བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་བྱུང་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་བྱུང་ཚུལ།
བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་བྱུང་ཚུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-18ལྟ་ཀློག (4634)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་བྱུང་ཚུལ།

རྩོམ་པ་པོ།   ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།
 
 ༡.བསྟན་པ་སྔ་དར་བྱུང་བའི་ཚུལ།

   ༄༅། ། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན(འདིར་ཁྲི་ཐོག་རྗེ་བཙུན་ཡིན་དགོས། )གྱི་བར་རྒྱལ་རབས་ཉི་ཤུ་རྩ་དྲུག་གི་རིང་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་ཡང་མ་བྱུང་ལ། དེ་ནས་ཀུན་ཏུ་བཟང་པོའི་སྤྲུལ་པར་གྲགས་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་རྒྱལ་པོའི་ཕོ་བྲང་གི་སྟེང་དུ། སྤང་སྐོང་ཕྱག་བརྒྱའི་གླེགས་བམ་སོགས་ནམ་མཁའ་ལས་བབས་པ་ཚིག་དོན་མ་ཤེས་ཀྱང་། མཚན་གཉན་པོ་གསང་བར་བཏགས་ནས་མཆོད་དེ་དམ་པའི་ཆོས་ཀྱི་དབུ་བརྙེས་སོ། །

རྒྱལ་པོའི་རྨི་ལམ་དུ་མི་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ཞེས་ལུང་བསྟན་པ་བཞིན། དེ་ནས་མི་རབས་ལྔ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བློན་པོ་ཐོན་མི་སམྦྷོ་ཊ་རྒྱ་གར་དུ་བརྫངས་ཏེ་རིག་གནས་ལ་མཁས་པར་སྦྱངས་ནས། ན་ག་རའི་ཡི་གེ་ལ་དཔེ་བྱས་ནས་མགོ་ཅན་གྱི་གཟབ་དང་། ཝརྟུ་ལའི་ཡི་གེ་ལ་དཔེ་བྱས་ནས་མགོ་མེད་ཀྱི་གཤར་གཉིས་བཟོས་ཏེ་ཡི་གེའི་སྲོལ་འབྱེད་པར་མཛད།

བོད་ཀྱི་རྟེན་གྱི་གཙོ་བོ་མི་བསྐྱོད་རྡོ་རྗེ་དང་། ཇོ་བོ་ཤཱཀྱ་མུ་ནེ་གཉིས་སྤྱན་དྲངས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོ་བཞེངས། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ཆོས་མང་པོ་བོད་སྐད་དུ་བསྒྱུར་ཏེ་བསྟན་པའི་སྲོལ་བཏོད་པ་ཡིན་ནོ། །

འཇམ་དབྱངས་རྣམ་འཕྲུལ་དུ་གྲགས་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་བཤེས་གཉེན་དུ་མ་གདན་དྲངས། བེེ་རོ་ཙ་ན་ལ་སོགས་པ་སད་མི་མི་བདུན་རབ་ཏུ་བྱུང་། དེ་ལ་བརྟེན་ནས་ངུར་སྨྲིག་འཛིན་པའི་རབ་བྱུང་དུ་མ་འཕེལ། འཁོན་ཀླུའི་དབང་པོ་བསྲུངས། པ་གོར་བེེ་རོ་ཙ་ན། ཨཱ་ཙརྱ་རིན་ཆེན་མཆོག   ཡེ་ཤེས་དབང་པོ། ཀ་ཅོག་ཞང་གསུམ་སོགས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མང་དུ་བྱུང་བས་མདོ་རྒྱུད་དགོངས་འགྲེལ་དུ་མ་བསྒྱུར། མཁན་ཆེན་ཞི་བ་འཚོས་དམ་པའི་ཆོས་འདུལ་བ་ནས་བཟུང་སྟེ་དབུ་མའི་བར་གྱི་བཤད་པའི་ཁུར་བསྣམས་ཏེ་འཆད་ཉན་དར་བར་མཛད།  སློབ་དཔོན་པདྨ་སོགས་ཀྱིས་སྣོད་ལྡན་འགའ་ཞིག་ལ་གསང་སྔགས་ཀྱི་གདམས་པ་གནང་བས་གྲུབ་པ་ཐོབ་པའི་སྐྱེས་བུ་ཡང་འགའ་ཞིག་བྱུང་། དེ་ནས་ཕྱིས་སུ་རྒྱ་ནག་ནས་ཧྭ་ཤང་མ་ཧཱ་ཡ་ན་བྱ་བ་བོད་དུ་འོངས་ནས། མི་དགེ་བའི་རྣམ་པར་རྟོག་པ་ལྟ་ཞོག  དགེ་བའི་རྣམ་པར་རྟོག་པ་ཡང་འཁོར་བར་འཆིང་བྱེད་ཡིན། གསེར་སྒྲོག་དང་ལྕགས་སྒྲོག་གང་གིས་བཅིངས་ཀྱང་ཁྱད་པར་མེད་པ་དང་མཚུངས་པས་ཅི་ཡང་ཡིད་ལ་མི་བྱེད་པ་ཁོ་ནས་གྲོལ་བར་འགྱུར་རོ། ། ཞེས་ལྟ་བ་ལོག་པ་བསྟན་པས་བོད་ཐམས་ཅད་དེའི་རྗེས་སུ་ཞུགས། སྔོན་གྱི་མཁན་ཆེན་བོདྷི་ས་ཏྭ་སོགས་ཀྱིས་བསྟན་པའི་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་བར་གྱུར་པས། ཆོས་རྒྱལ་གྱིས་ལྟ་ངན་དེ་སུན་འབྱིན་པའི་ཕྱིར་དུ་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཏེ། ཧྭ་ཤང་རྩོད་པས་ཕམ་པར་བྱས། ཁོའི་ལྟ་བ་རིགས་པས་སུན་ཕྱུང་ནས་སྒོམ་རིམ་གསུམ་མཛད་དེ་ལྟ་སྤྱོད་རྣམ་པར་དག་པ་སླར་ཡང་གསལ་བར་བྱས་སོ། །

མངའ་བདག་ཁྲི་རལ་བ་ཅན་གྱི་རིང་ལ་པཎྜི་ཏ་ཛི་ན་མི་ཏྲ་ལ་སོགས་པ་མཁས་པ་དུ་མ་སྤྱན་དྲངས་ཏེ། དམ་པའི་ཆོས་དུ་མ་བོད་དུ་བསྒྱུར་ཅིང་གསུང་རབ་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དེ་ནས་གླང་དར་མ་རྒྱལ་སར་འཁོད་ནས་སངས་རྒྱས་ཀྱི་བསྟན་པ་བོད་དུ་ལྷག་མ་མེད་པར་བསྣུབས་སོ། །

བསྟན་པ་སྔ་དར་གྱི་དུས་སུ་ལྟ་བ་ནི། རྒྱལ་པོ་ཁྲི་སྲོང་གིས་ལྟ་བ་དང་སྤྱོད་པ་མཁན་པོ་བོ་དྷི་ས་ཏྭའི་ལུགས་བཞིན་གྱིས་ཤིག     ཅེས་ཐོག་མར་ཁྲིམས་བསྒྲགས་པ་དང་།  ཧྭ་ཤང་གི་རྗེས་སུ་ཡང་། ད་ཕྱིན་ཆད་ལྟ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ལྟར་བྱ་དགོས་ཤིང་། ཧྭ་ཤང་གི་ལུགས་ལྟར་བྱེད་ན་ཆད་པས་གཅོད་དོ་ཞེས་དྲིལ་བསྒྲགས་པར་བཤད་པས། དེས་ན་བསྟན་པ་སྔ་དར་ལ་སེམས་ཙམ་པའི་ལུགས་འཛིན་པའི་པཎྜི་ཏ་འགའ་ཞིག་ཀྱང་བྱོན་མོད་ཀྱང་། གཙོ་བོ་ནི་ཞི་འཚོ་དང་། ཀ་མ་ལ་ཤཱི་ལའི་ལུགས་ཡིན་པས་དབུ་མ་རང་རྒྱུད་པའི་ལྟ་བ་ཉིད་དར་ཆེའོ།།

༢.བསྟན་པ་ཕྱི་དར་བྱུང་བའི་ཚུལ།

༄༅། ། བསྟན་པ་ཕྱི་དར་བྱུང་ཚུལ་ནི། གླང་དར་མས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ན་མཁས་པ་མི་གསུམ་བཞུགས་པ་བྲོས་ཏེ་མདོ་སྨད་དུ་བྱོན། བླ་ཆེན་པོ་དགོངས་པ་རབ་གསལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བོད་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མི་བཅུ་འོངས་ནས་བླ་ཆེན་ལས་སྡོམ་པ་བླངས། དེ་རྣམས་བོད་དུ་ཐོན་ནས་གནས་གཞི་བཟུང་ཞིང་སྡོམ་པ་སྤེལ་བས། སངས་རྒྱས་ཀྱི་བསྟན་པའི་མེ་རོ་སྨད་ནས་གསོས་ཏེ། སླར་ཡང་བསྟན་པ་དར་བའི་མགོ་ཚུགས་ཏེ་རིམ་གྱིས་འཕེལ་བས་དབུས་གཙང་གི་ཕྱོགས་ཐམས་ཅད་དགེ་འདུན་གྱི་སྡེས་བཀང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཏོ།༈།  དེས་ན་བླ་ཆེན་པོ་དང་། ཀླུ་མེས་ལ་སོགས་པ་གངས་ཅན་པ་ལ་བཀའ་དྲིན་མཆོག་ཏུ་ཆེའོ། །

སྟོད་ནས་གསོས་ཚུལ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་རྒྱ་གར་དུ་ཆོས་སློབ་པར་བཏང་བས་མཁས་པ་ཆེན་པོར་གྱུར་ཏེ་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། འཆད་ཉན་གྱིས་གཏན་ལ་ཕབ། ཀླུ་སྐར་རྒྱལ་བཏུལ་ནས་དེས་རྒྱུད་བརླམས་པའི་ར་རྫི་སྐར་རྒྱལ་གྱིས་སྤེལ་བའི་ཆོས་ལོག་དང་། སྔགས་ཀྱི་ལོག་སྤྱོད་པ་གཞན་རྣམས་ཀྱང་ཚར་བཅད་དེ་བསྟན་པ་རྣམ་པར་དག་པས་ཁ་བ་རི་པ་རྣམས་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད། འགོས་ལོ་གཞོན་ནུ་དཔལ་གྱིས་བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་ཕལ་ཆེར་ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན་ནོ་ཞེས་གསུངས་ཏེ་ཐུགས་མད་པར་སྣང་ངོ་། །

སྐུ་ཚེའི་སྨད་དུ་སྒྲུབ་པ་འབབ་ཞིག་མཛད་དེ་མཁའ་སྤྱོད་དུ་གཤེགས། ལོ་ཆེན་འདིའི་ལྟ་བ་ནི་རབ་ཏུ་མི་གནས་པའི་དབུ་མ་བ་ཡིན་པར་བཤད་དོ། ། གཞན་ཡང་ལྷ་བླ་མ་འདིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་དང་། དེའི་སློབ་མའི་གཙོ་བོ་སདྷུ་པཱ་ལ། གུ་ཎ་པཱ་ལ། པྲ་ཛྙཱ་པཱ་ལ་གསུམ་དུ་གྲགས་པ་དང་བཅས་སྤྱན་དྲངས་ཏེ། དེ་དག་ལས་ཞང་ཞུང་བ་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བླངས། སླད་ནས་བལ་པོར་བྱོན་ཏེ་འདུལ་འཛིན་པྲེ་ཏ་ཀ་ལ་འདུལ་བའི་ལག་ལེན་དང་བཤད་པ་ཞུས། དེའི་སློབ་མ་དཔལ་འབྱོར་ཤེས་རབ་དང་། ཞིང་མོ་ཆེ་བ་བྱང་ཆུབ་སེང་གེ་ལ་སོགས་པ་ནས་བརྒྱུད་པ་ལ་སྟོད་འདུལ་བ་ཞེས་གྲགས། གཞན་ཡང་མངའ་བདག་ལྷ་ལྡེའི་རིང་ལ་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་སྤྱན་དྲངས། མདོ་དང་བསྟན་བཅོས་མང་དུ་བསྒྱུར་ཏེ་བསྟན་པ་རྒྱས་པར་མཛད་ཅིང་།  དེ་ལས་བརྒྱུད་པའི་སྡོམ་རྒྱུན་ལ་པཎ་ཆེན་སྡོམ་རྒྱུན་ཟེར་རོ། ། 

བསྟན་པ་སྔ་དར་དང་ཕྱི་དར་གྱི་རྣམ་གཞག་ནི། སངས་རྒྱས་ཀྱི་བསྟན་པའི་གཞི་མ་དམ་པའི་ཆོས་འདུལ་བ་ཡིན་པའི་དབང་གིས་སྡོམ་རྒྱུན་དང་འདུལ་བའི་ལག་ལེན་དར་ཚུལ་གྱི་སྒོ་ནས་བཞག་པ་ཡིན་པར་སྣང་ངོ་། ། བསྟན་པ་སྤྱིར་དར་ཚུལ་མདོར་བསྡུས་པ་ནི་དེ་ཙམ་སྟེ། ཞིབ་པར་ཆོས་འབྱུང་རྣམས་ལས་ཤེས་པར་བྱའོ།། 

བོད་ཡུལ་གདུལ་བྱའི་བསོད་ནམས་ནོར་འཛིན་གཞིར། ། སྐྱེས་མཆོག་དུ་མའི་ཐུགས་བསྐྱེད་འབབ་སྟེགས་ལས། ། བཀའ་བསྟན་ལྷ་ཆབ་གཙང་མའི་རྒྱུན་མང་པོ།། ཟབ་རྒྱས་རང་སྒྲ་སྒྲོགས་བཞིན་བབས་པ་ལས། ། བསླབ་གསུམ་ནོར་བུའི་དྲྭ་བ་རབ་འཁྲིགས་ཤིང་། ། ལུང་རིགས་རླབས་ཕྲེང་སྟོང་གི་འདུ་འགོད་ཅན། ། བགྲང་ཡངས་མཁས་གྲུབ་གདེངས་ཅན་རོལ་པའི་གནས། ། ཐུབ་བསྟན་གྱི་མཚོས་ཡོངས་སུ་གང་བར་གྱུར། ། ཨེ་མ་མཐའ་འཁོབ་ལྗོངས་འདིར་འཕགས་ཡུལ་གྱི། ། ཡ་མཚན་མ་ཚང་མེད་པར་རྫོགས་མཛད་པའི། ། ཆོས་རྒྱལ་ལོ་པཎ་རིམ་བྱོན་རྣམས་ཀྱི་དྲིན། ། བསམ་གྱིན་ལག་པའི་པདྨོ་སྙིང་གར་ཟུམ།

《ཐུའུ་བཀྭན་གྲུབ་མཐའ》ལས་བཏུས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548629
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།