མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《ཀླུ་སྒྲུབ་དགོངས་རྒྱན》ལ་རགས་ཙམ་དཔྱད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《ཀླུ་སྒྲུབ་དགོངས་རྒྱན》ལ་རགས་ཙམ
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《ཀླུ་སྒྲུབ་དགོངས་རྒྱན》ལ་རགས་ཙམ་དཔྱད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-18ལྟ་ཀློག (4241)རྩོམ་ཁུངས: མི་དམངས་དྲ་བ།པར་འདེབ།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《ཀླུ་སྒྲུབ་དགོངས་རྒྱན》ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།   ཨ་སྔགས་ཚེ་རིང་བཀྲ་ཤིས།
 
 གསུམ།   དབུ་མ་བ་ལ་ཁས་ལེན་མེད་པའི་སྐོར།

     དེ་ཡང་དབུ་མ་ཐལ་འགྱུར་བའི་ལུགས་ལ་ཤེས་བྱ་བདེན་པ་གཉིས་སུ་ངེས་ཤིང་ཤེས་བྱེད་ལ་ཚད་མ་གཉིས་སུ་ཁ་ཚོན་བཅད་དེ།   ཤེས་བྱེད་གང་གི་ངོར་ཤེས་བྱ་གང་ཚུལ་ཇི་ལྟར་ཁས་ལེན་མི་ལེན་སོགས་རྣམ་དབྱེ་ཞིབ་མོའི་སྒོ་ནས་དབུ་མ་བ་ལ་ཁས་ལེན་ཡོད་མེད་ཀྱི་གནད་དོན་འདི་བྱུང་།  སྔ་རབས་ཀྱི་མཁས་དབང་རྣམས་ལས་ཕྱོགས་འདིར་ཚབ་མཚོན་རང་བཞིན་གྱི་བཞེད་པ་སྟེ།   ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པའི་བུ་ཆེན་བཞི་བྱོན་པ་ལས་ཚིག་དོན་གཉིས་ཀར་མཁས་པ་རྨ་བྱ་བྱང་བརྩོན་ནས་དབུ་མ་ཐལ་འགྱུར་བ་ལ་ཐ་སྙད་ཀྱི་རྣམ་བཞག་ཁས་ལེན་ཡོད་པར་འདོད་པ་དང་།   དོན་ལ་མཁས་པ་གཙང་པ་ས་སྦོས་ནས་ཁས་ལེན་མེད་པར་འདོད་པོའོ།  རྨ་བྱ་བྱང་བརྩོན་གྱི་སློབ་བརྒྱུད་དུ་བུ་སྟོན་རིན་ཆེན་གྲུབ།   རྗེ་བཙུན་རེད་མདའ་བ།  གནས་རྙིང་བ།  ཡར་འབྲོག་པ་རིན་ཆེན་ཏོག    རྗེ་བཙུན་ཙོང་ཁ་པ་ལྟ་བུ་ཟབ་མོ་དབུ་མ་འཆད་པའི་མཁས་དབང་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་ཏེ་ཐ་སྙད་ཀྱི་རྣམ་བཞག་ཁས་ལེན་ཡོད་པར་སྒྲུབ་ཅིང་།   ཁྱད་པར་དུ་རྗེ་བཙུན་བློ་བཟང་གྲགས་པ་ནས་ཇི་སྐད་དུ་རྟེན་འབྲེལ་བསྟོད་པ་ལས།   འབད་པ་དུ་མས་མཁས་པ་ཡི།།   རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི།།   དགོངས་པ་ཡང་དང་ཡང་དུ་བཙལ།།   དེ་ཚེ་རང་གཞན་སྡེ་པ་ཡི།།    གཞུང་མང་དག་ལ་སྦྱངས་པ་ན།།   ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས།།    བདག་གི་ཡིད་ནི་ཀུན་ཏུ་གདུང་།།   ཞེས་གསུངས་པ་ལྟར་སྔོན་བྱོན་མཁས་དབང་ཇི་སྙེད་ཀྱི་ཐུགས་ཀྱི་བཅུད་རྣམས་ལེགས་པར་མནོས་ཀྱང་།   ད་དུང་ཕྱོགས་འདི་ཐེ་ཚོམ་གྱི་དྲ་བ་གཙང་ཆོད་དུ་མ་ཡོང་སྟབས།   ཕྱིས་ནས་བླ་མ་དབུ་མ་པ་ལ་བསྟེན་ཏེ་དབེན་པའི་གནས་སུ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་ཐུགས་རྩེ་གཅིག་ཏུ་ཡང་ནས་ཡང་དུ་དཔྱད་པ་ཞིབ་མོ་བཏང་བས་མཐར་སོམ་ཉིའི་དྲ་བ་ཆོད།   ལྟ་བའི་གསང་གནད་གྲོལ།   རྒྱུད་ཀྱི་རྟོགས་པ་ཡོངས་སུ་སྨིན་ཏེ།   དགུང་ལོ་བཞི་བཅུའི་ཐོག་ནས་བཟུང་སྔ་རབས་བཤད་དགོངས་ལས་བརྒལ་ཏེ་ལྟ་བ་རང་མཚན་པ་སྨིན་ཅིང་།  དོན་དམ་པར་ཁས་ལེན་གཅིག་ཀྱང་མེད་ལ་ཐ་སྙད་དུ་ཁས་ལེན་ཐམས་ཅད་ཡོད་དོ་ཞེས་པའི་རྣམ་བཞག་རྒྱས་པར་མཛད་དེ།   སྣང་བ་བརྟེན་འབྱུང་བསླུ་བ་མེད་པ་དང་།།   སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།།   ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།།    ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།།    ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།།   རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ན།།   ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན།།   དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།།   ཞེས་པའི་མཐར་ཐུག་རང་རྐྱ་འཕེར་བའི་རྒྱལ་མཚན་བཙུགས་ཤིང་།   ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་ལམ་རིམ་ཆེ་ཆུང་དང་རྩ་འཇུག་གི་ཊིཀ་ཆེན་རྣམས་སུ་ལས་དང་པོ་བ་སྟེ་རིགས་པས་དཔྱད་པ་ངེས་ཤེས་མེད་པ་རྣམས་ཆད་ལྟའི་གཡང་ལས་སྐྱོབ་ཆེད།   ཁས་ལེན་ཡོད་མེད་དང་ཐ་སྙད་དུ་རང་མཚན་གྱིས་གྲུབ་མིན་ལ་སྣང་ཕྱོགས་གཙིགས་སུ་འཛིན་དགོས་པའི་བླང་བྱ་བཏོན་ནོ།།

      མཁས་མཆོག་གཙང་པ་ས་སྤོས་ཀྱི་སློབ་བརྒྱུད་དུ་སོང་བའི་བོད་སྔ་རབས་པ་རྣམས་མགྲིན་གཅིག་ཏུ་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མའི་རང་ལུགས་ལ་འདི་ཡིན་འདི་མིན་དང་ཡོད་མེད་ལ་སོགས་པའི་སྤྲོས་པ་གང་ཅིར་ཡང་ནི་མེད་པའི་ཕྱིར་རྣམ་པ་ཀུན་ཏུ་ཅིར་ཡང་ཁས་ལེན་མེད་པར་བཞེད་ཅིང་གཞི་དང་ལམ་དང་འབྲས་བུ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་བཞག་ཐམས་ཅད་གཞན་ངོའི་ཁས་ལེན་ཙམ་དུ་བཞག་པར་མཛད།   ལུགས་འདིས་སྣང་ཕྱོགས་གཙོ་བོར་མཛད་པ་ནི་དབུ་མ་རང་རྒྱུད་པའི་ལྟ་དགོངས་སུ་འགྱུར་བར་དོགས་ཏེ་གནས་སྣང་གཉིས་ལས་བློ་གྲོས་ཆེན་པོའི་དཔྱད་བྱར་གྱུར་པའི་དབུ་མ་ཐལ་འགྱུར་བ་ནས་གནས་ཕྱོགས་གཙོ་བོར་བྱེད་དགོས་པའི་རྣམ་བཞག་མཛད།   དེས་ན་སྔ་རབས་ལུགས་འཛིན་གོ་ཤཱཀ་སྟག་གསུམ་སོགས་ནས་དོན་དམ་ལ་དཔྱོད་པའི་སྐབས་སུ་ཁས་ལེན་མེད་ལ་ཀུན་རྫོབ་ལ་དཔྱོད་པའི་སྐབས་སུ་ཁས་ལེན་ཡོད་ཅེས་བཞེད་ལ།   དཔྱོད་པའི་སྐབས་སུ་ཞེས་བརྗོད་པ་ལས་རང་ངོ་དང་གཞན་ངོའི་ཁྱད་པར་སྦྱར་བའི་རྣམ་བཞག་མཛད་ལ།   ཁས་ལེན་ཡོད་ཅེས་བརྗོད་པའང་གཞན་ངོའི་ཁས་ལེན་ཙམ་ལ་ཟད་དོ།   གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་ནས།   འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལྟ་ཞོག་རྣལ་འབྱོར་པའི་ཀུན་རྫོབ་ཙམ་ཡང་ཁས་ལེན་པ་མ་ཡིན་ཏེ།   སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་ཕྱིར་རོ་ཞེས་གསུངས་པ་དང་།    ཕྱིས་བྱོན་རྒྱལ་བ་ཀློང་ཆེན་པའི་ལུགས་འཛིན་འཇུ་མི་ཕམ་ནས་གོང་ཞུས་ཀྱི་ལུགས་གཉིས་ལའང་སྐྱོན་ཡོད་པར་དམིགས་ཏེ་ངེས་ཤེས་སྒྲོན་མེར།   དེར་བརྟེན་གངས་ཅན་མཁས་པ་འགས།།   རང་ལུགས་ཁས་ལེན་ཡོད་པའི་ཕྱོགས།།   ཁོ་ན་ཡང་ཡང་ཆེས་ཆེར་བསྒྲུབས།།   དེ་ཡང་སྐབས་ཤན་མ་ཕྱེས་ན།།   གཤིས་དོན་ཅིར་ཡང་མ་གྲུབ་ཕྱིར།།   མཐའ་གཅིག་ཁས་ལེན་ཡོད་པའང་དཀའ།།   ཞེས་དང་།  ཁས་བླངས་པ་དེ་ནོར་དམ་པར།།   གྲུབ་ཅིང་དཔྱད་བཟོད་ཉིད་དུ་གྱུར།།    རང་ལུགས་ཁས་ལེན་མ་ཡིན་ན།།   རང་ལ་ཁས་ལེན་ཡོད་པ་འགལ།།   ཞེས་བརྗོད་ནས་མཐའ་གཅིག་ཏུ་ཁས་ལེན་ཡོད་པའང་སྐབས་མ་ཕྱེས་ན་རིགས་པའི་གནོད་པ་ཡོད་ཚུལ་དང་།   སྔ་རབས་པ་རྣམས་མགྲིན་གཅིག་ཏུ།།   དབུ་མའི་རང་ལུགས་ཡིན་མིན་དང་།།   ཡོད་མེད་ལ་སོགས་ཅིར་ཡང་ནི།།   མེད་ཕྱིར་ཁས་ལེན་མེད་པར་འདོད།།   རང་གཞུང་རྣམས་ལས་ལམ་འབྲས་དང་།།   རྟེན་འབྱུང་གྲུབ་མཐའི་རྣམ་བཞག་ཀུན།།   ཁས་བླངས་རང་ལུགས་ཡོད་བཞིན་དུ།།   ཐ་སྙད་ཐམས་ཅད་གཞན་ངོ་ལ།།   སྐྱེལ་བ་ཚིག་དོན་གཉིས་ཀར་འགལ།   ཞེས་ཁས་ལེན་མེད་པའི་ལུགས་ལའང་འགལ་བའི་ཁུར་ཆེན་ཞིག་ཡོད་པར་བརྗོད་དེ།    རང་ལུགས་ལ།   དེས་ན་དབུ་མ་ཆེན་པོའི་ངོར།།    ཁས་ལེན་ཅིར་ཡང་ཡོད་མིན་ཏེ།།   དེ་ཡིས་སྣང་སྟོང་མཉམ་ཉིད་དུ།།   རྟོགས་སླད་ཡོད་མེད་ཡིན་མིན་སོགས།།   དགག་སྒྲུབ་སྤྲོས་ཀུན་བྲལ་བས་ན།།   གནས་ལུགས་དོན་བཞིན་ཆོས་ཀུན་ཀྱང་།།   ཁས་བླངས་རིགས་པས་མི་གྲུབ་ཕྱིར།།  གང་དུ་ཁས་ནི་ལེན་མི་བྱེད།།   དེ་ལྟར་གནས་ལུགས་མཐར་ཐུག་དོན།།  ཁས་ལེན་མེད་ཀྱང་སྣང་ཚུལ་ལ།།   ཐ་སྙད་བདེན་གཉིས་སོ་སོར་ཡང་།།  ཁས་བླངས་ཡོད་དེ་དེ་གཉིས་ཀྱང་།།   བདེན་གཉིས་དབྱེར་མེད་གནས་ལུགས་ལ།།   ལྟོས་ན་ཚད་མ་གཉིས་པོ་ཡང་།།   ཉི་ཚེའི་གནས་ཡིན་དེ་གཅིག་གིས།།   བདེན་གཉིས་འཛིན་པ་མི་སྲིད་ཕྱིར།།   དེས་ན་ཐ་སྙད་དོན་དམ་གྱི།།   ཚད་མ་གཉིས་པོ་ཤེས་རབ་སྟེ།།   བུམ་སོགས་དེ་གཉིས་ཀྱིས་གཞན་ན།།    ངོ་བོ་གཉིས་ནི་རྙེད་ན་ཡང་།།   གཅིག་ཚེ་གཅིག་ནི་ཡོད་མིན་པས།།   སོ་སྐྱེའི་བློ་ལ་བདེན་པ་གཉིས།།   རེས་འཇོག་ཚུལ་ལས་མི་སྣང་ཕྱིར།།   སོ་སོ་གཞལ་བའི་ཁས་ལེན་གཉིས།།   ཡོད་པ་ཉིད་དུ་གྲུབ་པ་ཡིན།།   ཞེས་བདེན་གཉིས་རྣམ་པར་ཕྱེས་ཏེ་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་ཁས་ལེན་ཀུན་དང་བྲལ་བ་དང་།   ཐ་སྙད་གཏན་ལ་འབེབས་པའི་སྐབས་སུ་དབུ་མ་ཆེན་པོ་ལ་ཁས་ལེན་ཡོད་ཚུལ་བརྗོད་དེ།   གནས་སྣང་གཉིས་ལས་གནས་ཕྱོགས་གཙོ་བོ་འཛིན་དགོས་ཚུལ་ཤུགས་ཀྱིས་བསྟན།   ཕྱོགས་འདིར་བོད་སྔ་ཕྱི་གཉིས་ཀྱི་བཞེད་དགོངས་མི་མཐུན་པ་ནི་གནས་ཚུལ་དང་སྣང་ཚུལ་གཉིས་ལས་གང་ཞིག་གཙོ་ཆེར་འཛིན་པའི་ཆ་ནས་བྱུང་བ་རེད་སྙམ་སྟེ།   གནས་ཕྱོགས་གཙོ་ཆེར་བྱེད་པ་ནི་ཟབ་མོ་དབུ་མ་ཆེན་པོ་འདི་ཀོ་བློ་གྲོས་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཆ་ནས་རྣམ་བཞག་མཛད་པ་ཡིན་ལ།   སྣང་ཕྱོགས་གཙོ་ཆེར་བྱེད་པ་ནི་རྟོག་བཅས་ཀྱི་བློ་ལ་བརྟེན་ནས་རྟོག་མེད་ཀྱི་ཡེ་ཤེས་འབྱུང་དགོས་པའི་ཆོས་ཉིད་བཞིན་སྨྲ་བསམ་བརྗོད་འདས་ཀྱི་མཐར་ཐུག་གི་གཞལ་ཡས་སུ་འབྱོར་བ་ལ་སྨྲ་བསམ་བརྗོད་ཡོད་ཀྱི་སྐས་རིམ་ལ་མ་བརྟེན་ཐབས་མེད་ཀྱི་ཆ་ནས་རྣམ་བཞག་མཛད་པ་ཡིན་ནོ།།   

    སྐབས་བབ་མཁས་དབང་དགེ་ཆོས་ནས་སྤྱིར་གནས་སྣང་གཉིས་ལས་གནས་ཕྱོགས་གཙོ་བོ་བྱེད་པ་འཐད་ཕྱོགས་སུ་དམིགས་ཤིང་བྱེ་བྲག་གོོ་རམས་པ་སོགས་ཀྱི་ལྟ་དགོངས་ལ་བློ་རབ་ཕྱོགས་མོད།   འོན་ཀྱང་དེ་དག་གི་ལྟ་བ་དང་རིགས་ལམ་རྗེས་བརྗོད་ཁོ་ན་མིན་ཏེ།   རང་གི་དཔྱད་སྟོབས་ཀྱི་རིགས་པ་དང་དོན་གྱི་གོ་བ་སྦྲོན་ལུགས་ཐུན་མིན་གང་དེས་གཞན་ལུགས་ལ་ལན་བརྗོད་པའི་ཚུལ་གྱིས་ཟབ་མོ་དབུ་མ་པ་ལ་ཁས་ལེན་མེད་ཚུལ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་གསལ་ཆ་བཏོན་ཡོད་དེ།   དོན་དམ་པ་ལ་དཔྱོད་པའི་སྐབས་སུ་དབུ་མ་པ་ལས་ཁས་ལེན་མེད་པ་དང་།   ཀུན་རྫོབ་ལ་དཔྱོད་པའི་སྐབས་སུ་ཁས་ལེན་ཡོད་པ་བཞེད།    ཀུན་རྫོབ་ཐ་སྙད་དཔྱད་པ་ལ་ཁས་ལེན་ཡོད་པ་སྨྲ་བའང་མཐའ་གཅིག་ཏུ་ཐ་སྙད་ལ་ཁས་ལེན་ཡོད་པར་མི་གོ་བ།   གཉིས་འཛིན་གྱི་སྣང་བ་མ་ལོག་པའི་སོ་སྐྱེ་རྣམས་ཀྱིས་དབང་མེད་དུ་ཁས་ལེན་དགོས་པ་སྟེ།   གཞན་ངོའི་ཁས་ལེན་དུ་བཞེད་ལ།   ཆོས་ཉིད་རྟོགས་པའི་རྣལ་འབྱོར་པ་རང་ངོའི་ཁས་ལེན་ཅི་ཡང་མེད་པ་བཞིན་དབུ་མ་པ་ལ་ཁས་ལེན་མེད་ཅེས་བརྗོད་དོ།   དེ་ཡང་ཁས་ལེན་ལ་རང་ངོ་དང་གཞན་ངོ་གཉིས་སུ་ཕྱེ་བའི་ཕན་འབྲས་སུ།   སོ་སྐྱེ་རྣམ་རྟོག་ལ་རྩ་བ་གཏད་པའི་ཚུལ་གསུམ་རྟོག་གེའི་རིགས་པ་བ་རྣམས་ཀྱི་སོམ་ཉི་ཡི་དྲ་བ་སྟེ།   ཁས་ལེན་མེད་པའི་སྔ་རྒོལ་གྱི་མདུན་སར་ཁས་ལེན་ལྡན་གྱི་ཕྱི་རྒོལ་གྱིས་ལུང་རིགས་ཀྱི་སྒོ་ནས་རྩོད་པ་བྱེད་ཚེ་ལན་གང་བཏབ་ཐམས་ཅད་ཁས་ལེན་ཤ་སྟག་ཏུ་འགྱུར་བར་དོགས་པ་དེ་ཉིད་བདེ་བླག་ཏུ་སེལ་ནུས་པའི་ཕྱིར་རོ།    གཞན་ཡང་ཀླུ་སྒྲུབ་དགོངས་རྒྱན་དུ་དཔེ་འདི་ལྟར་བཀོད་ཡོད་དེ།   ཉག་སྐེད་བུ་ལོང་མའི་མདུན་དུ་ཁྱོད་རང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ་བྱ་བ་ཁས་ལེན་ཡིན།   བུ་ལོང་མས་འོ་ན་ཁྱོད་ཀྱིས་རང་ལུགས་སུ་ཁས་ལེན་པ་ཡིན་ནམ།   ངའི་ངོ་སྲུང་ཙམ་ཡིན་ཞེས་དྲིས་ཚེ་ངོ་སྲུང་གཏན་ནས་མ་ཡིན་གྱི།   ཁོ་བོ་རང་གི་ལུགས་ཡིན་ཞེས་བརྗོད་པ་ལས་ཐབས་གཞན་མེད་མོད།   ཁས་ལེན་དེ་འདྲ་བུ་ལོང་མ་ལ་འཇིགས་ནས་དབང་མེད་དུ་ཁས་བླངས་པ་ལས།  སེམས་ཀྱི་སྟེང་ནས་ཡིད་ཆེས་ཅུང་ཟད་ཀྱང་མེད་པ་བཞིན་དུ།  མེ་ཡིས་ཚིག    ཆུ་ཡིས་གྲང་།    རླུང་གིས་བསྐྱོད་པ་སོགས་བུ་ལོང་མ་དང་འདྲ་བས་ཕྱི་རོལ་གྱི་ནུས་པ་འདི་དག་དབང་མེད་དུ་ཁས་ལེན་དགོས་པར་བདེན་མོ།   རང་ལུགས་ལ་ཁས་ལེན་མི་དགོས་པའི་ཁྱད་པར་ཕྱེད་དགོས་ཞེས་གསུངས་པ་བཞིན་ལག་པ་མེ་དང་འཕྲད་ཚེ་ཨ་ཚ་ཚ་ཟེར་བ་དེ་སོ་སྐྱེ་གཉིས་སྣང་ཅན་གྱི་ངོར་བསླུ་མེད།   བསྙོན་མེད།   ཁས་ལེན་ཡིན་ལ།   དེ་བཞིན་ལག་པ་ཤ་ཡིན་པས་མེ་ལ་ཐུག་ན་ཅི་ལ་མི་ཚ་ལྟ་བུ་རྒྱུ་མཚན་དང་སྦྱར་བ་འདི་ཀོ་མཁས་པའི་ལུགས་ཀྱི་ལུང་རིགས་ཀྱིས་གྲུབ་པའི་ཚད་མ་ཡིན་མོད།   འོན་ཏེ་གཉིས་སྣང་ནུབ་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མདུན་སར།    ཚ་ཡུལ་དང་ཚ་བྱེད་གང་ཡང་མ་གྲུབ་པར་མཉམ་པ་ཉིད་དུ་གྱུར་པའི་རྒྱུ་མཚན་གྱིས་ཟབ་མོ་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཐབས་མཆོག་དབུ་མ་ཐལ་འགྱུར་བ་ལ་ཚད་མ་གྲུབ་པ་མེད་ལ་ཁས་ལེན་ཡང་ཅི་ཡང་མེད་པར་བརྗོད་དོ།།

      དབུ་མ་ཐལ་འགྱུར་བའི་ལུགས་ལ་ཁས་ལེན་མེད་ཅེས་བཞེད་པ་ལ།  རང་ངོའི་དང་གཞན་ངོའི་རྣམ་བཞག་གསལ་པོར་ངེས་ཐུབ་ན་ཁས་ལེན་མེད་པ་དེ་ཉིད་ཀྱང་བློ་གྲོས་ཆེན་པོའི་སྤྱོད་ཡུལ་ཉག་གཅིག་ཡིན་པ་ཤེས་ཐུབ་སྟེ།    དགེ་འདུན་ཆོས་འཕེལ་ནས།   གཞན་ངོར་ཁས་བླངས་པའི་རྣམ་བཞག་འདི་མེད་ན།   སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་སངས་རྒྱས་དང་ཐམས་ཅད་མ་དག་ཟག་བཅས་སུ་ཤར་བའི་སོ་སྐྱེ་གཉིས་ཀྱི་བར་དུ་ཆོས་ཚིག་གཅིག་སྨྲ་བའི་སྐལ་བ་ག་ལ་ཡོང་ཞེས་གསུངས་ཏེ།   སོ་སྐྱེ་རང་ལ་འཆར་ཚུལ་ཇི་ལྟ་བ་བཞིན་དུ་ཁས་བླངས་པའམ་ཡིད་ཆེས་པ་དེ་སོ་སྐྱེའི་རང་ལུགས་ཀྱི་ཁས་ལེན་ཡིན་ལ།   སོ་སྐྱེ་ནི་འཁྲུལ་བའི་སྣོད་རྐྱལ་ཡིན་པས་ཚུལ་དེ་འཕགས་པས་རང་ངོར་ཁས་མི་ལེན།   སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཁས་ལེན་པ་དེ་འཕགས་པས་སོ་སྐྱེའི་སྣང་ཚུལ་ལྟར་ཁས་ལེན་པ་དེ་གཞན་ངོའི་ཁས་ལེན་ཡིན།   སྣང་བ་དེ་ཀའི་སྟེང་དུ་སྣང་བའི་བདེན་བཞི་ལམ་ལྔ་སོགས་ཁས་ལེན་པ་དོན་ལ་འཁྲུལ་སྣང་ཁས་ལེན་པ་ཡིན་མོད་ཀྱི།   འཁྲུལ་སྣང་གི་རིམ་པ་འདི་ལ་མ་བརྟེན་པར་མཐར་ཐུག་གི་གནས་སུ་བགྲོད་པའི་ལམ་མེད་པས་ན།   ཡིད་ལ་ཁས་ལེན་པར་ཐག་ཆོད་ཅིང་ཁ་ནས་རྣམ་བཞག་སྣ་ཚོགས་ཁས་ལེན་དགོས་ཏེ།  ཆོས་རྣམས་གཟིངས་དང་འདྲ་ཤེས་ནས་ཞེས་བརྗོད་པ་ལྟར་འཁོར་བའི་ཆུ་བོའི་ཕ་རོལ་དུ་བསླེབས་ཚེ།   ས་བཅུ་ལམ་ལྔ་སོགས་ཆོས་ཀྱི་གྲུ་གཟིངས་དེ་ཉིད་འཁོར་བ་དང་ལྷན་ཅིག་ཏུ་སྤང་བར་བྱ་དགོས་པའི་ཕྱིར་རོ།    རྒྱུ་མཚན་དེ་ལྟ་བས་ན་སྣང་བ་ཐ་སྙད་དུ་ཁས་ལེན་པ་ནི་སོ་སྐྱེའི་སྣང་ཚུལ་ལྟར་གྱི་ཁས་ལེན་ཡིན་གྱི།    དོན་དམ་པར་ཁས་ལེན་མེད་པ་ནི་ཟབ་མོ་དབུ་མའི་ངང་ཚུལ་མཐར་ཐུག་པ་ཡིན་ནོ།།

      དེ་ཡང་ཐ་སྙད་དུ་ཡོད་པ་ཁས་མ་བླངས་ན་དགག་བྱ་ཁྱབ་ཆེ་བས་ཆད་ལྟར་ལྷུང་བར་དོགས་པའི་དགེ་བཤེས་ཤེར་རྒྱམ་སོགས་དགེ་ལྡན་ལུགས་བཟང་གཙང་མར་འཛིན་པའི་མཁས་པ་དག་ནས་ལུང་རིགས་གཉིས་ལྡན་གྱི་སྒོ་ནས་ཀླུ་སྒྲུབ་དགོངས་རྒྱན་ལ་དགག་པ་མཛད་ཡོད་དེ།   དགག་ཡིག་མི་འཇིག་སེང་གེའི་ང་རོར།   དཔྱད་ན་ཏིལ་འབྲུའི་ཆ་ཡང་མི་རྙེད་དེ།།   བརྟག་བཟོད་ཁས་ལེན་བྲལ་བ་དངོས་པོའི་གཤིས།།   ཐ་སྙད་རྟེན་ཅིང་འབྲེལ་འབྱུང་མི་བསླུ་བས།།   ཡོད་ཀྱང་བདེན་པར་མེད་པ་ཀླུ་སྒྲུབ་ལུགས།།   ཞེས་དང་།   ཁས་ལེན་མེད་པའི་གསུང་ཟིན་མང་ན་ཡང་།།   ཁས་ལེན་ཡོད་པ་རྒྱལ་བའི་དགོངས་པ་ཡིན།།   ཁས་ལེན་མེད་ལ་ཐམས་ཅད་མ་རུང་ཞིང་།།   ཁས་ལེན་ཡོད་ལ་རུང་བར་ཀླུ་སྒྲུབ་བཞེད།།   ཅེས་རྗེའི་ལྟ་བའི་སྙིང་པོ་མདོར་དྲིལ་གོ་སླའི་ངང་ནས་བརྗོད་ཡོད།   དེང་གི་མཁས་པ་འགའ་ནས་བསྟན་པའི་ལ་རྒྱ་སྲུང་བའི་ཆེད་དུ་ཀླུ་སྒྲུབ་དགོངས་རྒྱན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་ཏུ་མི་དཔྱད་པར་ཚིག་སྣ་ཐན་ཐུན་རེ་སྦར་འཛིན་བྱས་ཏེ་སུན་འབྱིན་བྱེད་ཁུལ་མང་སྟེ།   ཐལ་འགྱུར་བ་ལ་ཁས་ལེན་ཡོད་པར་ཐལ།   རང་ལུགས་ཀྱི་གཞི་ལམ་འབྲས་གསུམ།   དཀོན་མཆོག་གསུམ།   འཁོར་འདས་ཀྱི་རྣམ་བཞག་ཚང་མ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་ཁས་ལེན་པའི་ཕྱིར་དང་།   ཐལ་འགྱུར་བ་ལ་ཁས་ལེན་ཡོད་པར་ཐལ།  ཁས་ལེན་མེད་པར་ཁས་ལེན་པ་གང་ཞིག     དེ་ཡང་ཁས་ལེན་པའི་ཕྱིར་ཞེས་ཐལ་འཕྲེང་འཕེན་པ་འདུག་མོད།   དེ་ལ་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་ཞིབ་ཏུ་མ་བལྟས་པའི་སྐྱོན་འབབ་སྟེ།   གཞུང་དེར་ཁས་ལེན་མེད་པ་དེ་ཉིད་ཆོས་ཅན་དུ་བྱས་ནས་ཁས་ལེན་ཡིན་མིན་སོགས་དཔྱད་པ་ཕན་ཆད་ཀུན་རྫོབ་དཔྱོད་པའི་སྐབས་ཡིན་ཞེས་དང་།   དོན་དམ་པ་ལ་དཔྱོད་པའི་སྐབས་སུ་ཁས་ལེན་མེད་ཅེས་སྨྲས་པ་དེ་ག་རང་ཁས་ལེན་ཡིན་སོགས་བརྗོད་པ་ནི།   ང་མནལ་ལམ་དུ་འགྲོ་བས་ཅི་ཡང་མ་སྨྲས་ཤིག་བརྗོད་པ་ན།   ཁ་ལ་མ་ཉན་པར་མནལ་ལམ་དུ་འགྲོ་བས་ཅི་མ་སྨྲས་ཤིག་བརྗོད་པ་དེ་ག་རང་མནལ་དུ་མི་འགྲོ་བའི་རྟགས་ཞེས་ཀྱལ་ཀ་བྱེད་པ་དང་འདྲ་བས་སྙིང་པོ་ཅི་ལ་ཡོད་ཅེས་དང་།   ཁས་ལེན་མེད་པའི་སྔ་རྒོལ་མཉམ་བཞག་སྨྲ་བྲལ་གྱི་ངང་དུ་བཞུགས་པ་ལ།  ཁས་ལེན་ལྡན་གྱི་ཕྱི་རྒོལ་གྱིས་ལུང་རིགས་ཀྱི་སྒོ་ནས་རྩོད་པ་བྱེད་ཚེ་ལན་གང་བཏབ་ཐམས་ཅད་ཁས་ལེན་ཤ་སྟག་ཏུ་གྱུར་པས་ཁས་ལེན་མེད་པའི་ལྟ་བ་འདི་ཚིག་དང་སྒྲ་དང་ཁྱད་པར་རྟོག་གེ་རིགས་པའི་ནང་དུ་ཤོང་བའི་གནས་མེད་པ་ཡིན་ནོ།   ཞེས་དང་།   སོ་སོ་སྐྱེ་བོའི་རྣམ་རྟོག་ལ་རྩ་བ་གཏད་པའི་ཚུལ་གསུམ་རྟོག་གེའི་རིགས་པ་ནི་རང་གིས་རང་ཉིད་གཞོམ་པའི་ཐབས་ཙམ་བྱས་ན་བཟང་མོད།   ཁས་ལེན་མེད་པའི་ལྟ་བ་ལ་གནོད་པའི་ལག་ཆ་བྱེད་ན་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཐབས་མེད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་སུ་ཆེས་ཤིན་ཏུ་གསལ་བར་གསུངས་སོ་ཞེས་པ་སོགས་ལ་མཉམ་འཇོག་མ་བྱས་པ་དང་།   དབུ་མ་པ་ལ་ཁས་ལེན་མེད་ཅེས་བརྗོད་པ་དེ་ཉིད་ནི་དབུ་མ་པའི་ཁྱད་ཆོས་གཙོ་བོ་སྟེ།   གཞན་ཕྱོགས་མ་ལུས་པ་འགོག་པ་མ་ཟད་རང་གི་ཕྱོགས་ཀྱང་དེ་དང་མཐུན་པའི་རིགས་པ་དེ་ཉིད་ཀྱིས་དགག་པར་བྱེད་པའི་གནད་གསང་གཙོ་བོ་ལ་ཐུགས་མཉམ་མ་བཞག་པའི་སྐྱོན་དུ་སྣང་ངོ་།།

      དེ་ལྟ་བས་ན།   རྗེའི་ལུགས་ཀྱི་ལྟ་དགོངས་ལ་ཐབས་ཤེས་གཉིས་ལས་ཐབས་ཚུལ་གྱིས་ཁྱད་དུ་འཕགས་ཏེ།   གདུལ་བྱའི་བློ་དང་བསྟུན་པའི་གཞུང་ལུགས་ཀྱི་སྐས་རིམ་ཞིག་མཐར་ཐུག་འབྲས་བུ་ཆེན་པོའི་གཞལ་ཡས་སུ་བསྲིང་ཡོད་པའི་ཕྱིར་དང་།   སྔ་རབས་ལུགས་འཛིན་མཁས་དབང་རྣམས་ཀྱི་ལྟ་དགོངས་འདི་རིགས་པ་ཁོ་ནས་དཔྱད་དེ་བཞག་པའི་ལུགས་སུ་སྣང་བས་ཐབས་ཤེས་གཉིས་ལས་ཤེས་རབ་ཀྱིས་ཁྱད་དུ་འཕགས་ཏེ།   རྣམ་དཔྱོད་ཆེན་པོའི་སྤྱོད་ཡུལ་དུ་གཙོ་ཆེར་དགོངས་ནས་གཞུང་ལུགས་ཀྱི་རྣམ་བཞག་མཛད་པའི་ཕྱིར་ན།   མཐར་ཐུག་བློ་ཟད་ཆོས་འདས་ཀྱི་གོ་འཕང་དུ་མྱུར་མགྱོགས་འཕུར་གྲུ་ཞིག་བརྟེན་པ་དང་ཁྱད་མེད།   དེ་ཡང་སྔ་མ་ནི་ཡོངས་ཁྱབ་ཀྱི་རང་བཞིན་ཡོད་ལ།  ཕྱི་མ་ནི་བྱེ་བྲག་གི་རང་བཞིན་ལྡན།  ཕྱོགས་གཉིས་ལ་རང་སོ་སོའི་དགེ་མཚན་གྱི་ཆ་ཡོད་པས་ན་གཅིག་གི་ཚབ་གཅིག་གིས་བྱེད་མི་ཐུབ་ལ་བཟང་ངན་གྱི་ཁྱད་པར་ནི་དེ་བས་ཀྱང་དབྱེར་མེད་དོ།།

བཞི།   བདེན་གཉིས་དཔྱད་པའི་སྐོར།

དབུ་མ་འཇུག་པའི་རིག་པ་འདི་ཀོའི་ཚན་རིག་རང་བཞིན་གྱི་རིགས་ལམ་གསུམ་སྟེ།   གཞི་དབུ་མ་བདེན་གཉིས་ཟུང་འཇུག་ལམ་དབུ་མ་ཐབས་ཤེས་ཟུང་འཇུག    འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་སྟེ།   བརྒྱུད་རིམ་ལྡན་ཅིང་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚུལ་གྱིས་དབུ་མ་རིག་པའི་མ་ལག་འཐུས་ཚང་ཅན་དུ་གྲུབ་ཡོད།   གཞི་དབུ་མ་ནི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་སྟེ།   གཞུང་ལུགས་ཀྱི་རང་བཞིན་ལྡན་ལ།   ལམ་དབུ་མ་ནི་སྒོམ་པ་ཉམས་སུ་ལེན་བྱེད་ཀྱི་རིགས་པ་སྟེ་ལག་བསྟར་གྱི་རང་བཞིན་ལྡན།   འབྲས་བུ་དབུ་མ་ནི་མཐར་ཐུག་འཚང་རྒྱ་བའི་རིགས་པ་སྟེ་དམིགས་བྱ་མངོན་འགྱུར་གྱི་རང་བཞིན་ལྡན་ནོ།   དེས་ན་བདེན་གཉིས་ཀྱི་རྣམ་བཞག་ནི་དབུ་མའི་རྨང་རྡོ་ཡིན་ལ་དབུ་མར་འཇུག་པའི་སྒོ་ཡང་ཡིན་པས་ན་སྔ་ཕྱི་མཁས་པ་རྣམས་ནས་ཕྱོགས་འདིར་ཕྲ་ཞིབ་རིགས་པའི་འཇུག་པ་ཧ་ཅང་མང་ལ་དེ་བསྟུན་གྱི་རིགས་པའི་བགྲོ་གླེང་ཡང་མི་ཉུང་བ་ཞིག་བྱུང་།   བདེན་གཉིས་རེ་རེ་ནས་ངོས་འཛིན་ཇི་ལྟར་མཛད་སྙམ་ན།   ཇི་ལྟ་བའི་གནས་ལུགས་གང་ཞིག   མཉམ་བཞག་བློ་འདས་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་ལ་དོན་དམ་བདེན་པ་དང་།   ཇི་སྙེད་པའི་སྣང་ཚུལ་གང་ཞིག   མཐོང་བ་ཐ་སྙད་པའི་བློ་ཡི་ཡུལ་དུ་གྱུར་པ་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་ལ།   དེ་གཉིས་ཟུང་དུ་འབྲེལ་བ་ནི་ཆོས་ཀུན་སྣང་བའི་ཆ་ནས་ཀུན་རྫོབ་ཏུ་བརྗོད་ལ་སྟོང་པའི་ཆ་ནས་དོན་དམ་དུ་བརྗོད།   དཔེར་ན་ཆུ་ནང་གི་ཟླ་བ་བཞིན་སྣང་བའི་ཆ་ནས་སྟོང་ལ་སྟོང་བའི་ཆ་ནས་སྣང་བའོ།    སྣང་སྟོང་ཟུང་འཇུག་གམ་བདེན་གཉིས་ཟུང་དུ་འཇུག་པ་ནི་འགལ་བ་ཡིན་ལ་གཅིག་གྱུར་ཀྱང་ཡིན་པས་ན་འདི་ཀོའང་འཛམ་གླིང་མཚན་ཉིད་རིག་པའི་གཞལ་ཡས་ཁང་གི་རྒྱ་ཕིབས་སུ་བསྔགས་པའི་རྩོད་སྒྲུབ་སྨྲ་བའི་ཡང་སྙིང་དུ་གྲུབ་བོ།   སྤྱིར་བདེན་གཉིས་ཀྱི་དོན་གཏན་ལ་འབེབས་ཚུལ་སྔ་ཕྱི་མཁས་དབང་དག་ནས་ཚིག་ཟིན་མི་འདྲ་བ་ཅུང་རེ་ཡོད་པ་ལས་མཐར་ཐུག་མདོ་དོན་གཅིག་ཏུ་འབབ་མོད།   བདེན་གཉིས་ལས་འཕྲོས་པའི་ལྟ་བ་འཛིན་མཚམས་མི་འདྲ་བ་མང་སྟེ།   བདེན་པ་གཉིས་ལས་གང་ཞིག་གཙོ་བོ་འཛིན་པ་དང་།   ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་དུ་མེད་པ་ཞེས་པའི་གོ་བ་ལེན་ཚུལ་མི་འདྲ་བ།   དོན་དམ་པར་མེད་པས་མེད་གོ་ཆོད་མིན་དང་ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་མིན་སོགས་ཀྱི་རིགས་པའི་དཔྱད་ཚུལ་ཁྱད་པར་ཅུང་ཆེ་བ་ཡོད་དེ།  སྐབས་བབ་དགེ་འདུན་ཆོས་འཕེལ་ཚང་དབང་རྣོན་རིགས་པའི་རྗེས་འབྲང་ཞེས་བརྗོད་པ་ལྟར་སྔ་ཕྱི་མཁས་པའི་བཞེད་སྲོལ་ཡོད་རྒུ་རང་གི་རིགས་པའི་སྲང་མདའ་རུ་བཀྱགས་ཏེ་དཔྱད་པ་བྱས་པ་ལས་སྔ་ཕྱིའི་ལུགས་གང་ལའང་གྲགས་པའི་རྗེས་སུ་མ་འབྲང་སྟབས་ཀླུ་སྒྲུབ་དགོངས་རྒྱན་གྱི་དབུ་ནས་ཞབས་སུ་བསྡུ་བའི་དོན་ཀུན་རིགས་པ་རྣམ་དག་གི་དྲི་བསུང་འཐུལ་ཞིང་གཟུར་གནས་མཁས་པའི་ཁྱད་ཆོས་མངོན་པར་དོད་ཡོད།   སྐབས་སྐབས་སུ་སྔ་ཕྱི་མཁས་པའི་བཞེད་སྲོལ་བཀོད་དེ་རང་གི་ཐུགས་སུ་མ་སོང་བའི་རིགས་སྔ་ཕྱིའི་ལུགས་གང་དུ་སོང་རུང་ངོ་སྲུང་ཚུལ་འཆོས་ཀྱི་གཤིས་ངན་རྦད་དེ་བསྐྱུར་ནས་བདེན་པ་བདེན་ཐུབ་སྒོས་སུན་འབྱིན་མཛད་དེ་རང་བཞེད་གསལ་བརྗོད་བྱས་ཡོད།   ཁོང་གི་གྲུབ་མཐའ་འམ་ལུགས་ཕྱོགས་ཀྱི་རྒྱ་ལས་འགོངས་པའི་ཞིབ་འཇུག་བྱེད་ཐབས་དེ་མཐའ་གཅིག་ཏུ་རང་ལུགས་གཙང་མ་གཙིགས་སུ་འཛིན་པར་དགའ་བའི་སྲོལ་རྒྱུན་གྱི་མཁས་པའི་མདུན་སར་མཛེས་པར་མ་གྱུར་སྟབས།   ཁོང་ལ།  གང་དུའང་མི་གཏོགས་གང་གིའང་སྲོལ་མིན་ཏེ།།   རྙིང་མ་མ་ཡིན་རྙིང་མ་གནད་ཀྱིས་དབེན།།  གསར་མ་མ་ཡིན་གསར་མའི་སྲོལ་དང་འགལ།།   ཀུན་གྱི་ལུང་རིགས་རྡོ་ཆ་འབེབས་པའི་ཡུལ།།   ཀུན་ནས་ཀུན་ཏུ་རྣམ་པ་འཁྱམས་པ་ཡིན།།   ཞེས་པ་ལྟ་བུའི་ཚིག་ངན་མི་ཉུང་བ་ཞིག་ཕོག་མོད།  ཡིན་ན་ཡང་གྲུབ་མཐའ་འམ་ལུགས་ཕྱོགས་ཀྱི་བློ་མིག་མ་ལྡོང་བའི་གཟུར་གནས་པའི་སྣང་ངོར་དགེ་འདུན་ཆོས་འཕེལ་གྱི་ཚུལ་ལུགས་འདི་ཀོ་ནི།   ཁོང་གི་ཐུགས་སྲས་ཟླ་བ་མཚན་ཅན་གྱིས།།   གངས་ཅན་གསར་རྙིང་དམ་པ་གོང་མ་ཡི།།   བཞེད་སྲོལ་གཅིག་ཏུ་དྲིལ་བའི་ལེགས་བཤད་འདི།།   ཁོ་བོའི་བླ་མའི་ཐུགས་རྗེའི་དགོངས་ཀློང་ནས།།   མཁྱེན་པའི་ཉི་མ་ཕྱོགས་སུ་འཆར་བའི་ཚེ།།   དམུས་ལོང་ལོག་རྟོག་སྙིང་ལ་གཟན་ན་ཡང་།།   མིག་ལྡན་བློ་ཡི་གེ་སར་འཛུམ་པར་གྱུར།།   ཞེས་བརྗོད་པ་དེ་དེ་བཞིན་དུ་འདུག་སྙམ་མོ།།

༡.བདེན་པ་གཉིས་ལས་གང་ཞིག་གཙོ་བོ་འཛིན་པའི་ཐད།

  དེ་ཡང་བདེན་པ་གཉིས་ལས་ཀུན་རྫོབ་བམ་དོན་དམ་གང་ཞིག་གཙིགས་སུ་འཛིན་པ་ལ་སྔ་ཕྱི་བཞེད་ཚུ་མི་འདྲ་བ་ཁ་ཤས་མཆིས་ཏེ།   སྣང་བ་ཀུན་རྫོབ་ནི་འཁྲུལ་བའི་སྣང་བ་ཁོ་ན་ཡིན་པས་སྤང་བྱ་ཡིན་ཞིང་སྟོང་ཉིད་དོན་དམ་ནི་མ་འཁྲུལ་བ་ཡང་དག་ཡིན་པས་དེ་ཉིད་ཐུགས་ཞེན་ཆེ་བའི་ཚུལ་གྱིས་རྣམ་བཞག་མཛད་པ་ནི་བོད་སྔ་རབས་པ་ཁ་ཅིག་གི་ལུགས་ཡིན།   ཐ་སྙད་ཀུན་རྫོབ་ཁོ་ན་ཙམ་གྱི་ངོས་ནས་མདོ་སྔགས་རྒྱུད་སྡེ་གོང་འོག་གི་ལྟ་བ་ཡི་མཐོ་དམན་ཁྱད་པར་མཛད་ཆོག་པས་སྟོང་པའི་དབྱིངས་ཕར་བཅད་ནས་ཀུན་རྫོབ་བདེན་པ་གཙིགས་སུ་འཛིན་པ་འདི་ཡང་བོད་སྔ་རབས་པ་ཁ་ཅིག་གི་ལུགས་ཡིན།  སྤྱིར་གནས་ལུགས་སྣང་སྟོང་བདེན་གཉིས་ཟུང་དུ་འཇུག་པ་བཞེད་ཀྱང་།   དོན་དམ་དཔྱོད་པའི་རིགས་པ་གང་གིས་ཀྱང་སྣང་བ་འགོག་མི་རུང་སྟེ།   འགོག་ན་ཐ་སྙད་ལ་བསྐུར་བ་བཏབ་ཅིང་ཆད་པའི་ལྟ་བར་འགྱུར་བར་དོགས་པའི་ཆ་ནས་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ཡང་ནས་ཡང་དུ་བརྗོད་པའི་ལུགས་ནི་བོད་ཕྱི་རབས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ལུགས་ཡིན།   སྣང་བ་ཐ་སྙད་བདེན་པ་དང་སྟོང་པ་དོན་དམ་བདེན་པ་འདི་གཉིས་ནི་སྣང་བ་ཐབས་དང་སྟོང་པ་ཐབས་ལས་བྱུང་བ་ཉིད་དུ་འཆར་ཏེ་གཅིག་ཤོས་ཡོད་པར་གྱུར་ན་ཅིག་ཤོས་མེད་པ་ཉིད་དུ་མི་སྲིད་པས་ཆུ་དང་རླན་ལྟར་ཡེ་ནས་འདུ་འབྲལ་མེད་པར་གནས་པས་སོ་སོར་བྱར་མེད་པ་དེ་ཡི་ཕྱིར་ན།   གཞི་ལམ་འབྲས་གསུམ་གང་ལ་ཡང་སྣང་བ་དང་དེའི་སྟོང་པ་ཉིད་དག་སོ་སོའི་ཆར་ནི་གཉིས་འཛིན་ཅན་སོ་སྐྱེའི་ངོར་གྲུབ་ཅིང་།   གནས་ལུགས་ཀྱི་དོན་དུ་ནམ་ཡང་སོ་སོར་དབྱེ་བ་ཡེ་ནས་མེད་པས་སྣང་སྟོང་ཟུང་འཇུག་ཅེས་བཞེད་པ་ནི་འཇུ་མི་ཕམ་གྱིས་མཚོན་པའི་སྔ་འགྱུར་རྙིང་མ་བའི་མཁས་གྲུབ་དག་གི་དགོངས་པ་ཡིན།  དེ་དང་ཧ་ཅང་མཐུན་ཤས་ཆེ་བ་ནི་མཁས་པའི་ཁྱུ་མཆོག་གོ་ཤག་སྟག་གསུམ་གྱིས་མཚོན་པའི་སྔ་རབས་ལུགས་འཛིན་པའི་ལྟ་དགོངས་ལགས་ཏེ།  སྟོང་བཞིན་དུ་སྣང་ལ་སྣང་བཞིན་དུ་སྟོང་བས་ན་སྣང་སྟོང་ཟུང་དུ་འཇུག་ལ།   སྣང་བ་དེ་ཉིད་ཀྱང་ཡེ་ནས་སྟོང་པ་ཉིད་ཡིན་པའི་གནད་ཀྱིས་རྟེན་འབྱུང་དུ་རང་སྣང་བ་ཡིན་པ་དང་།   སྟོང་པ་ཡིན་ལུགས་ནི་ཆོས་ཐམས་ཅད་རྟེན་འབྱུང་དུ་སྣང་རུང་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཆ་ནས་སྟོང་པ་ཉིད་དང་།  ཇི་སྐད་དུ།   རྟག་ཏུ་ངུའི་རྟོགས་བརྗོད་ལས།  ཆོས་རྣམས་རྡུལ་ཙམ་དམིགས་པ་མེད་ན་ཡང་།།   མངོན་པར་ཞེན་རྣམས་སྐྲག་པ་སྤང་པའི་ཕྱིར།།  གཞན་ངོར་རྟེན་འབྲེལ་ཙམ་ཞིག་ཁས་ལེན་ལ།།   ཞེས་གསུངས་པ་ལྟར།    དོན་དམ་པར་ཡོད་མེད་སོགས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་བློས་གང་དུའང་འཛིན་མི་རུང་བ་མ་ཟད།   འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུའང་མེད་དེ།  མཉམ་པ་ཉིད་ལས་ཡུལ་དང་ཡུལ་ཅན་ཞེས་འབྱེད་དུ་མེད་པའི་ཕྱིར་དང་།  ཐ་སྙད་ཀུན་རྫོབ་ཏུ་རང་བཞིན་གྱིས་གྲུབ་པ་ཁེགས་ཀྱང་ལས་འབྲས་ལ་སོགས་བྱ་བྱེད་ཐམས་ཅད་གཞན་ངོ་ཙམ་ལ་ཁས་ལེན་ཡོད་དོ།   དེ་ལྟར་བདེན་གཉིས་ལས་འཕྲོས་པའི་ཚུལ་དེ་ཉིད་སྔ་རབས་ལུགས་འཛིན་གོ་ཤག་སྟག་གསུམ་དང་ཕྱི་རབས་རྗེ་ཙོང་ཁ་པའི་བཞེད་དགོངས་ཟུང་ནི་ཅུང་ཚབ་མཚོན་རང་བཞིན་ཅན་དུ་གྲུབ་ལ་ཕན་ཚུན་བར་རིགས་པའི་གླེང་ཀ་ཡོང་སའི་གཙོ་གནད་ཀྱང་འདི་ཉིད་ཡིན་ཏེ།   རྗེ་བློ་བཟང་གྲགས་པས་ཚེ་སྟོད་སྔ་རབས་པའི་བཞེད་དགོངས་འདི་ཞལ་གྱིས་བཞེས་ལ།   ཕྱིས་ནས་དེ་ལ་ཐེ་ཚོམ་ཟ་སྟེ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་ཡང་ཡང་དཔྱད་ཅིང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཐུགས་རྒྱུད་དུ་འཕོས་ནས་ལྟ་བ་རང་མཚན་པ་འདི་ཀོ་གྲུབ་སྟེ།  འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རང་གི་གདགས་གཞིའི་ངོས་ནས་དོན་དམ་པར་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་ཀྱང་།   གདགས་གཞིའི་སྟེང་དུ་མིང་དང་རྟོག་པས་ཕར་བཞག་ཙམ་དེ་ཐ་སྙད་དུ་ཚད་མས་གྲུབ་ལ།   ཆོས་རྣམས་རང་རང་གི་ངོ་བོས་སྟོང་པའི་རྒྱུ་མཚན་གྱིས་ཐ་སྙད་དུ་ཆོས་དེ་དང་དེར་གྲུབ་ཅིང་བྱ་བྱེད་སོགས་འཐད་ལྡན་དུ་ཡིན་པས།   རང་བཞིན་གྱིས་གྲུབ་པ་ཐ་སྙད་དུ་ཡང་ཁེགས་ཀྱང་ལས་འབྲས་ལ་སོགས་པའི་བྱ་བྱེད་ཐམས་ཅད་གཞན་ངོ་ཙམ་ལ་སྐྱེལ་མི་དགོས་པར་རང་ལུགས་ལ་ཡང་ཚད་གྲུབ་ཏུ་ཁས་བླངས་པས་ཆོག་པར་མ་ཟད།   རྟེན་འབྲེལ་གྱི་ཆོས་ལ་ངེས་པ་དྲངས་པ་ཉིད་ཀྱིས་རང་བཞིན་མེད་པ་ལ་ངེས་པ་ཆེར་འགྲོ་བས་སྟོང་པ་དང་རྟེན་འབྱུང་གཅིག་གྲོགས་སུ་གཅིག་འགྲོ་བའི་ཟབ་མོའི་དགོངས་པ་འདི་ཀོ་བསྟན་ནོ།   དེ་བཞིན་སྔ་རབས་པའི་སྐྱོན་ཡང་དགག་བྱ་ཁྱབ་ཆེ་བ་སྟེ།   འགོག་མཚམས་མ་ཟིན་པ་ཐལ་ཆེ་བར་སོང་བར་མཐོང་ཞིང་།   དགག་བྱ་ཁྱབ་ཆེ་ན་ཆད་མཐར་ལྷུང་བ་དང་།   དོན་དམ་པ་འཕགས་པའི་མཉམ་བཞག་ཡུལ་མེད་དུ་འདོད་ན་བདེན་པ་གཉིས་ཀྱི་དབྱེ་གཞི་ཤེས་བྱ་མིན་པའམ་སངས་རྒྱས་ཀྱིས་ཇི་ལྟ་བ་ལས་ཇི་སྙེད་པའི་ཆོས་མི་མཁྱེན་པའི་སྐྱོན་འབབ་པ་དང་།   ཐ་སྙད་ཀུན་རྫོབ་ལ་ཁས་ལེན་མེད་ན་དབུ་མ་པ་ལ་རྒྱུ་འབྲས་ཀྱི་རྣམ་བཞག་སོགས་ཀྱང་ཁས་ལེན་དུ་མེད་པར་ཐལ་བ་སོགས་ཀྱི་སྐྱོན་འབབ་པ་མཐོང་བས་དེ་ལྟར་འདོམས་པར་མཛད་དོ།  སྔ་རབས་ལུགས་འཛིན་གོ་ཤག་སྟག་གསུམ་དང་ཕྱིས་བྱོན་འཇུ་མི་ཕམ་པའི་ཡབ་སྲས་སོགས་ནས་རྗེ་རིན་པོ་ཆེས་སྐྱོན་དུ་བཏོན་པ་དེ་སྐྱོན་དུ་མི་འགྲོ་ཚུལ་འདི་ལྟར་བརྗོད་ཡོད་དེ།   བོད་པ་སྤྲུལ་སྐུའི་ལྟ་གྲུབ་ཤན་འབྱེད་དུ།  རིགས་པའི་དགག་བྱ་ཁྱབ་ཆེས་པས།།   ཆད་ལྟར་འགྱུར་གྱི་དོགས་པ་དེ།།   རྟེན་འབྱུང་མི་ཤེས་དངོས་སྨྲ་ལས།།   དབུ་མར་སྨྲ་རྣམས་དོགས་མི་འཚལ།།  ཐ་སྙད་ཚད་མས་ཀུན་རྫོབ་ཀྱི།།  སྣང་བ་བཀག་ན་ཆད་ལྟར་ཟད།།   དོན་དཔྱོད་ཚད་མས་དོན་དམ་པར།།   ཆོས་ཀུན་བཀག་ཀྱང་ཅི་ཞིག་ཆད།།   རིགས་དེས་ཐ་སྙད་ཙམ་དུ་ཡང་།།   སྐྱེ་སོགས་དཔྱད་བཟོད་མེད་པར་སྒྲུབ།།   ཁས་ལེན་ཀུན་དང་བྲལ་བས་ན།།   སྣང་བའི་སྤྲོས་པ་ཐད་ཀར་གཅོད།།   སྣང་ཀུན་མེད་སྣང་སྟོང་གཟུགས་དང་།།  རྟོག་བཏགས་སྒྱུ་མའི་ངང་ཚུལ་དུ།།   རྟོགས་ན་མི་འཆིང་དགག་མི་འཚལ།།  སྣང་བའི་ངང་ཚུལ་འགོག་མ་ལགས།།    ཚུལ་དེས་སྟོང་པ་རྟེན་འབྱུང་དུ།།   འཆར་བའི་ངེས་གསང་བླ་ན་མེད།།   གྲུབ་མཐའི་ཟབ་ཁྱད་ཀུན་གྱི་གཞི།།   ཚུར་མཐོང་ཕལ་གྱིས་མཁྱེན་མ་ལགས།།   ཞེས་ལུང་རིགས་གཉིས་ལྡན་ཀྱིས་སྐྱོན་སྤང་མཛད་དེ་གཞན་ངོར་རྒྱུ་འབྲས་སོགས་ཡོད་པས་ཆད་མཐར་མི་ལྷུང་བ་དང་།   ཁས་བླངས་ཐམས་ཅད་དང་བྲལ་བ་ཡིན་པས་གཞན་གྱི་ཀླན་ཀ་མི་འཇུག་པ་དང་།   ཐ་སྙད་དུ་ནི་འཕགས་པའི་མཉམ་བཞག་ཡུལ་ཅན་དང་།   ཆོས་ཀྱི་དབྱིངས་ཡུལ་དུ་བྱས་པ་ལ་བརྟེན་ནས་ཤེས་བྱ་ཡིན་ནོ་ཞེས་བརྗོད་རུང་གི་དོན་དམ་པར་གཟུང་འཛིན་མེད་པའི་མཉམ་བཞག་གིས་འདི་གཟུང་བྱའམ་ཤེས་བྱ་ཡིན་ཟེར་ན་ཚིག་དེ་དངོས་ཤུགས་གང་ནའང་འགལ་བ་ཡིན་པས།   བདེན་གཉིས་ཀྱི་དབྱེ་གཞི་ཤེས་བྱ་མིན་པར་འགྱུར་པའི་སྐྱོན་མི་འཇུག་པའི་ཚུལ་བརྗོད་དོ།།

དགེ་འདུན་ཆོས་འཕེལ་ནས་ཀྱང་བདེན་གཉིས་ཟུང་དུ་འཇུག་ཅིང་སྣང་བ་ཀུན་རྫོབ་མཐའ་གཅིག་ཏུ་དགག་ཏུ་མེད་པར་བཞེད་པ་ནི་ཐལ་རང་གཉིས་ལས་རང་རྒྱུད་པའི་ལྟ་བ་ལས་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་མིན་པར་བརྗོད་དེ།  ཀླུ་སྒྲུབ་དགོངས་རྒྱན་དུ།   ཐལ་རང་གི་ལྟ་བའི་ཁྱད་པར་གྱི་རྩ་བ་ཡང་རང་རྒྱུད་ལ་རང་ལུགས་སུ་ཁས་ལེན་ཡོད།   དོན་དམ་པར་ཡོད།   བདེན་མེད་ཀྱང་ཡོད་པར་འདོད་པས།   བདེན་གཉིས་ཟུང་འཇུག་གི་ཁས་ལེན་དུ་གྱུར་པ་ཡིན་ལ།  ཐལ་འགྱུར་བ་ལ་ནི་ཇི་ཙམ་བདེན་མེད་དུ་མཐོང་བ་དེ་ཙམ་དུ་ཀུན་རྫོབ་ཀྱི་ཕྱོགས་རྣམས་སྒྱུ་མ་བཞིན་དུ་གྱུར་པས་བྱང་ཆུབ་སེམས་དཔའི་ས་བཅུའི་རྣམ་བཞག་དང་།   ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་སོགས་ཚད་མས་དཔྱད་ན་ཤིན་ཏུ་མ་གྲུབ་པ་འདི་དག་ཀྱང་ཁས་ལེན་པའི་སྐབས་ཡོད་པ་ཡིན་ནོ།   དེས་ན་ཇི་སྲིད་འཇིག་རྟེན་གྱི་རིགས་པ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཡོད་པ་དེ་སྲིད་དུ་འཇིག་རྟེན་ལས་འདས་པའི་དོན་ལ་ཡིད་ཆེས་ཡོད་པ་ནམ་ཡང་མི་སྲིད་དེ།   ཟླ་བ་གྲགས་པས།  འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པ་དང་ནམ་ཡང་མཚུངས་པར་མི་རིགས་སོ་ཞེས་གསུངས་པ་ལྟར་རོ།   འཇིག་རྟེན་གྱི་རིགས་པ་ལ་ཡིད་ཆེས་དགོས་ན་ལམ་བསྒོམ་པ་དོན་མེད་པར་འགྱུར་བའི་རྒྱུ་མཚན་དུ་བཅོམ་ལྡན་འདས་ཀྱིས་མིག་དང་རྣ་བ་སོགས་ནས་འཕགས་པའི་ལམ་བྱ་བའི་དབང་པོ་གཞན་ཞིག་ཡོད་པར་གསུངས་པས་ཚོགས་དྲུག་གི་རྣམ་ཤེས་འདི་དག་གི་སྟེང་ནས་འཁོར་བ་ཐོག་མ་མེད་པ་ནས་རྣམ་བཞག་ཐམས་ཅད་གཏན་ལ་ཕབ་ཟིན་པས་ད་དུང་རྣམ་བཞག་འདི་ལ་རྩིས་སུ་བྱེད་དགོས་ན་སྟོང་པ་ཉིད་ལ་མོས་པའི་དགོས་པ་ཅི་ཞིག་ཡོད།   གཟུགས་སོགས་སྣང་བའི་ཆ་ལ་རིགས་པས་མི་གནོད་པ་དང་།   དེའི་རྒྱུ་མཐར་ཐུག་ཏུ་གྱུར་བའི་བདེན་འཛིན་མ་རིག་པའི་ཞེས་ཡུལ་ལ་རིགས་པས་གནོད་པ་ཡོད་པའི་ཁྱད་ཕྱེ་བ་ནི་ཞིབ་ཏུ་རྩད་བཅད་ན་མ་རིག་པའི་ཞེན་ཡུལ་ལ་རིགས་པས་གནོད་པ་ཡོད་པའི་ཁྱད་ཕྱེ་བ་ནི་ཞིབ་ཏུ་རྩད་བཅད་ན་མ་རིག་པའི་ཞེན་ཡུལ་རྣམས་འཐད་ལྡན་དུ་ཡོད་པའི་ལུགས་ལས་འདའ་བ་མེད་ཅིང་།  སྟོང་ཉིད་རྟོགས་ཟིན་པ་དག་ལ་དགག་བྱའི་གཟུགས་དང་།   དགག་མི་དགོས་པའི་གཟུགས་གཉིས་ཀྱི་ཁྱད་པར་བཏོན་ཀྱང་འོས།   གོ་ཡང་ངེས་པ་ཡིན་མོད།   གཟུགས་བདེན་གྲུབ་དང་།   གཟུགས་ཡོད་པ་གཉིས་བློ་རེ་རེ་མཉམ་དུ་འདྲེས་པས་ཐ་མལ་པ་རྣམས་ལ་འདི་ཙམ་བཀག་ནས་འདི་ཙམ་ཤུལ་དུ་བཞག་རྒྱུ་ཡིན་སོགས་ཀྱི་རྣམ་བཞག་བྱས་པ་ནི་སྒྱུ་མའི་གླང་ཆེན་གྱི་སྣ་ཤུལ་དུ་བཞག་རྐང་ལག་དགག་པར་བྱེད་པ་དང་ཁྱད་ཅི་ཡོད་ཅེས་དང་།   ལས་དང་པོ་བ་རྣམས་ཀྱིས་བདེན་པར་མེད་བྱ་བའི་གོ་ལུགས་དེ་བུམ་པ་མེད་བྱ་བའི་གོ་ལུགས་དང་ཁྱད་པར་མེད་ཅིང་།   གོ་ལུགས་དེའི་དབང་དུ་བྱས་ཚེ་བུམ་མེད་རྟོགས་པའི་བློ་དེས་སྐད་ཅིག་གཉིས་པར་བུམ་པའི་དགག་གཞི་བློ་ལ་འཆར་བ་ལས་འོས་མེད་པས།   མཉམ་བཞག་གི་སྐབས་ན་ཀུན་རྫོབ་ཀྱི་སྣང་བ་མ་བྲལ་བར་བྱེད་དགོས་པ་འདི་བདེན་གཉིས་ཟུང་འཇུག་གི་དོན་ཡིན་ན་ཡ་ཆ། ཞེས་དང་།   བདེན་གཉིས་འགལ་མེད་ཟུང་འཇུག་གི་ལུགས་འདི་མདོར་བསྡུས་ན།  སངས་རྒྱས་དང་སེམས་ཅན་གཉིས་རྟོགས་པ་གཉིས་འགལ་མེད་གཅིག་ཏུ་འདྲེས་པའི་ལུགས་སུ་སྣང་ལ་འདི་འདྲ་ལ་ཡིད་ཆེས་ན་འཁོར་འདས་བྱ་བ་ཚིག་ཙམ་ལ་ཡིད་ཆེས་པའི་སྐབས་མེད་པ་ཡིན།   ཞེས་སོགས་གཞན་བརྗོད་ལ་ཟུར་ཟ་མཛད་པའི་སྒོ་ནས་བདེན་གཉིས་ཟུང་འཇུག་ཅེས་པ་ནི་དབུ་མའི་ལམ་གྱི་སྒོམ་བྱ་ཙམ་ལས།  ཐལ་འགྱུར་བའི་ལྟ་བ་མཐར་ཐུག་མིན་པ་དང་།   སངས་རྒྱས་དང་སེམས་ཅན་ཆོས་ཅན་མཐུན་སྣང་མེད་པས་གཞན་ངོར་ཁས་ལེན་ཙམ་དུ་ཟད་པར་བསྒྲུབས་སོ།།

    ཇི་སྐད་དུ།   འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག་ཅེས་བརྗོད་པ་ལྟ་བུ་ལ་དོ་སྣང་མཛད་དྲགས་པའི་དབང་གིས།   ཀ་བ་ཀ་བས་མི་སྟོང་ཀ་བ་བདེན་གྲུབ་ཀྱིས་སྟོང་བུམ་པ་བུམ་པས་མི་སྟོང་བུམ་པ་བདེན་གྲུབ་ཀྱིས་སྟོང་ཞེས་ཆོས་ཅན་ལ་བདེན་གྲུབ་ཀྱི་ཁྱད་པར་མ་སྦྱར་ཚེ་ཆད་མཐར་ལྷུང་བར་དོགས་པའི་ཕྱིར་རབས་ལུགས་ལ།    དགེ་འདུན་ཆོས་འཕེལ་ནས་འཇིག་རྟེན་གྱིས་མི་གནོད་པ་ཤ་སྟག་ཁས་ལེན་དགོས་ན་འཇིག་རྟེན་གྱི་བསམ་པའི་མཐར་ཐུག་བདེན་འཛིན་ཡིན་པས།   དེས་མི་གནོད་པ་ཞིག་ཁས་ལེན་དགོས་ཀྱི།    གཟུགས་སྒྲ་སོགས་དབང་ཤེས་ཐ་མལ་པ་རྣམས་ཀྱི་ཡུལ་ཙམ་ཞིག་ཡོད་པས་ཁས་བླངས་པས་ཅི་ལ་ཕན།  ཞེས་དང་།    སློབ་དཔོན་ཟླ་བ་ནི་དོན་དམ་པ་འཆད་པ་ན་ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་བཤིག     ཀུན་རྫོབ་བཤད་པའི་ཚེ་དོན་དམ་པའི་བདེན་པ་བཏང་སྙོམས་སུ་བཞག་ནས་འཇིག་རྟེན་གྱི་རིགས་སྟོབས་གང་ཆེ་བ་རྣམས་ཀྱི་རྗེས་འབྲང་བ་ཙམ་ཡིན་ལ།    འཇིག་རྟེན་ལས་འདས་པའི་ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་ཐམས་ཅད་འཇིག་རྟེན་པའི་རིགས་པའི་ཁོངས་སུ་བསྡུས་ནས་གཏན་ལ་ཕབ་ནུས་ན་དབུ་མའི་ལམ་འཚོལ་དགོས་པའི་དོན་ཅི་ཞིག་ཡོད་ཅེས་ཟུར་ཟ་བྱས་ཡོད་པ་དང་།   བདེན་གཉིས་ལས་ཀུན་རྫོབ་སྣང་བ་གཙིགས་སུ་མ་མཛད་ཀྱང་ཕྱི་རབས་ལུགས་ཀྱི་དོགས་པར་སྐྱེ་གནས་ཏེ།   ཆད་མཐར་ལྷུང་མི་འགྲོ་བའི་རྒྱུ་མཚན་ཡང་དགེ་ཆོས་ཀྱིས་འདི་ལྟར་བརྗོད་ཡོད་དེ།   ཇི་སྲིད་ཀུན་རྫོབ་ཀྱི་སྣང་བ་མ་འགག་པ་དེ་སྲིད་དང་།  ཇི་སྲིད་རྣམ་ཤེས་ཀྱི་རྟེན་མ་བརྗེ་བར་དེ་སྲིད་དུ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ཀྱང་།   སྔར་ཁས་བླངས་པ་དེ་དབང་མེད་དུ་ཁས་ལེན་དགོས་པ་འདི་ལ་རིགས་པས་སྒྲུབ་བྱེད་ཀྱིས་འབད་པ་བྱ་མི་དགོས།   གལ་སྲིད་ཁས་མ་བླངས་ཀྱང་།   མཐོང་བ་དང་ཐོས་པ་དང་།   མྱོང་བ་ཁོ་རང་གི་མངོན་སུམ་དུ་གྱུར་བ་དེ་ལ།   རིགས་པས་དགག་སྒྲུབ་ཀྱི་དོན་མི་དགོས།   ཀུན་རྫོབ་ཁས་མ་བླངས་པས་ཆད་ལྟར་ལྷུང་བའི་ཉེན་ཡོད་ན་མིག་དང་རྣ་བའི་སྣང་བ་དེ་ག་ཡོད་མེད་ཀྱི་དགག་སྒྲུབ་བྱ་བར་ཟད་མོད།   བྱ་མི་དགོས་ཏེ།   ཁ་ནས་ཐམས་ཅད་མེད་ཅེས་ཚིག་ཙམ་སྨྲས་ཀྱང་།   སེམས་ཀྱི་འཛིན་ཚུལ་ལ་ཅི་ཡང་མི་གནོད་པས་དེ་ཙམ་ལ་དགག་སྒྲུབ་དོ་གལ་ཆེན་པོ་དེ་ཙམ་དགོས་པའི་རྒྱུ་མཚན་མི་སྣང་ཞེས་གསུངས་སོ།།

༢.སྟོང་ཉིད་མེད་དགག་དང་མ་ཡིན་དགག་ལས་གང་ཞིག་ངོས་འཛིན་མཛད་པའི་ཐད།

    བོད་སྔ་རབས་པས་དབུ་མའི་ལྟ་བ་མཐར་ཐུག་པ་སྟེ།   གནས་ལུགས་མཐར་ཐུག་དོན་དམ་པ་ཉིད་གཉིས་སྣང་འཁོར་བའི་ཆོས་ཀྱི་སྟོང་པས་སྟོང་ཉིད་མ་ཡིན་དགག་ཏུ་སྨྲ་ལ།   རྗེ་ཙོང་ཁ་པ་ནས་ཀྱང་ལེགས་བཤད་གསེར་འཕྲེང་དུ་སྟོང་ཉིད་མ་ཡིན་དགག་ཏུ་བརྗོད་ཅིང་།   ཕྱིས་སུ་ལྟ་བ་མཐར་ཐུག་པ་དགག་བྱ་བདེན་གྲུབ་བཅད་པའི་སྟོང་ཉིད་མེད་དགག་ཏུ་འདོད་དགོས་ཞེས་ཕྱི་རྩོམ་ལམ་རིམ་ཆུང་བ་སོགས་སུ་རང་ལུགས་འཐད་ལྡན་དུ་བསྒྲུབས་ཡོད།   ཀུན་མཁྱེན་རོང་ཟོམ་ཆོས་བཟང་ལས་བརྒྱུད་པའི་འཇུ་མི་ཕམ་སོགས་སྔ་འགྱུར་རྙིང་མའི་ལུགས་འཛིན་རྣམས་ཀྱིས།    ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོར་མེད་དགག་ཅེས་བྱ་བ་དགག་བྱ་བདེན་གྲུབ་ལ་སོགས་པ་བཀག་ཤུལ་གྱི་མེད་རྐྱང་ངམ་སྟོང་རྐྱང་དང་།  མ་ཡིན་དགག་ཅེས་དགག་བྱ་བཀག་ཤུལ་དུ་ཆོས་ཉིད་ལ་སོགས་པ་ཆོས་ཅི་ཞིག་འཕེན་ཏེ།   དེ་གཉིས་ཀ་བློ་ཡིས་གཞན་སེལ་བའི་སྒོ་ནས་བཏགས་པ་ཙམ་ལས་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་ན་གཤིས་ལུགས་མཐར་ཐུག་པའི་དོན་ལ་ཁས་ལེན་ཐམས་ཅད་དང་བྲལ་བས་མེད་དགག་དང་མ་ཡིན་དགག་གཉིས་ཀར་ཁས་མི་ལེན་ཏེ།   གནས་ལུགས་མཐར་ཐུག་པ་ནི་དགག་པ་སྟེ་མེད་དགག་དང་སྒྲུབ་པ་སྟེ་མ་ཡིན་དགག་ལ་སོགས་པའི་གཉིས་ཆོས་ཐམས་ཅད་དང་བྲལ་བ་ཡི་བློ་འདས་སྨྲ་བསམ་བརྗོད་མེད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཚུལ་གདོད་མའི་ཆོས་ཉིད་ཡིན་པའི་ཕྱིར་རོ།   དེ་ལྟ་ནའང་གནས་སྐབས་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་གཏན་ལ་འབེབས་ཚུལ་ཁོ་ནར་བསམས་ནས་ནི་མེད་དགག་དང་མ་ཡིན་དགག་གང་ཡིན་ཞེས་དྲི་ན་མེད་དགག་ཉིད་ཡིན་ཞེས་ཁས་ལེན་པར་བྱའོ་ཞེས་འཇུ་མི་ཕམ་པས་ངེས་ཤེས་སྒྲོན་མེར་གསལ་པོར་གསུངས་ཡོད།   རྗེ་ཙོང་ཁ་པ་ནས་སྟོང་ཉིད་མ་ཡིན་དགག་ཏུ་འདོད་པ་ནི་དངོས་སྨྲ་བའི་ལྟ་བ་གཏན་ལ་འབེབས་ཚུལ་ཡིན་པར་གོ་ནས།   རང་ལུགས་ལ་མེད་དགག་གི་སྟོང་ཉིད་དང་རྟེན་འབྱུང་འགལ་མེད་དུ་གོ་བའི་རྣམ་བཞག་མཛད་མོད།   ཕྱིས་བྱོན་རྗེ་རིན་པོ་ཆེའི་སློབ་བརྒྱུད་དག་གིས།    ཀུན་རྫོབ་རྣམས་རང་གི་ངོ་བོས་མི་སྟོང་པར་དགག་བྱ་ཡན་གར་བ་བདེན་གྲུབ་ཀྱིས་སྟོང་པར་བཞེད་པ་ནི་སྟོང་ཉིད་མ་ཡིན་དགག་ཏུ་སོང་འདུག་ཅེས་འཇུ་མི་ཕམ་གྱི་རབ་གསལ་བརྒལ་ལན་དང་དགེ་ཆོས་ཀྱི་ཀླུ་དགོངས་སུ་ཡང་ཡང་བརྗོད་ཡོད།   དགེ་ཆོས་རང་ནས་ཚུལ་འདིའི་ཐད་ལ་གསང་སྔགས་རྙིང་མ་བའི་བཞེད་ཚུལ་འཐད་ཕྱོགས་སུ་དམིགས་ཏེ།   རྣམ་རྟོག་གི་བུ་ག་ཆུང་ངུ་འདིར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པའི་མཐའ་དང་བྲལ་བའི་ཆོས་དབྱིངས་ནམ་མཁའ་ཆེན་པོ་དེ་མེད་དགག་དང་མ་ཡིན་དགག་སོགས་ཀྱི་གཟུགས་སུ་བཀོད་པ་ག་ལ་ནུས་ཞེས་བརྗོད་དེ་སྔ་ཕྱི་ལུགས་གང་དུ་འདོད་ནའང་རིགས་པའི་གནོད་བྱ་མང་པོ་ཡོད་པར་གཟིགས་སོ།།

དེ་ལྟར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་མ་སྦྱར་དང་དེའི་དབང་གིས་ཐ་སྙད་དུ་རང་མཚན་གྱིས་གྲུབ་པ་སོགས་ཞལ་གྱིས་བཞེས་མི་བཞེས་སོགས་སྔོན་བྱོན་མཁས་པ་ཆེན་པོའི་བར་གནད་རྣམས་ཡིག་ཚོགས་ཀྱི་ངལ་བར་མ་འཛེམ་པར་སྐབས་སྐབས་སུ་ལུགས་འདིའི་བཞེད་ཚུལ་འདི་དང་ལུགས་འདིའི་བཞེད་ཚུལ་དེ་ཞེས་བརྗོད་ནས་དགེ་ཆོས་ཀྱིས་ཀླུ་དགོངས་སུ་རྩལ་དུ་བཏོན་ནས་བརྗོད་པའི་དཀའ་གནད་རྣམས་ཀྱི་གཞི་གང་ཡིན་པ་གསལ་བཤད་བྱས་པ་ཡིན་གྱི།   ལྟ་གྲུབ་སྣ་ཚོགས་ཀྱི་ཤན་ནི་ཁོ་བོ་ལྟ་བུ་བློ་ཆུང་རྣམས་ལྟ་ཅི།   གཞུང་བརྒྱ་སྨྲ་བའི་མཁས་གྲུབ་ཆེན་པོ་དག་གིས་ཀྱང་རང་བཞེད་གཙང་མར་འཛིན་པ་ཙམ་ལས་ཡིན་མིན་གྱི་སྒྲོས་ཐག་བཅད་ཐུབ་ཡོད་པ་ནི་སྲིད་མཐའ་ཙམ་མོ།།

༣.ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་མིན་སོགས་ཀྱི་ཐད།

   དེ་ཡང་བདེན་གཉིས་ཀྱི་རྣམ་བཞག་མཛད་སྐབས།  སྔ་རབས་པ་ཕལ་གྱིས་ཐ་སྙད་དུ་ཡོད་པས་ཡོད་གོ་མི་ཆོད་ལ།  དོན་དམ་པར་མེད་པས་མེད་གོ་ཆོད་ཅེས་ཟེར་བ་དང་།   ཕྱི་རབས་ཕལ་གྱིས་ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་ལ།   དོན་དམ་པར་མེད་པས་མེད་གོ་མི་ཆོད་ཅེས་བརྗོད།   འཇུ་མི་ཕམ་སོགས་སྔ་འགྱུར་རྙིང་མའི་ལུགས་འཛིན་རྣམས་ཀྱིས་གོང་བཞེད་ཕྱོགས་གཉིས་ཀའི་བཞེད་ཚུལ་ལས་ཅུང་གསལ་ཁ་ཐོན་པའི་ཚུལ་གྱིས།   ཐ་སྙད་དུ་ཡོད་པས་ཐ་སྙད་དུ་ཡོད་པའི་གོ་ཆོད་ལ།   དོན་དམ་པར་ཡོད་པའི་གོ་མི་ཆོད་པ་དང་།   དོན་དམ་པར་མེད་པས་དོན་དམ་པར་མེད་པའི་གོ་ཆོད་ལ།   ཐ་སྙད་དུ་མེད་པའི་གོ་མི་ཆོད་ཅེས་ཟེར་རོ།   སྔ་རབས་གནས་སྣང་གཉིས་ལས་གནས་ཕྱོགས་གཙོ་ཆེར་མཛད་པའི་དབང་གིས།  གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་བློས་ཕར་བཏགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད་པས་ན།   ཐ་སྙད་དུ་ཡོད་པ་སྣང་རུང་རང་བཞིན་གྱིས་གྲུབ་པ་དབེན་པས་ཡོད་གོ་མི་ཆོད་པ་དང་།   ཆོས་ཀུན་དོན་དམ་དུ་ཡོད་མེད་སོགས་མཐའ་བཞི་ལས་འདས་པའམ་ཡང་ན་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་ན་མེད་པའི་གོ་ཆོད་པར་གསུངས་ལ།   ཕྱི་རབས་པས།   སྤྱིར་སྣང་སྟོང་གཉིས་ལ་ཉེ་རིང་བྱེད་མི་ཉན་ཅིང་།   སྣང་བའི་ཆོས་ཀུན་འཇིག་རྟེན་ན་གཏན་མེད་དུ་བཞེད་པ་ཤིན་ཏུ་ཉུང་ལ།   ཡོད་པའི་ཆོས་འདི་དག་ཡོད་ཀྱང་ཡོད་ལ་བདེན་པའང་ཡིན་པར་འདོད་པའི་གང་ཟག་གི་ཤིན་ཏུ་མང་ཕྱིར།    མེད་པ་ཆད་མཐའ་ལྷུང་བ་ལས་ཡོད་པ་རྟག་མཐའ་ལྷུང་བ་མང་བས།   གདུལ་བྱའི་བློ་ཁ་བཀྲི་བའི་ཆེད་དུ་སྣང་ཕྱོགས་ལ་གཙིགས་སུ་བྱེད་དེ་ཡང་ཡང་དཔྱད་པ་བྱེད་པའི་ཆ་ནས།   ཀུན་རྫོབ་ཏུ་ཡོད་པ་ཡོད་གོ་ཆོད་དེ།   ཀུན་རྫོབ་ཐ་སྙད་གཏན་མེད་དུ་འདོད་ན་ཆད་མཐར་ལྷུང་བའི་ཕྱིར་དང་།   ཀུན་རྫོབ་ཏུ་ཡོད་ན་ཡོད་པས་ཁྱབ་པའི་ཕྱིར་རོ།    དོན་དམ་དུ་མེད་པའི་མེད་གོ་མི་ཆོད་དེ།   དོན་དམ་དུ་མེད་ན་མེད་པས་མ་ཁྱབ་པའི་ཕྱིར་ཏེ།   རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད་རུང་སྣང་བ་རྟེན་འབྱུང་དུ་ཡོད་ཕྱིར་མེད་གོ་མི་ཆོད་ཅེས་བརྗོད།   རྗེ་བཙུན་ཤེས་རབ་རྒྱ་མཚོས་ཚུལ་འདི་ཀོ་དགག་ལན་མི་འཇིགས་སེང་གེའི་ང་རོ་རུ།    དེའི་རྒྱུ་མཚན་གྱིས་དོན་དམ་པར་མེད་པས་མེད་གོ་མི་ཆོད།   ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་བྱས་པ་ཡིན།   དེ་ཡང་འཐད་དེ།   དོན་དམ་དཔྱོད་པས་བདེན་པ་གྲུབ་མ་གྲུབ་དཔྱད་པ་ཡིན་ཕྱིར།   དེས་མ་རྙེད་པ་བདེན་གྲུབ་མ་རྙེད་པ་དང་རྙེད་པ་བདེན་མེད་རྙེད་པའི་ཕྱིར་ལ།   བདེན་པར་མེད་པས་མེད་གོ་མི་ཆོད་པའི་ཕྱིར་ཏེ།   བདེན་པར་མེད་ན་མེད་པས་མ་ཁྱབ་པའི་ཕྱིར་ཞེས་དང་།   ཀུན་རྫོབ་དཔྱོད་པས་ཐ་སྙད་དུ་ཡོད་མེད་དཔྱད་པ་ཡིན་པས་དེས་མ་རྙེད་པ་ཐ་སྙད་དུ་མེད་པས་རྙེད་པ་དང་རྙེད་པ་ཐ་སྙད་དུ་ཡོད་པ་རྙེད་པ་ཡིན་པའི་ཕྱིར་ལ།  ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་པའི་ཕྱིར་ཏེ།   ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་པའི་ཕྱིར་ཞེས་ཕྲ་ཞིབ་ཆུ་ཐུབ་ཀྱི་རིགས་པས་དཔྱད་པར་བྱས་སོ།    དགེ་འདུན་ཆོས་འཕེལ་ནས་ཕྱི་རབས་ལུགས་ཀྱིས་གཟུགས་སོགས་དོན་དམ་པར་མེད་ཀྱང་མེད་པ་མ་ཡིན།   ཡང་ན་དོན་དམ་པར་ཡོད་པའམ་བདེན་པར་ཡོད་པ་རིགས་པས་འགོག་རིགས་ཀྱང་།   ཡོད་པ་ཙམ་འགོག་མི་རིགས་ཞེས་ཁྱད་པར་འབྱེད་པ་སྟེ།   དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་ལ་ཐུགས་སུ་མ་སོང་བས་ན་དོགས་སློང་འདི་ལྟར་བྱས་ཡོད་དེ།  དོན་དམ་པར་མེད་པས་མེད་གོ་མི་ཆོད།   ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་བྱ་བ་འདི་དོན་ལ་འཕགས་པའི་ཡེ་ཤེས་ཀྱིས་མི་རྙེད་པས།   མི་རྙེད་པའི་གོ་མ་ཆོད།   སོ་སྐྱེའི་རྣམ་རྟོག་གིས་རྙེད་པས་རྙེད་གོ་ཆོད་བྱ་བ་ཡིན་འདུག་ལ།   རང་བཞིན་གྱིས་གྲུབ་པ་དོན་དམ་པར་མེད་རི་བོང་རྭ་དོན་དམ་པ་མེད་སོགས།  སྟོང་གཞི་ཆོས་ཅན་གཏན་ནས་མི་སྲིད་པའི་རིགས་འདི་འདྲ་མ་གཏོགས་ནམ་ཡང་དོན་དམ་དུ་མེད་པས་མེད་གོ་ཆོད་པ་མ་རྙེད་ན།  མེད་གོ་མི་ཆོད་པ་ཙམ་དུ་མ་ཟད་ཀྱི་ཡོད་གོ་ཆོད་པར་འདུག    ཅེས་དོན་དམ་པར་མེད་པས་མེད་གོ་མི་ཆོད།   ཡོད་གོ་ཆོད་པར་གྱུར་བའི་ཚུལ་དེ།   རི་བོང་གི་རྭ་དོན་དམ་པར་མེད་ཅེས་དགག་བྱ་ལ་ཁྱད་པར་སྦྱར་ཚེ།   ཀུན་རྫོབ་ཏུ་ཡོད་པ་ཤུགས་ལ་གོ་ཞིང་།   གཞན་དུ་ན་རི་བོང་རྭ་དོན་དམ་པར་མེད་ཅེས་པ་དང་རི་བོང་རྭ་མེད་ཅེས་པ་གཉིས་ལ་ཚིག་གི་ནུས་པའི་ཁྱད་པར་ཅི་ཡོད་ཅེས་དྲི་བའི་ཚུལ་གྱིས་སྐྱོན་བསྟན་ཡོད།   རང་ལུགས་ནི་དགག་བྱ་ལ་དོན་དམ་དང་བདེན་གྲུབ་སོགས་ཀྱི་ཁྱད་པར་སྦྱར་མི་དགོས་པ་སྟེ།   ཚུལ་དེ་ནི་ལྕང་སྐྱ་རིན་པོ་ཆེས་གསུངས་པ་ལྟར།    སྣང་བ་ལིང་ལིང་འདི་རང་སོར་བཞག་ནས།   དགག་རྒྱུ་རྭ་ཅན་ཞིག་འཚོལ་འདུག་སྟེ།   ཞེས་གསུངས་པའི་ཚུལ་ལས་མ་འདས་པར་དགོངས་སོ།།

༤.ཡོད་མིན་མེད་མིན་ཐད།

    རྗེ་བཙུན་ཤེས་རབ་རྒྱ་མཚོས་དགག་ཡིག་མི་འཇིག་སེང་གེའི་ང་རོ་རུ།   རིགས་པས་བདེན་གྲུབ་འགོག་གི་བུམ་པ་མིན།།   ཚད་མས་བུམ་པ་འཇོག་གི་བདེན་གྲུབ་མིན།།    ཐོ་བས་སྦྲང་འཇོམས་ཕ་ཡི་མགོ་མིན་པས།།   ཡོད་མིན་མེད་མིན་མིང་གིས་ཅི་ཞིག་བགྱིད།།   ཅེས་དང་།  ཡོད་པའི་རྩ་བ་བདེན་གྲུབ་ཡིན་ན་མེད།།   མེད་པའི་རྩེ་མོ་ཀུན་རྫོབ་ཡིན་ན་ཡོད།།   འདིས་ཀྱང་ཡོད་མེད་གཙང་མར་ཐག་ཆོད་པས།།   ཡོད་མིན་མེད་མིན་མཆིལ་མ་བཞིན་དུ་བོར།།   བདེན་པའི་ས་བོན་རྫུན་པར་ཤེས་པ་མེད།།   རྫུན་པ་མྱོང་ཚེ་བདེན་སྣང་དེ་ག་རང་།།   འདི་ཡང་ཐ་སྙད་ཚད་གྲུབ་མེད་པ་དང་།།   ཡོད་མིན་མེད་མིན་འཇོམས་པའི་སྟ་རེ་ཡིན།།   ཞེས་གསུངས་པ་ལས་བྱུང་བའི་ཡོད་མིན་མེད་མིན་གྱི་སྐོར་འདིའང་སྔ་ཕྱི་མཁས་པའི་བཞེད་ཚུལ་ཅུང་མི་འདྲ་སྟེ།   གཞུང་ལས།   ཡོད་མིན་མེད་མིན་ཡོད་མེད་མིན།།    གཉིས་ཀའི་བདག་ཉིད་མེད་པའང་མིན།།   ཞེས་པ་ལ་བོད་སྔ་རབས་པས།   བློས་མཐའ་བཞི་གང་དུ་ཡང་མི་འཛིན་པའི་དོན་ཅན་ཏེ།   ཆོས་ཉིད་སྤྲོས་པའི་མཐས་བརྒྱད་དང་བྲལ་བ་ནི་མཐར་ཐུག་གི་དོན་དུ་འགྲེལ་བ།   ཕྱི་རབས་པས།   ཡོད་མིན་མེད་མིན་ཞེས་པའི་དོན་ནི་དོན་དམ་དུ་ཡོད་པ་མ་ཡིན།   ཀུན་རྫོབ་ཏུ་མེད་པ་ཡང་མ་ཡིན།  བློས་ཀྱང་དེ་ལྟར་འཛིན་དུ་མི་རུང་ཞེས་པ་ལས་ཡོན་མིན་མེད་མིན་སྒྲ་ཇི་བཞིན་ཁས་ལེན་དུ་མི་རུང་བར་བཞེད་ལ།   སྔ་རབས་པའི་བཞེད་ཚུལ་ཀྱང་རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་བ་དང་མཚུངས་ཞེས་དགག་པར་མཛད།    ཕྱི་རབས་ལུགས་ཀྱིས་ངོས་འཛིན་དེ་ལྟར་བྱེད་པའི་རྩ་བའང་གོང་དུ་ཡང་ཡང་ཞུས་པ་ལྟར།   བདེན་གཉིས་སམ་སྣང་སྟོང་གཉིས་ལ་སྤྱིར་ཉེ་རིང་བྱེད་མི་ཉན་པ་སྟེ་འགལ་མེད་ཟུང་འཇུག་ཡིན་རུང་གདུལ་བྱའི་བློ་དང་བསྟུན་ཕྱིར།   སྣང་བ་གཙིགས་སུ་བྱེད་དགོས་པའི་རྐྱེན་གྱིས་ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་འཐད་པར་འཇོག་དགོས་པ་ལས།   སྔ་རབས་པའི་ལུགས་ལྟར་ཀུན་རྫོབ་ཀྱང་རང་ངོ་དང་གཞན་ངོའི་ཁྱད་པར་ཅན་དུ་ཕྱེས་ནས་གཞན་ངོ་ལས་རང་ངོ་ཁས་མ་བླངས་ན་ཆད་མཐར་ལྷུང་བར་དོགས་པར་མཛད་དོ།   དགེ་འདུན་ཆོས་འཕེལ་ནས་ཚུལ་ལུགས་འདི་ཡང་བོད་སྔ་རབས་པའི་བཞེད་ཚུལ་འཐད་ལྡན་དུ་དགོངས་ནས་ཕྱི་རབས་ཀྱི་བཞེད་པར་འདི་ལྟར་ཟུར་ཟ་བྱས་ཡོད་དེ།   ཡོད་དམ་མེད་པའི་ཕྱོགས་འཇིག་པ་ཞེས།   བཅོམ་ལྡན་འདས་ཀྱིས་ལུང་དུ་བསྟན་པའི་ཀླུ་སྒྲུབ་ཀྱི་ལྟ་བ་དེ་ཡོད་པ་བདེན་པར་ཡོད་པ་དང་།   མེད་པ་དོན་དམ་པར་མེད་པར་བྱས་ནས་དོན་འཇིག་རྟེན་གྱི་ཡོད་པ་དང་མེད་པ་གཉིས་ཀྱི་ཁོངས་སུ་སླར་ཡང་འདུ་བ་བྱེད་པའི་འདིས་ཀླུ་སྒྲུབ་ཀྱི་བསྟན་པའི་སྙིང་པོ་བཤིག་པ་ཡིན་ནམ་བཟུང་བ་ཡིན་པ་ཁོ་བོས་ཆ་མ་འཚལ་ཏོ།   ཞེས་དང་།   དེང་སང་གི་མཁས་པ་རྣམས་ཀྱིས།   ཡོད་པ་མིན།   མེད་པ་མིན་བྱ་བའི་ལུང་ཞིག་རྣ་བས་ཐོས་ཚེ།    ཐོག་མར་ལུང་དེ་གསུང་མཁན་སུ་ཡིན་རྩད་གཅོད་བྱེད།   གལ་ཏེ་ལུང་དེ་བོད་སྔ་མའི་མཁས་པ་ཞིག་གི་གསུང་ཡིན་འདུག་ན།   དེ་འདྲ་ཟེར་མཁན་དེ་ཆད་ལྟ་བ་བླུན་པོ་ཡིན་ཞེས་བརྙས་བཅོས་བྱེད།  གལ་ཏེ་ལུང་དེ་སངས་རྒྱས་དང་ཀླུ་སྒྲུབ་སོགས་ཀྱིས་གསུང་ཡིན་པར་ངོས་ཟིན་ན།   ཡོད་པ་མིན་གསུངས་པ་བདེན་པར་ཡོད་པ་མིན་བྱ་བའི་དོན་ཡིན།   མེད་པ་མིན་བྱ་བ་ཀུན་རྫོབ་ཏུ་མེད་པ་མིན་བྱ་བའི་དོན་ཡིན་སོགས་ཚིག་གི་ལྷན་པ་སྣ་ཚོགས་བཏབ་ནས་རང་གི་ཞེ་འདོད་དང་འགྲིགས་པ་ཞིག་བྱེད་དེ།  དོན་ལ་སངས་རྒྱས་ལ་དགག་པ་བཏབ་ན་མི་ངན་ལྟ་ངན་གྱི་མིང་ཐོགས་པ་ལ་འཇིགས།   བོད་སྔ་མ་ལ་དགག་པ་བྱེད་ཐུབ་ན།    མཁས་པ་དཔའ་བོའི་མིང་ཐོགས་པའི་ཁྱད་པར་དེ་ཙམ་མ་གཏོགས།  ཡོད་མིན།  མེད་མིན།   བརྗོད་མིན།   སྤྲོས་བྲལ་སོགས་ཀྱི་ཐ་སྙད་ནི།   མདོ་དང་རིགས་ཚོགས་དང་།   བོད་སྔ་མའི་མཁས་པ་དག་གི་གསུང་རབ་ལ་མང་ཉུང་མི་འདུག    དེས་ན་བོད་སྔ་མའི་མཁས་པ་རྣམས་ཀྱིས།  གནས་ལུགས་བརྗོད་དུ་མེད་པ།   བསམ་དུ་མེད་པ་སོགས་གསུངས་པ་ལ།   འགའ་ཞིག་གིས་ནི་བླུན་པོ་དང་།   ཆད་ལྟ་བ་ཞེས་དགག་པ་བྱེད།   འགའ་ཞིག་གིས་ཅུང་ཟད་གུས་པའི་ཚུལ་བྱས་ཏེ།    བོད་སྔ་མའི་མཁས་གྲུབ་ཁོང་ཚོའི་ཐུགས་ཀྱི་དགོངས་ཚུལ་ལ་ནི་མི་འགྲིག་པ་ཆེར་མེད་མོད་ཀྱི།  ཁ་ནས་བཤད་པའི་ཚེ་རྗེ་བླ་མ་ལྟ་བུའི་ཞིབ་ཆ་མ་ཐོན་པ་ཙམ་ཡིན་ཟེར།    དེ་བདེན་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཐུགས་ཀྱི་དགོངས་ཚུལ་ལ་མི་འགྲིག་པ་མེད་མོད་ཀྱི།    ཞལ་ལས་གསུང་པའི་ཚེ་ནི།   སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།  ཞེས་དང་།   ཡིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ།   ཡོད་པ་མིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་སོགས་ཀྱི་ལྷན་པ་མཛེས་པོ་དེ་ཚོ་སྣང་མེད་དུ་བཞག་འདུག་པས།   སངས་རྒྱས་ཁོང་ཡང་ཆོས་སྟོན་ཚུལ་ལ་ཞིབ་ཆ་མེད་པ་ཞིག་འདུག     དེས་ན་བོད་སྔ་མ་དང་།   སངས་རྒྱས་གཉིས་ཀ་འགོག་ན་ཡང་མཉམ་དུ་ཁོག་ཅིག      འཇོག་ན་ཡང་མཉམ་དུ་ཞོག་ཅིག   མི་ཁ་སྡང་མི་སྡང་ལ་འཇིགས་ནས་ལྕེ་སྣ་ཚོགས་སུ་བསྒྱུར་ཏེ་མགོ་སྐོར་སྣ་ཚོགས་མི་གཏོང་བར་ཞུ།   ཞེས་བོད་སྔ་རབས་པའི་ལྟ་བའི་ཕྱོགས་སྐྱོར་དུ་ལངས་ཏེ།   ཕྱི་རབས་མཁས་པ་རེ་ཟུང་ནས་སྔ་རབས་པ་ལ་ཆད་ལྟ་བླུན་པོ་ཞེས་སྐྱོན་བརྗོད་མཛད་པ་ལ་གཟུར་གནས་ཀྱི་ལན་སྤྲོན་པའོ།།

རྩོམ་ཡིག་སྦྲེལ་མཐུད།

 དཔྱད་གཞིའི་ཡིག་ཆ། 

༡.མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༢.རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་ཅན།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༣.པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་དབུ་མ་ལ་འཇུག་པ་རྩ་བ་དང་འགྲེལ་པ་བཞུགས་ཞེས་པའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༤.སྟག་ཚང་ལོ་ཙཱ་བའི་གསུང་གྲུབ་མཐའ་ཀུན་ཤེས་ཀྱི་རྩ་འགྲེལ་ཞེས་པ་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༥.གོོ་རམས་པ་བསོད་ནམས་སེང་གེའི་གསུང་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་ཤིང་པར་མ།

༦.གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེའི་གསུང་འབུམ་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༧.འཇུ་མི་ཕམ་པའི་གསུང་ངེས་ཤེས་སྒྲོན་མེའི་རྩ་འགྲེལ་དང་སྤྱོད་འཇུག་ཤེར་འགྲེལ་དང་དབུ་མ་རྒྱན་གྱི་རྩ་འགྲེལ་ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༨.ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༩.བོད་པ་སྤྲུལ་སྐུའི་གསུང་ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེ་ཞེས་བྱ་བ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༡༠.ཚུལ་ཁྲིམས་རྒྱ་མཚོའི་གསུང་ཚད་མའི་དཀའ་གནད་གསལ་བར་བྱེད་པའི་དུས་ཀྱི་མེ་ལོང་ཞེས་བྱ་བ་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༡༡.ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེའི་མེ་ལྕེ་ཞེས་བྱ་བ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༡༢.དུས་རབས་ཉི་ཤུ་བའི་བོད་ཀྱི་ངོ་མཚར་བའི་རབ་བྱུང་ཞེས་བྱ་བ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་རྒྱ་ཡིག་པར་མ།

༡༣.རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༡༤.བསྟོད་པ་དོན་ལྡན་མའི་རྩ་འགྲེལ་ཐེ་ཝན་པར་མ།

༡༥.བོད་ལྗོངས་ཞིབ་འཇུག་གོ་བདུན་ལོའི་དེབ་གསུམ་པ་དང་གོ་བརྒྱད་ལོའི་དེབ་དང་པོ།

༡༦.ལྟ་བ་བསམ་བློ་ལག་ལེན་ཞེས་བྱ་བ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༡༧.ཉི་མ་རྒྱལ་མཚན་གྱི་རྩོམ་དགག་ལན་རྡོ་རྗེའི་མེ་ལྕེ་སོགས་ལ་ལན་དུ་སྤྲིངས་པ་རང་བྱུང་བདེན་པའི་གཏམ་གཡུལ་རྒྱལ་ལྷའི་རྔ་སྒྲ་ཞེས་བྱ་བ།

༡༨.མཁས་དབང་དགེ་འདུན་ཆོས་འཕེལ་ལ་དཔྱད་པ་ཚངས་པའི་དྲང་ཐིག་ཅེས་བྱ་བ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

༡༩.མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། (༡-༣)བོད་ལྗོངས་བོད་ཡིག་རྙིང་དཔེ་སྐྲུན་ཁང་གི་པར་མ།

༢༠.དཔའ་རིས་རབ་གསལ་གྱི་གསུང་འབུམ་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ།

ཡོང་ཁུངས།  《བོད་ལྗོངས་ཞིབ་འཇུག》༢༠༠༥ལོའི་དུས་དེབ་གསུམ་པ་དང་བཞི་པ་ལས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg9m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23569861
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།