསོ་རིག་རེད་ཟེར་དོན་ནི་བསམ་པ་ཇེ་བཟང་ཇེ་ལེགས་སུ་གཏོང་སྤྱད་ཅིག་རེད་དེ་ཡིན་པའི་རྒྱུ་མཚན་གྱིས་དེང་གི་སློབ་གསོ་རིག་པ་བས་ནང་བ་སངས་རྒྱས་པའི་ཆོས་འདི་སློབ་གསོ་རིག་པ་ཞིག་རེད།  སློབ་གསོ་རིག་པ་ཞིག་ཡིན་པས་མི་ཚད་ཚད་གཞི་མཐོ་བའི་སློབ་གསོ་རིག་པ་ཞིག་རེད་ཟེར་དོན་ཡང་དེ་ལ་ཐུག་ཡོད།
      སློབ་གསོ་རིག་པ་ཟེར་བ་དང་སློབ་གསོ་རིག་པ་དགོས་པའི་རྒྱུ་མཚན་ཅི་རེད།  སློབ་གསོ་རིག་པ་ནི་སློབ་གསོ་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་གཞུང་ལུགས་ཀྱི་མིང་རེད།   སློབ་གསོ་རིག་པ་དགོས་དོན་ནི་སློབ་གསོ་ཇེ་ལེགས་སུ་གཏོང་དགོས་ལ་སློབ་གསོ་ཇེ་ལེགས་སུ་གཏོང་དགོས་ན་སློབ་གསོ་ལ་ཞིབ་འཇུག་བྱེད་དགོས་ངེས་པར་དུ་སློབ་གསོ་རིག་པ་དགོས་ནི་རེད།   བོད་ཀྱི་སློབ་གསོ་ནི་དར་ཆེ་ཞིང་ཁ་ཚང་བ་གཏིང་ཟབ་ནི་ཞིག་རེད།   ཡིན་ནའང་བོད་ཀྱི་སློབ་གས་རིག་པ་འདི་སྔོན་བྱོན་མཁས་པ་ཐམས་ཅད་ཀྱིས་དོ་སྣང་ཆེན་པོ་ཞིག་མ་བྱས་པར་འདུག   དེའི་རྐྱེན་གྱིས་ད་སྔ་ཡང་སློབ་གསོ་རིག་པ་ཡི་གཞུང་ལུགས་ཤིག་ཟེར་བ་ཆ་ཚང་བ་ཞིག་དཀོན་གི  ངའི་བསམ་ཚུལ་ཡིན་ན་བོད་ཀྱི་དགོན་སྡེ་སློབ་གསོ་འདི་རིམ་པ་བཞིན་དུ་སློབ་གསོའི་རིག་པའི་ལམ་དུ་དྲངས་ན་བོད་ཀྱི་དགོས་སྡེ་སློབ་གསོ་ཡིན་ན་འང་འདྲ་བོད་ཀྱི་སྤྱི་ལོགས་སྟེང་དུ་ནུས་པ་ཆེན་པོ་ཞིག་འདོན་ཐུབ་རྒྱུ་རེད་འདོད་གི
    དེའི་འཕྲོ་ནས་བོད་ཀྱི་སློབ་གསོའི་དབྱེ་བ་རེད།    སྤྱིར་བཏང་དུ་བཤད་ན་ཁྱིམ་ཚང་གི་སློབ་གསོ་དང་སྤྱི་ཚོགས་ཀྱི་སློབ་གསོ།   སློབ་གྲྭའི་སློབ་གསོ་ཟེར་བ་གསུམ་ཡོད།ཁྱིམ་ཚང་གི་སློབ་གསོ་ཟེར་བ་ནི་བྱིས་པའི་སློབ་གསོ་ཁོ་ན་མ་རེད།   ཁྱིམ་ཚང་གི་བྱིས་པའི་སློབ་གསོ།  བཟའ་ཚང་གི་སློབ་གསོ།  ཕ་མ་ལ་སོགས་པ་བརྩི་བཀུར་བྱེད་པའི་སློབ་གསོ་སོགས་འགྲོ་འདུག་སྤྱོད་གསུམ་གྱི་སློབ་གསོ་སོགས་ཡོད།  དེས་ན་སློབ་གསོ་ཐམས་ཅད་ལས་གཙོ་བོ་ངའི་ལྟ་ཚུལ་ཡིན་ན་ཁྱིམ་ཚང་གི་སློབ་གསོ་ཡིན།ཁྱིམ་ཚང་གི་སློབ་གསོ་འདི་དར་སྤེལ་བཏང་ན་རིམ་པ་བཞིན་དུ་སྤྱི་ཚོགས་ཀྱི་སློབ་གསོ་ཡོང་ལ་སྤྱི་ཚོགས་སློབ་གསོ་དར་སྤེལ་དུསོང་བ་ལ་བརྟེན་ནས་སློབ་གྲྭའི་སློབ་གསོ་གནད་དུ་འཛིན་ཐུབ་པ་ཞིག་ཡོང་རྒྱུ་རེད།  སློབ་གྲྭའི་སློབ་གསོ་དར་སྤེལ་གཏོང་དགོས་པའི་རྒྱུ་མཚན་ནི་ཕྱིར་འཁོར་ནས་ཁྱིམ་ཚང་དང་སྤྱི་ཚོགས་ལ་ནུས་པ་བཏོན་ནས་སྤྱི་ཚོགས་ལེགས་ལམ་དུ་ཁྲིད་པ་ནི་སློབ་གྲྭའི་སློབ་གསོའི་དགོས་པ་རེད།   བོད་ཀྱི་སློབ་གསོ་འདི་དེང་སང་དགོན་སྡེ་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཞེས་གཉིས་བཤད་ཀྱིན་ཡོད་ཀྱང་སྤྱིར་བཤད་ན་དགོན་སྡེ་སློབ་གསོ་ཡང་བོད་ཀྱི་སློབ་གྲྭའི་སློབ་གསོ་རེད།
     དེ་རིང་འདི་ནས་བཤད་ཀྱིན་པ་ནི་དགོན་སྡེ་སློབ་གསོ་ཡིན།   དེས་ན་ངས་འདི་ནས་བོད་ཀྱི་དགོན་སྡེ་སློབ་གསོ་མདོར་བསྡུས་ཙམ་བཤད།   ཐོག་དང་བོར་བོད་ཀྱི་དགོན་སྡེ་སློབ་གསོ་ཀྱི་འཕེལ་རིམ་དེ་ཅིག་བྱེད་དགོས།   བོད་ཀྱི་དགོན་སྡེ་སློབ་གསོའི་འཕེལ་རིམ་ཅི་འདྲ་ཞིག་ཡིན་ནམ་ཞེ་ན་སྤྱིར་ན་བོད་ཀྱི་སློབ་གསོ་ཡིནའང་ཆོག་གི་བོད་ཀྱི་  དགོན་སྡེ་སློབ་གསོའི་འཕེལ་རིམ་ཡིནའང་་ཆོག་གི་དེ་གཉིས་ཁ་འབྲལ་ཐབས་མེད་པ་ཞིག་རེད།   གཅིགཡི་གེ་མ་བྱུང་གོང་གི་སློབ་གསོདང་གཉིས་པ་ཡི་གེ་བྱུང་བའི་རྗེས་ཀྱི་སློབ་གསོ།   གསུམ་པ་རྗེས་སུ་འཕེལ་རྒྱུས་བྱུང་བའི་གནས་ཚུལ་རེད།   ཡི་གེ་མ་བྱུང་གོང་གི་སློབ་གསོ་འདི་འགྲོ་མིའི་རིགས་གང་དང་གང་ཡིན་ནའང་ཡོད་རྒྱུ་རེད།   སློབ་གསོ་འདི་ཐབས་ལམ་ནི་སྒྲུང་དང་གཏམ་དཔེ་གླུ་ངག་རྩལ།   སོགས་དེ་ལྟ་བུའི་ཐབས་ལམ་གྱི་སྒོ་ནས་འགྲོ་བ་མིའི་རིགས་ལ་སློབ་གསོ་གཏོང་དགོས་པ་རེད།  འགྲོ་བ་མིའི་རིགས་ལ་སློབ་གཏོང་དགོས་དོན་ནི་དགྲ་འདུལ་གཉེན་སྐྱོང་གི་ཆེད་དུ་ཡིན།
    རིམ་པ་བཞིན་དུ་ཡི་གེ་བྱུང་བའི་རྗེས་སུ་ཡིག་ཐོག་གི་སློབ་གསོ་བྱུང་བ་རེད།   བོད་ཀྱི་ཡིག་ཐོག་གི་སློབ་གསོའི་ཐོག་དང་བོ་ནི་སྲོང་བཙན་སྒམ་པོའི་རིང་ལ་བྱུང་བ་རེད།འདིའི་སྐབས་སུ་ཐོན་མི་སམ་བྷོཊས་བོད་ཡིག་གསར་གཏོད་མཛད།  གསར་གཏོད་མཛད་པའི་རྗེས་སུ་རྒྱལ་བོ་ཁོ་རང་ཉིད་ཀྱིས་སློབ་དཔོན་ཐོན་མི་སློབ་དཔོན་དུ་བསྟེན་ནས་བོད་ཡོངས་ནས་བོད་ཀྱི་ཡི་གེ་ལ་སྦྱོང་བའི་བྱ་འགུལ་སྤེལ་ནི་རེད།   འདི་དེང་སང་གི་དུས་ཐུང་འཛིན་གྲྭའི་ཚུགས་ག་རེད། ངས་བལྟ་རྒྱུ་ན་བོད་ཀྱི་དུས་ཐུང་འཛིན་གྲྭ་དང་བོ་སྲོང་བཙན་སྒམ་པོའི་རིང་ལ་བྱུང་།དེ་དང་མཉམ་དུ་ཡི་གེ་དར་སྤེལ་དུ་བཏང་ནས་ཡིག་རྨོངས་སེལ་ཞིང་དེ་དང་བསྟུན་ནས་མི་ཆོས་གཙང་མ་བཅུ་དྲུག་གི་སློབ་གསོ་དང་ལྷ་ཆོས་དགེ་བ་བཅུའི་སློབ་གསོ་དང་ཁྲིམས་ལུགས་ཀྱི་སློབ་གསོ་འདྲ་འདྲ་སྤེལ་བ་རེད།དེ་འཕྲོ་ནས་བོད་ཀྱི་སློབ་གྲྭའི་ཐོག་མ་དེ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བྱུང་བ་རེད།  དུས་དེར་བོད་ཀྱི་སློབ་གྲྭའི་ཐོག་མ་བསམ་ཡས་སྒྲ་བསྒྱུར་གླིང་ཞེས་པ་བཙུགས་ཏེ་བོད་ཀྱི་དགོན་སྡེ་ཐོག་མ་བྱུང་བ་ཡིན།  འདི་ནི་བོད་ཀྱི་དགོན་སྡེ་ཐོག་མ་ཡིན་ལ་བོད་ཀྱི་གཞུང་བཙུགས་སློབ་གྲྭའི་ཐོག་མའང་རེད།  བོད་ཀྱི་སྒེར་བཙུགས་སློབ་གྲྭའི་ཐོག་མ་རྒྱལ་བོཁྲི་སྲོང་ལྡེ་བཙན་གྱི་རིང་ལ་སྒེར་གཉེར་ཀྱི་སྨན་གྱི་སློབ་གྲྭ་བཙུགས།  སློབ་གྲྭ་དེ་འཁོར་བསྐྱོད་ཀྱི་སྨན་གྱི་སློབ་གྲྭ་ཞིག་སྟེ་གནས་ལ་སོགས་པར་གཏན་འཁེལ་མེད།  དེ་ནི་བོད་ཀྱི་སློབ་གསོའི་གོ་རིམ་དང་བོ་ཡིན།
      དེའི་རྗེས་ནས་བོད་ཀྱི་སློབ་གསོ་འཕེལ་རྒྱས་བྱུང་བའི་གནས་ཚུལ་ཏེ་འདི་ལ་ངས་བལྟས་ན་རིམ་པ་ལྔ་འདྲ་འདྲ་ཞིག་ཡོད་ཀི  གཅིག་ནི་པོ་ཏི་ལྔ་ལ་སློབ་གཉེར་བྱེད་པའི་དགོན་སྡེ་སློབ་གསོ་ཐོག་མར་བྱུང་ཚུལ།   སྐད་ཡིག་མང་བོ་སློབ་སྦྱོང་བྱེད་པའི་དགོན་སྡེ་སློབ་གསོ།རིག་གནས་བཅུ་ལ་སློབ་གཉེར་བྱེད་པའི་དགོན་སྡེ་སློབ་གསོ།  ཕྱོགས་མེད་གྲྭ་ས་འགྲིམ་པའི་དགོན་སྡེ་སློབ་གསོ།རང་སྟེང་ནས་གཞི་ཚུགས་པའི་དགོན་སྡེ་སློབ་གསོ་སོགས་འཕེལ་རིམ་ལྔ་ཡོད།དེ་ལྔ་བོ་དེ་ཅུང་ཟད་ངོ་སྤྲོད་བྱེད་ན་དང་བོ་གཞུང་པོ་ཏི་ལྔ་ལ་སློབ་གཉེར་བྱེད་པའི་དགོན་སྡེ་སློབ་གསོ་འདི་བསྟན་པ་ཕྱི་དར་གྱི་རིང་ལ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་ཏུ་གསང་ཕུ་དགོན་པ་བཏབ།གདན་རབས་ གསུམ་པ་ཕྱཱ་བ་ཆོས་ཀྱི་སེང་གེས་བསྡུས་གྲྭ་གསར་གཏོད་མཛད་དེ་རིགས་པ་ཏག་ཏག་གིས་མདོ་སྡེ་བའི་ལུགས་དེ་གཞིར་བཞག་ནས་བཤད་ཡོད་།  དེའི་སྟེང་ནས་སྔ་རྒོལ་དང་ཕྱི་རྒོལ་ཟེར་བ་དང་འཁོར་གསུམ་བསྐོར་བ་དང་གཟན་སྐེད་པར་དཀྲིས་པ།ཚ་རྒྱག་པ་དང་།   དྷི་སྐད་གཏོང་བ་འདི་ཐམས་ཅད་མཚོན་བྱེད་དང་བཅས་པ་གཏན་ལ་ཕབ།  དེ་ ལས་བོད་ཀྱི་དགོན་སྡེ་སློབ་གསོ་འཕེལ་རྒྱས་སུ་འགྲོ་བ་ལ་ནུས་པ་ཆེན་པོ་ཞིག་བཏོན།འདི་རྗེས་སུ་འཕེལ་རྒྱས་བྱུང་བའི་གོ་རིམ་དང་བོ་ཡིན།
   འཕྲོ་ནས་བསྟན་པ་ཕྱི་དར་གྱི་རིང་ལ་ཡིག་རིགས་མང་བོ་སྦྱོང་བའི་སྲོལ་ཡོད།   སློབ་གཉེར་བ་མང་བོ་རྒྱ་གར་དུ་སོང་སྟེ་རྒྱ་གར་ལ་སོང་སྟེ་ཁ་ཆེའི་ཡི་གེ་དང་རྒྱ་གར་གྱི་ཡི་གེ་བལ་བོའི་ཡི་གེ་སོགས་ཡིག་རིགས་མང་བོ་མང་བོ་ཞིག་སྦྱོང་གིན་ཡོད།འཕེལ་རིམ་གཉིས་པ་དེ་རེད།
འཕེལ་རིམ་གསུམ་པ་ནི་རིག་གནས་བཅུ་ལ་སློབ་གཉེར་བྱེད་པའི་དགོན་སྡེ་སློབ་གསོ་དེ་རེད།རིག་གནས་བཅུ་ལ་སློབ་གཉེར་བྱེད་པའི་དགོན་སྡེ་སློབ་གསོ་འདི་ཕལ་ཆེར་ས་སྐྱ་པཎ་ཊི་ཏས་སྲོལ་གཏོད་པར་བཤད་ན་མི་ཆོག་པ་ཅི་ཡང་མེད།ས་སྐྱ་པཎ་ཊི་ཏ་བོད་ཀྱི་པཎ་ཊི་ཏའི་ཐོག་མ་རེད།  འདི་རིང་ནས་བོད་སྐྱི་དགོན་སྡེ་ནང་དུ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་སློབ་གཉེར་བྱེད་པའི་སྲོལ་བྱུང་།  བོད་ཀྱི་ཐ་སྙད་རིག་གནས་འཕེལ་སྟངས་ནང་གི་ཆེས་འཕེལ་རྒྱས་ཆེ་ཞིང་སྐུལ་འདེབས་བླ་ན་མེད་པ་ཐོན་ཡོད།
དེ་འཕྲོ་ནས་ཕྱོགས་མེད་གྲྭ་ས་འགྲིམ་པའི་དགོན་སྡེ་སློབ་གསོ་ཞེས་པ་དེ་རེད།དེ་ནི་རྗེ་ཙོང་ཁ་བ་ཆེན་པོ་ལ་སོགས་པའི་སྐབས་དེར་རེད།  སྐབས་དེར་གྲུབ་མཐའི་ཚད་བཀག་མེད་ལ་དགོན་པའི་ཚད་བཀག་ཀྱང་མེད།  དཔེར་ན་དགོན་པ་འདི་ནས་ཕར་ཕྱིན་ལ་མཁས་པ་ཞིག་ཡོད་ན་དེར་སོང་ནས་སྦྱང་ན་ཆོག་ལ་གཞན་དུ་མཛོད་ལ་མཁས་པ་ཞིག་ཡོད་ན་དེར་སོང་ནས་སྦྱང་ན་ཆོག་གི དགོན་པ་སོ་སོ་དེ་ན་ཕྱོགས་ངེས་མེད་ཀྱི་གྲྭ་བ་མང་བོ་འདུས་ནས་དེ་ནས་རྩོད་པ་བྱེད་པའི་ལམ་ལུགས་དེ་འདྲའི་ཡ་མཚན་ཞིག་ཡོད།  འདི་ནི་ཕྱོགས་མེད་གྲྭ་ས་འགྲིམ་པའི་ཁྱད་ཆོས་དེ་དཔེར་ན་རི་བོ་དགེ་ལྡན་པ་ས་སྐྱ་བར་སོང་ནས་སློབ་གཉེར་བྱེད་པ་འམ་ཁྲོ་ཕུ་བཀའ་བརྒྱུད་བར་སློབ་གཉེར་བྱེད་པ། ཇོ་ནང་བའི་སར་སློབ་གཉེར་བྱེད་པ། སོགས་ཚད་བཀག་མེད་པར་སློབ་གཉེར་བྱེད་པའི་ལམ་ལུགས་ཤིག་ཡིན།
    དེ་ནས་རང་སྟེང་ནས་གཞི་ཚུགས་པའི་སློབ་གསོ་ཡིན་ལ་རང་སྟེང་ནས་གཞི་ཚུགས་པའི་སློབ་གསོ་ཞེས་པ་ནི་དགོན་པ་སོ་སོའམ་གྲུབ་མཐའ་སོ་སོས་རང་རང་གི་ས་ནས་རང་རང་གི་སློབ་དེབ་དང་སྒྲིག་གཞི་ཁ་ཚང་ཞིག་གཏན་ལ་་ནས་དེ་ནས་སློབ་གཉེར་བྱེད་པའི་ལམ་ལུགས་དེ་བཙུགས་ནས་རེད།  དགེ་ལུགས་པ་ཡིན་ན་སེ་འབྲས་དགེ་གསུམ་ལ་སོགས་པར་སློབ་གཉེར་བྱེད་ཚུལ་གཏན་ལ་ཕབ།   དེ་བཟུང་སྔོན་གྱི་ཕྱོགས་མེད་གྲྭ་ས་འགྲིམ་པའི་དགོན་པའི་ལམ་ལུགས་དེ་རིམ་བཞིན་རང་སྟེང་ནས་གཞི་ཚུགས་པའི་སློབ་གསོར་གྱུར་ནས་རང་གི་ས་ཆ་དང་རང་གི་དགོན་པ་ནས་སློབ་གཉེར་བྱེད་པའི་རྣམ་པ་དེའི་སྟེང་དུ་བུད་སོང་།  དེང་ཕལ་ཆེར་འདི་འདྲ་ཞིག་རེད།འདི་ནི་བཀའ་བརྒྱུད་པ་ཡིན་ནའང་འདྲ།རྙིང་མ་བ་ཡིན་ནའང་འདྲ། རི་བོ་དགེ་ལྡན་པ་ཡིན་ན་ཆོག་གི  ཚང་མར་རང་གི་ས་ནས་རང་རང་གི་གཞི་ཚིགས་པའི་སློབ་གསོ་ཞིག་ཡོད།འདི་དག་ནི་བོད་ཀྱི་སློབ་གསོའི་འཕེལ་རིམ་རེད།
    དེ་ནས་གསུམ་པ་བོད་ཀྱི་དགོན་སྡེ་སློབ་གསོའི་ལམ་ལུགས་རེད།བོད་ཀྱི་དུས་དགོན་སྡེ་སློབ་གསོའི་ལམ་ལུགས་ཞེས་ནི་བོད་ཀྱི་དགོན་སྡེའི་སློབ་གསོའི་སྒྲིག་གཞི་ཁ་ཚང་ཞིག་རེད།
      ཐོག་དང་བོ་དགེ་རྒན་རེད།དགེ་རྒན་ལ་ཀློག་གི་ཀློག་གི་དགེ་རྒན་དང་ཁག་ཐེག་དགེ་རྒན།   དཔེ་ཁྲིད་དགེ་རྒན། ཟུར་ཁྲིད་དགེ་རྒན་སོགས་དགེ་རྒན་ལ་རྣམ་པ་བཞི་ཡོད།ཀློག་གི་དགེ་རྒན་ནི་ཀློག་སློབ་པའི་དགེ་རྒན་ཡིན་ལ་ཁག་ཐེག་དགེ་རྒན་ནི་གྲྭ་བ་ཞིག་ཡིན་ན་དེའི་འགྲོ་འདུག་སྤྱོད་གསུམ་དང་དེའི་ཀུན་སྤྱོད་དེ་ཐམས་ཅད་ལ་ཁག་ཐེག་བྱེད་པའི་དགེ་རྒན་ཞིག་ཡིན།དཔེ་ཁྲིད་དགེ་རྒན་ཞེས་པ་ནི་དངོས་སུ་དཔེ་ཁྲིད་བྱེད་པའི་དགེ་རྒན་ཡིན་ལ་ཟུར་ཁྲིད་དགེ་རྒན་ནི་སློབ་མ་དག་ལས་སློབ་མ་མཆོག་ཏུ་གྱུར་པ་ཞིག་འདེམས་ནས་སློབ་མ་ཐམས་ཅད་ལ་ཟུར་ཁྲིད་བྱེད་པ་ཡིན།་འཛིན་གྲྭ་གོང་མའི་སློབ་མ་ཞིག་གིས་འཛིན་གྲྭ་ཞོལ་མ་དག་ལ་ཟུར་ཁྲིད་བྱེད་པ་ལྟ་བུ་རེད།
སློབ་ཁྲིད་ཀྱི་སྟེང་ནས་བཤད་ཁྲིད།དམར་ཁྲིད་མྱོང་ཁྲིད་ཅེས་པ་གསུམ་ཡོད།   བཤད་ཁྲིད་ནི་གཞུང་གི་དོན་ཇི་མ་ཇི་བཞིན་བཤད་པ་ལ་བཤད་ཁྲིད་དང་།   དམར་ཁྲིད་ནི་གསོ་བ་རིག་པའི་བརྡ་ཞིག་ཡིན་ལ་གསོ་བ་རིག་པས་ལས་རོ་ལ་བཤག་བཅོས་བྱས་བྱས་ནས་དོན་ལང་སྣོད་དྲུག་ལ་སོགས་པ་སོ་སོར་བསྟན་ཏེ་ཁྲིད་པ་ལས་དམར་ཁྲིད་ཟེར།  མྱོང་ཁྲིད་ནི་རང་གི་ཉམས་སུ་བླངས་པའི་མྱོང་བ་སློབ་མ་ཁྲིད་པ་ལ་མྱོང་ཁྲིད་ཟེར།
     བསླབ་བྱ་ནི་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི།   ཐ་སྙད་རིག་གནས་སོགས་ཡོན།    གཞུང་བཀའ་པན་ལྔ་ནི་ཚད་མ་རིག་པ་།ཕར་ཕྱིན་།   དབུ་མ།མཛོད་འདུལ་བ་བཅས་རེད།མདོ་སྔགས་གཉིས་ཞེས་པའི་མདོ་ཡི་བསླབ་བྱ་ཐམས་ཅད་གཞུང་བཀའ་པོད་ལྔའི་ནང་དུ་འདུས།  དེའི་རྒྱུ་མཚན་གྱིས་ནང་བའི་གྲུབ་མཐའ་བཞིའི་འདོད་ཚུལ་ཐམས་ཅད་  གཞུང་བཀའ་པོད་ལྔ་ལ་སྦྱངས་ན་མཐར་ཕྱིན་པ་ཡིན།   རྒྱུད་སྡེ་བཞི་ནི་གསང་སྔགས་ཀྱི་སྐོར་ཡིན་ཏེ་གསང་སྔགས་ཀྱི་བསླབ་བྱ་ཐམས་རྒྱུད་སྡེ་བཞིའི་ནང་དུ་འདུས།  ཐ་སྙད་རིག་གནས་ནི་གཞན་པའི་ཐ་སྙད་རིག་དེ་རེད།  འདི་ཐམས་ཅད་དགོན་སྡེའི་བསླབ་བྱ་ཡིན།
   སློབ་དེབ་ཀྱི་ཆ་ནས་སྤྱི་དོན་དང་ཟུར་བཀོད།   མཐའ་དཔྱོད་ཟེར་བ་གསུམ་ཡོད།  སྤྱི་དོན་ཞེས་པ་ནི་གཞུང་དེའི་སྡོན་གྱི་སྤྱི་ཁོག་མདོར་བསྡུས་བྱས་ནས་བཤད་པ་ལ་སྤྱི་དོན་ཟེར།  མཐའ་དཔྱོད་ཟེར་བ་ནི་གཞུང་དེའི་བཀའ་གནད་ཐམས་དམིགས་ཀྱིས་ཕྱུང་ནས་དཔྱད་པ་གཏོང་བ་ལ་མཐའ་དཔྱོད་ཟེར།  ཟུར་བཀོད་ཟེར་བ་ནི་གཞུང་དེའི་རྟོགས་ དཀའ་བ་ཐམས་ཅད་ཟུར་་བཀོད་ནས་སློབ་དེབ་བསྒྲིགས་ཡོད་པ་ལ་ཟུར་བཀོད་ཟེར།
    དཔེ་ཆ་ནི་སྔོན་ཆད་བོད་ཀྱི་དགོན་སྡེར་དཔེ་ཆ་རང་གིས་བླུ་ནུས་པ་ཞིག་ཡིན་ན་བླུ་ལ་མི་ནུས་ན་པར་ཁང་དུ་སོང་ནས་དཔར་ན་གླ་མི་དགོས་པ་རེད།  ཡང་ན་གཞུང་གི་དཔེ་མཛོད་ཁང་དུ་སོང་ནས་གཡར་ནས་སྦྱངས་རྗེས་ཕྱིར་བྱིན་ན་ཆོག
   སློབ་ཁང་ནི་དགོན་སྡེ་ན་ཆེད་དུ་སློབ་ཁང་མེད།   དེའི་རྒྱུ་མཚན་ནི་དགེ་རྒན་གྱི་གཟིམ་ཁང་ནང་དུ་སོང་ནས་སློབ་ཁྲིད་བྱེད་པ་རེད།  དེ་བས་དགེ་རྒན་གྱི་གཟིམ་ཁང་ནི་གཟིམ་ཁང་ཡིན་ལ་སློབ་ཁང་ཡིན། སློབ་མའི་ཆ་རྐྱེན་ནི་གཅིག་ནི་དགེ་ཚུལ་སློང་ཡིན་དགོས།དགོན་པ་གཞན་ནས་གནས་དབྱུང་བཏང་བ་འདྲ་ཡིན་མིན་རུང་།ནག་ཆང་ལ་སོགས་ཀྱིས་ཁ་སྨོས་མ་ཕོག་པ།དགོན་པའི་འགྲིག་ལམ་ལ་གནས་པ་བཅས་ཆ་རྐྱེན་བཞི་ཡོད་དགོས།
    འཛིན་གྲྭ་ནི་དགོན་པ་སོ་སོར་ངེས་པ་མེད་ཀྱང་ཡོངས་ཁྱབ་ཀྱི་འཛིན་གྲྭ་བཅུ་གསུམ་ཡིན།འབྲས་སྤུངས་ལ་མཚོན་ན་བསྡུས་གྲྭ་འཛིན་གྲྭ་གསུམ།   བློ་རིག་འཛིན་གྲྭ་གཅིག་རྟགས་རིགས་འཛིན་གྲྭ་གཅིགཕར་ཕྱིན་འཛིན་གྲྭ་བཞི།   དབུ་མ་འཛིན་གྲྭ་གཉིས།འདུལ་བ་གཅིགམཛོད་གཅིག་བཅས་ཡིན།
འཛིན་གྲྭ་རེ་རེར་སྤྱོར་དཔོན་དང་དེང་སང་པན་ཀྲང་ཟེར་བ་དེའི་ཁ་མ་རེད།   སྤྱོར་དཔོན་གྱིས་འཛིན་གྲྭ་དེའི་སྣེ་ཁྲིད་ནས་དཔེ་ཁྲིད་ཞུ་སྟངས་དང་སློབ་གཉེར་བྱེད་ཚུལ་འགན་ལེན་དགོས།
   རྩོད་པ་བྱེད་སྟངས་ནི་ཆོས་གྲྭར་སོང་ནས་འཛིན་གྲྭ་ནང་དུ་ཕན་ཚུན་རྩོད་པ་བྱེད་པ་དང་དམ་བཅའ་འདུག་རྒྱུ་རེད།  དམ་བཅའ་འདུག་ཚུལ་ལ་འཛིན་གྲྭ་གོང་མའི་ནང་དུ་སོང་ནས་དམ་བཅའ་འདུག་སྟངས་ཤིག་དང་འཛིན་གྲྭ་ཞོལ་མའི་ནང་དུ་སོང་ནས་དམ་བཅའ་འདུག་སྟངས་གཉིས་ཡོད།  དེ་མ་ཟད་འཛིན་གྲྭ་གཏུག་ཟེར་བ་ཞིག་ཡོད་དེ་འཛིན་གྲྭ་གོང་མ་དང་ཞོལ་མ་གཉིས་ཐོ་གཏུག་ནས་འཛིན་གྲྭ་ཁ་ཚང་བོར་རྩོད་པ་བྱེད་པ་ཞིག་ཡིན།
འཛིན་གྲྭ་འཕར་སྟངས་ནི་འཛིན་གྲྭ་བབས་པ།  འཛིན་གྲྭ་འབེབས་པ།འཛིན་་གྲྭ་འཕར་བ་གསུམ་ཡོད།  འཛིན་གྲྭ་བབས་པ་ནི་སློབ་གཉེར་བ་དག་གིས་རང་མོས་ཀྱིས་འཛིན་གྲྭ་ཞོལ་མའི་ནང་དུ་བབས་ནས་ཡང་བསྐྱར་བྱེད་རྒྱུ་ཡོད།  དེའི་མིང་ལ་འཛིན་གྲྭ་བབས་པ་ཟེར།འཛིན་གྲྭ་འབེབས་པ་ནི་རིག་པ་ཡོད་ཀྱང་ཧུར་བརྩོན་མི་བྱེད་པ་དག་ལ་   དམིགས་ཀྱིས་མར་འཕེན་རྒྱུ་ཡོད་ལ་དེའི་མིང་ལ་འཛིན་གྲྭ་འབེབས་པ་ཟེར།  འཛིན་གྲྭ་འཕར་བ་ནི་དེང་སང་གི་སློབ་གྲྭའི་འཛིན་གྲྭ་འཕར་བ་དང་མཚུངས་པ་ལ་འཛིན་གྲྭ་འཕར་རྒྱུ་ཡོད་པ་སྟེ་བསླབ་བྱ་དེ་སྦྱངསས་ནས་ལེགས་འབྲས་བྱུང་བ་ལ་རིམ་བཞིན་འཛིན་གྲྭ་འཕར་བ་ལ་འཛིན་གྲྭ་འཕར་བ་ཟེར།
   རྒྱུགས་ལེན་སྟངས་ལ་རྩོད་རྒྱུགས་དང་ཚིག་རྒྱུགས།དོན་རྒྱུགས།ཡིག་རྒྱུགས་ཟེར་བ་བཞི་ཡོད།   རྩོད་རྒྱུགས་ནི་རྩོད་པ་བྱེད་བྱེད་པ་ལ་རིགས་པ་གང་འདྲ་ཡོད་མིན་དང་སྒྲུབ་བྱེད་ག་འདྲ་བཀོད་མིན་སོགས་རྒྱུགས་ལེན་པ་ལ་ཟེར།ཚིག་རྒྱུགས་ནི་བློར་འདོན་པ་སྟེ་གཞུང་ལ་སོགས་པ་བློར་འཏོན་ནས་བློར་ག་འདྲར་འགྲོ་མིན་ལྟ་བ་ལ་ཚིག་རྒྱུགས་ཟེར། དོན་རྒྱུགས་ནི་གཞུང་གི་བཀའ་གནས་ལ་སོགས་པ་དྲིས་ནས་རྒྱུགས་ལེན་པ་དེ་ལ་དོན་རྒྱུགས་ཟེར།   ཡིག་རྒྱུགས་ནི་དེང་སང་གི་སློབ་གྲྭའི་རྒྱུགས་ལེན་པ་དང་གཅིག་རེད།
  སློབ་ཡིན་གཅིག་གྱུར་གྱི་ངེས་གཏན་མེད་མེད་དེ་དགོན་པ་ལ་ལ་ནས་ལོ་བཅོ་ལྔ་དང་ལ་ལས་ནས་ཉི་ཤུ་སོགས་གཅིག་གྱུར་མེད།
སློབ་མཚམས་ནི་ཆོས་མཚམས་ཞེས་པ་ཞིག་ཡོད་དེ་དགོན་པ་སོ་སོར་དབྱར་ཆོད་སྟོན་ཆོས་དཔྱིད་ཆོས་དགུན་ཆོས།   དཔྱིད་ཆོས་ཞེས་པ་ཡིད་ལ་དེའི་བར་ནས་ངལ་གསོ་བ་ཞིག་ཡོད་དེ་དེ་ལ་ཆོས་མཚམས་ཟེར།དེ་ནི་རང་ཉིད་དཔེ་ཁྲིད་ལ་འགྲོ་བའམ།   རང་གིས་དཔེ་ཆར་བལྟ་བ་སོགས་ཀྱི་དུས་ཚོད་རེད།
    སློབ་སྦྱོང་མཐར་ཕྱིན་པའམ་་སྦྱངས་པ་བྱས་ནས་ཚད་ངེས་ཅན་ཞིག་ལ་ཐོན་ན་དམ་བཅའ་འཇོག་དགོས།  དམ་བཅའ་ལ་རབ་འབྱམས་པའི་དམ་བཅའ་དང་བཀའ་བཞི་བའི་དམ་བཅའ།བཀའ་བཅུ་བའི་དམ་བཅའ།   རྡོ་རམས་པའི་དམ་བཅའ།གླིང་བསྲེས་རབ་འབྱམས་པ།   ལྷ་རམས་པ་སོགས་ཡོད།   འདི་དག་ལ་དགོན་པ་སོ་སོར་མི་འདྲ་སྟེ་རྙིང་མ་ལ་མཁན་པའི་དམ་བཅའ་སོགས་འཇོག་རྒྱུ་ཡོད།  རབ་འབྱམས་པ་ནི་ཕར་ཕྱིན་རབ་འབྱམས་པ་དང་དབུ་མའི་རབ་འབྱམས་པཡིད་ཅིང་དགོན་པ་སོ་སོའི་དམ་བཅའ་འཇོག་སྟངས་མི་འདྲ་སྟེ་བཀའ་བཞི་བས་གཞུང་ཆེན་པོ་བཞི་ལ་དམ་བཅའ་འཇོག་དགོས།   བཀའ་བཅུ་བ་ཟེར་བ་གཞུང་བཅུ་ལ་དམ་བཅའ་འཇོག་པ་དགོས་ལ་རྡོ་རམས་པ་ནི་རྡོ་བཅའ་སྔོན་མོའི་སྟེང་ནས་རབ་འབྱམས་པའི་དམ་བཅའ་བཞག་པ་ལ་ཟེར།   གླིང་བསྲེས་རབ་འབྱམས་པ་ཟེར་བ་ཞིག་ཡོད་ལ་ལྷ་སའི་སྨོན་ལམ་ཆེན་མོའི་སྟེང་ནས་རབ་འབྱམས་པའི་དམ་བཅའ་བཞག་པ་ལ་ལྷ་རམས་པ་ཟེར།།
    སློབ་གསོའི་སྒྲིག་ལམ་ནི་རང་སྟེང་ནས་སྲུང་སྟངས་དང་དྲག་པའི་སྒོ་ནས་སྲུང་སྟངས་གཉིས་ཡོད།  རང་སྟེང་ནས་སྲུང་སྟངས་ནི་འདུལ་བའི་བསླབ་བྱ་ལ་སོགས་པ་སྦྱངས་ནས་རང་གིས་ཇི་ལྟ་བ་བཞིན་དུ་བརྩིས་ན་དགོན་པའི་སྒྲིག་ལམ་ཡང་བསྲུངས་ཡོད་པས་དེ་རང་སྟེང་ནས་སྲུང་ཚུལ་རེད།དེ་མིན་ན་འགྲིག་ལམ་དང་འགལ་སོང་ན་ཆད་པས་གཅོད་པ་སོགས་་བཙན་གྱིས་བསྲུང་དུ་འཇུག་པ་སོགས་ནི་དྲག་པའི་འགྲིག་ལམ་ཡིན།
   སློབ་སྦྱོང་བྱེད་པའི་སྐབས་དེར་ནད་བྱུང་བ་མ་གཏོགས་རང་འགར་གནང་བ་ཞུ་མི་ཆོག  འདི་ནི་གནང་བའི་ཁྱད་ཆོས དེ་ལས་བསམ་བློར་ལྷད་སྐྱོན་བྱུང་བའི་སོག་དཔེ་ཆ་གང་ཡིན་ལ་བལྟས་ན་མི་ཆོག་པ།བརྟག་དཔྱད་མ་བཏང་བར་གང་བྱུང་དུ་དགེ་རྒན་ལ་བསྟེན་མི་ཆོག  བསྟེན་ན་རང་གིས་བརྟག་ནས་བསྟེན་པའམ་ཡང་ན་དགོན་པས་དགེ་རྒན་ཚད་ལྡན་ཞིག་བསྟེན་དུ་འཇུག་དགོས།མི་སྣ་འཁྱམ་པོ་འདྲ་འདྲ་དག་ལ་འབྲེལ་འདྲིས་བྱེད་མི་ཆོག  ཚོང་ལ་སོགས་པའི་སློབ་གཉེར་ལ་གནོད་པའི་བྱ་བ་སོགས་ཀྱང་བྱེད་མི་ཆོགགསོ་སྦྱོང་བྱེད་པའི་སྐབས་དེར་དེ་འདྲའི་ཆ་རྐྱེན་འགའ་ཡོད།
      སློབ་གསོ་འགྲོ་གྲོན་ནི་བོད་ཀྱི་དགོན་པ་དག་ལ་མཚོན་ན་སློབ་གསོའི་འགྲོ་གྲོན་ཅི་ཡང་མེད།    དགེ་རྒན་ལ་ཟླ་ཕོགས་སྟེར་མི་དགོས་ལ་སློབ་མ་སློབ་ཡོན་སྟེར་མི་དགོས།འཛིན་གྲྭ་ཞིག་སྒྲུབ་ནའང་འགྲོ་གྲོན་ཅི་ཡང་མི་དགོས།   གཙོ་བོ་མི་ཡི་ཆ་རྐྱེན་རེད།    བསམ་པའི་སྟེང་ནས་སློབ་གསོ་སྟེང་དུ་ནུས་པ་འདོན་པའི་བསམ་པ་ཡོད་ན་སློབ་གཉེར་བྱེད་པའི་ཆ་རྐྱེན་ཡོངས་སུ་ཚང་བ་ཡིན།   བསམ་པའི་ཆ་རྐྱེན་ནི་ཨང་དང་བོ་ཡིན།
     སློབ་མའི་འཚོ་བ་ནི་ཕྱོགས་གཅིག་ནས་དགོན་པའི་བཀོད་སྒྲིག་བྱེད་པ་དང་ཕྱོགས་གཅིག་ནས་རང་གིས་བསྒྲུབ་དགོས།དེ་བས་སློབ་མའི་འཚོ་བ་ནི་ཤིན་ཏུ་དཀའ་ངལ་ཆེ།
བཞི་བ་དགོན་སྡེ་ལ་ཁྱད་ཆོས་གང་ཞིག་ཡོད་དམ་ཞེ་ན་ངས་འདང་བརྒྱབས་པ་ལྟར་ན་ཁྱད་ཆོས་བཅུ་ཡོད་འདུག   ཁྱད་ཆོས་བཅུ་་ནི་དགེ་རྒན་ཡོན་ཏན་ཀུན་གྱི་རྩ་བར་འཛིན་པའི་ཁྱད་ཆོས་དང་བོ།   སློབ་མའི་བསམ་བློའི་སློབ་གསོ་གཙོ་བོར་འཛིན་པའི་ཁྱད་ཆོས་དེ་གཉིས་པ་རེད།   སློབ་གསོའི་འགྲོ་གྲོན་མི་དགོས་པའི་ཁྱད་ཆོས་དེ་གསུམ་པ་ ཡིན།    བསླབ་བྱ་གོ་རིམ་བཞིན་ཁྲིད་པའི་ཁྱད་ཆོས་དེ་བཞི་བ་ཡིན།    བསླབ་བྱ་ལག་ལེན་དུ་འདེབས་པའི་ཁྱད་ཆོས་ལྔ་བ་ཡིན།   ཚིག་དོན་ཟུང་འབྲེལ་གྱི་ཁྱད་ཆོས་དེ་དྲུག་པ་ཡིན་ལ།   ལུང་རིགས་ཟུང་འབྲེལ་གྱི་ཁྱད་ཆོས་དེ་བདུན་པ་ཡིན།  ཚོད་ལྟ་རང་སྟེང་ནས་བྱེད་པའི་ཁྱད་ཆོས་དེ་བརྒྱད་པ་ཡིན།ཡོན་ཏན་བཞིན་གོ་མིང་སྟེར་བའི་ཁྱད་ཆོས་དེ་བཅུ་བ་ཡིན། འདི་ནི་དེང་གི་སློབ་གྲྭའི་སློབ་གསོ་དང་མི་མཐུན་ས་ཁྱད་ཆོས་འདི་འདྲའི་ཁྱད་ཆོས་བཅུ་ཡོད།
    དགེ་རྒན་ཡོན་ཏན་ཀུན་གྱི་རྩ་བར་འཛིན་པའི་ཁྱད་ཆོས་ནི་སློབ་གཉེར་བྱེད་པ་ལ་ཐོག་དང་བོར་དགེ་རྒན་ལ་བསྟེན་དགོས། དགེ་རྒན་ལ་མ་བསྟེན་ན་སློབ་གཉེར་བྱེད་མི་ཐུབ།དེས་ན་རང་གི་ཡོན་ཏན་ཆེ་བ་ཡིན་འང་ཆོག་གི་ཆུང་ངུ་ཞིག་ཡིན་ནའང་ཆོག་གི དེ་ཐམས་ཅད་སྐྱེ་བའི་འབྱུང་ཁུངས་དགེ་རྒན་རེད།   ནང་བ་སངས་རྒྱས་པའི་ལུགས་ལ་དགེ་རྒན་ནི་སངས་རྒྱས་ལས་ཀྱང་ཁྱད་པར་འཕགས་པའི་གཙོ་བོར་འཛིན་ནི་རེད།  འདི་ནི་དགེ་རྒན་ཡོན་ཏན་ཀུན་གྱི་རྩ་བར་འཛིན་པའི་ཁྱད་ཆོས་ཡིན།
      དེ་འཕྲོ་ནས་སློབ་མའི་བསམ་བློའི་སློབ་གསོ་གཙོ་བོར་འཛིན་པའི་ཁྱད་ཆོས་ནི་སློབ་མའི་བསམ་གསོ་གཙོ་བོར་འཛིན་པ་ཡིན། དེང་སང་སློབ་གསོ་ལ་ཀུན་སྤྱོད་སློབ་གསོ་སོགས་མང་བོ་བཤད་ཀིན་ཡོད་ཀྱང་ཐོག་དང་བོ་བསམ་པའི་སྟེང་ནས་སློབ་གསོ་བུད་ཡོང་ན་སློབ་གསོ་ཡོང་ཡོད།   བསམ་པའི་སྟེང་ནས་མ་ཡོང་ན་གཞན་པའི་སློབ་གསོ་ཇི་ འདྲར་བཟུང་ཡང་སློབ་གསོ་ཐེབས་རྒྱུ་མ་རེད།   དགོན་སྡེ་སློབ་གསོ་ནི་བསམ་བློའི་སྟེང་ནས་སློབ་གསོ་གཏོང་བ་གཙོ་བོར་འཛིན།དེང་སང་བྱང་ཚད་སློབ་གསོ་ཟེར་བའང་འདི་འདྲ་རེད། འདི་ནི་ཁྱད་ཆོས་གཙོ་བོ་རེད།
    སློབ་གསོ་འགྲོ་གྲོན་མི་དགོས་པའི་ཁྱད་ཆོས་ཏེ་དེང་སང་སློབ་གྲྭར་སོང་ན་སློབ་ཡོན་སློབ་དེབ་ཀྱི་རིན་པ་སོགས་མང་བོ་ཞིག་སྟེར་དགོས།བོད་ཀྱི་དགོན་སྡེའི་སློབ་གསོ་ནི་སློབ་ཁྲིད་བྱས་ན་སློབ་ཡོན་མི་དགོས་པ་དང་དཔེ་ཆ་ལ་དཔེ་རིན་མི་དགོས་པ་དང་འཛིན་གྲྭ་བསྒྲུབ་ན་འགྲོ་གྲོན་ཡང་མི་དགོས་པ་སོགས་ནི་བོད་ཀྱི་སློབ་གསོ་ཁྱད་ཆོས་གཙོ་བོ་ཞིག་ཡིན།འདི་ནི་བོད་ཀྱི་སློབ་གསོ་འི་ཁྱད་ཆོས་གཙོ་བོ་ཡིན་ལ་བོད་ཀྱི་དགོན་སྡེ་སློབ་གསོའི་ཁྱད་ཆོས་གཙོ་བོའང་ཡིན།
 རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། hf7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23545320
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།