བོད་བཙན་པོའི་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »བོད་བཙན་པོའི་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ
བོད་བཙན་པོའི་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-18ལྟ་ཀློག (5082)རྩོམ་ཁུངས: ཀྲུང་གོའི་བོད་ཀྱི་དྲ་བ།པར་འདེབ།

༄༅། །བོད་བཙན་པོའི་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།   རིག་ཞོལ་བུ་ཆུང་།
 
     [ནང་དོན་གནད་བསྡུས།]རྩོམ་འདིའི་ནང་བོད་ཀྱི་བཙན་པོ་རིམ་བྱོན་སྐུ་རིང་ལ་བོད་ཀྱི་འབྲོག་ལས་དཔལ་འབྱོར་དང་ཞིང་ དཔལ་འབྱོར་གཉིས་གཙོར་བྱས་པའི་བཟོ་ལས་དང་ཚོང་ལས་བཅས་དཔལ་འབྱོར་གྱི་རྩ་བའི་མ་ལག་བཞིའི་ཆུ་ཚད་ཇི་ཙམ་སླེབས་ཚུལ་དང་དེས་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོན་པའི་ཕན་ནུས་སྐོར་ལ་དཔྱད་གླེང་རགས་ཙམ་བྱས་ཡོད།[བརྡ་ཆད་གཙོ་བོ།]དཔལ་འབྱོར། འཕེལ་རྒྱས།[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]F127.8[ཡིག་ཚང་མཚོན་བྱུང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2009)01-001-06


གླེང་གཞི།

དེ་ཡང་འཛམ་གླིང་ཐོག་གི་མི་རིགས་ཅི་འདྲ་ཞིག་ཡིན་རུང་ཚང་མར་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་ཇེ་མཐོར་སོང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཞིག་གྲུབ་ཡོད། བོད་མི་རིགས་འདི་ཐོག་མ་སྤྲ་རིགས་ལས་མཆེད་པ་ནས་བཟུང་རང་བྱུང་ཁམས་དང་འཐབ་རྩོད་རྒྱུན་མི་ཆད་པ་བྱས་པས་ལོ་རྒྱུས་ཀྱི་དུས་མཚམས་མི་འདྲ་བའི་ནང་གསུབ་ཐབས་བྲལ་བའི་མཛད་རྗེས་བཞག་ཡོད། མི་རིགས་འདིར་ཤེས་རིག་གི་མངལ་སྦྲུམ་པ་ནས་བཟུང་སྤྱི་ཚོགས་ཉིན་རེ་བཞིན་འཕེལ་རྒྱས་སོང་ཞིང་། གཞི་རྒྱ་ཆེ་བའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དོ་རའི་ཁྲོད་རླབས་ཆེ་བའི་ཤེས་རིག་གི་གྲུབ་ཆ་ཞིག་བསྣན་ཡོད། ལྷག་པར་བཙན་པོ་རིམ་བྱོན་རྣམས་ཀྱིས་འཛམ་གླིང་སྤྱིའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་ནས་སྐབས་དེའི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་གང་ཅིའི་ཐད་མཛད་རྗེས་རབ་དང་རིམ་པ་བཞག་གནང་ཞིང་། ཁོང་རྣམ་པའི་ཡོན་ཏན་བརྗོད་པར་སྨྲ་ལྕེ་ངལ་བར་གྱུར་ཀྱང་། ཁོ་བོས་ཅོལ་བྱུང་བློ་ཡིས་སྐབས་དེའི་ཞིང་འབྲོག་བཟོ་ཚོང་གི་དཔལ་འབྱོར་འཕེལ་རྒྱས་སྐོར་ལ་ཅུང་ཟད་དཔྱད་གླེང་བྱ་བར་འདོད་དེ།

དང་པོ། འབྲོག་ལས་དཔལ་འབྱོར་སྐོར།

དེ་ཡང་བོད་མི་སྤྲེའུ་ལས་མཆེད་པ་ནས་བཟུང་རུས་ཚན་ཁག་མང་དུ་བྱུང་བ་དང་རུས་ཚན་ལ་སྔ་བ་དབྲ་འབྲུ་ལྡོང་སྒ་བཅས་བཞི་རུ་ངེས་ཤིང་། དེ་དག་མང་དུ་འཕེལ་བ་ནས་བོད་འདི་མ་སངས་སྤུན་དགུ་དང་། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་དབང་བྱས་ཚུལ་ཆོས་འབྱུང་དེབ་ཐེར་ཁག་ཏུ་གསལ་བའི་ལོ་རྒྱུས་ཀྱི་དོན་དངོས་དེ་དག་གིས་རྗེ་གཉའ་ཁྲིའི་ཡར་སྔོན་ནས་བོད་འདིར་གདོད་མའི་སྤྱི་ཚོགས་མཇུག་སྒྲིལ་ཞིང་གྲལ་རིམ་ལྡན་པའི་སྤྱི་ཚོགས་སུ་སླེབས་པ་གསལ་པོར་མཚོན་ནུས། གཉའ་ཁྲིས་རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་རིམ་པས་དབང་དུ་བསྡུས་ནས་ཡུལ་ཡར་ཀླུང་ཁུལ་དུ་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ཀྱི་མངའ་དབང་བསྒྱུར་རྗེས་སྲིད་འབྱོར་རིག་གསུམ་གྲ་རྒྱས་སུ་བཏང་ཡོད། དེ་ཡང་གཉའ་ཁྲི་ཡུལ་ཡར་ཀླུང་ཁུལ་དུ་བྱོན་ཏེ་ཞང་ཞུང་བོན་པོ། འཚེ་བོན་པོ། ཟིངས་པ་བོན་པོ་སོགས་ཤེས་པ་ཅན་གྱི་ཕྱུགས་རྫི་བ་བཅུ་གཉིས་དང་མཇལ་ཏེ་བཙན་པོའི་གོ་གནས་སུ་མངའ་གསོལ་ཞེས་“ཕྱུགས་རྫི་བ་བཅུ་གཉིས་”ཀྱི་མིང་ཅན་བྱུང་བ་ལས་སྐབས་དེར་ཕྱུགས་ལས་འཛིན་སྐྱོང་སྤེལ་བཞིན་ཡོད་པ་རྗེས་དཔག་གིས་རྟོགས་ཐུབ་ལ། གཉའ་ཁྲིས་རྒྱལ་སྲིད་བསྐྱངས་རྗེས་ཕྱུགས་ལས་ཐད་དེ་བས་འཕེལ་རྒྱས་སོང་ཡོད། གྲི་གུམ་བཙན་པོས་བློན་ལོ་ངམ་དང་འཐབ་ཚུལ་《ཏུན་ཧོང་ཡིག་ཆ་》ལས། “འུང་ནས་ལོ་ངམ་གྱྀས་གླང་པོ་བརྒྱའ་ལ། གསེར་མདུང་རྩེ་ཉིས་བརྒྱའ་རྦལ་(རྭ་ལ)བཏགས་ཏེ་རྒྱབ་ཏུ་ཐལ་བ་བཀལ་ནས་……”ཞེས་འབྱུང་བ་ལས་སྐབས་དེར་ཕྱུགས་རིགས་ལ་ཁལ་བཀལ་བ་དང་། སྒོ་ཕྱུགས་གསོ་ཚགས་བྱེད་པ། རྟ་དང་བ་གླང་སོགས་སྤྱན་ནས་དམག་འཐབ་བཤམས་པ་རྟོགས་ཐུབ། པུ་དེ་གུང་རྒྱལ་སྐབས་ཕྱུགས་རིགས་འཛིན་སྐྱོང་གི་ལས་རིགས་སྔར་བས་གཞི་རྒྱ་ཆེ་རུ་སོང་ཞིང་། དེ་ཡང་“བ་གླང་འབྲི་སྣག་ར་ལུག་ཁྲིམས་སུ་རྩལ། །རྩྭ་ལ་ཆུན་པོ་བྱས་ནས་དབྱར་རྩི་དགུན་དུ་རྩལ། །སྤུང་ཐང་ཞིང་དུ་ཀློག་ནས་རིའི་དོ་སྣམས་བཟུང་།” 【1】ཞེས་བྱུང་བ་ལས་ཕྱུགས་རིགས་གསོ་ཚགས་བྱེད་པའི་ལས་སྒོ་དར་རྒྱས་ཆེ་ཞིང་། དབྱར་རྩྭ་སྐམ་ནས་དགུན་ཕྱུགས་གསོ་བ་སོགས་ཚན་རིག་རང་བཞིན་དང་ལྡན་པའི་ཕྱུགས་རིགས་གསོ་བའི་ཐབས་ཤེས་བྱུང་། གཞན་ཡང་བ་གླང་དང་།   འབྲི་གནག   ར་ལུག་སོགས་བཏུལ་ཏེ་སྒོ་ཕྱུགས་ཀྱི་རྣམ་གྲངས་དང་གྲངས་འབོར་སྔར་བས་ཇེ་མང་དུ་སོང་འདུག    བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐུ་རིང་ལ་“མཛོ་དང་དྲེའུ་སྲེ་བ། ནོར་གྱི་རིན་ཐང་གཅོད་པ་” 【2】སོགས་དར་ཞིང་། ལྷག་པར་གནམ་རི་སྲོང་བཙན་སྐུ་དུས་སུ་འབྲོག་ལས་ཐད་དེ་བས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། སྐབས་དེར་བྱང་ཚྭ་རྙེད་པ་ནས་བཟུང་ཕྱུགས་རིགས་ཀྱིས་སྤྱི་ཚོགས་ཐོག་ཐོན་པའི་ཕན་འབྲས་ཇེ་མཐོར་སོང་ཞིང་། ཕྱུགས་རིགས་བཀོལ་ནས་ཚོང་ཟོག་སྐྱེལ་འདྲེན་དར་རྒྱས་སུ་སོང་བས་ཐོན་སྐྱེད་གོང་འཕེལ་བླ་ལྷག་ཕྱིན་ཡོད།

སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཕྱུགས་རིགས་ཀྱི་གྲངས་འབོར་ཇེ་མང་དུ་སོང་བ་དང་ཕྱུགས་རིགས་གསོ་ཚགས་ཀྱི་ལས་ཀར་སྔར་བས་ཞིབ་ཆ་ལྡན་དུ་སོང་སྟེ་བོད་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་སོང་། དེ་ཡང་“ཟས་ཀྱི་ཡོ་བྱད་ཚང་བ། འོ་མ་ཞོ་རུ་བསྒྱུར་བ། ཞོ་ལ་མར་དང་ད་ར། ད་ར་ཐུད་དུ་བསྒྱུར་བ།” 【3】ཞེས་བྱུང་བ་ལས་རྗེ་འབངས་ཀུན་གྱིས་ཕྱུགས་རིགས་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བླ་ལྷག་བྱེད་པ་དང་། ཕྱུགས་རིགས་ལ་བརྟེན་ནས་མར་དང་ད་ར། ཐུད་སོགས་བཅུད་ཆེ་བའི་ཟས་རིགས་རྣམ་གྲངས་འབོར་ཆེན་བྱུང་སྟེ། མི་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་འདུག གཞན་ཡང་བཙན་པོ་མང་སྲོང་མང་བཙན་སྐབས་སུ“ལུག་པགས་ཀྱིས་སློག་པ་བཟོ་བ་དང་། ལུག་བལ་གྱིས་ཕྱིང་བུ་བཟོ་བ། ཁུལ་རྩིད་ཀྱིས་སྦྲ་བཟོ་བ་སོགས་ཀྱང་ཤེས་འདུག” 【4】ལྷག་པར་《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》གྱི་སྟོན་དུས་ཕྱུགས་འཚོ་བའི་སྐོར་གྱི་བརྡ་ཡིག་དང་། རི་དྭགས་རྒྱགས་པའི་ཁྲིམས་ཡིག  རྟ་ཉོ་བའི་གན་རྒྱ། དེ་བཞིན་《གངས་ཅན་རིག་མཛོད།》ཨང་༡༣ནང་“རྟ་ཡི་འབྱུང་ཁུངས་ཅོག་རོའི་ལུགས་སུ་ཡི་གེར་བྲིས་པ་འདོད་དོན་ཀུན་གྲུབ་”ཅེས་པ་ཁྲི་སྲོང་སྐུ་དུས་ནས་བྱུང་བར་བཤད་པར་གཞིགས་ན། བཙན་པོའི་དུས་ཀྱི་ཕྱུགས་ལས་གཉེར་སྐྱོང་བྱ་ཚུལ་དང་ཕྱུགས་རིགས་ཕན་ཚུན་བརྗེ་ལེན་བྱ་ཚུལ། ཕྱུགས་རིགས་ཀྱི་སྤུ་རིས་ལ་བརྟེན་ནས་བཟང་ངན་འབྱེད་པའི་ཚུལ། དུས་བབས་ལ་བསྟུན་པ་ལས་གང་བྱུང་དུ་གསོད་མི་ཆོག་ཚུལ་སོགས་ཕྱུགས་ལས་ཐད་ཀྱི་ནང་དོན་རྒྱ་ཆེ་ཞིང་ཞིབ་ཚགས་པ། སྒྲིག་གཞི་ཁ་གསལ་བ་སོགས་བྱུང་ཡོད། དེའི་ཐོག་ནས་སྐབས་དེའི་ཕྱུགས་ལས་གཉེར་སྐྱོང་ལ་གཞི་རྩའི་རྩ་འཛིན་ཞིག་ཡོད་པ་རྟོགས་ཐུབ། མདོར་ན་བཙན་པོ་གོང་མ་རྣམས་ཀྱིས་ཕྱུགས་རིགས་གསོ་ཚགས་བྱ་རྒྱུར་མཐོང་ཆེན་བྱས་ཏེ། བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཡོང་རྒྱུར་ནུས་པ་གལ་ཆེན་ཞིག་འདོན་སྤེལ་བྱས་ཡོད།

གཉིས་པ། ཞིང་ལས་དཔལ་འབྱོར་སྐོར།

དཔལ་བུ་བསོད་ནམས་སྟོབས་རྒྱལ་གྱིས།“མཚོ་བོད་མཐོ་སྒང་གི་སྟེང་དུ་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་སྟེ་སྤྲ་ནས་མིར་འགྱུར་བའི་དུས་སྐབས་དེ་དག་ནས་ཞིང་ལས་དར་བ་མ་ཟད། འབྲུ་རིགས་ལ་ཡང་གྲོ་ནས་སྲན་གསུམ་དང་བྲ་བོ་དང་སོ་བ་སོགས་རིགས་དུ་མ་བྱུང་ཡོད་པར་རྟོགས་ཐུབ་”(《དེང་རབས་ཀྱི་ཚན་རྩལ་དང་སློབ་གསོ་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་སུ་འགྱུར་ཐུབ་པར་འབད་དགོས་པའི་སྐོར་ཅུང་ཟད་བཤད་པ》ཡི་ནང་གསལ་)ཅེས་གསུངས་པ་དང་། ལྷག་པར་ཉེ་བའི་ལོ་འགའི་སྔོན་ཆབ་མདོ་ཁ་རུབ་གནའ་ཤུལ་ལས་ནས་སོན་རྙེད་ཅིང་། གནའ་རྫས་རྟོག་ཞིབ་པས་བརྟག་དཔྱད་བྱས་པར་གཞིགས་ན། ནས་སོན་དེ་རིགས་ལ་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡ་པར་འདོད། དེས་ན་བོད་དུ་རྒྱལ་ཕྲན་སིལ་མ་བཞི་བཅུའི་གོང་ནས་ཞིང་ལས་དར་རྒྱས་ཆེན་པོ་བྱུང་ཡོད་ལ་གཉའ་ཁྲིས་རྒྱལ་སྲིད་བཟུང་རྗེས་དེ་བས་རྒྱ་ཁྱབ་རང་བཞིན་དུ་གྱུར་པ་རིགས་པས་འདེད་ཐུབ། བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལ་གྱི་དུས་སུ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།“བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །”ཞེས་གསལ་བར་དཔྱད་ན། སྐབས་དེར་རྨོན་དོར་བསྡེབས་པའི་སྲོལ་དར་ཞིང་། སྔར་ཡོད་ཞིང་ལ་ལེགས་བཅོས་དང་ཞིང་གི་རྒྱ་ཁྱོན་ཆེ་རུ་བཏང་བ། ཡུར་བ་བཏོད་ནས་ཞིང་ལ་དགོས་ངེས་ཀྱི་ཆུ་འདྲེན་པ་སོགས་ཚན་རིག་རང་བཞིན་ལྡན་པའི་ཐོན་སྐྱེད་ལག་རྩལ་དར་སྤེལ་བཏང་སྟེ་བོད་ཀྱི་ཞིང་ལས་ཐོན་སྐྱེད་དེ་སྐས་རིམ་གསར་པ་ཞིག་ཏུ་སྤོ་འགོ་ཚུགས། བོད་རྒྱལ་ཨེ་ཤོ་ལེགས་ཀྱི་དུས་སུ་“དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །འབྲོག་ལ་ཐུག་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་དར། །” 【5】ཞེས་བྱུང་བ་ལས། སྔར་ཡོད་ཞིང་ལས་ཆུ་ཚད་ཀྱི་རྨང་གཞིའི་ཐོག་ཞིང་ལས་སྒྲིག་གཞི་ཟམ་མི་ཆད་པར་སྔོན་ཐོན་དུ་འགྱུར་བ་དང་ཞིང་གི་དགོས་མཁོར་གཞིགས་ནས་ཕུ་རུ་ཆུ་རྫིང་བཟོས་ཏེ་ཆུའི་གནད་དོན་ཐག་གཅོད་ཡོང་ཐབས་བྱེད་པ། ས་རྒོད་བཏུལ་ནས་ཞིང་གི་རྒྱ་ཁྱོན་ཇེ་ཆེར་བཏང་བ་སོགས་བྱུང་། གནམ་རི་སྲོང་བཙན་ཡབ་སྲས་དུས་སུ་“ལོ་ཏོག་གྲོ་ནས་བྲ་བོ་སྲན་མ་འདེབས། །སྒོ་ཕྱུགས་གཡག་རྟ་ཁྱི་ལུག་ཕག་རྣམས་འཚོ། །” 【6】ཞེས་འབྱུང་བ་ལས་རིགས་མི་འདྲ་བའི་འབྲུ་རིགས་སྣ་ཚོགས་འདེབས་འཛུགས་དང་ཐོན་སྐྱེད་བྱེད་པ་མཚོན། ལྷག་པར་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་དགོངས་པ་རྒྱ་ཆེན་ཞིང་ཡོན་ཏན་ཟབ་པའི་བཙན་པོ་ཞིག་ཡིན། ཁོང་གིས་མི་རིགས་ཤིག་དར་རྒྱས་འགྲོ་དགོས་ན་མི་རིགས་གཞན་དབར་སྔོན་ཐོན་རིག་གནས་ཕན་ཚུལ་སྤེར་རེས་བྱ་དགོས་པར་དགོངས་ཏེ། སྔ་ཕྱིར་ཞིང་ལས་སྒྲིག་སྲོལ་ཐད་བསྒྱུར་བཅོས་ཟམ་མི་ཆད་པ་གནང་ཡོད། དེ་ཡང་“ཕུ་ཆུ་རྫིང་དུ་སྐྱིལ། གཞུང་ཆུ་ཡུར་དུ་དྲངས། རི་ཁྱིམ་ཀླུང་དུ་ཕབ། ཐང་ལ་ཞིང་དུ་སློགས། ཞིང་ལྷུར་བཅད།” 【7】ཅེས་བྱུང་བ་ལས་སྐབས་དེར་ཞིང་ལས་འཕེལ་རྒྱས་ཐད་སྔར་བས་གཙིགས་ཆེ་བ་བྱས་ནས། ཆུ་རྫིང་རྒྱ་བསྐྱེད་དང་། ཆུ་ཡུར་ལེགས་བཅོས། རི་ཁྱིམ་ཀླུང་དུ་སྤོས་ཏེ་ཞིང་ལས་དར་སྤེལ་དང་། སྒོས་སུ“ཞིང་ལྷུར་བཅད་”ཅེས་པ་ལས་ཐང་རྒྱལ་རབས་ཀྱི་ས་ཞིང་བཅོས་སྒྲིག་བྱེད་སྟངས་ལ་སློབ་སྦྱོང་མཛད་དེ་ཞིང་ལས་ཐོན་སྐྱེད་བྱས་ཡོད། མདོར་ན་“དེ་ལྟར་ཤར་རྩ་མི་ཤིང་མི་ལྷོ་ནས་ཀློ་དང་མོན་ནུབ་ནས་ཞང་ཞུང་དང་གྲུ་གུ བྱང་ནས་ཧོར་དང་ཡུ་གུར་རྣམས་འབངས་སུ་འདུས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར། དགེ་བཅུའི་ཁྲིམས་བཙན་བདེ་སྐྱིད་ལྷ་དང་མཉམ་པ་ཡིན་ནོ།” 【8】ཞེས་པ་འདི་དག་ལས་བཙན་པོ་འདིའི་སྐུ་རིང་ལ་ཆབ་སྲིད་མངའ་ཐང་འགྲན་ཟླ་བྲལ་ཞིང་། ཁྲིམས་སྲོལ་བཟང་པོས་བོད་ཁམས་བསྐྱངས་པ་དང་། ལྷག་པར་སྐབས་དེར་ཞིང་འབྲོག་ལས་ཀྱི་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་པ་གསལ་བར་མཚོན་ནུས། གཞན་ཡང་《ཏུན་ཧོང་ཡིག་ཆ་》ལས་“མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བརྩན་སྒམ་པོ་ཞེས་མཚན་གསོལ་ཏོ།” 【9】ཞེས་བྱུང་བ་ལས་བཙན་པོ་འདི་པའི་མཛད་འཕྲིན་གྱིས་དམངས་རྣམས་བདེ་བར་བཀོད་པ་རྟོགས་ཐུབ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞིང་ལས་ཐོན་འབབ་ལ་བརྟེན་ནས་དམག་ཤུགས་འཕེལ་རྒྱས་བཏང་བ་དང་། ལྷག་པར་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ་དགའ་སྟོན་རྟེན་འབྲེལ་བྱེད་པའི་ཚུལ་《སྦ་བཞེད》ལས་“དེ་ལྟར་ལོ་བཅུ་གཉིས་ཀྱི་བར་དུ་སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེ་བླངས། རྟ་རེས་བང་རེ་རྒྱུགས།”ཞེས་གསལ་བར་དཔྱད་ན་འབྲུ་རིགས་ཐོན་འབབ་ལེགས་པོ་བྱུང་སྟེ་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་པ་གསལ་རྟོགས་ཐུབ། 《ཏུན་ཧོང་ཡིག་ཆ་》ལས་“བཙན་པོ་ཁྲི་སྲོང་ལྡེ་བཙན་གྱྀ་རིང་ལ། ཆོས་བཟང་སྲིད་ཆེ་སྟེ། རྒྱལ་པོ་ནྀ་གནམ་ས་གཉིས་ཀྱི་བར་ཡུལ་དུ་བརྣམ་ཞིང་། འགྲེང་དུད་གཉིས་ཀྱི་བར་དུ་རྗེ་དང་བདག་མཛད་པའྀ་གཙུག་ལག་ཆེན་པོ། མྱྀའི་དཔེར་རུང་བར་མཛད་དོ།” 【10】ཞེས་སྲིད་ཀྱི་མངའ་ཐང་རྩེ་མོར་སོན་ན་ཞིང་ལས་ཆུ་ཚད་ཀྱང་འཕེལ་རྒྱས་ཤུགས་ཆེན་སོང་བ་རིགས་པས་འདེད་ཐུབ། མདོར་ན་སྤུ་རྒྱལ་བཙན་པོའི་ཞིང་ལས་ཐོན་སྐྱེད་ཀྱི་ཚད་གཞི་དེ་ཅི་འདྲ་ཞིག་ཏུ་སླེབས་ཡོད་པ་ནི་སྐབས་དེའི་བཙན་པོའི་མངའ་ཐང་སྟོབས་ཤུགས་ལས་ཀྱང་ཅུང་ཟད་དཔོན་ནུས་སོ།།

གསུམ་པ། བཟོ་ལས་དཔལ་འབྱོར་སྐོར།

གཉའ་ཁྲིས་བོན་ལུགས་དར་རྒྱས་མཛད་ཅིང་། བོན་བློན་གྲོས་ཀྱི་བསྡུར་བས་ཆབ་སྲིད་བསྐྱངས་པ་དང་། “རྒྱལ་པོ་དེས་གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས།” 【11】དེ་ལྟར་རྒྱལ་ཐོག་རིམ་པས་སོ་སོའི་གསས་ཁང་བཞེངས་ཚུལ་བོན་པོའི་ལོ་རྒྱུས་ཁག་ཏུ་གསལ་པོར་འཁོད་ཡོད། ལྷག་པར་རྗེ་འདི་པས་ཕོ་བྲང་ཡུམ་བུ་བརླ་མཁར་བཞེངས་པ་དེས་སྐབས་དེའི་བོད་ཀྱི་བཟོ་རྩལ་ལག་ཤེས་དང་ཨར་སྐྲུན་གྱི་ཆུ་ཚད་ཇི་ལྟ་བུ་ཞིག་ཏུ་སླེབས་པ་གསལ་ནུས། དེ་ཡང་《ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར་》ཞེས་བྱ་བའི་ནང་གནམ་གྱི་ཁྲི་བདུན་གྱི་རིང་ལ་རིམ་བཞིན་གསས་ཁང་ཁོ་མ་ནེ་ཆུང་དང་ཁོ་མ་ཡང་རྩེ། རྨུ་ར་དགུ་ཁྱུད། ཟོ་བོ་ཁྱུང་ལག  གཡུང་དྲུང་ལྷ་རྩེ། ཁོ་མ་རུ་རིང་བཅས་བཞེངས་པར་གསལ། གྲི་གུམ་བཙན་པོའི་དུས་བཟོ་རྩམ་ཐད་སྔ་ན་མེད་པའི་མཐོ་རླབས་ཤིག་འཕྱུར་བ་སྟེ། དེ་ཡང་བཙན་པོ་ཁོང་དང་བློན་ལོ་ངམ་འཐབ་པ་ལས་རྟོགས་ནུས་ཏེ། 《ཏུན་ཧོར་ཡིག་ཆ་》ལས། “ལྷ་འི་དཀོར་མདུང་རང་འདེབས་དང་། རལ་གྱྀ་རང་གཅོད་དང་། ཁྲབ་རང་གྱོན། ཕུབ་རང་བཟུར་ལ་སྩོགས་པ……” 【12】ཞེས་གསལ་བ་ལས་མདུང་དང་རལ་གྲི  ཁྲབ། ཕུབ་སོགས་ཀྱི་བཟོ་རྩལ་ལག་ཤེས་ཚད་ངེས་ཅན་ཞིག་ཏུ་སླེབས་པ་གསལ་ནུས། ཡང་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས་“……དེ་གོང་བོད་རང་ལ་རལ་གྲིའི་བརྡ་ཆད་མེད་པ་ལ་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སུ་ཕུལ་ཟིན་དུ་བྱ་བའི་ས་ངན་དུ། མི་ཟིམ་བུ་སྤུན་དགུས་བརྡུང་པའི་གྲི་བོད་རལ་དགུ་ཟི་བྱ་བ་བྱུང་” 【13】ཞེས་གསལ་བ་ལས་སྐབས་དེར་གྲིའི་ནང་ནས་རལ་གྲི་དགུ་ཟི་བྱ་བ་བྱུང་བར་བཤད། མདོར་ན་བཙན་པོ་འདིའི་རིང་ལ་དམག་སྤྱོད་ཡོ་བྱད་ལས་སྣོན་དང་གསར་སྐྲུན་བྱ་རྒྱུར་སྔ་ན་མེད་པའི་སྒོ་མོ་ཞིག་འབྱེད་པ་དང་། ལྕགས་རིགས་བརྡུངས་བཞུས་བྱས་ནས་ལག་ཆ་སྣ་ཚོགས་བཟོ་སྐྲུན་བྱས་པའི་དུས་བབས་ཤིག་ཡིན་འདུག དེའི་སྲས་པུ་དེ་གུང་རྒྱལ་གྱི་དུས་སུ་“ཤིང་བསྲེགས་པའི་སྙིང་པོ་སོལ་བ། ཀོ་བའི་བའི་ཁུ་བའི་སྙིང་པོ་ལ་སྤྱིན་བྱུང་” 【14】བར་བཤད། གཞན་ཡང་ཆུ་ལ་ཟམ་པ་དང་། རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་བྱུང་བ་དེས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་སྔ་ན་མེད་པའི་འགྱུར་བ་བྱུང་བ་དང་། བློན་བློ་རིག་བཀྲ་བ་རྣམས་ཀྱིས་རང་གི་ནུས་རྩལ་འདོན་སྤེལ་བྱས་ཏེ་བཟོ་ལས་གོང་འཕེལ་གཏོང་བའི་སྲོག་ཁ་ལྷག་པར་དར།

གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་སྐུ་མཁར་ཁྲི་བརྩེགས་འབུམ་འདུགས་བྱ་བ་ཨར་སྐྲུན་ལག་རྩལ་རྩེར་སོན་པ་ཞིག་བརྩིགས་གནང་ཞིང་ཆབས་ཅིག་གཏེར་འདོན་བྱ་གཞག་ཁྱབ་སྤེལ་བཏང་། 《སྟག་ལུང་ཆོས་འབྱུང་》ལས། སྐབས་དེར་“རྒྱ་ནག་ནས་སྨན་དང་རྩིས་བླངས་”ཞེས་པ་ལས་མི་རིགས་གཞན་གྱི་རིག་གནས་བོད་དུ་གདན་དྲངས་པ་སྟེ་བོད་ཀྱི་སྨན་རྩིས་ལག་ར་རྩལ་འཐུས་སྒོ་ཇེ་ཚང་དུ་བཏང་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ལྷོ་ཕྱོགས་རྒྱ་གར་དང་བལ་པོ། ནུབ་སྟག་གཟིག བྱང་ལི་ཡུལ། ཤར་རྒྱ་ནག་སོགས་དང་གཉེན་འབྲེལ་བཙུགས་རྗེས་མཐའ་བཞིའི་ཡུལ་གྲུ་ཁག་དང་ལག་ཤེས་སྤེལ་རེས་ཀྱི་མཐོ་རླབས་དྲག་ཏུ་འཕྱུར་ཞིང་། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་དུ་བཞེངས་པ་དེས་བོད་ཀྱི་ཨར་སྐྲུན་ལག་རྩལ་སྐབས་དེའི་འཛམ་གླིང་སྔོན་ཐོན་ཚད་དུ་སླེབས་པ་རྟོགས་ཐུབ། གཞན་ཡང་“རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས།” 【15】པ་ལས་བོད་ཡུལ་ཙམ་མ་ཟད་ཡུལ་ཕྱོགས་གཞན་དུ་ཡང་བོད་ཀྱི་ཨར་སྐྲུན་ལག་རྩལ་ཁྱབ་སྤེལ་བཏང་བ་མཐོང་ཐུབ། དུས་མཚུངས་བལ་པོའི་ལྷ་བཟོ་བ་ཁྲོ་བོ་ཞེས་པ་གདན་དྲངས་ནས་བལ་ལུགས་ཀྱི་ལྷ་རིས་འབྲི་སྲོལ་དར། ལྷག་པར་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས་ཏེ་བོད་ཡིག་གསར་བཅོས་བྱས་པ་ལས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཡོང་རྒྱུར་ཐད་ཀའི་ནུས་པ་འདོན་སྤེལ་བྱུང་། མདོར་ན་“ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །ནུབ་ཕྱོགས་སོག་པོ་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །” 【16】ཞེས་འབྱུང་བ་ལས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་སྒོ་དབྱེའི་ཕྱོགས་སུ་གོམ་སྟབས་ཆེས་ཆེར་སྤོ་བའི་ཚུལ་གསལ་བར་མངོན་ཐུབ་བོ། བཙན་པོ་འདུས་སྲོང་མང་པོ་རྗེའི་སྐུ་དུས་སུ་མེས་རྒྱལ་ནང་ས་ནས་དཀར་ཡོལ་བཟོ་མི་གདན་དྲངས་ནས་བོད་དུ་དཀར་ཡོལ་དར་རྩེ་བྱ་བ་བཟོས་ཏེ་ལག་རྩལ་ཁྱབ་སྤེལ་བཏང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཕྱག་བཏབ་པའི་བསམ་ཡས་གཙུག་ལག་ཁང་དེ་ནི་སྐབས་དེར་བོད་དང་མི་རིགས་གཞན་དབར་ལག་ཤེས་སྤེལ་རེས་བྱེད་པའི་ཚབ་མཚོན་འཁྲུལ་མེད་ཅིག་ཡིན། 《སྦ་བཞེད་》སོགས་ལས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་རྫ་དང་སོ་ཕག་ཁྲོ་ཆུ་ལུགས་མར་བླུགས་ཏེ་རྩིག་པ་སྦྱར་བར་བྱས་ཞེས་བྱུང་བར་གཞིགས་ན་སྐབས་དེར་ཨར་ལས་འཛུགས་སྐྲུན་གྱི་རྒྱུ་ཆའི་ལས་སྣོན་ལ་ཕུགས་འཕེར་རང་བཞིན་གྱི་ལག་རྩལ་དར་ཁྱབ་བྱུང་ཡོད་ཚུལ་རྟོགས་ཐུབ། ལྷག་པར་བཙན་པོ་འདིས་བོད་ཀྱི་གསོ་རིག་འཕེལ་རྒྱས་ཐད་སྔར་ལྷག་གིས་མཐོང་ཆེན་བྱས་ཏེ། སྔ་ཕྱིར་རྒྱ་གར་དང་རྒྱ་ནག  བལ་པོ། གྲུ་གུ ཁྲོམ་བཅས་ཀྱི་ལོ་ཙཱ་བ་གདན་དྲངས་ཏེ་སྨན་གཞུང་འབོར་ཆེན་བོས་སྐད་དུ་བསྒྱུར་ཐོག་སྔར་ཡོད་བོད་ཀྱི་གསོ་རིག་ལག་རྩལ་མི་ཉམས་གོང་སྤེལ་བཏང་ཡོད། དུས་སྐབས་དེར་“བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་མཐོ་རླབས་དང་པོ”ཞེས་བརྗོད་ཀྱང་མི་ཆོག་རྒྱུ་མེད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་གཅེས་བསྡུས་》ཀྱི་ནང་དུ་ཡང་གསོ་རིག་སྐོར་གྱི་ནང་དོན་མི་ཉུང་བ་ཞིག་འདུག་པས་ཡིག་ཚོགས་ལ་འཇིགས་ཏེ་རེ་རེ་ནས་གླེང་བར་མི་བྱའོ། གཞན་ཡང་ཞོལ་རྡོ་རིང་དང་། ཁྲི་ལྡེ་སྲོང་བཙན་སྐབས་བརྐོས་པའི་ཀོང་པོ་དེ་མོ་ཁུལ་གྱི་བྲག་བརྐོས་ཡི་གེ་དང་། རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་། ཁྲི་རལ་སྐབས་བཙུགས་པའི་དབོན་ཞང་མོལ་བའི་རྡོ་རིང་སོགས་ལས་སྐབས་དེའི་བོད་ཀྱི་རྡོ་བརྐོས་ཡི་གེའི་བཟོ་རྩལ་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་པ་མཚོན། མདོར་ན་“ཐོན་སྐྱེད་ཐད་འབྲོག་ལས་གཙོ་བོར་བཟུང་ཐོག་བསྲེགས་བཅོས་དང་། ཁལ་འཐག་སོགས་ཀྱི་ལག་ཤེས་བཟོ་ལས་ཡོད་ལ། རྒྱ་མི་རིགས་ཀྱི་བཟོ་ལས་ལག་རྩལ་འབོར་ཆེན་ཉམས་ལེན་བྱས་” 【17】ཏེ་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་ཡོང་བར་གལ་ཆེའི་ནུས་པ་ཐོན་ཡོད།

བཞི་པ། ཚོང་ལས་དཔལ་འབྱོར་སྐོར།

རྗེ་གཉའ་ཁྲིས་ཡུལ་ཡར་ལུང་དུ་སྤུ་རྒྱལ་ཁ་ལོ་བསྒྱུར་བ་ནས་བཟུང་བོད་ཀྱི་ཞིང་འབྲོག་ལས་ཐད་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། དེ་དང་ཆབས་ཅིག་བློན་རིག་པ་ཅན་གཅིག་རྗེས་གཉིས་མཐུད་བྱུང་བ་ནས་ཚོང་ལས་དཔལ་འབྱོར་ཡང་ཉིན་བཞིན་འཕེལ་རྒྱས་སོ། དེ་ཡང་“……སོ་ཁ་བཞིས་ནི་སོ་འཛུགས། ཁྲོམ་ཁ་བརྒྱད་ཀྱིས་ནི་ཕྱིའི་དགྲ་འདུལ། རོང་དོར་ཁབ་སོ་ཉི་ཤུ་གཉིས་ཀྱིས་བང་མཛོད་འགྱེངས། ཚོང་འདུས་བཅུ་གཉིས་ནས་ནོར་གྱི་དབྱིག་འབུལ། ལེགས་ཉེས་ཀྱི་བྱ་དགའ་དཔའ་མཛངས་ཀྱིས་ཤན་འབྱེད། ནོངས་ཀྱི་ཆད་པའི་ངན། གཡོའི་ཁུངས་བསྣུབས་” 【18】ཞེས་འཁོད་པ་ལྟར་རྗེ་གཉའ་ཁྲིས་གཡོ་ཁྲམ་ལ་བརྟེན་ནས་ཚོང་རིགས་བརྗེ་ལེན་བྱེད་པར་ཆད་པ་བཏང་བས་ཚད་ལྡན་རང་བཞིན་གྱི་ཁྲོམ་རྭ་དར་བ་རྟོགས་ཐུབ། བོད་རྒྱལ་པུ་དེ་གུང་རྒྱལ་རིང་རྡོ་བཞུས་ཏེ་གསེར་དངུལ་ཟངས་ལྕགས་ཕྱུངས་ནས་ཞིང་སྤྱོད་ཡོ་ཆས་དང་དམག་སྤྱོད་ཡོ་ཆས་བརྗེ་ལེན་ཟམ་མི་ཆད་པ་བྱས་འདུག སྟག་རི་གཉན་གཟིགས་སྐབས་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས།”ཞེས་གསལ་བ་ལས། ཞིང་འབྲོག་ཚོང་ལས་ཀྱི་དགོས་མཁོར་གཞིགས་ཏེ་བྲེ་ཕུལ་སྲང་གསུམ་གྱི་ཚད་གཞི་གཏན་འཁེལ་བྱས་ཤིང་། ཕན་ཚུན་དབར་གྲོས་དང་བསྡུར་བས་ཚོང་ཟོག་བརྗེ་ལེན་བྱས་པའི་མཐོ་རླབས་འཕྱུར་འདུག གནམ་རི་སྲོང་བཙན་གྱི་རིང་ལ་མཐའ་བཞིའི་ཡུལ་གྲུ་གཞན་དབར་ཚོང་འབྲེལ་བྱེད་པའི་ལམ་བུ་བཤངས་པ་དང་། སྒོས་གྲུ་གུའི་གཡུ་རྙིང་བོད་དུ་བྱུང་བ་དང་བྱང་ནས་ཚྭ་དྲངས་ཏེ་བོད་དུ་ནས་དང་བརྗེ་ལེན་བྱེད་པའི་ཚོང་ལས་ལྷག་པར་དར་འདུག བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་བོད་ཡིག་གསར་བཅོས་བྱས་པ་དེས་རྒྱ་དང་མི་ཉག རྒྱ་གར། སོག་པོ། བལ་པོ། ཧོར། ཡུ་གུར་སོགས་དབར་ཚོང་ལས་ཀྱི་འབྲེལ་བ་འཛུགས་རྒྱུར་སྔོན་འགྲོའི་ཆ་རྐྱེན་གང་ལེགས་བསྐྲུན་ཡོད། སྐབས་དེར་ཚོང་ལས་ཀྱིས་རྒྱལ་ཁམས་སྐྱོང་ཞིང་། དེ་ཡང་ཚོང་ལྔ་སྟེ་“རྒྱ་བྱེ་ཚོང་དང་། གྲུ་གུ་གཡུ་ཚོང་། འ་ཞ་གྲི་ཚོང་། ལྡན་མ་དར་ཚོང་། གླན་ཚྭ་ཚོང་” 【19】བཅས་བྱུང་སྟེ་སྔ་ན་མེད་པའི་ཚོང་འབྲེལ་གྱི་ལམ་བུ་ཞིག་གསར་དུ་བཏོད། གཞན་ཡང་ཚོས་རིགས་དང་ཤོག་བུ། རོལ་མོའི་བྱེ་བྲག་སོགས་ཀྱི་ཚོང་ཡང་བྱུང་། སྐབས་དེར་འཇལ་གཤོར་འདེགས་གསུམ་སྔར་བས་ཚད་ལྡན་གཅིག་གྱུར་བཟོས་ཏེ་ལྷོ་ཚོང་བྱང་དང་བྱང་ཚོང་ལྷོ་རུ་བསྐྱལ་བའི་དཔེ་ལྟར་ཚོང་ལས་གཉེར་སྐྱོང་རྒྱ་ཆེར་སྤེལ་ཏེ་འཚོ་བའི་ཆུ་ཚད་གོང་མཐོར་སོང་།

མདོར་ན། གོང་དུ་བརྗོད་པའི་སྒྲུབ་བྱེད་དེ་དག་གིས་སྐབས་དེའི་བོད་ཀྱི་ཕྱུགས་ལས་དང་ཞིང་ལས། དེ་བཞིན་བཟོ་ཚོང་ལས་རིགས་བཅས་ཀྱི་དཔལ་འབྱོར་ཆུ་ཚད་དེ་ཇི་འདྲ་ཞིག་ཏུ་སླེབས་པ་ཅུང་ཟད་རྟོགས་ཐུབ་བོ།། །།

མཆན་འགྲེལ།
【1】
《རྒྱ་བོད་ཡིག་ཚངས་ཆེན་མོ་》P229、146、130སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས1985.6པར་དཔར་དུ་བསྐྲུན།  དཔལ་འབྱོར་བཟང་པོ།
【2】
《ལ་དྭགས་རྒྱལ་རབས་》P31、28、33、27བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1987.6པར་དཔར་དུ་བསྐྲུན།
【3】
《ལ་དྭགས་རྒྱལ་རབས་》P31、28、33、27བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1987.6པར་དཔར་དུ་བསྐྲུན།
【4】
《དུད་དྲེགས་ཆགས་པའི་ཟངས་ཁོག》P46སྟོབས་ལྡན་སེང་གེ   མི་རིགས་དཔེ་སྐྲུན་ཁང་གིས་2000.10པར་དཔར་དུ་བསྐྲུན།
【5】
《ཆོས་འབྱུང་མཁས་པའི་དགའ་སྟོན》P165、194、184མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།  དཔའ་བོ་གཙུག་ལག་ཕྲེང་བ།
【6】
《ཐང་ཡིག་གསར་མ་》P275དོན་གྲུབ་རྒྱལ་གྱི་གསུང་རྩོམ་པོད་བཞི་པ།
【7】
《རྒྱ་བོད་ཡིག་ཚངས་ཆེན་མོ་》P229、146、130སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས1985.6པར་དཔར་དུ་བསྐྲུན།  དཔལ་འབྱོར་བཟང་པོ།
【8】
《ཆོས་འབྱུང་མཁས་པའི་དགའ་སྟོན》P165、194、184མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།  དཔའ་བོ་གཙུག་ལག་ཕྲེང་བ།
【9】
《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》P61、34མི་རིགས་དཔེ་སྐྲུན་ཁང་གིས་1992ལོར་དཔར་དུ་བསྐྲུན།  དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ།
【10】
《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་》P102ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས1995.8པར་དཔར་དུ་བསྐྲུན།  གཉའ་གོང་དཀོན་མཆོག་ཚེ་བརྟན།
【11】
《ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར་》P88ཤར་རྫ་བཀྲ་ཤིས་རྒྱལ་མཚན།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1985.6པར་དཔར་དུ་བསྐྲུན།
【12】
《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》P61、34མི་རིགས་དཔེ་སྐྲུན་ཁང་གིས་1992ལོར་དཔར་དུ་བསྐྲུན།  དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ།
【13】
《རྒྱ་བོད་ཡིག་ཚངས་ཆེན་མོ་》P229、146、130སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས1985.6པར་དཔར་དུ་བསྐྲུན།  དཔལ་འབྱོར་བཟང་པོ།
【14】
《ལ་དྭགས་རྒྱལ་རབས་》P31、28、33、27བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1987.6པར་དཔར་དུ་བསྐྲུན།
【15】
《བུ་སྟོན་ཆོས་འབྱུང་》P183བུ་སྟོན་རིན་ཆེན་གྲུབ།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1988.9པར་དཔར་དུ་བསྐྲུན།
【16】
《ཆོས་འབྱུང་མཁས་པའི་དགའ་སྟོན》P165、194、184མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།  དཔའ་བོ་གཙུག་ལག་ཕྲེང་བ།
【17】
辞海》《ཚིག་གི་རྒྱ་མཚོ་》རྒྱ་ཡིག  上海辞书出版社1979出版(上)(17)P1662
【18】
《ལ་དྭགས་རྒྱལ་རབས་》P31、28、33、27བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1987.6པར་དཔར་དུ་བསྐྲུན།
【19】
《ལྡེའུ་ཆོས་འབྱུང་》P273མཁས་པ་ལྡེའུ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1987.6པར་དཔར་དུ་བསྐྲུན།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23549907
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།