ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོན་པའི་ནུས་པ་རགས་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། » ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོ
ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོན་པའི་ནུས་པ་རགས་ཙམ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-18ལྟ་ཀློག (4336)རྩོམ་ཁུངས: ཀྲུང་གོའི་བོད་ཀྱི་དྲ་བ།པར་འདེབ།

༄༅།། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོན་པའི་ནུས་པ་རགས་ཙམ་གླེང་བ།

རྩོམ་པ་པོ།   ཆུང་བདག
 
   [ནང་དོན་གནད་བསྡུས།]རྒྱལ་ཁབ་དང་མི་རིགས་གང་ཞིག་གི་སྤྱི་ཚོགས་དང་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་ཚེ། རང་གི་གནས་བབ་དངོས་ལ་གཞིགས་ནས། དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་ཤུགས་ཆེན་ལྡན་པའི་ཐོན་ལས་ཤིག་གཙོར་བཟུང་བྱས་པའི་རྨང་གཞིའི་འོག་ལས་རིགས་གཞན་དག་འཕེལ་རྒྱས་ཡོངས་ཐབས་བྱ་དགོས་པ་ཡིན། བཅིངས་འགྲོལ་ཐོབ་རྗེས། བོད་ལའང་རྒྱལ་ནང་གི་གྲོང་ཁྱེར་གཞན་དང་འདྲ་བར་བཟོ་ལས་དང་ཞིང་ལས་གཙོ་བོར་བཟུང་བ་མ་ཟད། མི་ཤུགས་དང་དངོས་ཤུགས་གང་ཐད་ནས་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་སུ་འགྲོ་ཐབས་བྱས་ཡོད་ཀྱང་། བོད་ཀྱི་ས་བབ་མཐོ་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། ཞིང་ལས་དང་ལྷག་པར་བཟོ་ལས་ཀྱི་རྨང་གཞི་ཆེས་ཞན་པ་སོགས་ཀྱི་རྐྱེན་པས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཕན་འབྲས་དེ་ཙམ་ཐོན་ཐུབ་མེད། འོན་ཀྱང་བོད་ལྗོངས་ལ་ས་ཁམས་དྭངས་ཤིང་ཁ་དབུགས་གཙང་བ་དང་། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ། སྣོད་བཅུད་ཀྱི་བཀོད་པ་ངོ་མཚར་ཆེ་བ་སོགས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་བཟང་པོ་འཛོམས་ལ། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ཐད་མདའ་གཅིག་གིས་གླ་བ་གཉིས་གསོད་ཐུབ་པའི་དཔེ་ལྟར་ནུས་པ་ཆེན་པོ་ཐོན་དང་ཐོན་བཞིན་ཡོད་པ་དོན་དངོས་ལས་ར་སྤྲོད་བྱས་ཡོད་པ་མ་ཟད། མ་འོངས་པའི་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཀ་གདན་(支柱)ཐོན་ལས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། གཞན་ཡང་། ཡུལ་སྐོར་སྤྲོ་འཆམ་ལས་རིགས་རང་ངོས་ནས་བརྗོད་ནའང་ཕྱི་འབྲེལ་གྱི་ལས་རིགས་ཤིག་ཡིན་པ་གང་ཞིག་ཐོན་ལས་ཨང་གསུམ་པའི་ཁོངས་སུ་གཏོགས་པ་དང་། ལས་རིགས་གཞན་ལ་སིམ་ཤུགས་ཀྱི་ནུས་པ་ཆེ་ལ་སྐུལ་ཁྲིད་བྱེད་ཐུབ་པ། ཡུལ་སྐོར་བྱ་གཞག་གཉེར་སྐྱོང་གི་མ་གནས་ཆུང་ལ་ཡོང་འབབ་ཆེ་བ། ལྷག་པར་དུ་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འདི་ཉིད་“དུས་རབས་ཉེར་གཅིག་གི་ཐོན་ལས་”སུ་གྲགས་པས་སྐྱེས་སྟོབས་དང་གསོན་ཤུགས་ཆེན་པོ་ལྡན་ཡོད། དེ་ལྟར་ང་ཚོས་བོད་ལྗོངས་ཀྱི་གནས་བབ་དངོས་དང་ཆ་རྐྱེན་ལ་གཞིགས་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་གཏོང་དགོས་ཞེས་ཚིག་ཐག་རགས་ཙམ་བཅད་ནས་ཞུས་པ་འདི་ལ་སྒྲུབ་བྱེད་ལུང་རིགས་ཕྲ་མོ་དྲངས་བ་གཤམ་གསལ་ལགས།[བརྡ་ཆད་གཙོ་བོ།]བོད་ལྗོངས། ཡུལ་སྐོར་སྤྲོ་འཆམ་ལས་རིགས། ནུས་པ།[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]F59[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1001-946X(2006)01-001-09

དང་པོ། ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་གཞི་ཁྱོན་དང་རྒྱལ་དམངས་དཔལ་འབྱོར་ཁྲོད་ཟིན་པའི་བསྡུར་གྲངས།

   བོད་ལྗོངས་སུ་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ལོ་ངོ་ཉི་ཤུ་ལྷག་ཙམ་འཕེལ་རྒྱས་སུ་ཕྱིན་པ་བརྒྱུད། ཡུལ་སྐོར་སྤྲོ་འཆམ་ལས་རིགས་མེད་པ་ནས་ཡོད་པ་དང་། འཐུས་ཚང་མིན་པ་ནས་རིམ་གྱིས་འཐུས་ཚང་དུ་སོང་བས་མིག་སྔར་གཞི་ཁྱོན་རགས་ཙམ་ཆགས་ཟིན་ཡོད། སྤྱི་ལོ་༡༩༦༨ལོའི་ཟླ་བཅུ་པར་བློ་མཐུན་ཏེང་ཞའོ་ཕིང་གིས་ལྷ་ས་བར་ཡུལ་སྐོར་སྤྲོ་འཆམ་གྱི་ལམ་ཐིག་གཏོད་དགོས་པའི་མཛུབ་སྟོན་གནང་མྱོང་ཡོད་ཅིང་། སྤྱི་ལོ་༡༩༩༥ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་གོང་འཕེལ་ཤུགས་ཆེན་བཏང་སྟེ་ལྗོངས་ཡོངས་ཀྱི་ཀ་གདན་ཐོན་ལས་(支柱产业)ཀྱི་གྲས་སུ་འགྱུར་བ་བྱ་རྒྱུའི་འཐབ་ཇུས་བཏོན་པ་དང་དུས་མཚུངས་སུ་《ཡུལ་སྐོར་སྤྲོ་འཆམ་ལས་རིགས་གོང་འཕེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་》བཟོས་པ་རེད།

བོད་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དར་འཕེལ་གཏོང་བའི་ཁྲོད་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་ལེན་བསྟར་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ཁྱོན་ཡོངས་ནས་ཞབས་ཞུའི་སྤུས་ཚད་དང་ཕྱོགས་བསྡུས་སྣེ་ལེན་ཞུ་ནུས་གོང་མཐོར་གཏོང་བ། ཡུལ་སྐོར་སྤྲོ་འཆམ་གྱི་མཛེས་ལྗོངས་དང་མཛེས་ལྗོངས་ཁུལ། ལམ་ཐིག་བཅས་གསར་དུ་གཏོད་ཀྱིན་དེ་གསུམ་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་རིམ་གྱིས་ཆགས་ནས་འབྲེལ་ཡོད་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དེ་ཀ་གདན་ཐོན་ལས་ཤིག་ཏུ་བརྩིས་ནས་འཕེལ་རྒྱས་སུ་བཏང་བས། ལྗོངས་ནང་ཁུལ་གྱི་ལས་རིགས་གཞན་དག་དང་བསྡུར་ན་ཐོན་ཁུངས་ཀྱི་ཆ་རྐྱེན་དང་། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས། དཔལ་འབྱོར་གྱི་ཕན་འབྲས། འཕེལ་རྒྱས་ཀྱི་མྱུར་ཚད། འཕེལ་རྒྱས་ཀྱི་གཞི་ཁྱོན་བཅས་ཀྱི་ཐད་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བ་དང་བསྟུན་ནས། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་སྤྱིའི་ཡོངས་འབབ་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་ཐོན་རྫས་རིན་ཐང་ནང་བཟུང་བའི་བསྡུར་གྲངས་ཀྱང་མུ་མཐུད་ནས་ཇེ་མཐོར་འགྲོ་བཞིན་ཡོད།

མིག་སྔར་བསྡོམས་རྩིས་བྱས་པར་གཞིགས་ན། “བོད་ལྗོངས་སུ་ཡུལ་སྐོར་སྤྲོ་འཆམ་ཁེ་ལས་༢༣༦ཡོད་པའི་ནང་རྒྱལ་སྤྱིའི་འགྲུལ་བཞུད་ཁང་༢༢དང་། རྒྱལ་ནང་གི་འགྲུལ་བཞུད་ཁང་༢༢  འགྲུལ་པ་ཁ་ཐོར་སྣེ་ལེན་ལྟེ་གནས་༡  ཡུལ་སྐོར་གྱི་སྣེ་ཤན་པའི་ཀུང་སི་༡   ཕྱི་འབྲེལ་ཡུལ་སྐོར་གྱི་གསོལ་མགྲོན་ཁང་༡༡༦བཅས་ཡོད་པའི་ནང་སྐར་མ་རིམ་པའི་གསོལ་མགྲོན་ཁང་༤༩  ཕྱི་འབྲེལ་གནས་ངེས་མེད་ཀྱི་སྐར་མ་རིམ་པ་མིན་པའི་གསོལ་མགྲོན་ཁང་དང་སྐུ་མགྲོན་ཁང་བསྡོམས་༦༢ཡོད་གཤིས་ཁྱོན་བསྡོམས་འགྲུལ་ཁང་༥༦༨༥དང་། ཉལ་ཁྲི་༡༤༨༠༠ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ཟོག་ཉོ་ཚོང་ཀུང་སི་༥ ཡུལ་སྐོར་སྤྲོ་འཆམ་གྱི་རླངས་འཁོར་ཀུང་སི་༤ ཕྱི་འབྲེལ་གནས་གཏན་འཁེལ་གྱི་ཡུལ་སྐོར་རླངས་འཁོར་༡༠༠༠ལྷག་ཙམ། ཡུལ་སྐོར་སྤྲོ་འཆམ་གྱི་སྤྲོ་གསེང་གཏོང་ཡུལ་༥ལས་རིགས་ཡོངས་ལ་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་༡༠ལྷག་ཙམ་བཅས་ཡོད། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་གྱི་ལས་ཀ་དངོས་སུ་བྱེད་མཁན་མི་གྲངས་༦༠༠༠ལྷག་ཙམ་ཡོད་པའི་ནང་བོད་རིགས་ཀྱི་ལས་བཟོ་བ་༣༧༢༠ཡོད་པ་དེས་ལས་བཟོ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་༦༢བཟུང་བ་དང་། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བཟོ་བ་༢༢༨༠ཡོད་པ་དེས་ལས་བཟོ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་༣༨ཟིན་ཡོད། ཞོར་གཏོགས་ལས་ཀ་བྱེད་མཁན་གྱི་མི་ཁྲི་ཚོ་༤ལ་ཉེ་བརསླེབས་ཡོད། ཡུལ་སྐོར་སྣེ་ཤན་པའི་ལས་ཀ་དངོས་སུ་བྱེད་མི་༥༦༠ཡོད་པའི་ནང་དངོས་གཞིའི་ཡུལ་སྐོར་སྣེ་ཤན་པ་༡༤༡ཡོད་པ་དེས་སྤྱིའི་བརྒྱ་ཆའི་༢༥བཟུང་བ་དང་གདན་ཞུའི་གནས་སྐབས་ཡུལ་སྐོར་སྣེ་ཤན་པ་༤༢༩ཡོད་པ་དེས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་༧༥བཟུང་ཡོད། གནས་ཚུལ་འདི་དག་གི་རྐྱེན་པས་རང་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ཅུས་དང་ཡུལ་སྐོར་སྤྲོ་འཆམ་ཁེ་ལས་ཁག་གིས་ལོ་རེའི་ཡུལ་སྐོར་སྤྲོ་འཆམ་པ་ཉུང་བའི་དུས་ཚིགས་ནང་འགྲུལ་བཞུད་ཁང་གི་སྤྱི་གཉེར་བ་དང་སྣེ་ཤན་པ། ཞབས་ཞུ་བ་སོགས་གསོ་སྦྱོང་བྱེད་པ་དང་། སྤྱི་ལོ་༢༠༠༢ལོ་བར་གསོ་སྦྱོང་ནང་ཞུགས་མཁན་མི་ཐེངས་ཁྲི་ཚོ་༣ཟིན་ཡོད་ལ། ལྗོངས་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་ཀ་བྱེད་མཁན་གྱི་ཟླ་རེའི་ཆ་སྙོམས་ཡོང་འབབ་ཀྱང་སྤྱི་ལོ་༡༩༨༩ལོའི་སྒོར་༢༠༠ལྷག་ཙམ་ནས་མིག་སྔའི་སྒོར་༡༤༠༠ལྷག་ཙམ་ལ་འཕར་བར་གཞིགས་ན། ཟླ་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་བརྒྱ་ཆའི་༥༣༦ཟིན་ཡོད།” 【1】དེའི་། ཕྱིར་འཕེལ་རྒྱས་ཀྱི་མྱུར་ཚད་དང་གཞི་ཁྱོན་ཇེ་ཆེར་སོང་མཐར། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་ཡོང་འབབ་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་ཐོན་རྫས་རིན་ཐང་ནང་བཟུང་བའི་བསྡུར་གྲངས་མུ་མཐུད་ཆེ་རུ་ཕྱིན་ཏེ། ༡༩༩༠ལོའི་བརྒྱ་ཆའི་༡. ༥ནས་༢༠༠༢ལོའི་བརྒྱ་ཆའི་༦བར་མཐོ་རུ་ཕྱིན་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དེ་རང་ལྗོངས་ཀྱི་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཡིན་པའི་སྐྱེས་སྟོབས་དང་གསོན་ཤུགས་གང་ལེགས་མངོན་གྱི་ཡོད།

གཉིས་པ། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་འབྲེལ་ཡོད་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ།

   ཡུལ་སྐོར་སྤྲོ་འཆམ་ལས་རིགས་ནི་ཐོན་ལས་ཨང་གསུམ་པའི་ཁོངས་སུ་གཏོགས་པ་མ་ཟད། ཕྱོགས་བསྡུས་ཞབས་ཞུའི་བྱེད་ནུས་ལྡན་པའི་ཐོན་ལས་ཤིག་ཀྱང་ཡིན། དེའི་ཁྱབ་ཁོངས་ཆེ་ཞིང་འབྲེལ་ཡོད་ལས་རིགས་གཞན་དག་ལའང་སིམ་ཤུགས་(渗透力)ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད། རྒྱུན་གཏན་གྱི་གནས་ཚུལ་ལྟར་ན། ཡུལ་སྐོར་བ་ཞིག་ཡིན་ཕྱིན་ལྗོངས་རྒྱུའི་བརྒྱུད་རིམ་ནང་“བཟའ་བཏུང་དང་། ཞག་སྡོད། འགྲིམ་འགྲུལ། ལྗོངས་རྒྱུ། ཟོག་ཉོ། སྤྲོ་སྐྱིད་གཏོང་བ་”སོགས་དང་འབྲེལ་བའི་བྱ་འགུལ་སྣ་ཚོགས་ཐོན་སྲིད་པ་དང་། ཡུལ་སྐོར་གྱི་བྱ་སྤྱོད་(旅游行为)དེ་དག་གིས་འགྲིམ་འགྲུལ་ལས་རིགས་དང་། ཚོང་ལས། འཛུགས་སྐྲུན་ལས་རིགས། ཡིག་ཟམ་གློག་འཕྲིན་ལས་རིགས། དངུལ་རྩའི་ལས་རིགས། ས་གཤིས་ལས་རིགས། ཕྱི་འབྲེལ་ཉོ་ཚོང་ལས་རིགས་སོགས་དང་འབྲེལ་བ་ངེས་ཅན་འབྱུང་ཁར། བཟོ་ལས་དང་ཞིང་ལས་སོགས་དངོས་པོའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་ལས་རིགས་དེ་དག་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དེར་བརྟེན། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ལ་འཕེལ་རྒྱས་བྱུང་ཚེ། དེ་དང་འབྲེལ་བའི་ལས་རིགས་གཞག་དག་ལ་སྐུལ་ཁྲིད་བྱེད་ཐུབ་པ་མ་ཟད། རྒྱལ་དམངས་དཔལ་འབྱོར་གྱི་ཡོང་འབབ་མཐོར་འདེགས་ཐད་ནུས་པ་གལ་ཆེན་ཐོན་དང་ཐོན་བཞིན་མཆིས།

༡.ཞིང་ལས་ཐད་ཐོན་པའི་ནུས་པ།

  ང་ཚོས་ཞིང་ལས་ཚན་རིག་གོང་འཕེལ་གཏོང་བ་དང་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་གྱི་དགོས་པར་དམིགས་ནས། (༡)ཞིང་ལས་ཚན་རྩལ་གྱི་ལྡུམ་ར་གསར་སྤེལ་བྱེད་པ། (༢)དབྱར་བསྙལ་ཞིང་ས་འཇོག་པ། (༣)ཡུལ་སྐོར་ཤིང་འབྲས་ལྡུམ་ར་དང་ཚལ་ར། གསོ་སྤེལ་ར་བ་གསར་འཛུགས་བྱེད་པ། (༤)ཞིང་ལས་སྐྱེད་ཚལ་ལྡུམ་ར་གསར་སྐྲུན་བྱེད་པ་སོགས་བྱས་ཚེ། ཞིང་ལས་ཚན་རིག་དར་སྤེལ་གཏོང་ཐུབ་པ་མ་ཟད། ཞིང་པ་རང་ངོས་ཀྱི་ཐོན་སྐྱེད་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་བ་བཅས་ཀྱི་ཕན་འབྲས་ཐོན་པ་དང་། ལྷག་པར་དུ་གཅིག་ནས་ཞིང་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་ཐུབ་པ་མ་ཟད། ཞིང་ལས་ཐད་ཀྱི་ཡུལ་སྐོར་རྣམ་གྲངས་དང་ཁྱབ་ཁོངས་དེ་བས་རྒྱ་ཆེ་ལ་ཕུན་སུམ་ཚོགས་སུ་གཏོང་ཐུབ་ཀྱི་ཡོད་ལ། གཉིས་ནས་ཞིང་ལས་ཐོན་སྐྱེད་ལ་མཁོ་བའི་ཆ་རྐྱེན་འཐུས་ཚང་དུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་པ་དང་ཞིང་ལས་ཀྱི་ཁོར་ཡུག་ལེགས་བཅོས་ཐུབ་པ། གསུམ་ནས་བོད་ལྗོངས་ཀྱི་ཞིང་ལས་བདེ་བླག་ངང་འཕེལ་རྒྱས་འགྲོ་བ་མ་ཟད། ཞིང་པའི་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་ཐུབ་པ་ཡིན།
 

༢.བཟོ་ལས་ཐད་ཐོན་པའི་ནུས་པ།

     ཚན་རིག་ལག་རྩལ་འཕེལ་རྒྱས་སུ་ཕྱིན་པ་དང་དུས་མཚུངས་སུ་བཟོ་ལས་དང་ཁེ་ལས་ཐད་སྔར་ན་མེད་པའི་འཕོ་འགྱུར་ཆེན་པོ་བྱུང་ནས། དཔལ་འབྱོར་གྱི་ཕན་འབྲས་ཀྱང་བཟང་པོ་ཐོན་ཡོད། དེར་བརྟེན་ལུགས་མཐུན་གྱི་བཟོ་གྲྭ་དང་ཁེ་ལས་འཛུགས་གཉེར་བྱ་རྒྱུ་ནི་མ་འོངས་པར་བོད་ཀྱི་སྤྱི་ཚོགས་ཀྱི་རྗེས་ལུས་རྣམ་པར་སྒྱུར་བཅོས་དང་དངོས་པོའི་མཐུན་རྐྱེན་གསར་སྐྲུན་བྱེད་པའི་ཐབས་ལམ་གཙོ་བོའི་གྲས་ཤིག་ཡིན་པས་ང་ཚོས་ངེས་པར་དུ་ཁག་ཐེག་ཡོང་བ་བྱ་དགོས། འོན་ཀྱང་ང་ཚོས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་གོ་རིམ་དང་འཆར་གཞི་མེད་པར་གང་བྱུང་དུ་བཟོ་གྲྭ་དང་ཁེ་ལས་འཛུགས་གཉེར་བྱེད་པ་དང་། དེ་དག་ལས་ཐོན་པའི་བཙོག་དྲི་དང་ཆུ་སྙིགས། ཅ་དངོས་ཟོག་རོ་སོགས་ནན་ཏན་གྱིས་དོ་དམ་དང་ཐག་གཅོད་མ་བྱས་པ་སོགས་ཡིན་ན། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་དང་སྲོགས་ཆགས་ཀྱི་ལུས་ཁམས་ལའང་གནོད་པ་ཆེན་པོ་ཡོང་གི་ཡོད། ལྷག་པར་དུ་མདོ་དབུས་མཐོ་སྒང་གི་གནས་འདི་ས་ཁམས་དྭངས་ཤིང་ཁ་དབུགས་གཙང་པའི་ཁུལ་ཞིག་ཡིན་ཁར། རང་རྒྱལ་གྱི་ཆུ་ཆེན་འགའ་ཡི་ཆུ་མགོ་ཡང་དེར་ཐུག་ཡོད་པས། གལ་ཏེ་གནས་འདིའི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ཚེ། དེའི་མཐའ་བཞིར་གནས་པའི་ཁོར་ཡུག་ལའང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། དེའི་ཕྱིར་ང་ཚོས་བོད་ཀྱི་ས་བབ་དང་གནས་ཚུལ་ངོ་མར་གཞིགས་ནས། ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་དར་སྤེལ་བཏང་ཚེ། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ཐད་མདའ་གཅིག་གིས་གླ་བ་གཉིས་གསོད་པའི་དཔེ་བཞིན་ནུས་པ་ཆེན་པོ་ཐོན་པ་དོན་དངོས་ལས་ར་སྤྲོད་བྱས་ཡོད། དེ་ལྟར་ང་ཚོས་རང་བྱུང་ཁོར་ཡུག་ལ་གནོད་པ་མི་འབྱུང་ཕྱིར། གཅིག་ནས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སྔར་བས་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་གཉེར་སྐྱོང་གི་འདུ་ཤེས་དག་མི་རྣམས་ཀྱི་སེམས་སུ་འཇགས་ཐུབ་པ་བྱ་དགོས། གོང་གསལ་གནས་ཚུལ་འདི་གཉིས་ལག་བསྟར་དོན་འཁྱོལ་བྱུང་ཚེ། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཕན་འབྲས་བཟང་པོ་ཐོན་པ་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཆེར་སོང་ནས། བཟོ་པ་རང་ངོས་ཀྱི་རིག་གནས་དང་ལག་རྩལ་ཆུ་ཚད་གོང་མཐོར་བཏང་སྟེ། ལག་རྩལ་ཁྱད་ལྡན་གྱི་འཕྲུལ་ཆས་གསར་བཟོའི་ཐད་ལ་ཤུགས་སྣོན་རྒྱག་པ་དང་། དངོས་པོའི་ཐོན་རྫས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་བཙོག་དྲི་ཕྱིར་གཏོང་དང་ཆུ་སྙིགས་ཕྱིར་འབུད་ཀྱི་བསྡུར་གྲངས་ལ་ཚོད་འཛིན་ནན་པོ་བྱེད་ཐུབ་ཀྱི་ཡོད་ལ་བཟོ་གྲྭ་ལས་ཐོན་པའི་ཅ་དངོས་ཟོག་རོ་དེ་དག་ལའང་ཐག་གཅོད་ཡག་པོ་བྱེད་ཐུབ་ཀྱི་ཡོད། བོད་ལ་མཚོན་ན། བཟོ་གྲྭ་མང་པོ་མེད་ཀྱང་ཡོད་པ་རེ་གཉིས་(ཨར་འདམ་དང་། སྦི་རག  རྡོ་སྣུམ་བཟོ་གྲྭ་སོགས་)ཀྱིས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད། གང་ལགས་ཤེ་ན། བཟོ་པའི་ལག་རྩལ་གྱི་བྱང་ཚད་དམའ་བ་དང་ཐོན་སྐྱེད་ཀྱི་སྒྲིག་ཆས་རྙིང་བ། བཟོ་གྲྭ་སྤྱིའི་དོ་དམ་གྱི་ཆུ་ཚད་ཞན་པས་ཡིན། གནས་ཚུལ་དེ་རིགས་འགོག་ཕྱིར། ང་ཚོས་ཕྱོགས་གང་ཐད་ནས་ལག་རྩལ་ལ་མཐོང་ཆེན་དང་ཚན་རྩལ་དར་སྤེལ་བཏང་ནས། བཟོ་གྲྭའི་རྣམ་པར་སྒྱུར་བཅོས་གཏོང་བ་དང་དཔལ་འབྱོར་གྱི་ཕན འབྲས་ཞན་ལ་ཁོར་ཡུག་ལ་གནོད་པ་ཆེ་བའི་ཁེ་ལས་ཀྱི་ཐོན་སྐྱེད་ལམ་(生产线)མང་དག་ཅིག་ལྗོངས་རྒྱའི་ལམ་དུ་བསྒྱུར་ན། ཁུལ་དེའི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་དར་སྤེལ་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད་ཐོན་སྐྱེད་བཟོ་གྲྭའི་ཁོར་ཡུག་ཀྱང་ལེགས་བཅོས་ཐུབ་ཀྱི་རེད།

༣.འཛུགས་སྐྲུན་ལས་རིགས་ཐད་ཐོན་པའི་ནུས་པ།

     ཡུལ་སྐོར་སྤྲོ་འཆམ་ལས་རིགས་གོང་འཕེལ་གཏོང་དགོས་ན། ངེས་པར་དུ་རང་བྱུང་ཁོར་ཡུག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་སྣོད་བཅུད་ཀྱི་བཀོད་པ་ངོ་མཚར་བ་གཉིས་ལོས་ཀྱང་ཡོད་དགོས། ང་ཚོ་བོད་ལ་མཚོན་ན། ཆ་རྐྱེན་དེ་གཉིས་འཛོམས་ཆེ་བ་སྟེ། རང་བྱུང་མཛེས་ལྗོངས་ཁུལ་ནས་བཤད་ན། མཚོ་དང་མཚེའུ་སྣ་ཚོགས་གཅལ་དུ་བཀྲམ་པ་ལྟ་བུར་ཡོད་པ་དང་། རི་མཐོ་ས་གཙང་ཆུ་ཀླུང་སོགས་བགྲང་གིས་མི་ལང་པ་མཆིས་པ། གཞན་ཡང་གཏེར་ཁ་དང་། སྨན་རིགས། རི་དྭགས། གཅན་གཟན། བྱ་རིགས་སོགས་ཤིན་ཏུ་ཕུན་སུམ་ཚོགས་པའི་ས་ཁུལ་ལྷ་གནས་མི་ཡུལ་དུ་འཕོས་པ་ལྟ་བུ་ཞིག་ཡིན་པས་རེ་རེ་ནས་དྲང་བའི་དགོས་པ་མེད། དེ་བཞིན་སྣོད་བཅུད་ཀྱི་བཀོད་པའི་ངོས་ནས་བཤད་ན། ལྗོངས་ཡོངས་སུ་བོན་གྱི་དགོན་པ་ཉིས་བརྒྱ་ལྷག་དང་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གིས་བཞེངས་པའི་དགོན་སྡེ་ཆིག་སྟོང་བདུན་བརྒྱ་ལྷག་ཡོད་པ།  དེ་མཚུངས་སུ་བོད་ཀྱི་མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་དང་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ། ཞང་བོད་གཅིག་གྱུར་མ་བྱུང་གོང་གི་ཞང་ཞུང་རྒྱལ་རབས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་དང་། མཁར་རོའི་གནའ་ཤུལ། རྒྱལ་རྩེ་རྫོང་རི་སོགས་ལོ་རྒྱུས་ཀྱི་གནའ་ཤུལ་གྲགས་ཅན་དུ་མ་མཆིས་ལ། དེ་དག་གིས་གཅིག་ནས་བོད་ཀྱི་གནའ་རབས་རིག་གནས་ལག་རྩལ་འཕེལ་རྒྱས་སྐོར་ལ་ཚན་རིག་གི་གཞི་འཛིན་ས་བྱུང་བ་དང་། གནའ་རྫས་ཐོན་ཡུལ་དང་ཐོན་དངོས་བཅས་ནས་ཀྱང་གནའ་རབས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གྱ་ནོམ་པ་ཞིག་འདོན་སྤྲོད་བྱས་ཡོད་པས། གནའ་ཤུལ་དེ་རིགས་ད་གཟོད་ཡུལ་སྐོར་གྱི་ཐོན་ཁུངས་བཟང་པོར་གྱུར་ནས། རྒྱལ་ཕྱི་རྒྱལ་ནང་དང་ལྗོངས་ནང་ཁུལ་གྱི་བོད་ཀྱི་ལོ་རྒྱུས་དང་དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ལ་ཞིབ་འཇུག་བྱེད་མཁན་གྱི་རིག་པ་སྨྲ་བ་དང་ཆེད་ལས་མཁས་པ་ཚོའི་ཡིད་དབང་འཕྲོག་བཞིན་ཡོད། འོན་ཀྱང་། བོད་ཀྱི་ས་བབ་མཐོ་བ་དང་ས་རྒྱ་ཆེ་བ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་རྒྱུ་རྐྱེན་དུ་མས་ཐོན་ཁུངས་མང་དག་ཅིག་ད་དུང་ཡང་བེད་སྤྱོད་གཏོང་ཐུབ་མེད། དེར་བརྟེན། བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་དར་སྤེལ་གཏོང་ཕྱིར། བོད་ཀྱི་འགྲིམ་འགྲུལ་དང་ཆ་འཕྲིན། ཐོན་ཁུངས་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་སྒྱུར་བཅོས་གཏོང་དགོས། ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རིམ་བཞིན་ལྷ་ས་དང་རྒྱལ་རྩེ་སོགས་གྲོང་ཁྱེར་དང་གྲོང་རྡལ་བདུན་ལ་སྤྱི་སྤྱོད་སྒྲིག་ཆས་དང་ཚོང་ལས་ཞབས་ཞུའི་སྒྲིག་ཆས། རིག་གནས་འཕྲོད་བསྟེན་གྱི་སྒྲིག་ཆས་སོགས་གཞི་ཁྱོན་མི་འདྲ་བའི་རྨང་གཞིའི་སྒྲིག་ཆས་བཟོ་སྐྲུན་བྱས་ཡོད་ལ། སྣུམ་ནག་གཞུང་ལམ་བཟོས་པ་དང་རང་འབབ་ཆུའི་མ་ལག་སྒྲིག་བཀོད་བྱས་པ། ལྷག་པར་དུ་གྲོང་ཁྱེར་ནང་གི་ཁང་པ་རྙིང་པ་དང་ཕན་མེད་རྣམས་སྒྱུར་བཅོས་བྱས་ཡོད། གཞན་ཡང་། ཡུལ་སྐོར་བའི་འདོད་བློ་སྐོང་ཆེད་དུ་ཞིང་ལས་ཉོ་ཚོང་ཁྲོམ་ར་༡༤༠ཙམ་བསྐྲུན་པ་དང་ཆེད་ལས་སྡེབ་ཚོང་ཁྲོམ་ར་དང་། དེ་མིན་སྔོ་ཚལ་དང་ཤ་རིགས་ཤིང་འབྲས་སོགས་ཀྱི་རྨང་གཞིའི་ས་གནས་བཙུགས་ཏེ། གྲོང་ཁྱེར་ནང་གི་ཐོན་སྐྱེད་དང་འཚོ་བ་སྟབས་བདེར་གཏོང་བཞིན་ཡོད། མཛེས་ལྗོངས་གསར་བཟོ་བྱེད་སྐབས་ངེས་པར་དུ་བོད་མི་རིགས་རང་གི་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་དགོས་པ་ཡིན། དཔེར་ན། བོད་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་བཟའ་འཐུང་ཁང་དང་སྤྲོ་སྐྱིད་ཁང་། སྣེ་ལེན་ཁང་སོགས་གསར་སྐྲུན་བྱས་ཚེ། མི་རིགས་རང་ཉིད་ཀྱི་འཛུགས་སྐྲུན་གྱི་ལག་རྩལ་གོང་མཐོར་གཏོང་ཐུབ་པ་དང་། ཆབས་ཅིག་ནུབ་གླིང་དང་ནང་སའི་དེང་དུས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་བཟང་ཆ་མཐའ་དག་ཉམས་སུ་བླངས་ནས། རང་རིགས་ཀྱི་ཨར་ལས་བཟོ་སྐྲུན་ཐད་ཀྱི་མི་འདང་བའི་སྟོང་ཆ་རྣམས་ཁ་སྐོང་བྱེད་ཐུབ་ཀྱི་ཡོད།

༤.བཟའ་བཏུང་ལས་རིགས་ཐད་ཐོན་པའི་ནུས་པ།

     བཟའ་བཏུང་ལས་རིགས་ནི་ཐོན་ལས་ཨང་གསུམ་པའི་ཁོངས་སུ་གཏོགས་ཤིང་། མི་དམངས་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བའི་ལས་རིགས་ཤིག་ཡིན། ལས་རིགས་དེའི་ཆ་ཤས་འགའ་ཞིག་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དང་མཉམ་འདྲེས་བྱུང་བ་མ་ཟད། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད། དཔེར་ན། ཁྲོམ་ལམ་གཡས་གཡོན་དུ་གནས་པའི་མི་དམངས་མང་ཚོགས་ཀྱི་འཚོ་བར་ཞབས་ཞུ་སྒྲུབ་བཞིན་པའི་བཟའ་བཏུང་ཁང་དེ་དག་ཁ་གྲངས་མང་ལ་ཁྱབ་རྒྱ་ཆེ་བ་དང་། ཚོང་གཉེར་གྱི་དུས་ཚོད་རིང་ལ་ཐབས་ཤེས མང་བ། མ་གནས་ཆུང་ལ་ཁེ་བཟང་ཆེ་བའི་དགེ་མཚན་ལྡན་པ། ལྷག་པར་དུ་བོད་དུ་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་སུ་སོང་བ་དང་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཇེ་ཆེར་སོང་བས། མི་རྣམས་ཀྱི་ཚོང་གཉེར་གྱི་འདུ་ཤེས་ཤུགས་ཆེར་སོང་སྟེ། སྤྱི་སྒེར་གཉིས་ནས་རང་རང་གི་འཁོས་བབ་ལ་གཞིགས་པའི་བོད་མི་རིགས་རང་གི་བཟའ་བཏུང་གི་ཁྱད་ཆོས་ལྡན་པའི་ཟ་ཁང་དང་ཆང་ཁང་། ཇ་ཁང་སོགས་མང་པོ་འཛུགས་གཉེར་བྱས་ནས་ཤ་འབྲས་དང་ཟླ་འབྲས། བོད་ཐུག  ཤ་མོག་མོག  བག་ལེབ། ཐུད། མར། ཕྱུར་བ། ཤ་སྐམ་པོ། ཤ་རྗེན་སོགས་བཟའ་ཆ་གཙོ་བོར་བྱེད་པ་དང་། ཇ་མངར་མོ་དང་སྲུབ མ། ནག་ཇ། འོ་ཞོའི་རིགས་ཀྱི་འཐུང་ཇ། ཨ་རག  ནས་ཆང་། འབྲས་ཆང་སོགས་འཐུང་ཆ་གཙོ་བོར་བྱས་ནས་གཉེར་སྐྱོང་བྱེད་ཀྱི་ཡོད། དེ་མིན་ཁོ་ཚོས་ཕྱོགས་ཀུན་ནས་ཡོང་བའི་ཡུལ་སྐོར་བ་ཚོའི་བཟའ་བཏུང་ཐད་མཐུན་རྐྱེན་གང་ལེགས་སྐྲུན་ཆེད། རྒྱ་ཟས་དང་ནུབ་གླིང་གི་ཟས་རིགས་སྣ་ཚོགས་ཀྱང་གཡོས་སྦྱོར་བྱས་ནས་མཁོ་འདོན་བྱེད་ཀྱི་ཡོད་ལ། ཡུལ་སྐོར་བ་ཚོས་ཀྱང་ཧ་ཅང་མཉེས་པོ་གནང་གི་ཡོད།

   དེ་ལྟར་ཡུལ་སྐོར་བ་ཚོ་མགྲོན་ཁང་ནང་ཞག་སྡོད་བྱ་རྒྱུ་ཙམ་མིན་པར་བཟའ་བཏུང་སྤྱོད་དགོས་པ་ཡིན་ལ། ཁོ་ཚོས་ས་ཆ་དེ་གའི་ཡུལ་གོམས་གཤིས་ལུགས་དང་མི་དམངས་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་ཐུབ་ཕྱིར། གཞི་རིམ་གྱི་ཁྲོམ་ལམ་དུ་སོང་ནས་བཟའ་བཏུང་སྤྱོད་པ་མང་བས། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་བཟའ་བཏུང་ལས་རིགས་ཐད་ཐོན་པའི་ནུས་པ་ནི་སྒོར་མོའི་ཡོང་འབབ་ཙམ་མ་ཡིན་པར། བཟའ་བཏུང་ལས་རིགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་ཚོང་གཉེར་བྱེད་ལུགས། བཟའ་བཏུང་གི་ཁོར་ཡུག་གཙང་བསྒྱུར་(净化)བཅས་ཀྱི་ཐད་ལ་ལེགས་བཅོས་ཐུབ་པ་ལ་བརྟེན་ནས། ས་གནས་རང་བཞིན་གྱི་བཟའ་བཏུང་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་འབྱུང་སྲིད།

མདོར་ན། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་ཞིང་ལས་སོགས་ཐོན་སྐྱེད་ལས་རིགས་ཐད་ཐོན་པའི་ནུས་པ་དང་ཚོང་ལས་སོགས་ཞབས་ཞུའི་ལས་རིགས་ཐད་ཐོན་པའི་ནུས་པ་གཉིས་ཀས་ལས་རིགས་ཁག་དོ་མཉམ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་པ་མ་ཟད། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཐུབ་རྒྱུར་ཡང་ཕན་འབྲས་ཆེན་པོ་ཐོན་གྱི་ཡོད།

གསུམ་པ། ལས་ཞུགས་གོ་སྐབས་ཆེ་རུ་འགྲོ་བ་དང་ཞིང་འབྲོག་གི་དཔལ་འབྱོར་འཕེལ་རྒྱས་ཐད་ཕན་འབྲས་བཟང་པོ་ཐོན་པ།

   མིག་སྔར་རང་རྒྱལ་གྱི་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཟིན་ཅིང་། དེའི་ནང་ནས་བརྒྱ་ཆ་༥༠ཙམ་འགུལ་སྐྱོད་མི་སྣ་(活动人口)ཡིན་པ་དང་། དེ་མིན་བརྒྱ་ཆ་༥༠ལྷག་ཙམ་ལས་ཞུགས་མི་སྣ་(从业人口)ཡིན། དེར་བརྟེན། ལས་ཞུགས་ངལ་རྩོལ་བཀོད་སྒྲིག་(安排劳动就业)བྱ་རྒྱུ་དང་མི་དམངས་ཀྱི་འཚོ་བ་ལྷིང་འཇགས་ཡོང་བ་བྱ་རྒྱུ་ནི་རང་རྒྱལ་སྲིད་གཞུང་གིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུའི་ཐད་བཏོན་གནང་བའི་འཐབ་ཇུས་དང་སྲིད་ཇུས་འགངས་ཆེན་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་གསར་འགྱུར་ལས་ཁུངས་ཚོས་དོ་ཁུར་གནང་བཞིན་པའི་གནད་དོན་གཙོ་གྲས་ཤིག་ཀྱང་ཡིན།

ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་ནི་ཐོན་ལས་ཨང་གསུམ་པའི་ནང་ནས་ཞབས་ཞུའི་ཁྱབ་ཁོངས་ཆེ་ཤོས་ཀྱི་དཔལ་འབྱོར་གྱི་ལས་རིགས་ཤིག་ཡིན་པ་དང་། ལས་རིགས་འདིས་ངལ་རྩོལ་པ་མང་པོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྐྱེན། རང་རྒྱལ་གྱི་ལས་ཞུགས་ངལ་རྩོལ་བཀོད་སྒྲིག་བྱེད་པའི་ཐབས་ལམ་གཙོ་བོར་འགྱུར་བཞིན་ཡོད། དེ་ཡང་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། ཡུལ་སྐོར་སྤྲོ་འཆམ་ལས་རིགས་སྤེལ་ནས་ཐད་ཀར་བྱུང་བའི་ཡོང་འབབ་སྒོར་༡གིས་རྒྱལ་དམངས་དཔལ་འབྱོར་དང་འབྲེལ་བའི་ལས་རིགས་གཞན་དག་ལ་ཁེ་བཟང་ཡོང་འབབ་སྒོར་༤.༣འཕར་སྣོན་ཡོང་གི་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་ཐད་ཀར་མི་གཅིག་གི་ལས་གནས་ཐག་གཅོད་ཐུབ་ཚེ། མཁའ་འགྲུལ་ལས་རིགས་དང་བཟའ་འཐུང་ལས་རིགས་སོགས་འབྲེལ་ཡོད་ལས་རིགས་ཀྱི་མི་ལྔའི་ལས་གནས་ཐག་གཅོད་ཐུབ་ཀྱི་ཡོད། གཞན་ཡང་། དོན་དངོས་ལས་ར་སྤྲོད་ཐུབ་ཡོད་དེ། ཉིས་སྟོང་ལོར་རང་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་རིག་ཀྱིས་མི་གྲངས་ཁྲི་ཚོ་༥༦༠ལྷག་གི་ལས་ཞུགས་ཐག་གཅོད་བྱས་པ་དེས་བརྒྱུད་པའི་སྒོ་ནས་དེ་དང་འབྲེལ་ཡོད་ཀྱི་ལས་རིགས་གཞན་དག་གི་མི་གྲངས་ཁྲི་ཚོ་༢༨༠ ༠ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད། འདི་ནི་ཐད་ཀར་ལས་ཞུགས་བྱས་པའི་མི་གྲངས་ཀྱི་ལྡབ་༥ཡིན།

དུས་ཡུན་ལོ་ཤས་སོང་བའི་རྗེས་ལ། བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ལ་གཞི་ཁྱོན་རགས་ཙམ་ཆགས་ཡོད། བོད་ལྗོངས་སུ་སྤྱི་སྒེར་གཉིས་ནས་གཉེར་བའི་ཡུལ་སྐོར་འཆམ་ར་དང་གླིང་ཀ   ཟ་ཁང་། མགྲོན་ཁང་། རྩེད་ཁང་། སྤྲོ་སྐྱིད ཁང་། ནང་མ་སོགས་མང་པོ་གསར་འཛུགས་བྱས་པ་དང་། བོད་མི་མང་པོས་ཀྱང་ཧུར་བརྩོན་ཆེན་པོས་ལས་རིགས་འདི་ཉིད་འཕེལ་རྒྱས་ཡོང་ཕྱིར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་དེ། མི་སྒེར་གྱིས་རྟ་གཡག་གཡར་གཏོང་དང་། པར་རྒྱག་པ། ལམ་འཁྲིད་པ། སྐད་སྒྱུར་བྱེད་པ། དངོས་པོ་དབོར་སྐྱེལ་བྱེད་པ། རླངས་འཁོར་དང་རྐང་འཁོར་རྡལ་གཏོང་བྱེད་པ། སྤྲོ་འཆམ་ས་ཚིགས་འཛུགས་པ་སོགས་གང་ནུས་ཅི་ལྕོགས་ཀྱིས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་བྱ་འགུལ་སྣ་ཚོགས་སྤེལ་བས། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་དང་ཐོན་མུས་ཡིན།

བཞི་པ། ཕྱི་རྒྱལ་གྱི་དངུལ་ལོར་ཡོང་འབབ་འཕར་སྣོན་བྱུང་བ་དང་འཛུགས་སྐྲུན་གྱི་མ་དངུལ་གསོག་འཇོག་ཐུབ་པ།

   རང་རྒྱལ་འདི་ཉིད་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་པ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་དང་འཛམ་གླིང་དཔལ་འབྱོར་གཉིས་སྒོ་ཀུན་ནས་གཞི་གཅིག་ཏུ་འབྲེལ་འགོ་བརྩམས་པ་དང་། ཕྱི་ཕྱོགས་ཉོ་ཚོང་དང་དཔལ་འབྱོར་མཉམ་ལས་ཐད་ཉིན་རེ་བཞིན་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་མུས་ལགས། ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཀྱི་གཞི་རྒྱ་ཆེ་རུ་གཏོང་བ་དང་ནང་འདྲེན་ཉོ་ཚོང་བྱེད་ཤུགས་ཆེ་རུ་འགྲོ་དགོས་ན། ངེས་པར་དུ་ཕྱི་རྒྱལ་གྱི་དངུལ་ལོར་ཡོང་འབབ་འཕར་སྣོན་ཐུབ་པ་བྱ་དགོས། དེ་ཡང་ཐབས་ལམ་གཉིས་བརྒྱུད་དེ་བསྒྲུབ་དགོས་ཏེ། གཅིག་ནི་ཕྱིར་གཏོང་ཉོ་ཚོང་བརྒྱུད་ནས་བསྒྲུབ་དགོས་པ་དང་། གཅིག་ཤོས་ནི་ཕྱིར་གཏོང་ཉོ་ཚོང་མིན་པའི་ཉོ་ཚོང་གཞན་གྱི་བྱ་འགུལ་ལ་བརྟེན་ནས་བསྒྲུབ་དགོས་པ་ཡིན། དེའི་ནང་ནས་ཀྱང་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ནི་ཕྱིར་གཏོང་ཉོ་ཚོང་མིན་པ་གང་ཞིག་ལ། ཕྱི་རྒྱལ་གྱི་དངུལ་ལོར་ཡོངས་ཁུངས་གཙོ་བོ་ཡིན། གང་ལགས་ཤེ་ན། དེང་སྐབས་རྒྱལ་སྤྱིའི་ཉོ་ཚོང་ཁྲོམ་རའི་འགྲན་རྩོད་ཧ་ཅང་ཆེ་བས། ཕྱིར་གཏོང་ཉོ་ཚོང་གིས་ཕྱི་རྒྱལ་གྱི་དངུལ་ལོར་ཡོང་འབབ་འཕར་སྣོན་འབྱུང་བ་ཅུང་དཀའ་བའི་གནས་ཡིན་ཏེ། ཕྱིར་གཏོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཕྱིར་གཏོང་ཚོང་ཟོག་གི་སྤུས་ཚད་མཐོར་འདེགས་ཀྱི་བྱ་བར་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དགོས་པས་ཡིན། ལྷག་པར་དུ་རང་རེ་བོད་ལ་མཚོན་ན་ཕྱིར་གཏོང་དངོས་པོའི་རིགས་ཉུང་ལ་གྲངས་གནས་ཆུང་བས་ཕྱི་རྒྱལ་གྱི་དངུལ་ལོར་ཡོང་འབབ་འཕར་སྣོན་འབྱུང་བར་དཀའ་ཁག་ཆེན་པོ་ཡོད། དེར་བརྟེན། བོད་ཀྱི་ཕྱི་རྒྱལ་གྱི་དངུལ་ལོར་ཡོང་འབབ་འཕར་སྣོན་ཡོང་དགོས་ན། ཕྱི་ཕྱོགས་རྣམ་པའི་(外向型)ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ནི་ཐབས་ལམ་གཙོ་གྲས་ཤིག་ཡིན།

གཞན་ཡང་། ཡུལ་སྐོར་སྤྲོ་འཆམ་ལས་རིགས་དེ་རང་ནས་བརྗོད་ན། གཉེར་སྐྱོང་གི་མ་གནས་ཆུང་ལ་ཡོང་འབབ་ཆེ་བ་དང་། རྒྱལ་ཁབ་ཀྱི་དཔྱ་ཁྲལ་དང་ཁྲིམས་ལུགས་སོགས་ཐད་ཀྱི་བཀག་རྒྱ་ཆུང་ལ་ཕྱི་འབྲེལ་གྱི་ལས་རིགས་ཤིག་ཡིན་སྟབས། རྒྱལ་ཁབ་ཚང་མས་དེ་ནི་ཕྱི་རྒྱལ་མ་དངུལ་ནང་འདྲེན་དང་གསོག་འཇོག་བྱེད་པའི་“གཟུགས་མེད་ནང་འདྲེན་ཉོ་ཚོང་”ལ་ངོས་འཛིན་བྱེད་བཞིན་ཡོད།

རྒྱལ་ཁབ་སྡོམ་རྩིས་ཅུས་ནས་བསྡོམས་རྩིས་བྱས་པར་གཞིགས་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་ཚུན་དུ། རང་རྒྱལ་གྱིས་རྒྱལ་སྤྱིའི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་ཐེངས་དང་དངུལ་ལོར་གྱི་ཡོང་འབབ་(༡༩༨༩ལོ་ཕུད་)ལོ་རེ་བཞིན་འཕར་སྣོན་བྱུང་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་འཕར་སྣོན་ཧ་ཅང་ཆེན་པོ་བྱུང་ཡོད། དཔེར་ན་སྤྱི་ལོ་༡༩༩༩ལོར་རྒྱལ་ནང་དུ་ཡུལ་སྐོར་བ་ཡོང་བའི་མི་ཐེངས་ཁྲི་ཚོ་༧༢༨༠ཟིན་པ་དང་། ཕྱི་དངུལ་ཨ་སྒོར་དུང་ཕྱུར་༡༤༡གི་ཡོང་འབབ་བྱུང་ཡོད། ཡང་སྤྱི་ལོ་༢༠༠༠ལོར་རྒྱལ་ནང་དུ་ཡོང་བའི་ཡུལ་སྐོར་བའི་མི་ཐེངས་ཁྲི་ཚོ་༨༣༡༡ལས་ཚད་བརྒལ་བྱུང་ཡོད་པ་དང་ཕྱི་རྒྱལ་གྱི་དངུལ་ལོར་ཡོང་འབབ་ཨ་སྒོར་དུང་ཕྱུར་༡༣༢ཙམ་ཟིན་ཡོད། དེ་མཚུངས་སུ་བོད་ལ་མཚོན་ནས་བཤད་ན། སྤྱི་ལོ་༡༩༩༩ལོར་བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་ཐེངས་ཁྲི་ཚོ་༤༤.༨ལ་ཟིན་ཅིང་། ཕྱི་རྒྱལ་གྱི་དངུལ་ལོར་ཡོང་འབབ་ཨ་སྒོར་ཁྲི་༣༦༣༠བྱུང་ཡོད་པ་འདི་སྤྱི་ལོ་༡༩༩༨ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་༡༦དང་བརྒྱ་ཆའི་༩.༩འཕར་སྣོན་བྱུང་ཡོད། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་༩.༦༤ལ་སྣེ་ལེན་ཞུས་པ་དེས་ལོ་མཇུག་གི་འཆར་གཞིའི་བརྒྱ་ཆའི་༡༠༥.༧ཟིན་པ་དང་། ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི་༣༣༠༢བྱུང་ཡོད་པས། འཆར་གཞི་དེ་སྔོན་དུ་ལེགས་སྒྲུབ་ཐུབ་པ་བྱུང་ཡོད། དེ་ལྟར་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྦྱིན་པའི་གསོན་ཤུགས་ཇེ་རྒྱས་སུ་སོང་བཞིན་ཡོད་ལ། ས་གནས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་རིག་གནས་ཀྱི་ཆ་རྐྱེན་ལ་དམིགས་ཏེ་ལྗོངས་རྒྱུའི་རྨང་གཞིའི་སྒྲིག་བཀོད་དང་ཆ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་རྒྱུའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་ཁྱད་ལྡན་གྱི་ལྗོངས་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། བོད་ལྗོངས་འདི་ཉིད་རྒྱལ་སྤྱིའི་རྩེར་སོན་ལྗོངས་རྒྱུའི་མཛེས་ལྗོངས་ཁུལ་དུ་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད། འབྲེལ་ཡོད་སྡེ་ཁག་གིས་མཁོ་འདོན་བྱས་པའི་སྡོམ་རྩིས་ལ་གཞིགས་ན། “སྤྱི་ལོ་༡༩༨༩ལོ་ནས་སྤྱི་ལོ་༢༠༠༢ལོ་བར་བོད་ཀྱིས་ལྗོངས་རྒྱུར་སྣེ་ལེན་ཞུས་པའི་མི་གྲངས་ལྡབ་༣༠ཙམ་མང་དུ་ཕྱིན་ཏེ་ལྗོངས་རྒྱུའི་ཡོང་འབབ་ལྡབ་༢༠ལྷག་ཙམ་འཕར་ནས་ཕྱི་རྒྱལ་གྱི་དངུལ་ལོར་ལྡབ་༢༢བཏོད་ཡོད་པ་རེད” 【2】

ལྔ་པ། རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་གོང་མཐོར་གཏོང་ཐུབ།

  དུས་རབས་ཉེར་གཅིག་ལ་མཚོན་ན། ཚན་རྩལ་གྱིས་འཇིག་རྟེན་ཁམས་ལ་ཁ་ལོ་བསྒྱུར་ཅིང་། འཛམ་གླིང་གི་དཔལ་འབྱོར་གཞི་གཅིག་ཏུ་སྦྲེལ་ཤུགས་ཆེ་བ་དང་བསམ་པའི་དཔལ་ཡོན་མཉམ་དུ་བཞད་པའི་དུས་སྐབས་ཆེས་བཟང་པོ་ཞིག་ཡིན། དེ་བས་ཀྱང་དངོས་པོའི་དཔལ་ཡོན་དར་ཤུགས་ཆེ་བའི་དེང་གི་དུས་འདིར། མི་རྣམས་ལ་བསམ་པའི་དཔལ་ཡོན་འཚོལ་སྙེག་བྱེད་པའི་ཀུན་སློང་རང་ཤུགས་སུ་བྱུང་ཁར། འགྲིམ་འགྲུལ་སྟབས་བདེ་བ་དང་ཆ་འཕྲིན་བརྒྱུད་བསྒྲགས་མྱུར་བ། དཔལ་འབྱོར་གྱི་ཆ་རྐྱེན་བཟང་བ་དང་བཅས་པ་རྒྱུ་མཚན་དུ་བྱས་ན། ས་ཕྱོགས་ག་གེ་མོ་ཞིག་ཏུ་ཡུལ་སྐོར་སྤྲོ་འཆམ་དུ་སོང་བར་དཀའ་ཁག་དེ་ཙམ་མེད། ད་ལྟའི་གནས་ཚུལ་ལ་གཞིགས་ནའང་། རྒྱལ་སྤྱིའི་ཡུལ་སྐོར་བའི་མི་གྲངས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བ་དང་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་དཔལ་འབྱོར་ཐད་ཐོན་པའི་ཕན་འབྲས་ཇེ་ཆེར་སོང་བ་དང་བསྟུན་ནས། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁག་ལ་ཡུལ་སྐོར་སྤྲོ་འཆམ་ལས་རིགས་གཉེར་སྐྱོང་བྱེད་པའི་ཐད་མཐོ་རླབས་གསར་པ་འཕྱུར་བཞིན་འདུག   རང་རེ་བོད་ལ་མཚོན་ནའང་། ས་ཆའི་གནས་བབ་མཐོ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁ་དབུགས་གཙང་བ། ཆོས་ལུགས་ཀྱི་ཁོར་ཡུག་ཁྱད་མཚར་བ། རིག་གནས་ཀྱི་རྣམ་པ་བཟང་བ་སོགས་ཀྱི་ཆ་རྐྱེན་ལ་བརྟེན་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་མུ་མཐུད་ནས་གངས་ལྗོངས་འདི་ཉིད་“ཡུལ་སྐོར་སྤྲོ་འཆམ་གྱི་གནས་མཆོག་”ཅིག་ཏུ་འགྱུར་སླད་གྲོང་ཁྱེར་ནང་སྔོ་ལྗང་གི་ལ་ཆུང་བཏོད་པ་དང་ལྡུམ་ར་བསྐྲུན་པ། གླིང་ཀ་དང་སྤྲོ་སྐྱིད་ཁང་མང་པོ་གསར་བཟོ་བྱས་པ། དེ་བཞིན་ཁྲོམ་ལམ་གཡས་གཡོན་དང་ཟ་ཁང་ཆེ་འབྲིང་ཆུང་གསུམ་གྱི་གཙང་སྦྲར་དང་དོད་དང་། བཟོ་གྲྭ་དང་ཁེ་ལས་ཀྱི་ཚན་པ་ཁག་ནས་ཕྱིར་ཕྱུང་བའི་བཙོག་དྲི་དང་ཆུ་སྙིགས་དོ་དམ་ནན་བཅོས་བྱས་ཁར། ཤིང་འཛུགས་ནགས་གསོ་བྱས་ཏེ་རི་གྲོང་སྔོ་ལྗང་ཅན་དུ་གྱུར་པ། སྲོག་ཆགས་དང་སྐྱེས་དངོས་མཐའ་དག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་སོང་བ་དང་བསྟུན་ནས་བྱ་ཐབས་སྣ་ཚོགས་སྤྱད་པ་དང་ལས་འགུལ་སྣ་ཚོགས་སྤེལ་ནས་རང་བྱུང་ཁམས་དང་མིའི་རིགས་དབར་མཐུན་སྦྱོར་ཇེ་ཟབ་ཏུ་འགྲོ་ཡི་ཡོད་ལ། ཡུལ་སྐོར་བ་འགུགས་འདྲེན་གྱི་འཐེན་ཤུགས་སྔར་བས་ཆེ་རུ་སོང་བས། ཡུལ་སྐོར་སྤྲོ་འཆམ་གྱི་བྱ་གཞག་ཉིད་བདེ་བླག་ངང་དར་འཕེལ་གཏོང་རྒྱུར་རྩ་བའི་རྨང་གཞི་བཏིང་ཐུབ་པ་བྱུང་བ་དང་། ཤང་གྲོང་གི་དཔལ་འབྱོར་དང་རིག་གནས་སོགས་འཚོ་བའི་ཆ་རྐྱེན་མཐའ་དག་ལ་ཁོར་ཡུག་གི་རྣམ་པ་བཟང་པོ་ཞིག་བཏོད་ནས་འཚོ་བའི་སྤུས་ཚད་རིམ་བཞིན་མཐོར་འདེགས་བྱུང་དང་འབྱུང་མུས་ལགས།

དྲུག་པ། བསམ་པའི་དཔལ་ཡོན་མཉམ་བཞད་ཀྱིས་ཁུལ་དེའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ།

ཡུལ་སྐོར་ཟེར་བ་ནི་མཐར་གཏུགས་ནས་བརྗོད་ན་རིག་གནས་སྤེལ་རེས་དང་བསམ་བློ་བརྗེ་རེས་ཀྱི་རིག་གནས་བྱེད་སྒོ་ཞིག་རེད། ང་ཚོས་བྱེད་སྒོ་དེ་སྤེལ་བའི་བརྒྱུད་རིམ་ནང་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བ་ཚོའི་འདོད་བློ་དེ་བས་ཀྱང་སྐོང་ཐུབ་ཕྱིར་རིག་གནས་གསར་པ་མང་པོ་གཏོད་ཐུབ་པ་མ་ཟད། ཡུལ་སྐོར་བ་ཚོའི་འཚོ་བའི་སྤྱོད་སྟངས་ལས་རྒྱལ་ཁབ་དང་མི་རིགས་དེ་བཞིན་ས་ཁུལ་མི་འདྲ་བ་དུ་མའི་མིའི་ཀུན་སྤྱོད་ཀྱི་ཚད་གཞི་དང་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ། སྲོལ་སྐྱེན་རིག་གནས་ཀྱི་བཟང་ཆ། དོ་དམ་གྱི་བསམ་བློ་གསར་པ། ཚོང་གཉེར་བྱེད་ལུགས་ཀྱི་འདུ་ཤེས་གསར་པ་སོགས་ང་ཚོར་མཁོ་བའི་ལེགས་ཆ་ཡང་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད། དེ་མཚུངས་སུ་ཡུལ་སྐོར་བ་རྣམས་ཀྱིས་ཀྱང་ལྗོངས་རྒྱུའི་བརྒྱུད་རིམ་ནང་ས་གནས་དེ་གའི་མང་ཚོགས་ཀྱི་ཡུལ་གོམས་གཤིས་ལུགས་ཤེས་རྟོགས་དང་། ཁུལ་དེའི་རིག་གནས་ཀྱི་བཟང་ཆ་རྣམས་ཉམས་ལེན་བྱེད་ཐུབ་ཀྱི་ཡོད།

   གཞན་ཡང་སྤྱི་ཚོགས་ཀྱི་རིག་གནས་ཟེར་བ་ནི་གསལ་པོར་བཤད་ན་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་རེད་ལ། དངོས་པོའི་རྒྱུ་ནོར་དང་ཐོན་ཁུངས་ངེས་ཅན་ཞིག་གི་རྨང་གཞིའི་སྟེང་དུ་གྲུབ་པ་ཤ་སྟག་ཡིན། གནད་དོན་གཞན་ཞིག་གི་ཐོག་ནས་བརྗོད་ན། ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་དེ་དག་ལས་སྤྱི་ཚོགས་ཀྱི་སྣང་ཚུལ་དེ་རིགས་མངོན་ཐུབ་ཀྱི་ཡོད་དེ། དཔེར་ན་ཕོ་བྲང་པོ་ཏ་ལ་ནས་བོད་མི་རིགས་ཀྱི་འཛུགས་སྐྲུན་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་བརྐོས་དཀྲོལ་གྱི་སྒྱུ་རྩལ་ལ་སོགས་པ་མཚོན་ཐུབ་པ་མ་ཟད། བོད་རིགས་མི་དམངས་ཀྱི་བློ་སྟོབས་ཀྱང་ཞོར་དུ་མཚོན་ནུས་པ་ཡིན། དེ་ལྟར་རང་རེའི་བོད་ལྗོངས་སུ་ཡོང་བའི་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་ཚོས། ས་གནས་འདི་ཉིད་ཀྱི་རང་བྱུང་ཁམས་ཀྱི་མཛེས་སྡུག་ངོ་མཚར་ཆེ་བ་དེ་དག་ལོངས་སུ་སྤྱོད་པ་ཙམ་མ་ཡིན་པར། ཁོ་ཚོས་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་དངོས་ནང་ཞུགས་ནས། ཁུལ་འདིའི་དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་ཀྱི་གནས་བབ། རིག་གནས་ཀྱི་དར་རྒུད། འཚོ་བའི་ཆུ་ཚད། མི་སྣའི་སེམས་ཁམས་ཀྱི་འགྱུར་བ་སོགས་ཕྱོགས་གང་སྤྱིའི་ཐད་ལ་ཞིབ་མོའི་བློ་ཡིས་བརྟག་ནས་ཐོབ་པའི་དགེ་སྐྱོན་ཅི་རིགས་ཡིག་ཐོག་ཏུ་ཕབ་སྟེ་ང་ཚོའི་སྤྱན་ལམ་དུ་བསྟར་བས། ང་ཚོས་ང་ཚོ་རང་ཉིད་ངོས་འཛིན་གསལ་པོ་ཐུབ་རྒྱུར་གལ་ཆེའི་རྒྱུ་ཆ་མཁོ་འདོན་བྱེད་ཀྱི་ཡོད་ལ། མི་སྣ་བསམ་ཤེས་ཅན་འགའ་ཞིག་གིས་ཐ་ན་མི་ཤུགས་དང་དངོས་ཤུགས་ཐད་རོགས་སྐྱོར་བྱེད་པ་མ་ཟད། དུས་རབས་ཀྱི་འཕེལ་འགྱུར་དང་འཚམས་ཤིང་ཚན་རིག་གི་གཞི་འཛིན་ས་ཡོད་པའི་བསམ་བློ་གསར་པ་དང་ལྟ་བ་གསར་པ་སོགས་བོད་ལྗོངས་སུ་བརྒྱུད་བསྒྲགས་བྱས་པ་བརྒྱུད་ནས། ང་ཚོའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་གི་ལྟ་ཚུལ་མཛེས་དཔྱོད་ཀྱི་ལྟ་ཚུལ་གང་ཐད་ལའང་རིམ་གྱིས་འཕོ་འགྱུར་འགྲོ་ཡི་ཡོད། ཡང་དེ་ལས་ལྡོག་སྟེ་བཤད་ན། དངོས་པོའི་དཔལ་ཡོན་ཆེས་དར་བའི་དེ་རིང་གི་དུས་འདིར། རྒྱལ་ཁབ་དང་མི་རིགས་དེ་བཞིན་ས་ཁུལ་མི་འདྲ་བའི་སྐྱེ་བོ་འགའ་ཞིག་གིས། རང་རང་གི་དངོས་པོའི་ཁེ་ཕན་ཁོ་ན་བསྒྲུབ་ཕྱིར། བྱ་ཐབས་སྣ་ཚོགས་སྤྱད་ནས་ཕ་རོལ་པོར་བཙན་འཛུལ་དང་གཉའ་གནོན་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་སྣ་ཚོགས་མངོན་རྗེན་དུ་སྤེལ་ཁར། མི་མངོན་པའི་ཐོག་ནས་ཕ་རོལ་པོའི་དཔལ་འབྱོར་ལ་བཤུ་གཞོག་ཚད་མེད་གཏོང་བ་དང་། སྤྱི་ཚོགས་ཐོག་གསོད་བཅོམ་འཕྲོག་གསུམ་དང་གཡོ་སྒྱུ་ཁྲམ་གསུམ་གྱི་རིག་གནས་ཀྱི་ནད་ཡམས་སམ་སྣང་ཚུལ་ཁྱབ་ཆེ་བས། མིའི་བསམ་བློ་ཀུན་སྤྱོད་ཀྱི་ཚད་གཞི་དང་མི་གཤིས་ཀྱི་གནས་བབ་ཧ་ཅང་སྐྱོ་བའི་གནས་སུ་ལྷུངས་ཡོད། དེ་ལྟར་གྲོང་ཁྱེར་ཆེ་མོའི་རྙོག་འཛིང་དང་འགྲན་རྩོད་ཀྱིས་ཁེངས་པའི་ཁོར་ཡུག་ལས་བྲལ་ཏེ། གངས་ལྗོངས་སུ་ལྗོངས་རྒྱུར་ཕེབས་པའི་ཡུར་སྐོར་བ་ཚོས། གནས་འདི་རུ་འཚོ་བའི་མི་རྣམས་ཀྱི་བསམ་བློ་ཞི་ཞིང་དུལ་ལ་བྱང་སེམས་སྙིང་རྗེ་ཆེ་བ་དང་། མི་དང་མིའི་འབྲེལ་བ་སྟབས་བདེ་ལ་མཐུན་སྒྲིལ་བཟང་བ་སོགས་ཀྱི་དགེ་མཚན་དུ་མར་ཤིན་ཏུ་མོས་ཤིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སུ་གཏོགས་པའི་རྐང་བྲོ་གླུ་གཞས་དང་ཐང་གའི་སྒྱུ་རྩལ། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་སངས་རྒྱས་བསྟན་པའི་གཞུང་ལ་རྒྱུས་ལོན་དང་སློབ་སྦྱོང་བྱས་ཏེ། རང་རང་སོ་སོའི་རྒྱལ་ཁབ་དང་མི་རིགས་དེ་བཞིན་ས་ཁུལ་ཁག་ལ་དྲིལ་བསྒྲགས་ཀྱང་བྱེད་བཞིན་ཡོད་པ་སོགས་རྒྱུ་མཚན་དེ་དག་ལ་གཞིགས་ན་ཡུལ་སྐོར་བའི་བྱེད་སྒོས་ཐོན་སྐྱེད་མི་སྣ་དང་འཛད་སྤྱོད་མི་སྣ་གཉིས་ཀའི་བསམ་བློའི་ཐོག་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་མུས་སུ་ཡོད་པས་ན། དེ་ནི་བསམ་བློ་བརྗེ་རེས་དང་རིག་གནས་སྤེལ་རེས་ཀྱི་བྱ་འགུལ་ཆེན་པོ་ཞིག་ཀྱང་ཡིན།

མཇུག་གི་གཏམ།

   གོང་དུ་ཞུས་པ་བཞིན་ལོ་ངོ་ཉི་ཤུ་ལྷག་གི་རིང་། བོད་ལྗོངས་སུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་དར་སྤེལ་བཏང་བ་བརྒྱུད། འཕེལ་རྒྱས་འགྲོ་བཞིན་པའི་ལས་རིགས་འདི་དང་ལྗོངས་ནང་ཁུལ་གྱི་ལས་རིགས་གཞན་དག་བསྡུར་ན། ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས། འཕེལ་རྒྱས་ཀྱི་མྱུར་ཚད་དང་འཕེལ་རྒྱས་ཀྱི་གཞི་ཁྱོན། ལྷག་པར་དུ་དཔལ་འབྱོར་གྱི་ཕན་འབྲས་སོགས་གང་གི་ཆ་ནས་ཀྱང་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་དང་འགྲོ་མུས་སུ་ཡིན་ཞིང་། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་སྤྱིའི་ཡོང་འབབ་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་ཐོན་རྫས་རིན་ཐང་ནང་བཟུང་བའི་བསྡུར་གྲངས་ཀྱང་མུ་མཐུད་ནས་ཆེ་རུ་འགྲོ་བཞིན་ཡོད། འོན་ཀྱང་། བོད་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་གཉེར་སྐྱོང་བྱས་ནས་དུས་ཡུན་མི་རིང་བ་དང་། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ། ཚོང་གཉེར་གྱི་དོ་དམ་ཆུ་ཚད་དམའ་བ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དམན་པ། སྐད་སྒྱུར་བའི་ཤེས་ཡོན་གྱི་བྱང་ཚད་མི་ལྡེང་བ། ཡུལ་སྐོར་ཚོང་ཟོག་གི་རིགས་ཉུང་ལ་སྤུས་ཚད་མི་ལེགས་པ། ཡུལ་སྐོར་སྒྲིག་འཛུགས་བྱེད་སྟངས་རྙིང་དྲགས་པ་དང་རྣམ་གྲངས་མི་འདང་བ་ལ་སོགས་པའི་ཞན་ཆ་མང་དུ་མཆིས། དེ་ལྟ་བུའི་ལྷག་ལུས་གནད་དོན་དེ་རིགས་ཐག་གཅོད་བྱ་དགོས་ཚེ། གོང་རིམ་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་ངོས་འཛིན་སྔར་བས་ཇེ་གསལ་དུ་གཏོང་བ་དང་ཆབས་ཅིག་མང་ཚོགས་ལ་སྐུལ་སློང་དང་རྒྱབ་སྐྱོར་གནང་སྟེ། མི་དམངས་ཀྱི་ཚོང་གཉེར་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་སྒེར་གཉིས་ནས་རང་ནུས་གང་ལྕོགས་ཀྱིས་ཡུལ་སྐོར་ཆེད་དེབ་སྣ་ཚོགས་དཔར་བ་དང་སྤྱིན་ཤོག་ཏུ་འབེབས་པ། རྩིས་འཁོར་དྲ་བའི་ལྟེ་གནས་འཛུགས་པ་སོགས་ཡུལ་སྐོར་ལ་མཁོ་བའི་ཆ་འཕྲིན་ཁ་གསལ་གོ་བདེར་བཀྲམ་ནས། ཡུལ་སྐོར་བ་འགུགས་འདྲེན་བྱ་དགོས་ལ། རྒྱལ་སྤྱི་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་གྱི་འགྲེམས་སྟོན་དང་ཚོང་འདུས་སོགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་ཏེ་རང་སོ་སོའི་ས་ཁུལ་གྱི་མཛེས་ལྗོངས་དང་མཛེས་ལྗོངས་ཁུལ། དགོན་གནས་དང་མཁར་རྙིང་། རིག་གནས་དུས་ཆེན་ཆེ་ཁག་དང་དམངས་ཁྲོད་སྲོལ་རྒྱུན་གྱི་སྒྱུ་རྩལ་རྣམ་གྲངས་དང་ལམ་ཐིག་འགྲོ་སོང་སོགས་དྲང་པོར་བརྒྱུད་བསྒྲགས་བྱེད་ཐུབ་པ་ན། ཁུལ་དེའི་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ལ་ཕྱོགས་མང་པོ་ནས་མཐུན་རྐྱེན་བཟང་པོ་སྐྲུན་ཐུབ་ངེས་རེད།

དཔྱད་གཞིའི་ཡིག་རིགས།(རྒྱ་ཡིག)

1《旅游经济学》旅游教育出版社2002.3

2《西藏五十年经济卷》民族出版社

3《西藏经济简史》(下册)中国藏学出版社2002.12

4《2000西藏经济蓝皮书》西藏人民出版史2002.5

5《西藏50年旅游卷》民族出版社2001.5

6《西藏自治区国民经济和社会发展》(第十个五年计划纲要汇篇2001.2005)(下册)西藏自治区发展计划委员会2003.10

2006ལོའི་《བོད་ལྗོངས་ཞིབ་འཇུག་》དུས་དེབ་དང་པོ་ལས་བཤུས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ec4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531832
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།