དཔེ་རྙིང་པར་སྐྲུན་བྱེད་པ་ནི་རིག་གནས་མྱུར་སྐྱོབ་བྱེད་པ་ཞིག་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »དཔེ་རྙིང་པར་སྐྲུན་བྱེད་པ་ནི་རིག་གནས་མྱུར་སྐྱོབ་བྱེད་པ་ཞིག་ཡི
དཔེ་རྙིང་པར་སྐྲུན་བྱེད་པ་ནི་རིག་གནས་མྱུར་སྐྱོབ་བྱེད་པ་ཞིག་ཡིན།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-23ལྟ་ཀློག (3439)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དཔེ་རྙིང་པར་སྐྲུན་བྱེད་པ་ནི་རིག་གནས་མྱུར་སྐྱོབ་བྱེད་པ་ཞིག་ཡིན།

རྒྱ་གྲོལ།

   དཔེ་རྙིང་ནི་མི་རིགས་ཤིག་གི་ཁྱད་ནོར་ཞིག་ཡིན་ཏེ་མི་རིགས་ཤིག་གི་སྔ་རབས་ཀྱི་རིག་གནས་ལ་མཛད་རྗེས་གང་འདྲ་ཞིག་བྱུང་མིན་ནི་མི་རིགས་དེའི་དཔེ་རྙིང་ལ་བལྟས་ན་གསལ་བོར་ཤེས་ལ།   མི་རིགས་ཤིག་གི་རིག་གནས་དར་སྤེལ་གཏོང་མིན་དེ་དཔེ་རྙིང་དེ་དག་དར་ཁྱབ་ཏུ་སོང་ཡོད་མེད་དེ་ལས་གསལ་བོར་ཤེས་ངེས།   མི་རིགས་སོ་སོའི་དཔེ་རྙིང་གི་ཚད་གང་འདྲ་ཞིག་འཇོག་མིན་ལ་རྒྱ་ནག་པས་དེང་རབས་པར་སྐྲུན་གྱི་སྲོལ་མ་བྱུང་བའི་སྔོན་གྱི་དཔེ་ཆ་ལ་དཔེ་རྙིང་དུ་འབོད།  ང་ཚོས་བོད་ལ་དཔེ་རྙིང་ཞེས་པའི་ཚད་གཞི་ཞིག་བཟོ་བ་མ་མཐོང་ཡང༌།  མི་རིགས་གཞན་པའི་ཚད་གཞི་དེ་ང་ཚོའི་མི་རིགས་འདིར་སྦྱར་ནའང་འགལ་བ་ཅི་ཡང་མེད།  བོད་ཀྱི་ད་ལྟ་གནའ་དཔེ་ལ་མཚན་ཉིད་ཡང་དག་པ་ཞིག་བཞག་མེད་ཅིང་རྒྱུན་པར་གནའ་དཔེ་ཞེས་པ་དེ་ང་བརྒྱད་སྔོན་གྱི་དཔེ་ཆ་ལ་ངོས་འཛིན་བཞིན་ཡོད།  ད་དུང་དཔེ་རྙིང་དང་གནའ་དཔེ་གཉིས་ལའང་མི་འདྲ་བའི་ཁྱད་པར་ཡོད་པར་འདོད།  འདི་ནི་མུ་མཐུད་དུ་དཔྱད་དགོས་པ་ཞིག་ཡིན།  བདག་གི་བསམ་པར་དཔེ་རྙིང་ནི་ང་བརྒྱད་སྔོན་གྱི་དཔེ་ཆ་ལ་ངོས་བཟུང་ན་འགལ་བ་མེད་པར་འདོད་ཅིང༌། གནའ་དཔེ་ནི་མ་མཐའ་ཡང་རྗེ་བླ་མའི་སྔོན་གྱི་དཔེ་ཆ་ལས་ངོས་བཟུང་ན་ལེགས་པར་འདོད།  དེ་བས་གནའ་དཔེ་ཡིན་ན་དཔེ་རྙིང་ཡིན་དགོས་ཀྱང་དཔེ་རྙིང་ཡིན་ན་གནའ་དཔེ་ཡིན་པས་ངེས་པ་མེད།  ང་ཚོའི་མི་རིགས་ནི་གནའ་དཔེའི་མཛོད་དུ་གྱུར་པའི་མི་རིགས་ཤིག་ཡིན་ནའང༌།  ཕངས་པ་ཞིག་ལ་ང་བརྒྱད་དང་རིག་གནས་གསར་བརྗེ་ཆེན་མོ་སོགས་སུ་བོད་ཀྱི་རིག་གནས་གཏོར་ཞིང་བརླགས།ད་ལྟ་སྐོར་ཞིག་ཡོད་པའང་དཔེ་རྒྱུན་དཀོན་ཞིང་དོ་དམ་བྱས་པ་མི་ལེགས་ཤིང༌།  ལྷག་བསམ་ཅན་གྱིས་དམ་པ་དག་གིས་རྩ་ཆེན་གྱི་དཔེ་ཆ་མང་བོ་བདག་གཉེར་དོ་དམ་དང་འདྲ་པར་བླངས་ཏེ་PDFབཟོ་བ་སོགས་ཀྱིས་དཔེ་རྙིང་དེ་དག་གིས་བོད་ཀྱི་ཤེས་ཅན་དག་ལ་བློ་གྲོས་ཀྱི་བང་བ་ཆེན་པོ་ཞིག་འདོན་བཞིན་ཡོད།  བོད་ཀྱི་དཔེ་རྙིང་མྱུར་སྐྱོབ་དང་དཔེ་རྒྱུན་སྤེལ་བའི་བྱས་རྗེས་ཆེས་ཆེ་བ་ནི་དཔལ་བརྩེགས་བོད་ཀྱི་ཡིག་རྙིང་ཞིབ་འཇུག་དང་ཨ་རིའི་བོད་ཀྱི་ནང་བསྟན་དཔེ་དེབ་ཆ་འཕྲིན་ལྟེ་གནས་གཉིས་ཀྱིས་གཙོས་སེར་གཙུག་གནའ་དཔེ་འཚོལ་སྡུད་ཁང་སོགས་ཀྱིས་བོད་ཀྱི་དཔེ་རྙིང་མྱུར་སྐྱོབ་ཀྱི་ཐད་དུ་བྱས་རྗེས་ཆེན་པོ་འཇོག་བཞིན་ཡོད།

   ལོ་འགའི་སྔོན་ལ་ང་ཚོས་མཚོ་སྔོན་ཞིང་ཆེན་གྱི་གནའ་དཔེའི་དཀར་ཆག་བསྒྲིགས་ཤིང་གནའ་དཔེ་མྱུར་སྐྱོབ་ཁང་བཙུགས་ནའང་ང་ཚོའི་མྱུར་སྐྱོབ་ཁང་དེའི་ལས་ཆོད་ཤིན་ཏུ་དམའ།  མཚོ་སྔོན་ཞིང་ཆེན་ནས་བལྟས་ན་གནའ་དཔེའི་མྱུར་སྐྱོབ་ཐད་ནས་འབྲས་བུ་ཆེན་པོ་ལོན་པ་ནི་མགོ་ལོག་ཁུལ་གནའ་དཔེ་མྱུར་སྐྱོབ་ཁང་རེད།  དེ་ལས་གཞན་པ་དག་གིས་གནའ་དཔེ་མྱུར་སྐྱོབ་ཐད་ཀ་བྱས་རྗེས་མེད་པ་མིན་ཡང་མགོ་ལོག་དང་སྡུར་རིན་མེད་པ་ཞིག་རེད།  ང་ཚོས་གནའ་དཔེ་མྱུར་སྐྱོབ་ཀྱི་ཐད་ནས་བལྟས་ན་ད་ལྟ་ངོ་སྤྲོད་བྱེད་རིན་ཡོད་པའི་སྒེར་གྱི་ཚོགས་པ་འགའ་ཞིག་ཡོད།  དེའི་ཐད་ནས་ང་ཚོས་ཕྱི་ནང་གཉིས་ལས་བལྟས་ན་ཤིན་ཏུ་ལེགས།

༡ ཕྱི་རྒྱལ་ནས་མྱུར་སྐྱོབ་ཀྱི་གནས་ཚུལ།

(༡) ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ཧྲང་ཧེ་གནའ་དཔེ་པར་སྐྲུན་ཁང༌།  ཧྥ་རན་སིའི་དཔེ་མཛོད་ཁང་བཅས་མཉམ་འབྲེལ་གྱིས་《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་གཉེར་བའི་བོད་ཡིག་ཡིག་ཚགས་》པར་དུ་བསྐྲུན་པས་ལོ་རྒྱུས་སྟེང་དུ་བྱས་རྗེས་ཆེན་པོ་ཞིག་བཞག

(༢) བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། འདི་ནི་ཨ་རིའི་སྐུ་ཞབས་ཇི་སི་མུ་སུ་ལགས་ཀྱིས་བཙུགས་པ་ཞིག་སྟེ། ཁོང་གིས་༡༩༦༨ལོ་ནས་རྒྱ་གར་དང་བོད། བལ་བོ། འབྲུག་པ།འབྲས་ལྗོངས་བཅས་ནས་བོད་ཀྱི་དཔེ་ཆ་མང་བོ་བསྐྱར་དཔར་དང་བཅས་མྱུར་སྐྱོབ་ཀྱི་ལས་ལ་ཞུགས། སྤྱི་ལོ་༡༩༩༩ལོར་ཁོང་གིས་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་དབྱིན་སྐད་དུ་Tibetan Buddhist Resource Centerཟེར་བ་ནི་པོ་ཧྲི་ཏོན་གྲོང་ཁྱེར་ནས་ལས་གྲོགས་ཁ་ཤས་དང་ལྷན་དུ་སྒེར་ལ་དབང་བའི་ཆོས་དཔེPDFབཟོས་པ་ནས་མགོ་ཚུགས་ཤིང༌། རིམ་གྱིས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཏེ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིPDFནམ་མཁའི་མཛོདTibetan Buddhist Resource Center Libraryཅེས་པ་འདི་གྲུབ། ལས་གཞིའི་ཁྱབ་ཁོངས་ཇེ་ཆེར་སོང་བ་དང་བསྟུན་པོ་ཧྲི་ཏོན་ནས་ཉིའུ་ཡོག་གྲོང་ཁྱེར་ལ་གནས་སྤར་ཏེ་ལས་ཚན་ཆ་ཚང་ཞིག་བཙུགས་པ་རེད།  ལྟེ་གནས་འདིས་བོད་ཀྱི་དཔེ་ཆ་མང་བོ་ཉར་ཚགས་བྱས་ཡོད་ཅིང༌། ལྷག་པར་དཔེ་ཆ་དེ་དགPDFཔར་གཞི་བཟོས་ནས་བཀྲམ་པས་བོད་ནང་དུ་ལག་ཏུ་སོན་དཀའ་བའི་དཔེ་ཆ་མང་བོ་ཞིག་གི་དཔེ་རྒྱུན་སྤེལ།  ད་ལྟ་བོད་ནང་ནས་པར་བསྐྲུན་བྱེད་ཀྱིན་པའི་དཔེ་ཆ་མང་བོ་ཞིག་གི་དཔེ་རྒྱུན་ཡང་ཁོང་ཚོས་སྤེལ་བཞིན་ཡོད་པས་བོད་ཀྱི་གནའ་དཔེ་མྱུར་སྐྱོབ་ཐད་ལ་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད།

༢ རྒྱལ་ནང་དུ་དཀར་ཆག་དང་དག་སྒྲིག་བཅས་ཀྱི་གནས་ཚུལ།

   ༡༩༨༨ལོ་ནས་རྒྱལ་ནང་དུ་བོད་ཀྱི་གནའ་དཔེ་༦༠༠ལྷག་པར་དུ་བསྐྲུན།  དཀར་ཆག་བྱང་བུ་༡༩༥༥༤༢ཙམ་ཡོད།  བོད་རང་སྐྱོང་ལྗོངས་ཀྱིས་༡༩༩༩ལོ་ནས་གནའ་དཔེའི་བྱ་བའི་འགོ་ཁྲིད་ཚན་ཆུང་བརྙེས་པ་ནས་༢༠༠༣བར་དུ་དཀར་ཆག་༡༤༤༢༨བཀོད་ཅིང༌།  དེའི་ནང་དུ་དཔེ་ཆའི་རིགས་༡༠༥༠༡ཡོད།

  མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་༡༩༨༤ལོ་ནས་གྲངས་ཉུང་མི་རིགས་གནའ་དཔེ་གཞུང་ལས་ཁང་བཙུགས་པ་ནས་༢༠༠༣བར་དུ་བོད་ཀྱི་དཔེ་ཆ་ཉི་ཤུ་ལྷག་པར་དུ་བསྐྲུན།  གསུང་འབུམ་༡༢༥ལྷག་དཀར་ཆག་ཏུ་བཀོད་ཡོད།  ཁུལ་སོ་སོའི་གནའ་དཔེ་གཞུང་ལས་ཁང་གིས་དཔེ་ཆ་སྐོར་ཞིག་པར་དུ་བསྐྲུན་ཞིང་ལྷག་པར་མགོ་ལོག་གི་གནའ་དཔེ་གཞུང་ལས་ཁང་གིས་མགོ་ལོག་ས་ཁུལ་གྱི་མཁས་པ་དག་གི་གསུང་འབུམ“མགོ་ལོག་དཔེ་རྙིང་དཔེ་ཚོགས”པར་དུ་བསྐྲུན་པས་ཀློག་པ་དག་གིས་དགའ་བསུ་ཆེན་པོ་ཐོབ།

   ཀན་སུའུ་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་༢༠༠༣བར་དུ་བོད་ཀྱི་དཔེ་རྙིང་ཉེར་ལྔ་དག་བསྒྲིགས་བྱས་ཤིང་བོད་ཀྱི་དཔེ་ཆའི་༢༨༡༠༠༠གྱི་དཀར་ཆག་བཀོད།  ལྷག་པར་མདོ་སྨད་ཞིབ་འཇུག་ཁང་གིས་ཀྱང་ལོ་འགའི་རིང་ལ་བོད་ཀྱི་ཡིག་རྙིང་གི་རིགས་སྐོར་ཞིག་པར་དུ་བསྐྲུན།

   སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་༡༩༨༡ལོ་ནས་དཔེ་རྙིང་མྱུར་སྐྱོབ་ཀྱི་ཐད་བརྩོན་པ་བྱས་ཤིང༌།  ཆ་མི་ཚང་བའི་བསྡོམས་རྩིས་ལྟར་ན་༢༠༠༣བར་དུ་བོད་ཀྱི་དཔེ་རྙིང་སྣ་ཚོགས་ཁྲི་༢༩ཉར་ཚགས་བྱས་ཡོད།  ཁོ་ཚོས་སི་ཁྲོན་གྱི་བོད་ཀྱི་དཔེ་ཆའི་དཀར་ཆག་ནང་དུ་དཔེ་ཆ་༤༠༠༠ལྷག་བཀོད་ཡོད།

   པེ་ཅིན་ནི་བོད་ཀྱི་གནའ་དཔེ་ཆེས་མང་ས་ཞིག་ཡིན་ཏེ་པེ་ཅིན་གྱི་དཔེ་མཛོད་ཁང་དག་དང་ལས་ཁུངས་དག་ཏུ་བོད་ཀྱི་གནས་དཔེ་ཁྲི་༣ལྷག་ཡོད་པར་བཤད། ༢༠༠༣ལོའི་བར་དུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་ཆ་༢༣པར་དུ་བསྐྲུན།  དེ་ན་རིན་ཐང་བྲལ་བའི་དཔེ་ཆ་མང་བོ་ཞིག་ཡོད་པར་བཤད།  དེ་ནི་དམངས་གཙོ་བཅོས་བསྒྱུར་སྐབས་སུ་བོད་ནས་པེ་ཅིན་དུ་གདན་དྲངས་པ་ཞིག་ཡིན་ངེས། 

ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་གཞུང་ལས་ཁང་གིས་༡༩༧༩ལོར་མི་རིགས་དཔེ་རྙིང་དག་སྒྲིག་གི་ལས་གཉེར་ཞིང་བདེ་ཆེན་བོད་རིག་རང་སྐྱོང་ཁུལ་གནད་དུ་བཟུང་ནས་བོད་ཀྱི་གནའ་དཔེ་དག་སྒྲིག་དང་ཉར་ཚགས་ཀྱི་ལས་ཀ་གཉེར།  ༢༠༠༣བར་དུ་གེ་སར་སྒྲུང་བྲིས་མ་དང་དཔར་མ་༣༠ལྷག་བསྡུས་ཤིང༌།

   བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༨༥ལོ་ནས་བོད་ཀྱི་གནའ་དཔེ་འཚོལ་སྡུད་དང་དཔེ་སྐྲུན་བྱས་ཏེ་རླངས་ཀྱི་པོ་ཏི་བསེ་རུ་དང་ཀར་ལེབ་སུམ་རྟགས།  དུས་རབས་རིམ་བྱོན་གྱི་ཁྲིམས་ལུགས་ཕྱོགས་བསྒྲིགས།  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་སོགས་དཔེ་ཆ་སྐོར་ཞིག་པར་དུ་བསྐྲུན།  ད་ལྟའི་བར་དུ་དཔེ་ཆ་མི་འདྲ་བ་ལྔ་བཅུ་ལྷག་པར་དུ་བསྐྲུན།

  གཞན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།  ཀན་སུའུ་མི་རིགས་དཔེ་སྐྲུན་བཅས་ཀྱིས་ཀྱང་བོད་ཀྱི་དཔེ་རྙིང་མང་བོ་པར་དུ་བསྐྲུན་ཡོད་དོ།།

གཉིས་པ།བོད་ནང་གི་སྒེར་གྱིས་གནའ་དཔེ་མྱུར་སྐྱོབ་བྱས་པའི་ཚུལ།

  དཔལ་བརྩེགས་བོད་ཡིག་ཞིབ་འཇུག་ཁང་དང༌།  ས་སྐྱ་དཔེ་རྙིང་བསྡུ་སྒྲིག་ཁང༌།  ཁམས་སྟོད་ཡུལ་ཤུལ་གནའ་དཔེ་བསྡུ་སྒྲིག་ཁང༌།  སེར་གཙུག་ནང་བསྟན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་བཅས་འགའ་ཡོད་ཅིང་དེ་ལས་ལས་ཆོད་ཆེ་བ་སྐོར་ཞིག་ངོ་སྤྲོད་བྱེད་པར་བྱ་སྟེ།

(༡)དཔལ་བརྩེགས་བོད་ཀྱི་དཔེ་རྙིང་ཞིབ་འཇུག་ཁང༌།  དཔལ་བརྩེགས་བོད་ཡིག་དཔེ་རྙིང་པར་བསྐྲུན་ཁང་གིས་༢༠༠༢ནས་༢༠༠༤བར་དུ་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་ཆ་ཁྲི་གཅིག་དང་སྟོང་གཉིས་མྱུར་སྐྱོབ་དང་དག་སྒྲིག་དཀར་ནག་བསྒྲིགས་པ་སོགས་བྱས།

  འབྲས་སྤུངས་དགོན་དང༌།  སེ་ར་དགོན།  ཞ་ལུ་དགོན།  རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན།  གྲོ་མཁར་ཆོས་སྡེ་དགོན།  ལྷོ་ཁ་ཀེ་རུ་ལྷ་ཁང༌།  སྙེ་མོ་བྱ་མཁར་ཆོས་སྡེ་དགོན།  ཁམས་དཔལ་སྤུངས་དགོན།  བྱང་དཀར་ཆོས་སྡེ་དགོན་བཅས་ལ་དཀར་ཆག་དང་དཔེ་རས།  དཔེ་སྒྲོམ་སོགས་ཁྱོན་ཡོངས་ནས་སྲུང་སྐྱོབ་ཞུས་པ་དང༌།  སྙེ་ཐང་སྒྲོལ་མ་ལྷ་ཁང༌།  འཕན་པོ་ན་ལེནྡྲ་སོགས་དགོན་རི་ཁྲོད་བཅོ་ལྔ་ཙམ་ལ་དཔེ་རས་ཀྱི་སྲུང་སྐྱོབ་ཞུས་པ།བོད་ལྗོངས་དཔེ་མཛོད་ཁང་སོགས་གཞུང་གཉེར་གྱི་དཔེ་མཛོད་ཁང་དང་སློབ་གྲྭ།སེར་འབྲས་སོགས་དགོན་སྡེའི་དཔེ་མཛོད་ཁང་དྲུག་ཅུ་ལ་དཔེ་ཆ་སྣ་ཚོགས་པོད་སུམ་ཁྲི་ལ་ཉེ་བ་ཙམ་ཕུལ་ཡོད།

   དཔེ་རྙིང་མྱུར་སྐྱོབ་ཀྱིས་པར་སྐྲུན་ཞུས་པ་ལ་མཚོན་ན།  མེས་པོའི་ཤུལ་བཞག་དེབ་ཉིས་བརྒྱ་ལྷག་ཙམ་དང༌།  བཀའ་གདམས་གཅེས་བཏུས་དེབ་ལྔ།  མཁྱེན་བརྩེའི་འོད་སྣང་དེབ་བཅོ་བརྒྱད།  བྱང་ཆུབ་ལྗོན་བཟང་དེབ་ལྔ།  ཤེས་བྱའི་གཏེར་བུམ་དེབ་ལྔ།  ས་མཐོའི་བུ་མོ་དེབ་བཞི།  འབྲས་སྤུངས་དགོན་གྱི་དཔེ་རྙིང་དཀར་ཆག་དེབ་གཉིས།  བོད་ཀྱི་དགོན་སྡེ་ཁག་ཅིག་གི་དཔེ་རྙིང་དཀར་ཆག་དེབ་གཅིག  བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་གླེགས་བམ་དགུ་བཅུ།  རྙིང་མ་རྒྱུད་འབུམ་པོད་ལྔ་བཅུ་ང་བརྒྱད།  ཡིག་རྙིང་ཕྱག་བྲིས་གཅེས་བཏུས་གླེགས་བམ་ལྔ་བཅུ་ང་བརྒྱད།  དུས་འཁོར་ཕྱོགས་བསྒྲིགས་གླེགས་བམ་ཉི་ཤུ།  ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་པོད་དགུ་བཅུ།  ཀརྨ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་པོད་བརྒྱ་དང་བརྒྱད་བཅས།ཁྱོན་པོད་དེབ་བསྡོམས་པའི་དྲུག་བརྒྱ་རེ་གཉིས་ཙམ་པར་དུ་བསྐྲུན།

  དེ་བཞིན་མེས་པོའི་ཤུལ་བཞག་སོགས་གོང་གསལ་དཔེ་ཚོགས་རྣམས་ཀྱི་འཕྲོ་མཐུད་པོད་དེབ་༤༢༨དང༌།  མཁན་སློབ་ཆོས་གསུམ་གྱི་གསུང་འབུམ་དེབ་བདུན།  བོད་ཀྱི་སྙན་རྩོམ་འདེམས་བསྒྲིགས་དེབ་གཉིས་བཅས།ཁྱོན་པོད་དེབ་བསྡོམས་པའི་བཞི་བརྒྱ་སུམ་ཅུ་ལྷག་གྲ་སྒྲིག་ཚར་བ་དང༌།གློག་རྡུལ་དཔེ་མཛོད་ཆེན་མོའི་ལས་གཞིར་དཔེ་རྙིང་པོད་བཞི་ཁྲི་ཙམ་འཚོལ་བསྡུ་ཐུབ་པ་དང༌།པོད་ཉིས་སྟོང་ལྷག་ཙམ་ལེགས་བསྒྲིགས་དང༌།རྩོམ་པ་པོའི་ངོ་སྤྲོད།ཆོས་ཚན་སོ་སོའི་དཀར་ཆག་བཀོད་པ་སོགས་མཐོང་ཆོས་མྱོང་འགྱུར་གྱི་གྲུབ་འབྲས་མི་དམན་ཙམ་ཐོབ་ཡོད།

  ༢༠༠༤ནས་ཡང་བསྐྱར་སེ་ར་དགོན་ནས་དཔེ་ཆ་དང་དཔལ་ཡུལ་དགོན་ཉིས་སྟོང་བདུན་བརྒྱ།  ཞ་ལུ་དགོན་དུ་ཉིས་སྟོང་ལྷག་སོགས་མདོ་ཁམས་ཀྱི་དགོན་པ་སོ་སོའི་དཔེ་རྙིང་མྱུར་སྐྱོབ་དང་པར་སྐྲུན་བྱས་པས་སྔོན་ཆད་མེད་པའི་དཔེ་རྙིང་མྱུར་སྐྱོབ་ཀྱི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཅིང་ད་ལྟའི་བར་དུ་དཔེ་རྙིང་མྱུར་སྐྱོབ་ཀྱི་འབྲེལ་ཡོད་སྡེ་དག་གིས་ཀྱང་བསྒྲུན་དུ་མེད་པའི་བྱས་རྗེས་ཆེན་པོ་བཞག

(༢)སེར་གཙུག་ནང་བསྟན་དཔེ་རྙིང་ཕྱོགས་བསྒྲིགས་ཁང༌།  སེར་གཙུག་ཅེས་པ་ནི་སེ་ར་དང་གཙུག་ལག་ཁང་གཉིས་ཀྱི་བསྡུས་མིང་སྟེ།  སེ་ར་ཐེག་ཆེན་གླིང་དང་ལྷ་ལྡན་གཙུག་ལག་ཁང་གཉིས་ཀྱིས་སོ་སོས་སྒོར་ཁྲི་ལྔ་བཅུ་རེ་འགྲོ་སོང་བཏང་ནས་སེར་གཙུག་ནང་བསྟན་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པ་བཙུགས་ཏེ་དཔེ་རྙིང་འཚོལ་སྡུད་ཀྱིས“ཁྱད་ནོར”རྟགས་ཅན་གྱི་གསུང་རབ་མང་བོ་པར་དུ་བསྐྲུན་དང་སྐྲུན་བཞིན་ཡོད་མཆིས།

    ཁོ་ཚོས་ད་ལྟའི་བར་དུ་དཔེ་ཆ་མི་འདྲ་བ་པོད་༣༣༣ལྷག་པར་དུ་བསྐྲུན་པ་མ་ཟད།  དེ་ལས་ཆ་གཅིག་དགོན་སྡེ་ཁག་དང༌།  དཔེ་མཛོད་ཁང༌།  སློབ་གྲྭ་སོགས་ལ་བརྒྱ་ལ་རིན་མེད་དུ་འབུལ་རྒྱུ་དང་འཕྲོ་མ་མ་རྩའི་ཐོག་ནས་སློབ་གཉེར་བ་དང་དོ་སྣང་ཅན་དག་ལ་ཕུལ་བཞིན་འདུག

  དེ་དག་གིས་བོད་ཀྱི་དཔེ་རྙིང་མྱུར་སྐྱོབ་དང་དར་སྤེལ་ལ་བྱེས་རྗེས་བླ་ན་མེད་པ་ཞིག་བཞག་ཅིང༌།  དེ་དང་བསྟུན་ནས་རིགས་འདིའི་རིག་གནས་དར་སྤེལ་གྱི་ཐད་ལའང་བྱས་རྗེས་ཆེན་པོ་བཞག་ཡོད།  དེ་དག་གིས་རང་རང་རྒྱུ་དངོས་དང་ངལ་བ་མང་བོ་ཁྱད་དུ་བསད་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོབ་དང་དཔེ་རྒྱུན་སྤེལ་བ་ལ་ང་ཚོས་མི་རིགས་འདིའི་སྐྱ་སེར་ཐུན་མོང་ཀུན་གྱིས་རྗེས་སུ་ཡི་རང་དང་རོགས་རམ་བྱ་འོས་པའི་རླབས་ཆེ་བའི་ལས་ཤིག་ཡིན་པས་དཔེ་ཆ་དཀོན་པོ་རེ་རང་གིས་ནོམ་དུ་བཟུང་བའི་སྐུ་ངོ་དག་གིས་ཀྱང་ཐུགས་བསམ་རེ་བཞེས་འོས་སོ།།

  ང་ཚོས་རྒྱུན་དུ་མི་རིགས་ཞེས་གླེང་བ་བཞིན་མི་རིགས་ཀྱི་ལས་དོན་ནི་མཐར་གཏུག་ན་རིག་གནས་ཀྱི་ལས་ནི་གལ་ཆེ་བས་ང་ཚོས་རྒྱུ་དངོས་དང་རྩོལ་སྒྲུབ་ཡོད་ཚད་རིག་གནས་ཀྱི་ཕྱོགས་ས་གཏོང་ཐུབ་ན་དེ་ལས་ཆབ་སྲིད་དང་དཔལ་འབྱོར་ལ་བརྒྱུད་ནས་ནུས་པ་ཆེན་པོ་ཞིག་འདོན་ཐུབ།དེ་བས་མི་རིགས་ནི་མི་རེ་རེས་གྲུབ་པ་ཞིག་ཡིན་ནའང༌།  མི་རིགས་ཀྱི་ཁེ་ཕན་པ་ནི་མི་རིགས་འདིའི་སྤྱི་དང་འབྲེལ་བའི་ཁེ་ཕན་ཞིག་ཡིན་པས་མི་རིགས་ཀྱི་རིག་གནས་མྱུར་སྐྱོབ་དང་དར་སྤེལ་བྱེད་པ་ནི་མི་རིགས་ཀྱི་རིག་གནས་དར་སྤེལ་དང་མྱུར་སྐྱོབ་བྱེད་པའི་དོན་གལ་ཆེན་ཞིག་ཡིན།

  ཤེས་རིག་ནོར་བུའི་གླིང་དུ་༢༠༡༤ལོའི་མཐར་ཕྱིན་འཛིན་གྲྭའི་རྩོམ་སྒྲིག་པ་དག་གིས་ཀྱང་བདག་ལ་ཉེར་མཁོ་ཆེ་ཞིང་དཔེ་རྒྱུན་དཀོན་པ་འགའ་ནང་ཁུལ་དཔྱད་གཞིའི་ཚུལ་དུ་དཔར་ན་ལེགས་ཆ་ཆེ་བས་བདག་ལ་དེའི་སྐོར་གང་ཞིག་དཔར་ན་ལེགས་མིན་དྲིས་བྱུང༌།

   བདག་ནི་དཔེ་རྙིང་གི་ལས་ལ་འཇུག་སྔ་བའི་མི་ཞིག་ཡིན་ཏེ་བདག་ལོ་བཅུ་གསུམ་བཅུ་བཞི་ནས་དཔེ་རྙིང་གི་འབྲེལ་འདྲིས་བྱས་མྱོང༌།བདག་འབྲེལ་འདྲིས་བྱས་པའི་དཔེ་རྙིང་དག་རྗེས་སུ་རྗེ་བླ་མའི་གསུང་དང་མཚན་ཉིད་ཀྱི་དཔེ་ཆ་དག་ཡིན་ལ།དེ་ལས་གསང་སྔགས་ཀྱི་སྐོར་དང་ས་དཔྱད།སྐར་རྩིས།གཏོ་ཆོག་སོགས་ལག་བྲིས་མ་གང་མང་ཞིག་ཡོད་པ་དག་དཔེ་སྐྲུན་བྱེད་ཨེ་ཐུབ་སྙམ་ནས་གོ་སྐབས་ལ་སྒུག་བཞིན་ཡོད།

  དེ་བས་སློབ་མ་དག་གིས་བདག་ལ་གྲོས་གཞི་འདི་བཏོན་མ་ཐག་བདག་དགའ་སྤྲོ་ཆེན་པོ་སྐྱེས་ཏེ།  བདག་ལ་སློབ་མ་དང་གྲོགས་པོ་དག་གིས་གནང་བའི་དཔེ་ཆ་སྐོར་ཞིག་འདེམས་ཏེ།  བདག་སྤྲོ་བ་ཆེན་པོས་དཔལ་བརྩེགས་ཀྱི་ལྡེབ་རིང་ལག་བྲིས་མའི་རྣམ་ཐར་ཕྱོགས་བསྒྲིགས་དེ་ཉིད་མང་བོ་ཞིག་གི་ལག་ཏུ་སོན་དཀའ་ཞིང༌།  མང་ཆེ་བ་དབུ་མེད་དུ་བྲིས་ཤིང་སྐུང་ཡིག་མང་བས་མང་བོས་ཀློག་མི་བདེ་བས་དེ་ལས་ལོ་ཙཱ་བའི་སྐོར་དང་གཞན་ལམ་ཡིག་གི་སྐོར་ཕྱོགས་བསྒྲིགས་ཀྱིས་དཔར་ན་ལེགས་པས་གྲོས་གཞི་བཏོན་པ་ཡིན།

དེ་བས་ཁོ་ཚོས་ངལ་བ་ཁྱད་དུ་བསད་ནས་ཡི་གེ་གཏག་པ་དང་ཞུ་དག་བྱས་པ་སོགས་འདི་ལ་དུས་ཚོད་དང་འགྲོ་གྲོན་མང་བོ་བཏང་བ་ནི་ངེས་པར་དོན་ཡོད་པ་ཞིག་ཡིན་པ་མ་ཟད།སློབ་མའི་ལས་ཀ་ལས་བལྟས་ན་ཆེས་ཁྱད་དུ་འཕགས་པའི་ལས་ཀ་ཞིག་ཀྱང་རེད།  དེ་བས་ངས་ཁོང་ཚོའི་སྙིང་སྟོབས་དང་བརྩོན་པ་ལ་ཆེད་དུ་བསྔགས་པ་བརྗོད་པར་འདོད་དོ།།

མཇུག་ཏུ་ཁོང་རྣམ་པ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ནས་མཐར་ཕྱིན་རྗེས་སློབ་གཉེར་གྱི་རྒྱུན་མུ་མཐུད་དུ་སྐྱོང་བ་དང་མཉམ་དུ་མི་རིགས་ཀྱི་རིག་གནས་ལ་སྨན་པའི་ལས་གང་མང་ཞིག་ལ་འཇུག་པའི་སྨོན་འདུན་ཞུའོ།།        ཞེས་རྒྱ་གྲོལ་ཤེས་རབ་བསྟན་དར་གྱིས་མང་རའི་དགོན་ཆེན་དུ་བྲིས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23538731
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།