དགོན་སྡེའི་རི་མོའི་མཚོན་བྱེད་ཀྱི་སྐོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། » དགོན་སྡེའི་རི་མོའི་མཚོན་བྱེད་ཀྱི་སྐོར།
དགོན་སྡེའི་རི་མོའི་མཚོན་བྱེད་ཀྱི་སྐོར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-24ལྟ་ཀློག (3445)རྩོམ་ཁུངས: གསང་སྔགས་དྲ་བ།པར་འདེབ།

 ༄༅།། དགོན་སྡེའི་རི་མོའི་མཚོན་བྱེད་ཀྱི་སྐོར།
 
 གཅིག རྣམ་བཅུ་དབང་ལྡན།
   རྣམ་བཅུ་དབང་ལྡན་ནི། དཔལ་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཀྱི་ཕྱི་ནང་གཞན་གསུམ་གྱི་སྙིང་བོ་གཅིག་ཏུ་བསྡུས་པ་ཞིག་ཡིན།དེ་ནི་ཧ། ཀྵ། མ། ལ། བ། ར། ཡ། ཞེས་པའི་ཡི་གེ་བདུན་དང་། ཡི་གེ་གཟུགས་འགྱུར་བའི་རྗེས་སུ་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ།སྲོག་གི་ཨ་ཡིག་མཚོན་པར་བྱེད་པའི་ནཱ་ད་བཅས་ཡི་གེ་བརྩེགས་མར་གནས་པ་ཞིག་སྟེ། རྣམ་བཅུ་དབང་ལྡན་ཞེས་རྟག་ཏུ་མཐོང་རྒྱུ་ཡོད་པ་དེ་ནི་ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་ལ་ལ་ཛ་ལྟར་བྲིས་པ་ཞིག་ཡིན།ལ་ཛའི་ཡིག་གཟུགས་འབྲི་སྟངས་རྒྱས་བསྡུས་ལས། ཕྱི་ཤད་མང་ཉུང་གི་ཁྱད་པར་ཅུང་ཟད་རེ་ཡོད། འདིའི་མཚོན་དོན་ནི། འཇིག་རྟེན་ཁམས་ལ་སྦྱར་ན།ཡ་ནི་རླུང་གི་ཁམས། ར་ནི་མེའི་ཁམས། བ་ནི་ཆུའི་ཁམས། ལ་ནི་སའི་ཁམས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱི་སྙིང་བོའམ་མཚོན་བྱེད་ཡིན།མ་ནི་འདོད་པའི་ཁམས་། ཀྵ་ནི་གཟུགས་ཀྱི་ཁམས། ཧ་ནི་གཟུགས་མེད་ཀྱི་ཁམས་སྟེ་ནང་བཅུད་ཀྱི་སེམས་ཅན་གྱི་ས་བོན་མཚོན་བྱེད་ཡིན་ལ།སྣ་ལྡན་ནམ་ཟླ་ཚེས་ནི་སེམས་ཅན་གྱི་སྲོག་དང་། ཐིག་ལེ་ནི་སེམས་ཅན་གྱི་དྲོད་མཚོན་བྱེད་ཡིན། ནཱ་ད་ནི་སྲོག་གི་ཨ་ཡིག་ནམ་མཁའ་སྟོང་བའིཁམས་མཚོན་བྱེད་ཡིན།དེའི་མཚོན་མདོག་ནི། འོག་གི་འབྱུང་བ་རིམ་བརྩེགས་བཞི་སོ་སོའི་རང་མདོག་སྟེ། ཡ་ལྗང་ཁུ། ར་དམར་བོ། བ་དཀར་བོ། ལ་སེར་པོ།མ་འདོད་པའི་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན། ཀྵ་གཟུགས་ཁམས་མཚོན་པའི་དཀར་པོ། ཧ་གཟུགས་མེད་ཀྱི་ཁམས་མཚོན་པའི་སྔོན་པོ།ཟླ་ཚེས་སྣ་ལྡན་ནི་སྲོག་ཟླ་བའི་ཁམས་དཀར་པོ། ཐིག་ལེ་ནི་དྲོད་ཉི་མའི་ཁམས་དམར་པོ། ནཱ་ད་ནམ་མཁའི་ཁམས་སྔོན་པོ། འདི་ནི་ཁམས་གསུམ་གྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་བའམ་མཚོན་བྱེད་ཡིན་པས།འདི་ཁང་སྟེང་དུ་བཀལ་ན་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་མནན་ནས་བཀྲ་ཤིས་པར་བྱེད་པ་དང་། གཟའ་སྐར་ངན་པའི་གནོད་པ་ཐམས་ཅད་བཟློག་པ།ཁྱིམ་དུ་བཞག་ན་རྐྱེན་ངན་དང་བར་ཆད་སེལ་བ། དགེ་ཞིང་བཀྲ་ཤིས་བར་བྱེད་པ་སོགས་ཀྱི་ཕན་ཡོན་ལྡན་པས་བོད་ཀྱི་དགོན་སྡེའི་གཙུག་ལག་ཁང་སོགས་ཀྱི་གྱང་ངོས་སུ་འབྲི་སྲོལ་ཡོད་དོ།།
གཉིས། སྲིད་པའི་འཁོར་ལོ།
    སྲིད་པའི་འཁོར་ལོ་ཆོས་རྒྱལ་གྱི་ཕྱག་དང་ཞལ་གྱིས་དམ་དུ་འཛིན་པ་འདིས་ཁམས་གསུམ་གྱི་འགྲོ་བ་རྣམས་འཆི་བ་ལས་ཐར་ས་མེད་པ་དང་།རིགས་དྲུག་གི་སེམས་ཅན་རྣམས་ལས་ཉོན་གྱི་དབང་གིས་འཁོར་བ་ན་ཐོག་མཐའ་མེད་པར་འཁོར་ལོ་བཞིན་་འཁོར་ཞིང་འཁོར་བ་མཚོན།། འཁོར་ལོའི་དབུས་ཀྱི་སྲོག་ཆགས་བྱ་དང་སྦྲུལ་དང་ཕག་གསུམ་གྱིས་འདོད་ཆགས་དང་། ཞེ་སྡང་དང་།གཏི་མུག བཅས་དུག་གསུམ་གྱི་ཉོན་མོངས་མཚོན་པས་དུག་གསུམ་ནི་འཁོར་བ་འགྲུབ་བྱེད་ཀྱི་རྩ་བ་ཡིན་པར་བསྟན་ཡོད། དེ་ཡང་དགོན་སྡེའི་གཙུག་ལག་ཁང་གི་སྒོ་ཁང་སོགས་སུ་སྲིད་པའི་འཁོར་ལོ་ཆ་ལྔ་པ་བྲིས་པའི་དགོས་པ་ནི་བཅོམ་ལྡན་འདས་ཀྱི་མདོ་ལས།དགེ་སློང་དག འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། འདི་ནི་འགོགས་པ་འཕགས་པའི་བདེན་པའོ།འདི་ནི་ལམ་འཕགས་པའི་བདེན་པའོ། ཞེས་སོགས་གསུངས་པ་ལྟར་སྐུ་དངོས་ཀྱིས་གདུལ་བྱ་རྣམས་ལ་བདེན་བཞིའི་བླང་དོར་ཡང་ཡང་དུ་འདོམས་པར་མཛད་ཅིང་།ཕྱི་རབས་རྗེས་འཇུག་རྣམས་ཀྱིས་ཀྱང་བདེན་བཞིའི་བླང་དོར་ཤིས་པ་ནི་གལ་ཆེ་བར་གཟིགས་ནས་གཙུག་ལག་ཁང་གི་སྒོ་ཁང་དང་།དགེ་འདུན་གྱི་གནས་ཁང་སོགས་སུ་སྲིད་པའི་འཁོར་ལོ་ཆ་ལྔ་པ་འབྲི་དགོས་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་དགོས་སོ་ཞེས་གསུངས་པ་ལྟར་བདེན་བཞིའི་བླང་དོར་གྱི་འཇུག་ལྡོག་གྱི་འཇུག་ལྡོག་མཚོན་བྱེད་ཡིན་ལ།རི་མོའི་ཚུལ་ནི། འཆི་བདག་གཤིན་རྗེའམ་སྲིན་པོ་ཁ་གདངས་བའི་དབུས་སུ་འཁོར་ལོ་ཟླུམ་པོཆ་ལྔ་པ་ལ་མི་འབྲི་བ་དང་། འོག་གི་ཆ་གསུམ་དུ་བྱས་པའི་ཆ་གཅིག་ལ་ལྷ་དང་།ཅིག་ཤོས་ལ་ཡི་དྭགསས་བྲིས་ཡོད། འཁོར་ལོ་ཟླུམ་པོ་དེའི་དབུས་སུ་འདོད་ཆགས་མཚོན་བྱེད་ཕུག་རོན་་དང་། ཞེ་སྡང་མཚོན་བྱེད་སྦྲུལ་དང་།གཏི་མུག་མཚོན་བྱེད་ཕག་གི་གཟུགས་བརྙན་བྲིས་ཡོད་ཅིང་། འཁོར་ལོ་དེའི་ཕྱིའི་མཐའ་འཁོར་དུ་ཐོག་མར་རིག་པ་ནས་བཟུང་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་བྲིས་པ་ནི་ཡན་ལག་བཅུ་གཉིས་དང་།ཐམས་ཅད་མི་རྟག་པ་ཉིད་ཀྱིས་བཟུང་བའི་ཕྱིར་རོ། ཞེས་གསུངས་བ་དང་མཐུན་པར། རྒན་མོ་ལོང་བ་དེ་གར་འགྲོ་འདི་འགྲོ་མེད་པར་ཅི་བྱ་གཏོལ་མེད་པར་འཁྱམས་པ་ལྟར་མ་རིག་པ་ལ་བརྟེན་ནས་འགྲོ་རྣམས་ཁམས་གསུམ་གྱི་འཁོར་བ་འདིར་སྡུག་བསྔལ་སྣ་ཚོགས་མྱོང་བས་ན་མ་རིག་པ་རྒན་མོ་ལོང་བ་ལྟ་བུ་དང་།རྫ་མཁན་གྱིས་འཁོར་ལོ་བསྐོར་ནས་རྫའི་སྣོད་སྣ་ཚོགས་བཟོ་བ་ལྟར་དགེ་མི་དགེའི་ལས་སྣ་ཚོགས་ལ་བརྟེན་ནས་འཁོར་བའི་སྐྱེ་བ་མི་འདྲ་བ་སྣ་ཚོགས་ལེན་པས་འདུ་བྱེད་རྫ་མཁན་དང་འདྲ་བ་དང་།ཁང་བ་སྒེའུ་ཁུང་དྲུག་ཡོད་པའི་ནང་སྤྲེའུ་ཞིག་བཅུག་པ་ན་དེའི་སྒེའུ་ཁུང་སོ་སོར་རྒྱུགས་ནས་བལྟ་བར་བྱེད་པལྟར་རྣམ་ཤེས་མིག་ལ་སོགས་པའི་སྒོ་དྲུག་གར་ཕྱིན་ནས་ཡུལ་སྣ་ཚོགས་ལ་སྤྱོད་པས་ན་རྣམ་ཤེས་སྤྲེའུ་འདྲ་བ་དང་།གྲུའི་ཡོ་བྱད་ཐམས་ཅད་ཚང་ན་ཆུའི་ཕ་རོལ་དུ་འགྲོ་ཞིང་། མ་ཚང་ན་འགྲོ་མི་ནུས་པ་ལྟར་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་འཁོར་བ་འདིར་སྐྱེ་ཞིང་དེ་དག་ཆ་མ་ཚང་བར་གཉིས་ཙམ་ལ་བརྟེན་ནས་འཁོར་བར་སྐྱེ་ཞིང་ལོངས་སྤྱོད་སོགས་ལ་སྤྱོད་མི་ནུས་པས་མིང་གཟུགས་ཀྱི་རྟེན་འབྲེལ་གྲུ་དང་འདྲ་བ་དང་།ཁང་བ་སྟོང་བར་ཕྱི་ནས་བལྟས་ནས་མི་ཡོད་པ་འདྲ་བ་ཞིག་ཏུ་མཐོང་ཡང་དོན་དུ་སུ་ཡང་མེད་པ་དང་འདྲ་བར་སྐྱེ་མཆེད་གི་རྟེན་འབྲེལ་གྲུབ་མ་ཐག་ཕྱི་ནས་བལྟས་ན་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་གཅོད་པས་ན་དེ་དང་འདྲ་བ་དང་།མིག་གམ་པུས་མོ་ལ་མདའ་ཕོག་ན་དེ་མ་ཐག་ཚོར་ཞིང་སྡུག་བསྔལ་མྱོང་བ་ལྟར་ཚོར་བས་ཀྱང་ཡུལ་ཡིད་དུ་འོང་མི་འོང་བར་མ་གང་རུང་དང་འཕྲད་མ་ཐག་ཚོར་བ་སྣ་ཚོགས་མྱོང་བས་ན་ཚོར་བ་མིག་གམ་པུས་མོ་ལ་མདའ་ཟུག་པ་ལྟ་བུ་དང་།ཆང་ལ་དགའ་བའི་མི་དེས་ཇི་ཙམ་བཏུངས་ཀྱང་ངོམས་པ་མེད་པར་ཆགས་པར་བྱེད་པས་སྲེད་པ་སྐྱེས་བུ་ཆང་འཐུང་བ་དང་མཚུངས་པ་དང་།སྤྲེའུ་ཤིང་རྩེར་འཛེགས་ནས་ཤིང་ཏོག་སྔ་མའི་རོ་ཚོར་ཞིང་མཐོང་ཚད་ལག་པས་ལེན་ཞིང་ཟ་བར་བྱེད་པ་ལྟར་ལེན་པས་ཀྱང་སྲེད་པས་ཆགས་པའི་་ཡུལ་དེ་ལ་དོན་གཉེར་ཆེན་པོ་བྱེད་པས་སྤྲེའུས་ཤིང་ཏོག་ལེན་པ་དང་འདྲ།ཟླ་དགུ་ཞག་བཅུ་སོང་བའི་སྦྲུམ་མ་དེར་བུ་སྐྱེ་བའི་རྐྱེན་ཐམས་ཅད་ཚང་བས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ལྟར་བཅུ་པ་སྲིད་པའི་རྟེན་འབྲེལ་གྱིས་སྲིད་པ་ཕྱི་མ་འགྲུབ་པའི་ལས་ཀྱི་ནུས་པ་མཐུ་ཅན་དུ་བྱས་ཏེ་ཡང་སྲིད་ཕྱི་མ་འགྲུབ་པས་ན་བུད་མེད་སྦྲུམ་མ་དང་འདྲ།བུད་མེད་དེ་ལས་བུ་དངོས་སུ་སྐྱེས་པ་བཞིན་་སྐྱེ་བའི་རྟེན་འབྲེལ་ཡང་སྲིད་ཕྱི་མར་དངོས་སུ་མཚམས་སྦྱར་བས་སྐྱེ་བ་དེ་དང་འདྲ།ན་ཚོད་རབ་ཏུ་རྒས་པའི་རྒས་འཁོགས་རྣམས་དེའི་སྡུག་བསྔལ་གྱིས་ཡོངས་སུ་མནར་བ་དང་། འཚེ་བའི་ཚེ་ཕུང་བོ་དུར་ཁྲོད་དུ་བསྐྱལ་བ་སོགས་བྱེད་པ་ལྟར་རྒ་ཤིའི་རྟེན་འབྲེལ་གྲུབ་པའི་ཚེ་ཡང་དེ་ལྟར་བྱེད་པས་ན་དེ་དང་འདྲ་བར་བྲིས་ལ།དེ་དག་འཁོར་ལོའི་རྣམ་པ་འཆི་བདག་གི་ཁ་དང་རྐང་ལག་གིས་དམ་པོར་བཟུང་བར་བྲིས་པ་ནི། ལས་དང་ཉོན་མོངས་བའི་དབངགིས་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གིཁ་དབང་གིས་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་རྣམས་སྡུག་བསྔལ་མཚོན་པར་བྱེད་ཅིང་།དེ་ལྟ་བུའི་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་སྡུག་བསྔལ་གྱིས་མཚོན་པར་བྱེད་ཅིང་། འདོད་པའི་ལྷ་དང་མི་གཉིས་ཀྱིས་འགྱུར་བའི་སྡུག་བསྔལ་དང་།གཟུགས་ཁམས་ཀྱི་ལྷ་རྣམས་ཀྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མཚོན་པར་བྱེད་པ་སོགས་དེ་དག་ནི་སྡུག་བསྔལ་འཁོར་བའི་ཉེས་དམིགས་དང་།ཀུན་འབྱུང་འཁོརབ་འི་འཇུག་རིམ་མཚོན་པར་བྱེད་དོ། ། འགོག་པ་མྱ་ངན་ལས་འདས་པ་མཚོན་བྱེད་འཁོར་ལོའི་རྩེ་མོར་སྟོན་པ་མཉམ་མེད་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པའི་མཛུབ་མོས་དཀྱིལ་འཁོར་ཉ་གང་བ་ལྟ་བུའི་ཐིག་ལེ་དཀར་པོ་ཞིག་སྟོན་པའི་རྣམ་པ་བྲིས་ལ།མདོག་དཀར་བ་ནི་འགོག་བདེན་དེ་ཉིད་རང་གི་སྤང་བའི་སྐྱོན་ཐམས་ཅད་དང་བྲལ་བར་མཚོན་ཞིང་། དེ་ཕྱག་གིས་སྟོན་པ་ནི་འགོག་བདེན་དེ་སྟོན་པ་སངས་རྒྱས་ཁོ་ན་ལ་རག་ལས་པའམ་སངས་རྒྱས་ཀྱིས་ཇི་ལྟར་བསྟན་པ་དེར་འགྲོ་བར་རིགས་པ་མཚོན་ལ།ལམ་བདེན་མཚོན་པའི་ཕྱིར་དུ་འཁོར་ལོའི་འོག་ཏུ། ། བརྩམས་པར་བྱ་ཞིང་དབྱུང་བར་བྱ། ། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། ། འཆི་བདག་སྡེ་ནི་གཞོམ་པར་བྱ། ། གང་ཞིག་རབ་ཏུ་བག་ཡོད་པས། ། ཆོས་འདུལ་འདི་ལ་སྤྱོད་གྱུར་པ།། སྐྱེ་བའི་འཁོར་བ་རབ་སྤངས་ཏེ། ། སྡུག་བསྔལ་ཐ་མར་བྱེད་པར་འགྱུར། ། ཞེས་པའི་ཚིགས་བཅད་བྲིས་སོ། ། འཁོར་ལོ་དེ་ཉིད་ཟླུམ་པོར་བྲིས་པའི་དགོས་པ་ཡང་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་།འཁོར་བའི་འགྲོ་བ་ལྔ་རྣམས་ཟོ་ཆུན་གྱི་འཕྲུལ་འཁོར་རམ་མགལ་མེའི་འཁོར་ལོ་ལྟར་སྔ་ཕྱི་བར་མ་ཆད་པར་འཁོར་བར་ཤེས་པའི་ཆེད་དུ་ཡིན་ལ།རྟེན་འབྲེལ་ཡན་ལག་བཅུ་གཉིས་འཁོར་ལོའི་མཐར་འབྲི་བ་ནི་དེ་དག་ལས་བརྒལ་ན་འཁོར་བ་ལས་ནམ་ཡང་མི་འདའ་བར་ཤེས་པའི་ཕྱིར་ཡིན་ནོ།།
གསུམ། སོག་པོ་སྟག་ཁྲིད།
    སོག་པོ་སྟག་ཁྲིད་ནི་རིགས་གསུམ་མགོན་པོའི་མཚོན་བྱེད་དེ། སོག་པོས་སྤྱན་རས་གཟིགས་དང་།སྟག་གིས་འཇམ་དབྱངས། ལྕགས་ཐག་གིས་ཕྱག་རྡོར་མཚོན་ལ། རི་མི་འདི་སྒོ་ཁའི་རྩིག་ལྡེབས་སུ་བྲིས་ནས་ཁ་ཡི་ཕྱོགས་སུ་གཏད་ན།གདོན་བགེགས་བར་ཆད་དང་བཀྲ་མི་ཤེས་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཅིང་ནང་དུ་བཀྲ་ཤིས་བདེ་ལེགས་འབྱུང་བ་ཡིན་ནོ།།
བཞི། ཨ་ཙ་ར་གླང་ཁྲིད།
      ཨ་ཙ་ར་གླང་ཁྲིད་ལས་ཨ་ཙ་ར་ནི་དཔལ་མགོན་བྲམ་གཟུགས་དང། གླང་ཆེན་ནི་ཚོགས་བདག་གླང་སྣའི་མཚོན་བྱེད་ཡིན།གླང་པོས་ནོར་བུ་མེ་འབར་བ་བཏེགས་པ་སྒོའི་ནང་གི་རྩིག་ལྡེབས་སུ་ཁ་ནང་ལ་ཕྱོགས་ཏེ་བྲིས་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་མཚོན་པ་དང་།མཆོག་དང་ཐུན་མོང་གི་འདོད་པའི་དངོས་གྲུབ་ཐམས་ཅད་རྩོལ་མེད་དུ་འབྱུང་བའི་རྟེན་འབྲེལ་མཚོན་པ་ཡིན་ནོ། །
ལྔ། མཐུན་པ་སྤུན་བཞི།
     སྔོན་ལྦ་ར་ཎ་སིའི་རྒྱལ་པོ་ཚངས་སྦྱིན་གྱི་དུས་སུ། སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་བྱ་སྲེག་པ་ཞིག་གི་སྐྱེ་བ་བཞེས་ཏེ་ནགས་ཚལ་ཆེན་པོ་ཞིག་གི་མཐར་གནས་སོ།། དེར་སྤྲེའུ་ཞིག་དང་། རི་བོང་ཞིག་དང་གླང་ཆེན་བཅས་གནས་པ་ཐམས་ཅད་ཀྱང་ཕན་ཚུན་འཚེ་བ་མེད་པར། བཅུད་ལྡན་ཤིང་འབྲས་དང་།མ་རྨོས་པའི་ལོ་ཏོག། རང་བྱུང་ཡན་ལག་བརྒྱད་ལྡན་ལ་སོགས་པར་གང་དགར་ལོངས་སྤྱོད་ཅིང་མཛའ་བར་གནས་པས་ཉིན་ཞིག་ཁོང་བཞི་བགྲོས་ནས་འུ་ཅག་ཕན་ཚུན་བརྩེ་ཞེན་དུ་ཡུན་རིང་འགྲོགས་ཀྱང་རྒན་གཞོན་དང་བཀུར་བྱ་བཀུར་བྱེད་ཀྱི་དབྱེ་བ་མེད་པས།ད་ནི་རྒན་རིམ་ལ་བཀུར་བར་བྱའོ་ཞེས་རྒན་གཞོན་གྱི་དབྱེ་བ་འབྱེད་ཐབས་གྲོས་བསྡུར་མཐར། དེར་སྐྱེས་པའི་ཤིང་ནྱ་གྲོ་ས་སྡའི་སྡོང་བོ་ཆེན་པོ་ཞིག་ཚད་བྱས་པས།གླང་ཆེན་ན་རེ། ང་གཞོན་དུས་སུ་ཤིང་འདི་ངའི་ལུས་དང་མཉམ་པ་དྲན་ཟེར། སྤྲེའུས་བདག་ཀྱང་དྲན་དུས་ཤིང་འདི་ཆུང་བས་བདག་གི་ལུས་དང་མཉམ་ཟེར།རི་བོང་གིས་ངས་དྲན་དུས་འདབ་མ་གཉིས་སོར་ལྔ་ཙམ་ཡོད་པ་དེ་ལ་ཟིལ་བ་མངར་མོ་ཆགས་པ་དེ་བདག་གིས་མྱངས་ཟེར། བྱུ་སྲེག་པ་ན་རེ།ཤིང་སོན་ས་ལ་ཡོད་པའི་སྟེང་བདག་གིས་གཅིན་དོར་བ་ལ་བུ་བརྟེན་ནས་ཤིང་སྡོང་འདི་སྐྱེས་སོ་ཟེར་བས། རྒན་གཞོན་གྱི་གོ་རིམ་ཤེས་ཏེ་རྒན་རིམ་ལ་བསྙེན་བཀུར་དང་གུས་འདུད་བྱེད་ཅིང་།ཁོང་བཞིའི་ནང་ནས་རྒན་པ་བྱ་སྲེག་པས་གཞན་གསུམ་ལ་བསླབ་པའི་གཞི་ལྔའི་སྤང་བླང་གི་ཤིང་ཡིད་གཅུགས་པར་གནས་སོ། །དེའི་བསོད་ནམས་ཀྱི་མཐུས་ཡུལ་ཁམས་ཀུན་ཏུ་བདེ་ཞིང་ཚེ་དང་བསོད་ནམས། དཔལ་འབྱོར་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བར་གྱུར་ཏོ།།
   རྣམ་ཐར་དེ་བཞིན་རྒྱལ་ཁམས་བདེ་ཞིང་ལས་བཞི་དགེ་བའི་རྟེན་འབྲེལ་དུ། དགོན་སྡེ་དང་ཁྱིམ་ཚང་གི་རྩིག་ལྡེབས་སུ་ཡུལ་ལྗོངས་ཉམས་དགའ་བར་ནྱའི་ཤིང་འདབ་མ་རྒྱས་པ་ཞིག་གི་མདུན་སར།གླང་པོ་ཆེ་སྟོབས་དང་ལྡན་པ། དེའི་སྟེང་དུ་སྤྲེའུས་ཤིང་ཏོག་འཛིན་པ། དེའི་སྟེང་རི་བོང་། དེའི་སྟེང་བྱ་སྲེག་པ་བཅས་འོག་ནས་གོང་དུ་རིམ་པར་བཀུར་བའི་ཚུལ་དུ་གནས་པའི་རི་མོ་ཞིག་འབྲི་སྲོལ་ཡོད་པ་དེས་དགེ་འདུན་དང་ཡང་ན་མི་རྣམས་མཐུན་སྒྲིལ་ཡོང་བ་མཚོན་ནོ། །
དྲུག རླུང་རྟ་སྡེ་བཞི།
    རླུང་རྟ་ནི་ཀླུང་རྟ་ཞེས་པའི་མིང་ལས་འགྱུར་བར་བཤད་དེ། ཀླུང་ཞེས་པ་ཡོངས་སུ་ཁྱབ་པའི་དོན་དང་། རྟ་ཞེས་པ་ཅང་ཤེས་ཏེ་བགྲོད་པ་མགྱོགས་པའི་མཚོན་བྱེད་ཡིན། རླུང་རྟས་བྱ་བ་ཐམས་ཅད་ལོག་པ་ནས་ལེགས་པར་འོང་བ། ལྟས་ངན་པ་ནས་བཀྲ་ཤིས་པར་འོང་བ་མཚོན།རླུང་རྟ་ལ་ཤོག་བུའི་རླུང་རྟ་དང་དར་གྱི་རླུང་རྟ་སྟེ་རིགས་གཉིས་ཡོད་ཅིང་། ཤོག་བུའི་རླུང་རྟ་ནི་ཤོག་བུ་གྲུ་བཞི་མ་ལག་མཐིལ་ཙམ་གྱི་ངོས་སུ་དབུས་ལ་ནོར་བུའི་སྒ་ཆ་ཅན་གྱི་རྟ་མཆོག་སྤྲིན་ལ་བཞོན་ནས་འཕུར་བའི་ཚུལ་དང་མཐའ་བཞིར་སྟག་སེང་ཁྱུང་འབྲུག་གི་རི་མོས་བརྒྱན་ཡོད།ཤོག་བུ་རེར་རྟ་གཅིག་ཅན་དང་བཅུ་ཅན་ཡོད་ཅིང་དེ་ལ་ཁེར་རྟ་དང་བཅུ་རྟ་ཞེས་འབོད། དར་གྱི་རླུང་རྟ་ནི་དར་གྱི་སྟེང་དུ་རླུང་རྟ་ཕབ་རྗེས་ཤིང་གི་རྩེར་འདོགས་པ་སྟེ།དེ་ལ་དར་ལྕོག་་ཀྱང་ཟེར། རླུང་རྟའི་ངོས་ཀྱི་རི་མོའི་མཚོན་དོན་ཐད་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། ཕལ་ཆེར་གྱིས་འབྱུང་བའི་མཚོན་བྱེད་དུ་གོ་སྟེ།སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གིཁམས་མཚོན་པ་དང་། སེང་གེ་རི་ལ་གནས་པས་སའི་ཁམས་མཚོན།ཁྱུང་བར་སྣང་དུ་གནས་ཤིང་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ་དང་། འབྲུག་རྒྱ་མཚོ་ནས་གནས་པས་ཆུའི་ཁམས་མཚོན་པ་དང་།རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་པ་སྟེ་འབྱུང་བ་་བཞིའི་མཚོན་བྱེད་དང་། དབུས་ཀྱི་རྟ་མཆོག་གིས་དེ་ལྟ་བུའི་འབྱུང་ཁམས་མྱུར་དུ་རྒྱས་པ་མཚོན་ནོ།། རླུང་རྟ་དམའ་སར་མི་བསྐྱོན་པར་ཆེས་མཐོ་བའི་རི་རྩེ་ནས་བསྐྱོན་པ་ནི་ཁ་ལས་སྙན་གྲགས་དང་འབྱུང་ཁམས་དབང་ཐང་དར་བའི་རྩེར་སོན་པའི་སྨོན་པ་དེ་མཚོན་ལ།རླུང་རྟ་སྤུར་བ་ཇི་་ཙམ་མཐོ་ན་དེ་་་ཙམ་དབང་ཐང་དར་བའི་བཤད་སྲོལ་ཡོད་དོ། །
བདུན། སྡོམ་བརྩོན་དམ་པ།
     སྡོམ་པར་གྲགས་པ་ནི། སྔོན་ས་སྐྱ་པན་ཆེན་དེ་ཉིད་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ཤིག་ཏུ། ཁོང་གིས་སྔོན་བྱོན་དམ་པ་རྣམས་ཀྱི་སྐུ་དྲིན་དང་རྣམ་ཐར་རྗེས་སུ་དྲན་ནས་དེ་དག་གི་མཚོན་བྱེད་རི་མོ་དང་། ཕྱག་མཚན་རི་མོའི་བསྟོད་ཚིག་དང་བཅས་པ་མཛད་པ་ནས་བྱུང་བར་གྲགས་སོ།།
དེའི་མཚོན་དོན་ནི། དབུས་ཀྱི་པདྨའི་སྡོང་བོས་སློབ་དཔོན་པདྨ་འབྱུང་གནས་མཚོན་ཏེ་སློབ་དཔོན་གྱི་མཚན་དང་ཆོས་མཚུངས།པདྨའི་ལྟེ་བའི་རལ་གྲིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མཚོན། དེ་གཉིས་ཡོན་མཆོད་རྣམ་པ་ཐ་དད་ཀྱང་ཡེ་ཤེས་གཅིག་པའི་ཕྱིར་རྟེན་དང་བརྟེན་པའི་ཚུལ་ལམ་སློབ་དཔོན་གྱི་ཐུགས་ལས་སྐྱེས་པའི་ཆོས་སྲས་རྗེ་འབངས་ཉེར་ལྔར་གྲགས་པའི་གཙོ་བོ་ནི་མི་རྗེ་ཁྲི་སྲོང་ལྡེ་བཙན་ཡིན་པས་པདྨའི་ཟེའུ་འབྲུ་ལས་ཐོན་པའི་ཚུལ་དུ་བཀོད།པད་སྡོང་གི་གཡས་ཕྱོགས་ཀྱི་ངང་སེར་མགོ་གཉིས་པ་ནི་སློབ་དཔོན་ཞི་བ་འཚོ་དང་ཀཱ་མ་ལ་ཤཱ་ལ་སྟེ་པདྨའི་ངང་ཚུལ་གཉིས་ཏེ་ཐུགས་ཀྱི་ལྟ་གྲུབ་དགོངས་པ་གཅིག་པས་ལུས་གཅིག་ལ།གསུང་གི་ཆོས་སོ་སོར་སྟོན་པས་མགྲིན་པ་གཉིས་ཅན། སློབ་དཔོན་གཉིས་ཀའང་རྟེན་སྡོམ་བརྩོན་གྱི་མཆོག་ཏུ་བཞུགས་པས་ངང་སེར་གྱི་གཟུགས་སུ་བཀོད་པའོ།།
  གཡོན་ཕྱོགས་ཀྱི་ནེ་ཙོ་མགོ་གཉིས་པས་ནི་སྤྲུལ་པའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་མཚོན་ཏེ་ཐུགས་དགོངས་གཅིག་ལ་ཆོས་སོ་སོར་སྟོན་པས་མགྲིན་པ་གཉིས་ཅན།ནེ་ཙོ་བྱ་སྐད་དང་མི་སྐད་གཉིས་སྨྲ་བ་ལྟར་ལོ་ཙཱ་བས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བས་ནེ་ཙོའི་གཟུགས་སུ་བཀོད། དེ་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོའི་དབུས་སུ་གནས་པ་ནི་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་ཉིད་ལ་དུས་དབང་གིས་མེའི་གནོད་པ་འབྱུང་བ་ལུང་བསྟན་པ་ཞི་བའི་རྟེནའབྲེལ་ཡིན་ཏེ་ཞལ་བྱང་གི་གཤམ་དུ་གཙུག་ལག་ཁང་འདི་ལ་ཕན་པའི་རྟེན་འབྲེལ་ཞིག་ཡོད་ཅིས་གསུངས་པ་ལས་ཤེས་སོ།།
བརྒྱད། ཚེ་རིང་རྣམ་དྲུག
      ཚེ་རིང་རྣམ་དྲུག་ནི་བྲག་ཚེ་རིང་དང་། ཆུ་ཚེ་རིང་། ཤིང་ཚེ་རིང་། ལྷ་ཚེ་རིང་། བྱ་ཚེ་རིང་།རི་དྭགས་ཚེ་རིང་བཅས་ལ་ཟེར་ཞིང་། དེའི་བྱུང་བ་དང་མཚོན་དོན་ནི་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མས། སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་གྲུ་འདིར།། དུས་གསུམ་སྲས་བཅས་རྒྱལ་བས་བྱིན་བརླབས་པས། ། མི་འགྱུར་མི་ཞིག་ཁྱད་ཆོས་བདུན་ལྡན་པའི། ། གཞོམ་བྲལ་རྡོ་རྗེའི་རང་བཞིན་བྲག་རི་བསྐྲུན།། དེ་ཡི་ངོགས་ལས་འཆི་མེད་བདུད་རྩིའི་རྒྱུན། ། ལྷུང་ལྷུང་རྒྱུན་མར་འབབ་པའི་བརླན་གཤེར་ལས། ། རོ་མཆོག་བརྒྱད་ལྡན་འབྲས་བུས་ཡོངས་དུད་པའི།། ཚེ་རིང་ལྗོན་ཤིང་རྒྱས་ཤིང་དེ་ཡི་དྲུང་། ། ཚེ་སྣང་དཔག་མེད་མགོན་གྱི་གཟི་སྟོབས་བྱིན། སྙིང་ལ་ཞུགས་པ་བདེ་གསལ་མི་རྟོགས་པས།། ཡེ་ཤེས་ཏིང་འཛིན་མངོན་འགྱུར་དྲང་སྲོང་ཆེ། ། ཚེ་རིང་གྲགས་སྙན་འབར་བ་དགྱེས་བཞིན་བཞུགས། ། དྲང་སྲོང་ཆེན་པོའི་ཆབ་གཏོར་རིལ་བུའི་ཚོགས།། ལོངས་སུ་སྤྱད་པས་རི་དྭགསས་ཚེ་རིང་ཐོབ། ། ལྗོན་འབྲས་འཆི་མེད་བཏུང་བའི་རྒྱུན་བཟང་པོར། ། འབད་མེད་སྤྱད་པས་ཚེ་རིང་འདབ་ཆགས་བྱུང་།། དེ་ལྟར་རྟེན་འབྲེལ་ཕུན་ཚོགས་མི་བསླུའི་སྟོབས། ། བདེན་པའི་མཐུ་ལ་དྲུག་ལྡན་ཚེ་རིང་གཟུགས། ། གང་དུ་མཆིས་འདིར་མི་གཤིས་རྒུད་པའི་ཚོགས།། སྤྱི་དང་ཁྱད་པར་དུས་མིན་འཆི་བ་ཡི། ། འཇིགས་པ་ཀུན་བཅོམ་བདེ་སྐྱིད་དཔལ་འབྱོར་སྟོབས།། ཚེ་དང་བསོད་ནམས་མཁོ་རྒུའི་ནོར་ལོངས་སྤྱོད།། གོང་ནས་གོང་དུ་འཕེལ་ཞེས་དྲང་སྲོང་གི། བདེན་ཚིག་དེ་བཞིན་གནས་འདིར་ལྷུན་གྲུབ་ཤོག ། ཅེས་གསུངས་པ་བཞིན་ནོ། །
དགུ། བཀྲ་ཤིས་རྟགས་བརྒྱད།

        དེ་ནི་གདུགས་དང་། གསེར་ཉ། པདྨ། དུང་དཀར། བུམ་པ། དཔལ་བེའུ། རྒྱལ་མཚན། འཁོར་ལོ་བཅས་ལ་ཟེར་ཞིང་།དེ་དག་གི་མཚོན་དོན་ནི་ཚངས་པ་ལ་སོགས་པས་སངས་རྒྱས་ལ་ཕུལ་བ་དང་། སངས་རྒྱས་རང་གི་སྐུ་ལ་དབུ་གདུགས་ལྟར་དུ་ཡོད་པ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་རང་རྩལ་ལས་སོ་སོའི་མཚན་མ་མངོན་པའི་གདུགས་ཀྱིས་རང་གཞན་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པ་དང་།ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་གྱི་མཚོན་བྱེད་གསེར་ཉ་གཡུའི་འདབ་གཤོག་ཅན། ། མིག་འབྲས་སྒོར་ཞིང་འོད་འཁྱུག་པ། མཁྱེན་ཞིང་ལྕུག་པའི་ཉམས་འགྱུར་ཅི་ཡང་མངོན་ཞིང་སྐྱེས་བོ་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང་།པདྨ་ལ་ཆུ་མི་ཆགས་པ་ལྟར་འཁོར་བ་ལ་གནས་ཀྱང་འཁོར་བའི་སྐྱོན་་གྱིས་མི་གོས་ཤིང་ཚེ་རབས་ཀུན་ལ་རྫུན་སྤངསཔས་ལྗགས་པདྨ་ལྟ་བུ་ཐོབ་པ་དང་།བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྐྱེ་བ་བཟུང་བའི་ཆོས་དུང་གཡས་སུ་འཁྱིལ་བས་དམ་པའི་ཆོས་ཀྱི་སྒྲ་དབྱང་སྒྲོག་པ་དང་།བུམ་པ་འཆི་མེད་དུ་བདུད་རྩིའི་བཅུད་ཀྱིས་བཀང་བ་ལྟར་རང་རྒྱུད་ཆོས་ཀྱིས་བཀང་ནས་གདུལ་བྱའི་རྒྱུད་ཚིམས་པ་དང་། དཔལ་བེའུས་སངས་རྒྱས་ཀྱི་ཐོག་མཐའ་མེད་པ་གཏིང་དཔག་དཀའ་བའི་སྟོབས་རང་རྒྱུད་ལ་ཐོབ་པ་དང་།རྒྱལ་མཚན་གྱིས་ཕས་ཀྱི་རྒོལ་བ་དང་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་མཚོན་པ་དང་། འཁོར་ལོས་སྲིད་པའི་དྲ་བ་ཉོན་མོངས་པའི་རང་བཞིན་ཅན་རྩད་ནས་གཅོད་ཅིང་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ་དང་རང་གི་དཔལ་དང་ལོངས་སྤྱོད་སྙན་གྲགས་དང་དབང་ཐང་ཐམས་ཅད་བསྐྱེད་པ་བཅས་ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན་པའོ།།

རྩོམ་ཁུངས། བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ 》 ཡིན།


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ།  ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
23500401
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།