སྙིང་རྗེ་བའི་རྣམ་ཤེས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བརྩམས་སྒྲུང་། »སྙིང་རྗེ་བའི་རྣམ་ཤེས།
སྙིང་རྗེ་བའི་རྣམ་ཤེས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-17ལྟ་ཀློག (6791)རྩོམ་ཁུངས: རིག་འབྱུང་དྲ་བ།པར་འདེབ།

སྙིང་རྗེ་བའི་རྣམ་ཤེས།

རྩོམ་པ་བོ། ཚེ་ལོ་ཐར།

 རྒྱང་རིང་ནས་བལྟས་ན། ཉ་མོ་སྡེ་བ་ནི་གསེར་ཉ་ཆུང་ཆུང་ཞིག་དང་འདྲ་བར་ཉ་མོ་སྒང་གི་ཤར་ངོས་སུ་ཆགས་ཡོད། དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་བ་དང་བསྟུན་ནས་ཉ་མོ་སྡེ་བ་ཡང་མདོག་འགྱུར་ཉ་མོ་ཞིག་དང་འདྲ་བར་སྐྱ་སྐྱ་ནས་སྔོན་པོ་དང་། སེར་སེར་ནས་དཀར་པོ་སོགས་སུ་རིམ་གྱིས་འགྱུར། ལྷག་པར་དུ་དྲོད་འཇམ་རླུང་གིས་བང་རིམ་རེ་རེ་བཞིན་བརྩེགས་པའི་སྔོ་ཞིང་དང་ལྗོན་ཤིང་སྣ་ཚོགས་ཀྱི་བཀང་བའི་ནགས་ཚལ། རྩྭ་ལྡུམ་མེ་ཏོག་གིས་བརྒྱན་པའི་སྤང་ཐང་བཅས་དལ་གྱིས་སྒུལ་བ་ན། ཉ་མོ་སྡེ་བ་ནི་ལྷོད་ཀྱིས་འཁྱུག་པའི་ཉ་མོ་ཞིག་དང་ཧ་ཅང་མཚུངས་པས། སྡེ་མིང་དེ་ཇི་ལྟར་ཐོགས་པའང་ཤེས་ཐུབ་ལ་ངག་རྒྱུན་དུའང་དེ་ལྟར་བཤད།
ད་ལྟའི་བར་དུ། ཉ་མོ་སྡེ་བར་བླ་ཆེན་དང་མཁས་ཆེན་མང་པོ་རིམ་བཞིན་བྱོན་ཏེ་སྐྱེ་བ་སྔ་གཞུག་དང་ལས་རྒྱུ་འབྲས། བྱམས་སྙིང་རྗེ་བསམ་བཞིན་ཉིན་ཁར་ཉིན་དང་ཟླ་ཁར་ཟླ་བརྩེགས་ཏེ་ལོ་ངོ་གྲངས་མེད་འགོར་ཡོད། དེ་དག་ནི་འགྱུར་བ་མེད་པའི་ཉ་མོ་སྒང་གི་མདའ་མདུང་གྲི་གསུམ་གྱིས་བསྟད་པའི་ལབ་རྩེ་དང་ལྷ་རྟེན་ཆོས་གསུམ་གྱི་བཀང་བའི་ཉ་མོ་དགོན་པ་སོགས་ཀྱིས་གསལ་པོར་བདེན་དཔང་བྱས་ཡོད།
སྐྱ་རེངས་སྐྱ་མདའ་སྔོན་ནས་འཐེན་པས། སྔ་མོ་ནས་གཉིད་ལས་སད་པའི་བྱ་བྱེའུ་དང་འབའ་འབུ་ཡོད་ཚད་ཀྱིས་ཅུར་ཅུར་དང་ཀུ་ཀུ་ཡི་གླུ་སྒྲ་སྒྲོག་གྱིན་ཉ་མོ་སྡེ་བ་ཡར་ལ་ལོངས་ཞེས་བརྗོད་པ་དང་མཚུངས་མོད།སྡེ་བའི་སྡོང་བོ་དང་དར་ལྕོག་དག་གྲང་རླུང་གིས་ཕར་གཡོ་ཚུར་གཡོ་བྱེད་པ་ལས། ཉ་མོ་སྡེ་བའི་ཕོ་མོ་རྒན་གཞོན་ཡོད་ཚད་རྒྱུན་ལྡན་ལྟར་རྨི་ལམ་གྱི་ཞིང་ཁམས་མྱུལ་བཞིན་འདུག
གློ་རྡེག་ལ། ཤིང་བརྐོས་རི་མོས་བརྒྱན་པའི་ཤིང་ཁང་ཆུང་ཆུང་ཞིག་ལས་རྒན་མོ་ལོ་ལོན་ཞིག་གིས“ཨུ་་ཧུ་་ཨུ་་ཧུ་་ཨུ་་ཧུ”ཞེས་གློ་ལུད་བྱེད་ཀྱིན་ལག་སྙོབ་འགའ་བྱས་ཏེ་གློག་སྒྲོན་བཀར། མོ་ནི་ཉ་མོ་སྡེ་བའི་ཆེས་ཐོག་མར་སད་མཁན་དེ་ཡིན། ཁོ་མོས་ཚ་དེམ་ལས་འོ་ཇ་ཉུང་ཙམ་འབྲུག་དཀར་ནང་བླུགས་ཏེ། དེའི་ཁར་རྩམ་པ་ཉུང་ཙམ་གཏུལ་རྗེས་ཁ་སྲོ་འཐུང་མགོ་བརྩམས། དེ་ནི་ཆེས་སྟབས་བདེ་ཡི་ཟས་ཐུན་གཅིག་ཡིན་མོད། ལོ་ལོན་དག་ལ་མཚོན་ན། མཚན་རིང་མོ་བརྒལ་བའི་ཐ་མ་དང་ཉིན་རིང་མོ་བསྐྱལ་བའི་ཐོག་མ་དེ་ཡིན་པས། འཐུང་བ་ཙམ་གྱིས་ཁོ་མོའི་ལུས་ཁམས་ཡོངས་སུ་སྟོབས་ཤུགས་ཀྱི་ཁེངས་པའི་སྣང་བ་ཞིག་སྐྱེས་ཡོང་།
གློག་སྒྲོན་གྱི་འོད་ཇེ་གསལ་དུ་སོང་བ་དང་བསྟུན་ནས། མུན་ནག་ནང་གི་རྒན་མོ་དེའི་བཞིན་རས་རིམ་བཞིན་མངོན་ཡོང་། ཁོ་མོའི་ངོ་གདོང་ནི་ལོ་ཟླ་རིང་མོའི་རྒས་གཉེར་ཀྱིས་གཡོགས་ལ། མགོ་སྐྲ་ཐུང་ཞིང་འཁྱིལ་བའི་ཁར་ཡོད་ཚད་དཀར་པོར་གྱུར་ཡོད་པས་ཚ་རུ་ཞིག་དང་ཨ་ན་མ་ན་ཡིན། ཁོ་མོའི་གཏིང་དུ་རྡིབས་པའི་མིག་ཟུང་ལས་མཚམས་རེར་སྒྲོན་འོད་ལྡོག་འཕྲོ་བྱེད་ཅིང་། མཚམས་རེར་ནག་ཤད་གཉིས་ལས་ཅི་ཡང་མེད། ལྷག་པར་དུ་ཁ་ནང་གི་དུང་སོ་དཀར་མོ་དག་ནི་རིམ་བཞིན་ལོག་སྟེ། ད་ལྟ་མཆེ་བ་གཉིས་མ་གཏོགས་ལུས་མེད་ལ། ཟ་མ་ཟ་བའི་དུས་སུ་ཁ་ཤ་ནང་དུ་བརྡིབས་པ་དང་ཕྱིར་འབུར་འབུར་བྱེད་པས།འགུལ་རིས་བརྙན་འཕྲིན་ནང་གི་ཨ་ཡེ་རྒན་མོ་ཞིག་དང་ཧ་ཅང་མཚུངས།
ཁོ་མོ་ནི་ཉ་མོ་སྡེ་བའི་ལོ་ལོན་ཆེས་ཆེ་བ་སྟེ། ཨ་ཡེ་ལྷ་མོ་རེད། ད་ལོ་དགུང་ལོ་བདུན་བཅུ་དོན་བདུན་ལ་ཐོན་འདུག སྔོན་ཆད་ཁོ་མོར་བུ་ཕྲུག་ལྔ་སྐྱེས་མོད། བུ་ཆུང་བཞི་ཆུང་དུས་ནས་དུས་དང་རྐྱེན་ངན་གྱིས་འདས་ཏེ། ད་ལྟ་ཁོ་མོར་བུ་ཆུང་ཚེ་རིང་ཐར་གཅིག་པུ་ལས་ལྷག་མེད། སྡུག་རེས་མ་དང་སྐྱིད་རེས་མ་ཞེས་པ་བཞིན་ད་ལོ་ཁོ་མོར་ཚ་བོ་ཆུང་ཆུང་ཞིག་སྐྱེས་པས། ཨ་ཡེ་ལྷ་མོ་ཡི་གདོང་ལ་སྔར་མེད་པའི་འཛུམ་གྱིས་བཀང་ཞིང་ཁ་ཡར་གྲག་ལ་སྐྱེ་བ་སྔ་གཞུག་ཡོད་ཚུལ་དང་ཁ་མར་གྲག་ལ་རྣམ་ཤེས་ཡ་མཚན་ཡིན་པ་དེ་རེད། རྒྱུ་མཚན་ནི་ཨ་ལགས་ཚང་གིས་ཚ་བོ་དེ་ནི་ཁོ་མོའི་སྐྱེས་པ་དོན་གྲུབ་ཀྱི་རྣམ་ཤེས་རེད་ཅེས་གསུངས་ལ། རྟགས་ཀྱང་བརླ་ཤ་དང་ཨོང་ཤའི་ཐོག་ན་གསལ་པོར་ཡོད་པས། ཨ་ཡེ་ལྷ་མོ་གཙོ་བྱས་པའི་ཁྱིམ་མི་ཡོངས་དགའ་བ་འབུམ་གྱིས་མྱོས་ཤིང་། ཁོ་མོ་ཚང་གི་ཡོད་ཚད་ལ་གསོན་ཤུགས་གསར་པཞིག་རྒྱས་ཡོད།   
ནམ་རྒྱུན་ནངས་སྔ་མོ་ཁོ་མོས་ཁ་སྲོ་འཐུང་དུས། ཚ་བོ་ཡང་གཉིད་ལས་སད་དེ་ཟས་སློང་བ་ལྟར“ཨུན་་་ཨུན་་་ཨུན་་་”ཞེས་ངུ་ངག་འདོན། དེ་རིང་ཡང་དེ་ལས་མ་འདས་པར་ངུ་བྱུང་བས། ཁོ་མོས“མནའ་མ། མནའ་མ། ཡར་ལོངས་དང་། ཚ་བོ་ལ་ནུ་མ་ལྡུད་རན་འདུག རེམ་ཡ”ཞེས་དྲ་མ་ལས་སྐེ་བསྲིངས་ཏེ་བུ་དང་མནའ་མ་གཉིས་ཀྱི་ཉལ་ཁང་གི་ཕྱོགས་ལ་འཁོར་ནས་བོས། མནའ་མས་ལན་ཅི་ཡང་མ་བྱིན་པས། ཁོ་མོས་སྣོད་ཀ་ཆ་ཡར་འཇོག་མར་འཇོག་བྱས་རྗེས། ཕྲེང་བ་དང་མ་ཎི་ལག་སྐོར་བླངས་ཏེ་ཁ་ཏོན་འདོན་མགོ་བརྩམས། “ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་་་་་་”ཞེས་སྐྱབས་འགྲོ་འདོན་མགོ་བརྩམས་མོད་རྗེས་སུ“་་་་སྐྱབས་སུ་མཆིའོ།་་་་སྐྱབས་སུ་མཆིའོ། ་་་་སྐྱབས་སུ་མཆིའོ” ཞེས་པའི་ཚིག་འབྲུ་ལས་ཅི་ཡང་མི་གོ
སྐབས་དེར། ཚ་བོ་ཡང་བསྐྱར་ངུ་རྒྱངས་ཤིག་བྱས་པས། ཁོ་མོ་སྡོད་མ་ཚུགས་པར“དཀོན་མཆོག་གསུམ་པོ། གསར་མོ་ཆུང་ཆུང་ཞིག་ལ། འདི་འདྲའི་གཉིད་མང་པོ་ཞིག་གང་ནས་ཡོང་བ་ཡིན་ནམ། ང་ལ་རྒྱུན་དུ་གཉིད་མི་ཡོང་བར་མིག་ཧྲིག་ཧྲིག་ཏུ་གྱུར་འགྲོ་བ་འདི་ཅི་ཡིན་ནམ” ཞེས་ལེ་བདའ་འདྲེས་མའི་ཁ་ཏོན་ཟློ་བཞིན་ཡར་ལངས་ཏེ་ཚ་བོ་ལེན་དུ་བྱིན།
ཁོ་མོས་བུ་དང་མནའ་མ་གཉིས་ཀྱི་ཉལ་ཁང་གི་འདེད་སྒོ་ཕྱེ་དུས་ཙིར་སྒྲ་རིང་མོ་ཞིག་གྲགས་པ་དེས་མནའ་མ་གཡུ་མཚོ་གཉིད་ལས་བསླངས། མནའ་མའི་ལག་ཟུང་གིས་མིག་གཉིས་འཕུར་འཕུར་བྱེད་ཀྱིན“ཡང་བུ་ཚ་ཁྱོད་ཀྱིས་འཁྱེར་རྒྱུ་ཡིན་ནམ། ངུ་ན་ངུ་རུ་ཆུགས། སྔ་མོ་ཟས་སྟེར་བའི་ངན་འདི་ལོབས་སོང་ན། རྗེས་ནས་ཇི་ལྟར་བྱ”ཞེས་ལེ་བདའ་བྱས། ཁོ་མོས“བུ་ཆུང་ཨག་གིས་བརྒྱལ་བཞིན་འདུག ཁྱོད་ཀྱི་ཅི་ཤེས། ད་ལྟ་ཁོའི་ཟས་ཟ་རན་འདུག སྔོན་ཆད་ཁོས་ཁྱོད་རང། བུ་མོ་ཞིག་གི་ཚད་ནས་བཞག་སྟེ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་པ་བརྗེད་སོང་ངམ། ད་ལྟ་འཇིག་རྟེན་དཀར་ནག་གཉིས་ཀྱི་ཁ་མཚམས་ན་ཡོད་དུས། ལྟོགས་ན་ལྟོགས་ཀི་དང་སྐོམ་ན་སྐོམ་ཀི་ཟེར་མི་ཤེས་དུས། འུ་གཉིས་ཀྱིས་ཤེས་ཤེས་མེད་ལ་འདི་ལྟར་འཇོག་ཕོད་དམ། ཁོས་དཀའ་ལས་ཇི་འདྲ་ཞིག་མྱངས་ཏེ་ཕྱིར་འུ་ཚང་ལ་ཡོང་བ་ཤེས་སམ”ཟེར་བཞིན་མནའ་མའི་རྩིབ་ནས་ཚ་བོ་བླངས་ཏེ་རང་ཉིད་ཀྱི་ཉལ
་སའི་ཤིང་ཁང་དུ་འཁྱེར། མནའ་མ་གཡུ་མཚོ་ལའང་ལན་མེད་པར་ཁ་རོག་གེར་ཕྱིར་གཉིད་སོང་།
ཁོ་མོས་འོ་མའི་ནང་གོ་རེ་གྲུག་སྟེ་ཚ་བོ་ལ་ཁེམ་བུ་གང་རེ་གང་རེ་བྱིན། ཚ་བོས་གོར་གྲུག་དཀར་ཡོལ་གང་པོ་ཟོས་ཚར་རྗེས། རྒྱུན་ལྡན་དང་མཚུངས་པར་ཁོ་མོའི་ཁ་ངོ་ལ་ལག་ཆུང་གིས་རེག་རེག་བྱས་ཏེ། ཁ་ནས“ཨིན་་་་་་ཨིན་་་་་་”ཟེར་བཞིན་ངོ་ཤེས་རྙིང་བ་ཞིག་དང་འཕྲད་པ་ལྟར་རྩེད་དགོད་བྱེད། ཨ་ཡེ་ལྷ་མོ་ལ་མཚོན་ན། སྐྱེས་པ་དྲིན་ཆེན་པོས་སྔོན་ཆད་ཀྱང་ཁོ་མོའི་སྐྲ་ལོ་ལ་བྱིལ་བྱིལ་བྱེད་ཀྱིན་ཤ་ཚའི་སྙིང་གཏམ་དང་སེམས་གཏམ་གླེངས་མྱོང་བས། ཁོ་མོར་དགའ་སྐྱོ་འདྲེས་མའི་མིག་ཆུ་ཡང་ཡང་བཞུར།
གློ་རྡེག་ལ། ཚ་བོ་ངུ་རྒྱངས་ཤིག་བྱས། ལོ་ལོན་ཚོས་བྱིས་པ་རིམ་བཟུང་དག་འདི་ལྟར་དགོད་པ་དང་ངུ་བ་ནི་སྐྱེ་བ་སྔོན་མའི་དགའ་སྐྱོ་ཆགས་སྡང་དྲན་གྱིན་ཡོད་པ་རེད་ཟེར་བས། ཨ་ཡེ་ལྷ་མོས་ཚ་བོ་ཡི་ཉལ་གོས་སྟེང་ལག་པས་རྡེག་བཞིན“ཡང་འདས་དོན་དེ་དག་དྲན་པ་ཨེ་རེད། ཁྱོད་གསོན་ཐོག་ན་ཡོད་དུས་ཀྱང་གླེང་རྒྱུ་གཅིག་པོ་དེ་དག་རེད། འུ་གཉིས་ཀྱི་ལན་ཆགས་ཡིན་ནི་རེད”ཟེར་བཞིན་ཡ་ང་བའི་འདས་དོན་གྱི་ཀློང་དུ་འཁྱམས།
        ༡ གདམ་ཀ
ལོ་ངོ་དྲུག་བཅུའི་ཡར་སྔོན་གྱི་དབྱར་ཟླ་དྲུག་པའི་ཚེས་བཅུ་བཞི་ཡི་སྔ་མོ། བཅུ་དྲུག་ལང་ཚོ་རྫོགས་པའི་ཁོ་མོ་ཡིས་གསེར་དངུལ་གཡུ་བྱི་སྐེ་ལ་བཏགས། གོས་ལྭ་རས་ལྭ་རྒྱབ་ཏུ་གྱོན་ཏེ་ཁ་ལག་ཡང་ཡང་བཀྲུས་ཤིང་ངོ་ལྟ་ལ་ཡང་ཡང་བལྟས་རྗེས་དྲུག་པའི་སྨོན་ལམ་དུ་ཆས། ཡུལ་ཁམས་འདིར་དུས་ཆེན་དང་དུས་སྟོན་མང་ན་ཡང་དྲུག་པའི་སྨོན་ལམ་ནི་བླ་ཆེན་དཔོན་ཆེན་དང་སྐྱ་སེར་མང་ཚོགས་ཞུགས་པ་ཆེས་མང་ཞིང་། ཚོགས་ཡུན་ཆེས་རིང་བའི་དུས་ཆེན་ཞིག་ཡིན་ལ། ཕྱུག་པོས་གསེར་དངུལ་གཡུ་བྱི་ངོམས་པ་དང་ཕོ་ཡག་མོ་ཡག་གིས་སྐྱེས་གཟུགས་ངོམས་པ། གླུ་བ་གླུ་མ་ཡིས་སྐད་ངག་ངོམས་པ། གསར་བུ་གསར་མོ་ཡིས་ཞེ་མཐུན་རོགས་ལོ་བཙལ་པ་བཅས་ཡིན་པས། ཡུལ་ཕྱོགས་ཀུན་གྱི་སྐྱེ་བོ་དག་དྲུག་པའི་སྨོན་ལམ་འཚོགས་སའི་ལྷ་བསུ་ཐོག་ཏུ་འཛོམས་ཡོང་།
ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པའི་མཐོ་སྒང་ཡོངས་ནི་སྔོ་ལྗང་ལྗང་གི་རྩྭ་ལྡུམ་ཤིང་གསུམ་དང་གྲོ་ནས་སྲན་གསུམ་གྱིས་གཡོགས་ལ། བྱ་བྱེའུ་འབའ་འབུ་དང་རྟ་ནོར་ལུག་གསུམ་གྱིས་སྙན་པའི་གླུ་ལེན་ཞིང་སྐྱིད་པའི་གར་ལ་རྩེན། ཡུལ་ཁམས་འདིའི་དུས་ཆེན་དང་དུས་སྟོན་གང་ཞིག་ཡིན་རུང་སྡེ་བ་སོ་སོས་རྩེད་ར་བསྒྲིགས་ཏེ་སྡེ་བ་གཞན་དང་ལ་གཞས་འགྲན་པའི་སྲོལ་ཡོད། ཉ་མོ་སྡེ་བར་མཚོན་ན། ཡག་མོ་སྒོ་དང་གཟུགས་སྐྱེས་ལུས། སྐད་ངག་འབྲུ་གསུམ་གང་གི་ཆ་ནས་བལྟས་ཀྱང་ཁོ་མོ་ནི་རྒྱུ་སྐར་དབུས་ཀྱི་ཟླ་བ་ཇི་བཞིན་ཡིན་པས། ནམ་ཡིན་ཡང་གསར་བུ་གསར་མོ་ཚོས་སྔོན་ལ་ཁོ་མོར་རྩེད་མགོ་ལེན་དུ་འཇུག ཉིན་དེར་ཡང་དེ་ལས་མ་འདས་པར་ཁོ་མོས་སྐད་ངག་སྙན་མོ་དབྱངས་ལ་བཀུག
“ སྡེ་ཆེན་པོ་ཉ་མོ་སྡེ་ན༎ རོགས་སྙིང་སྡུག་མེད་ནི་མ་རེད༎ ཕྱི་སྡེ་བའི་ན་ཟླའི་གྲས་ནས༎
རོགས་འདང་ཅན་བཙལ་ན་འདོད་ཀི” ཞེས་བླངས་པ་ན། སྨོན་ལམ་ཐོག་གི་རྒན་དར་གཞོན་གསུམ་ཡོངས་ཀྱི་ཡིད་དབང་བཀུག་སྟེ་ཉ་མོ་སྡེ་བའི་རྩེད་ར་བསྐོར། ལྷག་པར་དུ་དེར་འདུས་ཀྱི་གསར་བུ་ཚོའི་འདོད་ཐོག་གི་རྟ་དང་བསམ་ཐོག་གི་ཆར་བཞིན་གྱུར།
གསར་བུ་ཁ་རྒོད་ཅིག་གིས“ཁ་བགད་ན་མིག་ལ་དགོད་ཀི ཨ་ཤི་རེ་ཁོ། ཁྱིམ་ཆུང་མ་ཞིག་མེད་ཀྱི་ན། ང་ལ་བཀོད་པ་ཐུང་ཐུང་ཞིག་ཡོད་ཀི ཨ་ཤི་རེ་ཁོ”ཞེས་ཀུ་རེའི་ཚུལ་གྱིས་དངན་པ་ཤོར།“ཨ་ ཨ་ཨ། ཅི་འདྲའི་སྐད་ངག་སྙན་མོ་ཞིག ཚེ་ཕྱི་མའི་ཡུལ་ནས་ཀྱང་གོ་རྒྱུ་རེད། ཚེ་རིང་རྒྱུ་མ”ཞེས་ཨ་ཡེ་རྒན་མོ་ཞིག་གིས་མིག་ཆུ་འབྱིད་ཀྱིན་བཤད་བྱུང་། གསར་བུ་ཞིག་གིས“ཨ་ཨ་ཨ། མཛེས་མ་གན་གང་གི་རེད། ཡིད་འཕྲོག་ལྷ་མོ་ཡང་འདི་ལས་མཛེས་པ་ཞིག་ཡིན་མི་སྲིད”ཅེས་མགོ་བོ་ཐད་དུ་གཡུགས་གཡུགས་བྱས་ལ། “མོ་སྒོ་ཡག་ནོ་ལྷ་རེད། སྐྱེས་གཟུགས་དྲང་མོ་མདའ་རེད། སྐད་ངག་སྙན་མོ་མགུར་རེད། ཨ་ཅེ་ལྷ་མོ་ལྷ་རེད” སོགས་རྒན་དར་གཞོན་གསུམ་ཡོངས་ཀྱིས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།
ཁོ་ཚོར་ཅི་ཁག ཁོ་མོ་ནི་ཆེད་དུ་སྐྱེ་འགྲོ་ཡོངས་ཀྱི་མིག་གི་དགའ་སྟོན་དང་མཛེས་མའི་ཚད་གཞི་རུ་སྐྱེས་པ་དང་འདྲ། ཁོ་མོའི་དཀར་ཤ་དམར་མདངས་རྒྱས་ཤིང་ནག་ནོག་གི་དྲི་མ་མེད་པའི་ངོ་གདོང་ནི་གསར་དུ་བཞད་པའི་མེ་ཏོག་པདྨ་ཞིག་དང་འདྲ་ལ། པུར་གྱིས་བྲིས་པ་ལྟར་ཕྲ་ཞིང་རིང་བའི་སྨིན་མའི་འོག་གི་མིག་གཉིས་ནི་གར་དུ་རྩེན་པའི་ཕྱེ་ལེབ་ཆུང་ཆུང་གཉིས་དང་འདྲ་བར་ཀེམ་ཀེམ་དུ་གཡོ། ཕྲ་ཞིང་རན་པའི་སྣ་དང་དེའི་འོག་གི་འཛུམ་ལ་ཁད་ཀྱི་མཆུ་སྒྲོས་ནི་གསར་དུ་བཞད་པའི་མེ་ཏོག་གི་གང་བུ་ཞིག་དང་མཚུངས། ཁོ་མོའི་ནག་ཀྲིག་ཀྲིག་གི་སྐྲ་ལོ་ལྷོད་འཁྱུག་འཁྱུག་བྱེད་ཅིང་། གོས་ལྭ་ཐ་རྐྱང་གི་འོག་ཏུ་སྐུ་ལུས་ཀྱི་ཤ་ཚུགས་གསལ་པོར་མངོན་ལ། ཕྲ་སྦོམ་རན་པའི་རྐང་ལག་གཉིས་འགུལ་བ་དང་བསྟུན་ནས་འོ་འཛིན་ཟུང་ནི་ལྷེམ་ལྷེམ་ལྷེམ་བྱེད་ཅིང་། གཟུགས་སྐྱེས་ལུས་ཇེ་དྲང་ཇེ་དྲང་དང་ཡག་མོ་སྒོ་ཇེ་ཡག་ཇེ་ཡག་ཡིན་པའི་སྣང་བ་ཞིག་སུ་ལའང་སྟེར་བས། སྐྱེས་བུ་ཚོས་མཐོང་བ་ཙམ་གྱིས་འགྲམ་ཆུ་དབང་མེད་དུ་ལྡང་བར་ཁག་མི་འདུག ཡིན་ཡང་། བརྒྱ་ཚོགས་སྟོང་འདུས་ཀྱི་གྲས་ནས། ལང་ཚོ་དར་ལ་བབས་པའི་གསར་བུ་མང་པོས་ཁོ་མོ་ལ་ཉམས་འགྱུར་གང་ཡོད་ཀྱིས་འདོད་པའི་རྣམ་འགྱུར་ཡང་ཡང་བསྟན་ན་ཡང་། ཁོ་མོའི་བློར་འབབ་པའི་གསར་བུ་ཞིག་དང་འཕྲད་མ་བྱུང་།  
“རོགས་ཆུང་ལོ་སྙིང་ལ་རྗེ་བོ༎ ང་སྡེ་རུ་སྡེ་མཐའ་བརྒྱུད་དེ།། ངས་སྡེ་ལམ་ཕྲ་མོ་དེད་དེ༎
ངས་བསམ་བསམ་ལྷ་མོ་ཁྱོད་བསམ༎ ཁྱོད་བསམ་སྟེ་ཡོང་ནི་མིན་ན༎ གནས་འདི་ལ་ཡོང་དོན་ཅང་མེད”ཅེས་གསར་རྒོད་ཅིག་གིས་སྙན་པའི་སྐད་ངག་གིས་ཁོ་མོ་ལ་ལན་པ་བྱིན་ཏེ་བདུད་རྩི་ཆང་གི་བལྟམས་པའི་ཤེལ་ཕང་ཞིག་ཁོ་མོའི་ལག་ཏུ་བཞག
ཁོའི་མིང་ལ་དོན་གྲུབ་ཟེར་ཞིང་སྡེ་བ་གཞན་གྱི་ཕོ་གསར་ཞིག་རེད། ད་ཐེངས་སྨོན་ལམ་ཐོག་གི་རྟ་རྒྱུག་མདའ་འཕེན་དང་འཇུ་རེས་བཅས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་དེ་རེད། ཁོའི་མཐོ་ཞིང་བརྗིད་པའི་སྐུ་གཟུགས་དང་ནག་ཅིང་འཁྱིལ་བའི་སྐྲ་ལོ། སྨུག་ཅིང་སྒོར་བའི་ངོ་གདོང་། རྒོད་སྒྲོ་ལྟར་བརྐྱངས་པའི་སྨིན་མ། ཆེ་ཞིང་འོད་འཁྱུག་པའི་མིག་ཟུང་། གཟེངས་མཐོ་ཞིང་དྲང་བའི་སྣ། དབུ་ཁྱུད་ལྟར་འཁྱིལ་བའི་ཁ་སྤུ། ལྷ་བཟོ་མཁན་པོས་ཆེད་དུ་ལས་འདྲའི་ཞལ་རས་བཅས་སྐྱེས་ཕོ་རབ ་ཅིག་ལ་འཚང་དགོས་པ་ཡོད་ཚད་ཚང་ཡོད་པས། གསར་རྒོད་དོན་གྲུབ་ནི་གེ་སར་རྒྱལ་བོ་དང་ཁོ་མོ་ནི་ཨ་ཅེ་འབྲུག་མོ་རེད་ཅེས་བཤད་ཆོག་ཆོག་ཡིན།
ལ་གཞས་ལེན་རེས་བྱེད་པ་ནི་མཚམས་རེར་སྡེ་བ་དང་སྡེ་བའི་བར་དང་། མི་དང་མི་བར་གྱི་འགྲན་སྡུར་ཞིག་ཡིན་ལ། མཚམས་རེར་ན་གཞོན་ཕོ་མོ་བར་གྱི་སེམས་གཏམ་ལེན་རེས་བྱེད་པ་ཞིག་ཀྱང་ཡིན་པས། ན་ཆུང་རྩེད་ར་ནི་བོད་རིགས་གཞོན་ནུ་མང་པོའི་རང་དབང་རང་འཐད་ཀྱི་སྨྱུ་གུ་འབུས་སའང་ཡིན།
ཁོ་མོས“རོགས་མེད་ལ་རོགས་ཤིག་དགོས་ཀི། རོགས་ཕོ་སྒོ་ཅན་ཞིག་མི་དགོས༎ བརྩེ་དང་ན་སྣང་བ་མཐུན་ནི།། མཐུན་སོང་ན་འགལ་རྒྱུ་མེད་ནི།། འགྲོགས་དང་ན་འབྲལ་རྒྱུ་མེད་ནི།། ངའི་དེ་འདྲའི་རོགས་ཤིག་འདོད་ཡོད”ཅེས་དྲི་མེད་ཀྱི་ཁ་བཏགས་ཤིག་དོན་གྲུབ་ཀྱི་སྐེ་ལ་འཕངས་ཤིང་ངོ་མདངས་ཅུང་དམར་པོར་གྱུར། ཁོ་གཉིས་ཀྱི་མིག་མདངས་དང་འཛུམ་མདངས། ལྟ་སྤྱོད་བཅས་ལ་བལྟས་ན། རང་རང་གིས་ཡུན་རིང་བཙལ་བའི་སྙིང་གྲོགས་རྙེད་ཡོད་པ་རྟོགས་ཐུབ།
“རོགས་འུ་གཉིས་སྣང་བ་མཐུན་ན༎ཡུལ་ཕ་མས་བཀག་ཀྱང་མི་ཁོགས༎ནང་སྤུན་ཟླས་བཟུང་རུང་མི་ཐུབ༎ཕྱི་ན་ཟླས་བཤད་ཀྱང་མི་ཉན།། དེ་མིན་ན་དཀོན་མཆོག་གསུམ་པོ༎ཚེ་གང་པོར་ཆུང་མ་མི་བཙལ ”ཞེས་བདུད་རྩི་ཆང་གི་ཤེལ་ཕང་དེ་ཕྱིར་ཁོ་མོའི་ལག་ཏུ་བཞག ཆང་དང་ཁ་བཏགས་ནི་ཉ་མོ་སྡེ་བའི་གོམས་སྲོལ་ལྟར་ན་གཉེན་སློང་དུས་སྟེར་བའི་དངོས་པོ་གལ་ཆེན་གཉིས་ཡིན་པས། ཁོ་གཉིས་ཁྱིམ་གཅིག་ཏུ་འཛོམས་པའི་རྟེན་འབྲེལ་འགྲིག
“རོགས་ཆུང་ལོ་སྙིང་ལ་རྗེ་བོ༎ ཁྱོས་ངོ་མས་བཤད་ནི་ཡིན་ན༎ རྩེས་དང་ན་སྣང་བ་ལོས་མཐུན༎མཐུན་སོང་ན་ཚེ་གཅིག་སྐྱ་ཡ༎ འགལ་སོང་ན་དམར་ཆུང་སྲོག་ཡིན༎ དེ་མིན་ན་དཀོན་མཆོག་གསུམ་པོ” ཞེས་ཚིག་རྟིང་མནའ་ཡིས་མནན། མནའ་སྐྱེལ་བ་ཡང་ཉ་མོ་སྡེ་བའི་གོམས་སྲོལ་ཞིག་ཏུ་ཆགས་ཡོད་ལ། དོན་དག་ཆེ་མ་ཆུང་གསུམ་ཁས་ལེན་བྱེད་དུས་རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཅེས་པ་བཞིན་འགྱུར་བ་མེད་པའི་དམ་བཅའ་ཞིག་ཀྱང་ཡིན།
“ངེད་ཞི་ལི་ཞི་མོ་གཉི་ག། ཚིག་བཤད་དེ་སྣང་བ་མཐུན་ཡོད༎ ཡང་མི་འགལ་མནའ་ཞིག་བསྐྱལ་ཡོད༎ གཏོར་མ་འགྲོ་དྲིན་ཆེན་ཕ་མ༎ སྡུག་མ་གཏོད་ནང་མི་སྤུན་ཟླ༎ ཁ་མ་རྒྱག་ཁ་ཡ་ན་ཟླ” སོགས་སེམས་གཏམ་ཡོད་ཚད་གླུ་རུར་བླངས་ཏེ་སྣང་བ་མཐུན་པའི་བཟའ་ཚང་གི་སྨོན་ལམ་བརྒྱབ། ཁོང་གཉིས་ཀྱིས་དེར་འདུས་ཀྱི་མང་ཚོགས་ལ། ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ། ཡིད་འཕྲོག་ལྷ་མོ་དང་ཆོས་རྒྱལ་ནོར་བཟང་སོགས་ཀྱི་བརྩེ་དུང་གི་ཟློས་གར་ངོ་མ་ཞིག་བསྟན། གསར་བུ་མང་པོས་ཡིད་སྨོན་འཆོར་བའི་སེམས་གཏམ་ཤོར་ལ། ལ་ལས་ཕྲག་དོག་གི་མེ་ལྕེ་ཁ་ལས་འཕྱུར། ཡིན་ཡང་། ཁོང་གཉིས་ཀྱིས་གསོན་ན་མཉམ་གསོན་དང་ཤི་ན་མཉམ་ཤི མ་ཤི་གསོན་བྲལ་མི་བྱེད་པའི་དམ་བཅའ་སྙིང་ལ་བཀོད་རྗེས་རང་རང་གི་ཡུལ་དུ་ལོག
དྲུག་པའི་སྨོན་ལམ་ཆེན་མོ་ཡིས་བཅུ་དྲུག་ལང་ཚོ་རྫོགས་པའི་གཞོན་ནུ་གཉིས་ཀྱི་ལས་དབང་གི་མདུད་པ་གཅིག་ཏུ་སྦྲེལ་མོད། ཡུལ་ཕ་མའི་བཙན་ཤེད་དང་ནང་ན་ཟླའི་དབྱེན་དཀྲུག་གི་བར་ནས། ཁོང་གཉིས་ནི་ཇི་འདྲའི་ཉམ་ཆུང་ཞིག་རེད་ཨང་། ལྷག་པར། མ་གཡར་གྱི་མིག་གི་ལིང་ཏོག་ཏུ་གྱུར་བའི་དོན་གྲུབ་ཀྱིས་ལྷ་མོ་ཆུང་མར་ལེན་རྒྱུ་ཡིན་པ་དང་། མ་ཤི་གསོན་བྲལ་མི་བྱེད་པའི་སྐད་ཆ་དེ་མ་གཡར་གྱི་གོ་བ་ན།  ཁ་སྤོ་ཁ་ནས་ལངས་ཞེ་སྤོ་གཏིང་ནས་ལངས་ཏེ“ཁྱོད་གྲྭ་པ་བྱེད་རྒྱུ་མིན་ནམ། གྲྭ་པ་ཞིག་ལ་ཁྱིམ་ཆུང་མ་ལེན་རྒྱུ་ཟེར་བ་དགོད་སྤྱད་རེད། ད་དུང་ཁྱོད་བན་དེ་བྱེད་མཁན་ཞིག་གིས་རོགས་ཆུང་ལོ་སྙིང་ལ་རྗེ་བོ་ཞེས་བླངས་ཏེ། གཞན་གྱི་གོ་ན་ངོ་མི་ཚའམ། ཁྱོད་ངོ་མི་ཚ་ན་ཁྱོའི་ཨ་ཕ་དང་ངེད་གཉིས་མི་གྲལ་ལ་ཇི་ལྟར་འགྲོ”ཞེས་ལྷ་མོ་ཆུང་མ་ལེན་རྒྱུ་ཕར་ཞོག རོགས ་འཐེན་བྱས་པ་དེ་ཡིས་ཀྱང་ཕ་མ་གཉིས་གཙོས་པའི་ཡུལ་མི་ཚོར་ངོ་ཚ་ཆེན་པོ་གཏད་སོང་ཞེས་ལེ་བདའ་ཡང་ཡང་བྱས།
མ་གཡར་དེ་ནི་དོན་གྲུབ་ཕོ་ལོ་བཅུ་ཡི་སྟེང་ཁོ་ཚང་ལ་ཡོང་བ་རེད། སྐབས་དེར། དོན་གྲུབ་ཀྱི་དྲིན་ཅན་ཨ་མར་གློ་བུར་དུ་ནད་ཅིག་བྱུང་སྟེ། ཁོ་ཕ་བུ་གཉིས་བསྐྱུར་ནས་ཕྱི་མར་གཤེགས། སེམས ་སྡུག་གི་མནར་བའི་ཨ་ཕས་མི་ཚེ་ལ་སྙིང་བོ་མེད་པར་འདོད་དེ་བུ་ཆུང་འཁྲིད་ནས་ཉ་མོ་དགོན་པར ་གྲྭ་པ་བྱེད་དུ་སོང་། ཡིན་ཡང་། ཤ་ཉེ་དག་གིས་ཤེས་ཏེ་ཁོ་གཉིས་ཕྱིར་འཁྲིད་ཡོང་ལ། གནས་ཡུལ་མང་པོ་ནས་མ་འགྲིག་པར་ཕྱིར་ལོག་བའི་བུ་མོ་ཞིག་དོན་གྲུབ་ཀྱི་མ་གཡར་དུ་བླངས། བཟའ་རྒྱུ་འཐུང་རྒྱུ་རིག་ན་མགོ་ཀྲོག་ཀྲོག་དང་། ལས་རྒྱུ་ཚེགས་རྒྱུ་རིག་ན་ཨ་ཡོ་ཡོ་ཟེར་བའི་མ་གཡར་དེ་ནི་ཁོང་ཕ་བུ་གཉིས་ཀྱི་གསོ་ཕག་ཅིག་དང་འདྲ་བར་ཟས་གང་ཞིམ་དང་གང་མངར། གོས་གང་འཇམ་དང་གང་ཡག་ལོངས་སུ་སྤྱོད་པ་ལས་ལག་ལས་ཀའི་ཕྱོགས་ལ་ཁ་ཡའང་མི་བྱེད་པ་མ་ཟད། ཐབས་སྣ་ཚོགས་འཐེན་ཏེ་བུ་ཆུང་དོན་གྲུབ་ལ་མནར་གཅོད་ཚད་མེད་བྱས། དེ་ལྟར་ལོ་ངོ་མང་པོར“ཁྱོད་རང་ནར་སོན་ན་གྲྭ་པ་བྱེད་དགོས་ནི་རེད། བཟའ་རྒྱུ་ཞིམ་པོ་དང་གོས་ཡག་པ་སོགས་འཇིག་རྟེན་འདིའི་རྒྱུ་འབྱོར་བ་ཡོད་ཚད་བློས་གཏོང་དགོས་ནི་རེད”སོགས་ཀྱི་སློབ་གསོ་གཏོང་གང་ཐུབ་བྱེད་ཀྱིན་ཡོད། ད་ཐེངས་དྲུག་པའི་སྨོན་ལམ་ནས་ལྷ་མོ་དང་དོན་གྲུབ་གཉིས་མིང་དུ་གྲགས་པ་དང་མ་ཤི་གསོན་བྲལ་མི་བྱེད་པའི་དམ་བཅའ་དེ་ཁོ་མོས་གོ་མ་ཐག སྙིང་རླུང་སྟོད་ལ་འཚངས་ཏེ་ཆུ་ལ་མཆོངས་རྒྱུ་དང་བྲག་ལ་ལྡིང་རྒྱུ་ཡིན་ཚུལ་བཤད་དེ་ཞག་གང་པོར་གཉིད་དུ་མ་བཅུག དོན་གྲུབ་ཀྱང་འུ་ཐུག་ཐབས་ཟད་དེ“ཨ་མ། ཁྱོད་མ་བྲེལ་དང་། ང་རང་གིས་ཁྱོད་སྡུག་ལ་མི་གཏོད་ཁོ་ཐག་ཡིན། ང་ལ་ཁྱིམ་འདི་ནས་དངོས་པོ་ཁབ་སྐུད་ཙམ་ཡང་མི་དགོས། དགོས་ན་དཀོན་མཆོག་གསུམ་པོ”ཞེས་ཚིག་རྟིང་མནའ་ཡིས་མནན་པས། མ་གཡར་གྱིས“ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཡིན་དགོས་ནི་རེད། ཁྱོད་རང་གྲྭ་པ་བྱས་ན། ཟས་རང་གྲུབ་དང་གོས་རང་གྲུབ་ཡིན་ནི་རེད། ད་རུང་ཁ་བཏོན་དགེ་སྦྱོར་རེ་བྱས་ན་ཁྱོའི་ཨ་མའི་དྲིན་ལན་ཡང་མཇལ་ནི་རེད” ཟེར་བཞིན་སེམས་གཏིང་ནས་བསམ་དོན་འགྲུབ་སོང་སྙམ།
 ཟས་མི་ལག་བརྒྱུད་ན་ཇེ་ཉུང་དང་གཏམ་མི་ཁ་བརྒྱུད་ན་ཇེ་མང་རེད་ཟེར་བ་ངོ་མ་རེད། ཉ་མོ་སྡེ་བའི་ན་ཟླ་ཚོས“ལྷ་མོ་དེ་ངོ་ཚ་མེད་པའི་ཁྱི་མོ་རེད། ཡག་མོ་སྒོ་དང་གཟུགས་སྐྱེས་ལུས། སྐད་སྙན་མོ་དེ་འདྲ་ཞིག་ལྡན་མོད། དོན་གྲུབ་རྐྱལ་སྟོང་དང་རི་ཉལ་ཐང་ཉལ་བྱེད་དགོས་དོན་མེད་ཀི ངོ་མས་སྡེ་བའི་སྣ་གཅོད་རེད། ད་དུང་དྲིན་ཆེན་ཕ་མ་དང་ནང་མི་སྤུན་ཟླས་བཀག་ཀྱང་མི་ཁོགས་ལ། ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་བྱེད་རྒྱུ་ཟེར། དྲིན་ཆེན་ཕ་མས་འབུ་གསོས་ཏེ་མི་རུ་དང་ན། ས་ཆ་མེད་ཀྱི་མི་ཆ་མེད་ཅིག་ལ་ཁ་ཐུག་སྟེ་དྲིན་ཆེན་ཕ་མ་དང་ནང་མི་སྤུན་ཟླ ཁ་ཡ་ན་ཟླ་གཅིག་ཀྱང་མི་དགོས་ཟེར། སྐྲ་རིང་མ་དང་བློ་ཐུང་མ་ཟེར་བ་ངོ་མ་རེད”སོགས་ཡུལ་ཕ་མའི་ཐོས་ན་སྙིང་རླུང་འཕར་བ། ནང་སྤུན་ཟླའི་གོ་ན་ཞེན་ཁ་ལོག་པ་རྐྱང་རྐྱང་བསྒྲགས་ཡོད།
མ་ཉེས་ཁ་གཡོག་ཐེབས་པའི་ཁོ་མོ་རང་ཁྱིམ་གྱི་སྒོ་ཆེན་ནང་འཛུལ་མ་ཐག མོའི་ཕ་རྒན་གྱིས“ཨ་་་ཁྱི་་་མོ། ཁྱོད་མར་སོང་། དྲིན་ཆེན་ཕ་མ་ཡང་མི་དགོས་ན། ཁྱོད་ཁྱི་རྒན་དེའི་རྩིབ་ལ་སོང་། ངེད་རྒན་རྒོན་གཉིས་ཀྱི་རིག་ས་ཞིག་ཏུ་ཡོང་མི་དགོས” ཞེས་ཚིག་མདའ་ཆར་བ་འབབ་འབབ་བྱས། ངོ་ཚ་ཁྲེལ་ཡོད་ཀྱི་ལྷ་མོ་ཡིས་ཕ་མ་གཉིས་ལ“ངེད་གཉིས་ཀྱིས་ལ་གཞས་འཐེན་རེས་བྱས་པ་མ་གཏོགས་གཞན་ཅི་ཡང་མ་ལས”ཞེས་ལན་ཇི་ལྟར་འདེབས།
ཡིན་ཡང་། མོའི་ཕ་རྒན་གྱི་བསམ་པར་ཁོ་མོས་ལན་གཅིག་ཀྱང་འདེབས་མི་ཐུབ་པར་བལྟས་ན། གཞན་གྱི་བཤད་པ་དེ་དག་བདེན་པ་རེད་སྙམ་སྟེ། ཁ་སྤོ་ཁ་ནས་ལངས་ཞེ་སྤོ་གཏིང་ནས་ལངས་ཏེ་ཁོ་མོའི་སྐྲའི་ལན་བུ་གཉིས་ལ་འཇུས་ནས་སྒོར་དྲུད། གཤིས་རྒྱུད་དྲང་ཞིང་ཁོག་རྒྱ་ཡངས་པའི་ཁོ་མོས་སྡུག་བསྔལ་ཡོད་ཚད་ཁོག་ཏུ་བཅུག་སྟེ་སྒོ་ཁའི་རྩྭ་ཁང་ནང་ནས་ཞག་གཅིག་འདུག་དགོས་བྱུང་། ཞག་མ་དེ་ནི་ཁོ་གཉིས་ལ་མཚོན་ན། རང་ཉིད་ཀྱི་མི་ཚེ་ལ་གདམ་ཀ་ཐེངས་གཅིག་བྱེད་པའི་མཚན་མོ་ཞིག་ཡིན་པས། སྔ་འདང་ཕྱི་འདང་མང་པོ་བརྒྱབ་སྟེ་ནམ་ཅི་ལྟར་ལངས་པའང་མ་ཤེས།
ཚེས་ཆེན་བཅོ་ལྔའི་སྐྱ་རེངས་ཤར་བ་དང་མཉམ་དུ་དོན་གྲུབ་དང་ཁོ་མོ་གཉིས་རང་རང་ས་ནས་སེམས་གཏམ་རུམ་གང་བཟུང་སྟེ་དྲུག་པའི་སྨོན་ལམ་དུ་ཆས། དོན་གྲུབ་ཀྱིས་ཁོ་མོའི་མིག་སྐྲངས་འདུག་པ་མཐོང་སྟེ“ལྷ་མོ། ཁྱོད་ལའང་ཕ་མ་གཉིས་ཀྱིས་སྡིགས་པ་ཨེ་རེད། ད་ལྟ་འུ་གཉིས་སུ་ཡིས་ཀྱང་རིག་ས་མེད་པས། ཐག་རིང་ཞིག་ཏུ་མ་སོང་ན་ཁྱིམ་གཅིག་ནས་འདུག་རྒྱུ་དཀའ་མོ་རེད”ཅེས་བཤད། ལྷ་མོས་ཡུད་ཙམ་ལ་འདང་བརྒྱབ་རྗེས“འུ་གཉིས་ཀྱིས་གོང་བླ་མར་དད་ལོག་མ་བྱས། ནང་སྤུན་ཟླར་ཚིག་ལོག་མ་བརྒྱབ་མོད། ཡུལ་མི་ཚོས་ངོ་རྒོལ་འདི་འདྲ་བྱེད་པ་ནི་འུ་གཉིས་ལ་ལས་འབྲེལ་མེད་པས་ཡིན་ནམ། སྡིག་སྒྲིབ་ཆེ་བས་ཡིན་ནམ། གང་ལྟར་འུ་གཉིས་ལ་བར་ཆད་ཆེ་རྒྱུ་རེད”ཅེས་དངན་པ་རིང་བོ་ཞིག་འཐེན། དངན་པ་དེ་ཡིས་གསར་བུ་གསར་མོ་གྲངས་མེད་ཅིག་གི་རང་དབང་རང་འཐད་ཀྱི་སྨྱུ་གུ་དྲིན་ཆེན་ཕ་མས་བཅོམས་པ་དང་། བརྩེ་དུང་གི་མེ་ཏོག་གོམས་སྲོལ་སྙིང་བའི་སད་ཀྱིས་འཁྱེར་བ་མཚོན་ལ། གཉོམ་ཆུང་གི་བུ་དང་བུ་མོ་དག་རང་དབང་གི་སྔོན་ནས་འུ་ཐུག་པའི་གདུང་དབྱངས་ཤིག་ཀྱང་ཡིན།
དོན་གྲུབ་ཀྱིས“འུ་གཉིས་ཀྱི་བར་ཆད་འདི་སེལ་དགོས་ན། གནས་འགངས་ཆེན་དང་དགོན་ཆེན་དག་ལ་མཇལ་སྐོར་དུ་སོང་ན་བཟང་”ཞེས་ལན་བཏབ། ལན་འདི་ནི་ཁོ་གཉིས་ཀྱིས་ཞག་གང་པོར་སྔ་འདང་ཕྱི་འདང་མང་པོ་བརྒྱབ་རྗེས་ཀྱི་སྡོམ་ཚིག་ཅིག་ཡིན་ལ། ཁོང་གཉིས་མཇལ་སྐོར་ལས་ཕྱིར་ཐོན་ན་བྱམས་ལྡན་ཕ་མས་ཀྱང་བཟོད་སྒོམ་བྱེད་སྲིད་པས། མཇལ་སྐོར་དུ་འགྲོ་བ་ནི་ཁོང་གཉིས་ཀྱི་བསམ་དོན་འགྲུབ་པའི་ཐབས་ལམ་ཉག་གཅིག་ཡིན།
བརྩེ་དུང་ནི་མི་དང་མི་སྦྲེལ་བྱེད་ཀྱི་ཟམ་པ་དང་སེམས་དང་སེམས་སྦྱོར་བྱེད་ཀྱི་སྨྱན་རྫས་ལྟ་བུ་ཞིག་རེད། སྐབས་དེར་དད་པའི་སྟོབས་དང་བརྩེ་དུང་གི་ཤུགས་ཀྱིས་ཁོང་གཉིས་མེ་རི་ལ་འགོས་ཐུབ་ཅིང་ཁྲོ་ཆུ་ལ་མཆོངས་ཕོད་པ་ཞིག་ཡིན་པས། ཁོང་གཉིས་ཀྱིས་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མར་སྐྱབས་བཅོལ་བྱས་ཏེ་དགུང་སྔོན་པོ་ཀླད་དུ་འཁུར། ས་དོག་མོ་རྡོག་པས་མནན། ཁ་བ་བུ་ཡུག་གདོང་གིས་བསུས་ཏེ་རྒྱང་བཞུད་ཀྱི་མགོ་བརྩམས།
ཨ་ཡེ་ལྷ་མོས་ཚ་བོའི་མཉེན་ཞིང་འཇམ་པའི་ཁ་ངོ་ལ་རག་རག་འགའ་བྱས་ཏེ་སྒྲོལ་མ་འདོན་བཞིན་དགའ་བའི་མིག་ཆུ་ཕྲེང་ཐག་ཆད་པ་བཞིན་ལྷུང་། རྒྱུ་མཚན་ནི་མི་ལོ་དྲུག་བཅུའི་ཡར་སྔོན་གྱི་སེམས་ཐག་གཅིག་གིས་ད་ལྟ་ཡང་ཁོ་གཉིས་ཁྱིམ་གཅིག་ཏུ་འཛོམས་པས་ཡིན་ལ། རྣམ་ཤེས་འགྲོ་ས་མེད་ཟེར་བ་རྫུན་རེད་འདོད་པའི་སྤྲོ་བ་ཞིག་ཀྱང་ཡིན།
ལོ་ངོ་གཉིས་ཀྱི་ཡུན་ལ་བོད་རིགས་དད་ལྡན་མང་ཚོགས་ཀྱིས་ཁོང་གཉིས་ལ་ཟས་གོས་ཀྱི་མཐུན་རྐྱེན་བསྐྲུན་ཏེ་བྱང་གི་དགོན་ཆེན་བཞི་དང་སེ་འབྲས་དགའ་གསུམ་གཙོ་བྱས་པའི་བོད་ཀྱི་གནས་འགངས་ཆེན་ཡོངས་ལ་མཇལ་སྐོར་བྱས། ཕྱིར་ཡུལ་ལ་ཐོན་དུས། དོན་གྲུབ་ཀྱི་ཨ་ཕ་དང་ཁོ་མོའི་ཕ་མ་ཚོས་ཁོ་གཉིས་ལ་སེམས་སྟེང་ནས་དགའ་བསུ་བྱས། ལྷག་པར་ཁོ་ཚོར་སྙིང་རྗེ་བའི་ཚ་བོ་ཞིག་ཀྱང་བཟུང་ཡོང་བས། ལོ་གཉིས་ཡར་སྔོན་གྱི་མི་དགའ་བའི་དོན་དག་དེ་གཏིང་བརྗེད་དུ་སོང་སྟེ་ཚ་བོ་ཡི་ཁ་ངོ་ལ་འོ་ཡང་ཡང་བྱས། དེ་ནི་ཕལ་ཆེར་རང་རང་གི་བུ་དང་བུ་མོར་བཀའ་ལོག་བྱས་པར་འགྱོད་པ་དང་། རང་རང་གི་བུ་དང་བུ་མོ་དྲན་དྲགས་པའམ་སེམས་ཁུར་བྱས་དྲགས་པས་ཡིན་སྲིད།
ཡིན་ཡང་། དོན་གྲུབ་ཁོའི་མ་གཡར་གྱིས་སྔོན་ལྟར་དོན་གྲུབ་ལ་ཁ་བཤད་དོན་ལ་གནས་དགོས་ཞེས་ཡང་ཡང་བཤད་པས། དོན་གྲུབ་ལག་སྟོང་དུ་ཁོ་མོ་ཚང་ལ་མག་པར་ཡོང་དགོས་བྱུང་། ཁོ་མོ་ཚང་གིས་ཁོང་གཉིས་ལ་མཁར་དང་ཁང་པ། ས་ཞིང་དང་ཕྱུགས་ཟོག་སོགས་ཁྱིམ་ཚང་ཞིག་ལ་ཅི་མཁོ་ཡོད་ཚད་བསྒྲིགས་ཏེ་བྱིན་པས། ཁོང་གཉིས་ཀྱིས་རང་དབང་རང་འཐད་ཀྱི་ཁྱིམ་གཞི་གསར་པབསྐྱངས་ཐུབ་བྱུང་།
དོན་གྲུབ་ཀྱིས་ཞིང་རྨོ་ལོག་རྒྱག་དང་ཕྱི་གཏོང་ནང་འདྲེན་གྱི་ལས་གཙོ་བོར་གཉེར་ཞིང་། ཁོ་མོ་ཡིས་ལུད་གསོག་ཐལ་གསོག་དང་རྩྭ་ཁ་ཆུ་ཁ་ཡི་ལས་ལ་འབད་པ་ལྷོད་མེད་བྱས། ལོ་ངོ་འགའ་ཡང་མ་འགོར་བར་ཁོང་གཉིས་ཀྱི་ཁྱིམ་གཞི་ཡང་ཉ་མོ་སྡེ་བའི་ཁྱིམ་ཚང་གཞན་པ་དང་འདྲ་བར་ཇེ་ཕྱུག་ནས་ཇེ་ཕྱུག་དང་ཇེ་སྐྱིད་ནས་ཇེ་སྐྱིད་དུ་གྱུར་བ་མ་ཟད། ཁོང་གཉིས་ཀྱི་ལྷད་མེད་བརྩེ་དུང་གི་དན་རྟགས་སུ་སྔ་གཞུག་བྱས་ཏེ་བུ་ཆུང་གསུམ་ཡང་སྐྱེས། བུ་ཆུང་དེ་དག་ནི་མཐོང་བ་ཙམ་གྱིས་སྙིང་རྗེ་ཞིང་ཡིད་དུ་འོང་བ་རྐྱང་རྐྱང་ཡིན་ལ། ཡ་རབས་ཚུལ་མཐུན་དང་གཤིས་རྒྱུད་འཇམ་པའི་བུ་ཆུང་ཏག་ཏག་ཡིན། མི་རྣམས་ཀྱིས“ལྷ་ཕྲུག་འདྲ་བ་འདི་དག་ནི་ཁོང་གཉིས་མཇལ་སྐོར་ལ་སོང་བའི་བཀའ་དྲིན་གྱིས་གནམ་རྒན་མས་གནངས་པ་ཡིན་རྒྱུ་རེད། དེ་མིན་ན་འདི་འདྲའི་སྙིང་རྗེ་བ་ཏག་ཏག་སྐྱེས་མི་སྲིད”སོགས་བསྟོད་ཚིག་དང་སྨོན་ཚིག་སྣ་ཚོགས་ཅི་བྱུང་དུ་སྨྲ་ལ། ཨ་ལགས་ཚང་གིས་ཀྱང་ཕྱག་མོ་ཡང་ཡང་གཟིགས་རྗེས“སྐྱེ་བ་སྔོན་མའི་སྨོན་ལམ་གྱི་དབང་གིས་ང་ཚོར་ལས་འབྲེལ་ཟབ་མོ་ཡོད། བུ་ཆེ་བ་གཉིས་དགོན་པར་སྐྱོལ་དང་ངའི་གཉེར་བ་བྱས་ན་ཤིན་ཏུ་བཟང”ཞེས་གསུངས།
སྐབས་དེར་ཡང་དཔོན་པོ་དབང་ཅན་དང་ཚོང་བ་རྒྱུ་ཅན་ཡོན་བདག་ཡིན་པའི་དགོན་པ་ནི་ཇེ་ཕྱུག་ནས་ཇེ་ཕྱུག་ཡིན་ལ། ཉ་མོ་དགོན་པ་ཡང་དེའི་གྲས་ཀྱི་གཅིག་ཡིན་པས་ཉ་མོ་དགོན་པའི་བླ་གྲྭ་ཡོངས་ཟས་རང་གྲུབ་དང་གོས་རང་གྲུབ་ཡིན། ཁོང་བཟའ་ཟླ་གཉིས་ཀྱིས་ཀྱང་ཨ་ལགས་ཚང་གི་གསུང་དང་བུ་ཆུང་གཉིས་ཀྱི་འདོད་མོས་ལྟར་བུ་ཆེ་བ་གཉིས་ཉ་མོ་དགོན་པར་བསྐྱལ།
༢ མནར་གཅོད།
ལྷ་ཀླུ་གཉན་གསུམ་ཡིན་ཡང་གར་སོང་མི་ཤེས་པ། ལྷ་རྟེན་ཆོས་གསུམ་ཡིན་ཡང་རྡོག་བརྫིས་གཏོང་པ། བླ་ཆེན་དཔོན་ཆེན་ཡིན་ཡང་དམར་གསོད་བྱེད་པའི་ང་བརྒྱད་ཀྱི་རྗེས་སུ། ཉ་མོ་དགོན་པའི་ཨ་ལགས་གཙོ་བྱས་པའི་སྐྱ་སེར་མང་པོ་ཡང་གཅར་རྡུང་སྐོར་གསུམ་ལས་ཐར་མ་ཐུབ། དེ་དག་ལས་ཆེས་ཆུང་བ་ནི་ཁོ་མོའི་བན་དེ་གཉིས་རེད།
དོན་དག་བྱུང་བའི་ཉིན་དེ་ནི་ཁོ་མོའི་བརྗེད་ག་ལ་ཐུབ། ཉིན་དེ་ཡང་དབྱར་ཟླ་དྲུག་པའི་ཚེས་ཆེན་བཅོ་ལྔ་ཞིག་ཡིན་མོད། སྔོན་ཆད་དང་གཏན་ནས་མི་མཚུངས་པར་མཁའ་དབྱིངས་སུ་སྤྲིན་ནག་ལང་ལོང་དུ་འཁྲུགས་ཤིང་། རྩྭ་རྩི་ཤིང་དང་མེ་ཏོག་ཡོད་ཚད་ཉི་འོད་ཀྱིས་བསྲེགས་འདུག་ལ། ཁོ་མོ་བཟའ་ཟླ་གཉིས་གཙོ་བྱས་པའི་སེར་སྐྱ་མང་ཚོགས་ཡོངས་ཀྱིས་སྐྱོ་ལྷང་ལྷང་གིས་ལྷ་བསུ་ཐོག་ཏུ་ཅེར་འདུག དེ་ནི་དྲུག་པའི་སྨོན་ལམ་འཚོག་ས་དེ་ཡིན་ལ། སྔོན་ཆད་སྐྱེས་ཕོ་རབ་ཀྱི་ཤེད་ཤུགས་དང་མ་ཡག་མ་ཡི་སྐད་ངག་ངོམས་ས། སྐྱེ་འགྲོ་ཡོངས་ཀྱི་དགོད་སྒྲ་དང་གླུ་སྒྲས་ཁྱབ་ཅིང་། ཁོང་གཉིས་ཀྱི་ཞེ་མཐུན་ས་ཡང་དེ་ཡིན་མོད། ད་ལྟ་མིག་ཆུ་འཕོ་ས་དང་ཉེས་མེད་དམར་གསོད་བྱེད་ས་ཞིག་ཡིན་པས། སྐྱེ་འགྲོ་ཡོངས་ཀྱི་ངུ་སྒྲ་དང་སྨྲེ་སྔགས་ཀྱིས་བཀང་འདུག དེའི་སྟེང་དུ་ཆོས་པ་དང་ཞིང་བདག གསར་བརྗེ་ངོ་ལོག་པ། ཕྱུག་པོ་གྲངས་མེད་ཅིག་ལ་དགག་རྒྱག་དང་གཅར་རྡུང་བྱས་པ་སུས་ཀྱང་བགྲང་གིས་མི་ལངས།
སྙིང་རྗེ་བའི་བན་དེ་གཉིས་གསོམ་སྡོང་རེ་ལ་བཀྱིག་འདུག མཐོང་བ་ཙམ་གྱིས་མི་གཅིག་ཏུ་འཁྲུལ་བའི་སྤུན་གཉིས་ནི་ཁོ་མོ་ཡི་བན་དེ་གཉིས་རེད། ཁོ་གཉིས་ཀྱི་གདོང་ལ་མཚར་ཉམས་ཤིག་ཤར་ཏེ་ཅི་ཡིན་འདི་ཡིན་མ་ཤེས་པར་མིག་རིག་རིག་གིས་མང་ཚོགས་ལ་ཅེར་འདུག ཁོང་བཟའ་ཟླ་གཉིས་ཀྱིས་ལྐོག་ནས་མིག་ཆུ་འབྱིད་ཀྱིན་ཆག་འཇིག་ངན་པ་མི་ཡོང་བའིསྐྱབས་འཇུག་ཡང་ཡང་ཞུས།
ལོ་དེ་དག་གི་རིང་ལ། སྔོན་ཆད་ལྡོམ་ནས་ཡོང་སྟེ་ཉ་མོ་དགོན་པའི་ནོར་རྫི་བྱས་པའི་མི་རྐྱང་ཞིག་ཡོད་པ་དེ་འབྱོར་མེད་གྲལ་རིམ་གྱི་འཐུས་ཚབ་མི་སྣ་གཙོ་བོ་རུ་གྱུར་ཡོད། ཁོའི་མིང་ངོ་མར་ཅི་ཟེར་མི་ཤེས་མོད། ཡུལ་གཞན་ནས་ལྡོམ་སྟེ་ཡོང་བས་མིང་ལ་རྒྱ་སྤང(སྤྲང)ཞེས་འབོད། སྐྱེ་བོ་སུ་ཞིག་གིས་ཁོ་རང་མཐོང་བ་ན། ཨ་ལགས་མཐོང་བ་ལྟར་ཉྭ་ལྷེམ་ལྷེམ་དང་བག་འཁུམ་འཁུམ་གྱིས་འགྲོ་དགོས་ལ། སྟབས་མ་ལེགས་པར་ཁོ་དང་ཕོག་ཐུག་བྱུང་ན། ཉིན་ཞག་འགའ་དང་ཟླ་འགར་དགག་རྒྱག་དང་འཐབ་རྩོད་རབ་དང་རིམ་པ་མང་པོ་བྱས་ཏེ་སྨྱོན་པ་ལྟར་བཅོས་འགྲོ་ལ། ཚབས་ཆེན་དག་བཙོན་དུ་འཇུག་པ་དང་དམར་གསོད་བྱེད་པའི་ཉེན་ཁའང་འབྱུང་སྲིད། དེར་མ་ཟད། ཁོས་མཚན་མོ་དགོན་པའི་གླིང་བར་གྱི་ཁྱི་དག་བཤོས་ནས་རྡོ་བསྲེག་བྱས་ཏེ་ཟོས་འགྲོ་བས། ད་ལྟ་མི་ཁྱི་གཉིས་ཀྱི་ཁོ་རང་གི་བོད་སྐད་ད་མ་དིག་དེ་ཐོས་མ་ཐག སྤྲུལ་བ་ཡོད་པ་ཅི་བཞིན་གར་སོང་ཆ་མེད་དུ་ཡལ་འགྲོ མི་རྣམས་ཀྱིས་ལྐོག་ནས་ཁོ་ཡི་མིང་ལ་ཁྱི་སྨྱོན་ཞེས་བཏགས་ཡོད། ཁྱི་སྨྱོན་གྱིས་མི་ཕྱུགས་སུ་ལ་རྨིགས་ན། དེ་སྨྱོ་སྲིད་ཟེར་སྲོལ་ཡོད་པས་ཁྱི་སྨྱོན་ཞེས་བཏགས་པ་ཡིན་རྒྱུརེད།
ཉིན་དེའི་དགག་རྒྱག་ཚོགས་འདུ་ཡི་སྣེ་ཁྲིད་པ་ཡང་ཁྱི་སྨྱོན་རེད། ཁོས་བོད་སྐད་ད་མ་དིག་གིས“ཆོས་ལུགས་པ་ནི་བོད་མི་རིགས་ཀྱི་གཉའ་གནོན་མཁན་དང་བཤུ་གཞོག་མཁན་རེད། མགོ་རྡོ་འདི་དག་གིས་རྨོངས་དད་ཀྱི་ལག་ཆ་བཀོལ་ཏེ་མི་དམངས་ཀྱི་འབུལ་བ་གྱ་ནོམ་པ་བླངས། འདི་ནི་བཤུ་གཞོག་རེད། འདི་ནི་རྨོངས་དད་རེད། དེ་རིང་གི་ཁྱི་ཕྲུག་འདི་གཉིས་ཀྱིས་ཀྱང་རྨོངས་དད་ཀྱི་ལག་ཆ་སྦས་ཀྱང་ཉེས་པ་ཁས་ལེན་མི་བྱེད། མི་མང་པོ་འཚོག་ས་འདི་ནས་བླ་རྒན(ཨ་ལགས་ལ་གོ)དེའི་ལྷ་རྟེན་ཆོས་གསུམ(དོན་དངོས་སུ་སྔོན་ཆད་ཨ་ལགས་ཚང་གིས་རི་དྭགས་རྔོན་བྱེད་ཀྱི་མེ་མདའ་འགའ་ཉ་མོ་སྡེ་བའི་ལབ་རྩེའི་གཏིང་རིམ་དུ་བཅུག་པ་དེ་དག་ལ་གོ)གང་ལ་འཁྱེར་སོང་བ་ཁས་ལེན་བྱོས། སུ་ཞིག་གིས་ཁས་ལེན་བྱ་ན། གུ་ཡངས་སུ་གཏོང་ལ། སུ་ཞིག་གིས་ཨུ་ཚུགས་བྱ་ན། ཉེས་ཆད་ལྕི་མོ་ཕོགས་ངེས” ཞེས་རྟ་ལྕག་དགུང་ལ་འཕྱར་བཞིན་ཉེས་པ་བསྒྲགས་བྱུང་།
གོ་ཐོས་ལྟར་ན་ཨ་ལགས་ཚང་གིས་སྔོན་ནས་མཁྱེན་ཏེ་ལྷ་རྟེན་ཆོས་གསུམ་གཙོ་བྱས་པའི་རྒྱུ་ནོར་ཡོངས་རྩིས་སྤྲོད་བྱས་ཟིན་ཟེར་མོད། ཁྱི་སྨྱོན་ཁོང་ཚོས་མཚོན་ཆ་ད་དུང་ཡོད་སྙམ་སྟེ། ཡིད་མ་ཆེས་པར་ཨ་ལགས་ཚང་དང་གྲྭ་པ་རྒན་གཞོན་མང་པོ་དམར་གསོད་བྱས་ཤིང་། གྲྭ་པ་གཞན་ཚང་མ་བཙན་གྱིས་སྐྱ་སར་འབབ་ཏུ་བཅུག བན་དེ་གཉིས་ཀྱིས་ཀྱང་སྔོན་ཆད་ཨ་ལགས་ཚང་གི་ཀུན་དགའ་རྭ་བའི་ནང་དུ་ལྷ་སྐུ་དང་བཀའ་བསྟན་སོགས་བཤམ་ཡོད་པ་མཐོང་བ་མ་གཏོགས་གང་དུ་འཁྱེར་སོང་བ་མི་ཤེས་པས། བན་དེ་ཆེ་བས“ལྷ་རྟེན་ཆོས་གསུམ་གར་སོང་གར་ཡོད་ཤེས་ན་དཀོན་མཆོག་གསུམ། ཤེས་ཀྱང་ཁྱོད་ལ་བཤད་ན་དཀོན་མཆོག་གསུམ”ཞེས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་བཤད།
སྐབས་དེར། ཆོས་ལུགས་ཕྱོགས་ཀྱི་མིང་བརྡ་ཚིག་གཅིག་བཤད་ཀྱང་རྨོངས་དད་སླར་གསོ་བྱེད་འདོད་པ་རེད་སོགས་ཀྱི་ཉེས་མིང་སྣ་ཚོགས་བཏགས་ཏེ་གཅར་རྡུང་བྱས་པ་ཧ་ཅང་མང་། ཡིན་ཡང་། ཉ་མོ་སྡེ་བའི་མི་ཡི་མིང་ལའང་སངས་རྒྱས་དང་དཀོན་མཆོག་སོགས་ཟེར་བའི་མི་ཡོད་པས། ཁོང་ཚོའི་ཁ་བརྡའི་ཁྲོད་དུ་ཆོས་ལུགས་ཀྱི་མིང་བརྡ་མེད་ན་དོན་བརྗོད་མི་ཐུབ་པའི་ཚད་དུ་སླེབས་འདུག ལྷག་པར་དུ་ཚིག་རེ་རྗེས་ན་མནའ་རེ་ཡོད་པས། མི་ཚང་མས་དཀོན་མཆོག་གསུམ་པོ་དང་ཡུམ་དུམ་པ་བཅུ་གཉིས་སོགས་ཀྱི་མནའ་ཤོར་བར་མཉམ་འཇོག་བྱས་ཡོད་ལ། མནའ་སྐྱེལ་བར་གོམས་ཡོད་པའི་མི་དག་གིས་མའོ་ཙེ་ཏུང་དང་གུང་ཁྲན་ཏང་། མ་ཁེ་སི་སོགས་ཀྱི་མནའ་སྐྱེལ་བར་ལོབས་ཡོད། བན་དེ་ཆེ་བས་དཀོན་མཆོག་གསུམ་ཞེས་ཡང་ཡང་མནའ་སྐྱེལ་བས་དེར་འདུས་་ཀྱི་མང་ཚོགས་ཧད་པར་གྱུར།
“ཚང་མས་ལྟོས་དང་། ཁྱི་ཕྲུག་འདིས་ཉེས་པ་ཁས་མི་ལེན་པ་མ་ཟད། ད་དུང་དཀོན་མཆོག་གསུམ་པོ་ཞེས་མནའ་སྐྱེལ། ཁྱོས་ཤོད་དང་དཀོན་མཆོག་གསུམ་པོ་གང་དུ་ཡོད་དམ། དཀོན་མཆོག་གསུམ་པོས་ཁྱོད་ལ་ཅི་ཞིག་གནངས་བྱུང་ངམ”ཞེས་བན་དེ་ཆེ་བ་ཡི་མགོ་ལ་རྟ་ལྕག་གིས་ཕུར་ཕུར་འགའ་བྱས་ཏེ་སྨྲས། བན་དེ་ཆུང་བ་ཡིས“སངས་རྒྱས། ཆོས་དང་དགེ་འདུན་གསུམ་ནི་ང་ཚོའི་སེམས་ཁོངས་སུ་བཞུགས་ཡོད། ཁྱོད་ལྟ་བུ་ཉིན་དཀར་མི་དང་མཚན་མོ་ཁྱི་གསོད་པའི་གཤེད་མ་ཞིག་གིས་ནམ་ཡང་རྟོགས་པ་མ་རེད”ཅེས་དཔའ་ངར་ཞུམ་མེད་ཀྱི་ཉམས་ཤིག་མངོན་བཞིན་བཤད།
ཁྱི་སྨྱོན་གྱིས“ཅི་ཞིག་གི་སངས་རྒྱས། ཆོས་དང་དགེ་འདུན། དཀོན་མཆོག་གསུམ་པོ་ངོ་མ་ནི་གྲོ་ནས་སྲན་གསུམ་རེད། རྟ་ནོར་ལུག་གསུམ་རེད། ཤ་མར་ཐུད་གསུམ་རེད། འོ་ཞོ་ཆང་གསུམ་རེད། མདའ་མདེའུ་སྒྱོགས་གསུམ་རེད། བཟོ་ཞིང་དམག་གསུམ་རེད” ཅེས་དཀོན་མཆོག་གསུམ་གྱི་མིང་གི་རྣམ་གྲངས་འདྲེན་པ་བཞིན་བཤད་པས་དེར་འདུས་ཀྱི་མི་རྣམས་གཅིག་གཅིག་གི་ངོ་ལ་ཅེར ་ཏེ་ཧད་འདུག མ་བསམ་ས་ནས་ཁོས་ཀྱང་འདི་ལྟར་དཀོན་མཆོག་གསུམ་པོ་ཞེས་ཡང་ཡང་བཤད ་པ་འདི་ནི་ཕལ་ཆེར་ཁོ་རང་དགོན་པ་ལ་ཡོང་བ་ནས་ད་ལྟའི་བར་དུ་འདང་མ་ཕོགས་པའི་དྲི་བ་ཞིག་ལ་ལན་འདེབས་པ་ཡིན་རྒྱུ་རེད།
ཁོས་ཀྱང་རང་ཉིད་ཀྱིས་དཀོན་མཆོག་གསུམ་པོ་ཞེས་ཡང་ཡང་བཤད་པ་མ་འགྲིག་པ་ཚོར་ཏེ “དེ་རིང་ཁྱི་ཕྲུག་འདི་གཉིས་ཀྱིས་ཡར་བཤད་མར་བཤད་བྱས་ཏེ་རང་ཉིད་ཀྱི་ཉེས་པ་འགེབས་འདོད་པ་རེད། ཤོད། གང་ལ་འཁྱེར་སོང་། གང་ན་སྦས་ཡོད། མི་བཤད་ན་གཅོར”ཞེས་བཤད་དེ་རྟ་ལྕག་དགུང་ལ་གཡུགས་མ་ཐག འབྱོར་མེད་གྲལ་རིམ་གྱི་མི་དག་ཡར་ལ་ལངས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་བན་དེ་ཆུང་ཆུང་གཉིས་ལ་གཅར་རྡུང་བྱས།
རྒྱང་རིང་ནས་བལྟས་ན། རྣམ་པ་དེ་ནི་ཨ་ལགས་ཚང་གིས་དད་ལྡན་མང་ཚོགས་ལ་ཕྱག་མཇལ ་གནང་བ་དང་མཚུངས་མོད། དོན་དངོས་སུ་དེ་ལས་ལྡོག་སྟེ། སྙིང་རྗེ་བྲལ་བའི་མི་ཚོས་བན་དེ་གཉིས་ཀྱི་ལུས་སྟེང་དུ་ཁྲག་གི་མེ་ཏོག་དཔར་བཞིན་པ་དེ་ཡིན། ཁོང་བཟའ་ཟླ་གཉིས་ཀྱིས་མིག་གིས་བལྟ་བར་མི་བཟོད་མོད། ཨམ་གཙིགས་བསྡམས་ཏེ་འདུག་པ་ལས་ཐབས་ཅི་ཡོད།
བན་དེ་ཆེ་བ་ཡིས“གཅོར་དང་། རྡུང་དང་། དཀོན་མཆོག་གསུམ་པོས་ང་ཚོར་ནམ་ཡང་མགོན་སྐྱབས་གནངས་ཡོད། ནམ་ཞིག་གི་ཚེ། ལས་རྒྱུ་འབྲས་ཀྱི་ཁ་གྲག་ཡོང་ངེས། དེ་དུས། མགོན་མེད་སྐྱབས་མེད་ཀྱི་ཁྱོད་ཚོ་སྙིང་རེ་རྗེ”ཞེས་དཔའ་ངར་ཇེ་ཆེ་ནས་ཇེ་ཆེར་གྱུར་བས། དེར་འདུས་ཀྱི་མི་ཚང་མ་ཡང་བསྐྱར་ཧད་སོང་།
ཁྱི་སྨྱོན་གྱིས“ལྟོས་དང་། མི་ཆུང་ཆུང་ཁ་ཕོ་ཆེ་ཆེ”ཞེས་བན་དེ་གཉིས་ཀྱི་བྲང་ཁར་རྡོག་བརྫིས་རེ་རེ་བཞུས་རྗེས“ཉེས་པ་ཁས་མི་ལེན་ན། ཚང་མས་གཅོར། ཁས་ལེན་རག་བར་དུ་རྡུངས” ཞེས་བཤད་པ་ན། ཡང་གཅིག་རྗེས་གཉིས་མཐུད་ཀྱིས་ཁུ་ཚུར་དང་རྐང་བ་སོགས་བན་དེ་གཉིས་ཀྱི་མཉེན་ཞིང་འཇམ་པའི་ལུས་སྟེང་དུ་སེར་བ་འབབ་འབབ་བྱས། སུ་ཞིག་གི་རྣ་བར་འགྲོ་འམ། བལྟས་བལྟས་རིག་རིག་ལ། ཁོ་གཉིས་ཀྱི་ཁ་ངོ་སྔོན་པོར་གྱུར་ཅིང་། ཁ་སྣ་ནས་ཁྲག་དམར་གྱི་ལྦུ་བ་སོབ་སོབ་སོབ་བཞུར་ཏེ་དབུགས་ཀྱི་རྒྱུ་བ་ཆད།
དེར་འདུས་ཀྱི་མི་རྣམས་ཟིང་ཟིང་ལོང་ལོང་ཞིག་ཏུ་གྱུར་ལ། ཨ་ཡེ་ལྷ་མོ་ཡང་དང་ཡང་དུ་དབང་བོ་ཤོར་ཞིང་ཡང་དང་ཡང་དུ་ངུ་རྒྱངས་བྱས། དེ་དང་བསྟུན་ནས་དོན་གྲུབ་དང་གསར་བུ་འགས་ཤ་དྲོད་མ་ཡལ་བའི་བན་ཆུང་གཉིས་ཀྱི་བེ མ་པོ་དུར་ཁྲོད་དུ་བསྐྱལ་ཏེ་བྱ་ལ་གཡེངས། ཐོབ་གོ་ས་ཅན་གྱི་བླ་མ་དང་དབང་མངའ་ཐང་ཅན་གྱི་དཔོན་པོ་ཡང་ཁྱི་སྨྱོན་ཚོགས་ཀྱིས་འདི་ལྟར་དམར་གསོད་བྱས་པས། ཁོང་བཟའ་ཟླ་གཉིས་ཀྱིས་ཀྱང་ཞེ་སྡང་གི་མེ་ལྕེ་ཁོག་ཏུ་སྦས་ཏེ་ལྐོག་ནས་འདས་མཆོད་སྟབས་བདེ་ཞིག་སྒྲུབ་པ་ལས་ཐབས་གཞན་ཅི་ཞིག་ཡོད།
སྐབས་དེར། ཚ་བོ་ཡང་བསྐྱར་ངུ་རྒྱངས་ཤིག་བྱས་པས། ཁོ་མོ་འཇིགས་རུང་གི་རྨི་ལམ་ལྟ་བུ་ལས་སད། ཁོ་མོས་རྭ་ནུ་ཚ་བོའི་ཁ་ནང་དུ་བསྣུན་ཏེ“ཡང་ཁྱོད་ཀྱིས་བན་དེ་གཉིས་དྲན་པ་ཨེ་རེད། ཁོང་གཉིས་ཀྱང་འུ་གཉིས་ཀྱི་ལན་ཆགས་ཡིན་ནི་རེད། བྱང་ཕྱོགས་བདེ་བ་ཅན་ནས་སྐྱེས་པར་ཤོག ངའི་སྒྲུབ་པའི་དགེ་བ་ཐ་དག་ཁོང་གཉིས་ལ་ཕན་པའི་རྒྱུ་རུ་འགྱུར་བར་སྨོན། དཀོན་མཆོག་གསུམ་པོ”
ཞེས་ལག་ཟུང་གིས་མིག་ཆུ་ཕྱིས་རྗེས་ཐལ་མོ་སྦྱར་ཏེ་ཐོད་པར་ཡང་ཡང་གཏུག ཚ་བོ་ཁ་རོག་གེར་བསྡད་པས། ཁོ་མོས“ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།་་་་མ།་་་་མ”ཟེར་བཞིན་ཡང་བསྐྱར་འདང་རྒྱག་ཏུ་ལྷུང་།
ཉིན་བདུན་ཡང་མ་ལོངས་པར། ཁྱི་སྨྱོན་འཁོར་དང་བཅས་པ་ཁོ་མོ་ཚང་ལ་མཆོངས་ཡོང་། ཁོ་ཚོས་ཁོང་གཉིས་བཤའ་ལུག་བཟུང་བཟུང་བྱས་ཏེ་ཉ་མོ་སྡེ་བའི་མཛོད་ཁང(སྔོན་ཆད་དང་ད་ལྟའི་མ་ཎི་ཁང)གི་ཁྱམས་ཀ་ལ་བཀྱིགས། ཁྱི་སྨྱོན་གྱིས་གདོང་སེམས་བཅོས་མ་ཞིག་མངོན་བཞིན“ཁྱེད་ཚང་གི་བན་དེ་གཉིས་ཀྱིས་ལྷ་རྟེན་ཆོས་གསུམ་གང་དུ་འཁྱེར་བ་མ་བཤད་པས་རང་སྲོག་ཤོར་བ་རེད། ཁྱེད་གཉིས་བསམ་ཤེས་རེད། ལྷ་རྟེན་ཆོས་གསུམ་འགའ་ཡི་ཆེད་དུ་ལུས་སེམས་གཉིས་ཀྱི་ན་ཟུག་མྱོང་རིན་མེད་པ་ཤེས་ནི་རེད། དེའི་ཕྱིར་ལྷ་རྟེན་ཆོས་གསུམ་གང་དུ་སྦས་ཡོད་པ་བཤད་ན་བཟང” ཞེས་བཤད།
དོན་གྲུབ་ཀྱིས་ཁ་སྤོ་ཁ་་ནས་ལངས་ཞེ་སྤོ་གཏིང་ནས་ལངས་ཏེ”ལྷ་རྟེན་ཆོས་གསུམ་ཁྱོད་ཚོས་བསྲེག་བཅོམ་འཕྲོག་གསུམ་བྱས་པ་མ་ཡིན་ནམ། ལྷ་རྟེན་ཆོས་གསུམ་གང་ན་ཡོད་པ་ཁྱོད་ཚོར་དྲིས་ན་འགྲིག་པས་ད་འཁྱེར་ཤོག”ཅེས་ཁྱི་སྨྱོན་གྱི་སྟེང་དུ་མཆོངས་ཀྱང་ཤོར་མ་ཐུབ། ཁྱི་སྨྱོན་གྱིས“ཅི་འདྲའི་ཕ་བུ་རིགས་འདྲ་གཉིས། རང་སྡུག་རང་གིས་ཉོ་ན་སྡུག་གྱོང་རེད། ཉེས་པ་ཁས་མི་ལེན་ན། ཤི་རག་བར་དུ་གཅོར་དང་ཁས་ལེན་བྱེད་ཁོ་ཐག་ཡིན།”ཞེས་གདེང་ཚོད་ཡོད་པའི་སྒོ་ནས་བཤད། འཁོར་ཚོགས་ཀྱིས་ཁ་ནང་ལ་ཚིག་ཡོང་ཡོང་གིས་སྡིག་དམོལ་དང་ལག་ནང་དུ་ཅི་ཡོང་ཡོང་གིས་གཅར་རྡུང་བྱས།
དོན་གྲུབ་ཀྱི་བཟོད་བསྲན་དང་ཨུ་ཚུགས་ནི་གཡག་སྣ་ཁུ་ཚུར་གྱིས་ཕུགས་ཐུབ་པས། ཁྱི་སྨྱོན་སོགས་ལ་ཐབས་མེད་པར“ཅི་འདྲའི་མི་གཤིས་གྱོང་ཞིག ཁྱོད་ཀྱིས་འདི་ལྟར་ཨུ་ཚུགས་བྱས་ན་ཕམ་ཁ་ཉོ་བ་ནི་རང་ཉིད་རེད། ཉེས་པ་ཁས་མི་ལེན་པར་ཁྱོད་རང་ཡང་འདི་ལྟར་ལྷ་རྟེན་ཆོས་གསུམ་ལ་ཞ་སོང་ན། ཁྱོད་ཀྱི་ཆུང་མ་དང་གཅེས་ཕྲུག་འདི་གཉིས་ལ་སྙིང་མི་རྗེའམ” ཞེས་སུན་སྣང་དང་བཅས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་ཀྱིན་སྨྲས། དོན་གྲུབ་ཀྱི་བསམ་པར་སྙིང་རྗེ་བའི་ཆུང་མ་དང་བུ་ཕྲུག་དག་ལ་གཅར་རྡུང་བྱེད་པ་ལས་རང་ཉིད་འཆི་ན་དགའ་སྙམ་སྟེ“ཁྱོད་ཚོས་བཤད་པའི་ལྷ་རྟེན་ཆོས་གསུམ་ཞེས་པ་གང་དུ་ཡོད་མེད་མི་ཤེས་མོད། ངའི་སེམས་ཁོངས་ཀྱི་ལྷ་རྟེན་ཆོས་གསུམ་སུས་ཀྱང་བཅོམ་མི་ཐུབ་ལ། སུས་ཀྱང་འཕྲོག་མི་ཐུབ། ང་རང་གསོད་ན་གཏུབ་ན་ཁྱོད་ཚོའི་ལག་རེད”ཅེས་ལན་བཏབ། དེ་ལྟར་ཉིན་འགར་ཁོ་ལ་འཐབ་རྩོད་དང་དགག་རྒྱག་ཡང་ཡང་བྱས་མོད། ཁོ་ལ་ཁས་ལེན་རྒྱུ་ཅི་ཡང་མེད་པས། ཁོང་ཚོར་ཐབས་མེད་པར་དོན་གྲུབ་བཙོན་དུ་འཁྲིད་ཅིང་ཁོ་ཚང་གི་མགོ་ཁང་པ་དང་ཕྱིའི་ནོར་ལུག ནང་གི་རྒྱུ་ནོར་ཡོངས་བཙན་འཕྲོག་བྱས། དོན་གྲུབ་འཁྲིད་ཤུལ་དུ་ཁོ་མོ་ཚང་ཉ་མོ་གྲམ་པའི་རང་འཐག་ནང་དུ་སྡོད་དགོས་བྱུང་། དེ་ནི་ཆུ་ཤུགས་ཀྱིས་བསྐོར་བའི་རང་འཐག་ཅིག་ཡིན་ལ། མི་རབས་ནས་མི་རབས་བར་ཉ་མོ་སྡེ་བའི་གྲོ་ནས་སྲན་གསུམ་འཐག་བྱེད་གཅིག་པུ་ཡིན། ཁང་པའི་ནང་དུ་ཐབ་ཀ་དང་ཚ་ཐབ་སོགས་ཡོད་པས་ཁྱིམ་ཚང་ཆུང་ཆུང་ཞིག་དང་འདྲ།
ཉ་མོ་སྡེ་བའི་སྔགས་པ་དང་ཤེས་ཡོན་ཅན་མང་པོ་ཡང་དོན་གྲུབ་ལྟར་ཁྱི་སྨྱོན་སོགས་ཀྱིས་ཉེས་སྐྱོན་སྣ་ཚོགས་བཏགས་ཏེ་བཙོན་དུ་འཁྲིད་ལ། ཉ་མོ་སྡེ་བའི་ལབ་རྩེ་ཡང་ས་བཤིག་རྡོ་བཤིག་བྱས་ཏེ་མེ་མདའ་དང་རྟེན་སོགས་བསློགས་པ་མ་ཟད། སྡེ་བའི་ཎི་ཁང་དང་ཉ་མོ་དགོན་པ། སྡེ་བའི་རྒྱུ་ནོར་སོགས་གཞུང་བཞེས་བྱས་ཏེ་ཉ་མོ་དགོན་པའི་ཤུལ་ནས་ཉ་མོ་ཀྲུང་ཧྲེ་བཙུགས་ཤིང་། སྡེ་མི་ཡོངས་ཀྱིས་ཐུན་མོང་གི་ཟ་ཁང་ནས་ཟ་མ་ཟ་མགོ་བརྩམས། གཞན་ད་དུང་མཆོངས་བསྐྱོད་ཆེན་པོ་ཞེས་པའི་ཁ་གཡེང་སྒྲོག་བཞིན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ། ཐུན་མོང་གི་ངལ་རྩོལ་ལ་ཞུགས་ཀྱང་རང་ཁ་རང་གསོ་བྱེད་མ་ཐུབ། ལྷག་པར་དུ་འབྲུ་རིགས་གྲོན་ཆུང་བྱེད་པའི་འགུལ་སྐྱོད་ལངས་པ་ན། མི་ཡིས་ཟོས་ཆོག་པའི་རྩྭ་ལྡུམ་དང་འབའ་འབུ། བྱ་བྱེའུ་དང་ཀོ་གྱོང་སོགས་བཙོས་ཏེ་ལྟོ་བ་འགྲེང་ཐབས་བྱེད་དགོས་བྱུང་།
ལོ་ངོ་གཉིས་ཀྱི་ཡུན་ལ། ཉ་མོ་སྡེ་བའི་བཟའ་རྒྱུ་ཡོད་ཚད་ཚར་ཏེ་ལྟོགས་སྐོམ་དང་ནད་ཡམས་ཀྱིས་འཆི་བའི་ལོ་ལོན་དང་བྱིས་པ་ཇེ་མང་ནས་ཇེ་མང་དུ་གྱུར་ཅིང་། ཉ་མོ་སྡེ་བའི་མཁའ་དབྱིངས་སུ་ནད་དྲི་དང་རུལ་དྲི། མུག་དྲི་ཡིས་ཁྱབ་ལ། སྲང་ལམ་ཀུན་ཏུ་རོ་ལངས་བརྒྱབ་འདྲའི་མི་ཡིས་ཁེངས། ཁོ་མོས་ཀྱང་ལྐོག་ནས་སྲན་མ་དང་ཡུང་མ། ཀུན་ད་སོགས་བརྐུས་ཏེ་བུ་ཆུང་གཉིས་ལ་བཟའ་རུ་བཅུག་མོད། ཉམས་ཐག་པའི་བུ་ཆུང་གཉིས་ཀྱང་མུ་གེ་ཡིས་བསྐྱེད་པའི་ནད་ཡམས་གྱི་སྔ་གཞུག་ཏུ་ཁོ་མོའི་པང་ནས་ཤ་དྲོད་ཡལ།
ཁོ་མོས་མཆོད་མེ་རྐོང་བུ་གཅིག་ཀྱང་འཇོག་མ་ཐུབ་པར་བུ་ཆུང་གཉིས་ཀྱི་བམ་པོ་གྲམ་པའི་འགྲམ་དུ་སྦས་ཤིང་རྡོ་ར་བསྒྲིགས་པ་ལས་ཐབས་གཞན་མ་རྙེད། ཐེངས་མང་པོར་ཁོ་མོ་བུ་ཆུང་ཚོའི་རྗེས་ལ་འགྲོ་རྩིས་བྱས་ཏེ། རང་འཐག་གི་རྒྱུགས་ལ་ལྕེབས་ཐག་ཡང་ཡང་དཔྱངས་མོད། ཨ་ལགས་ཚང་གིས”མི་ལུས་རིན་ཆེན་ཐོབ་དཀའ་ལ། དམ་པའི་ཆོས་བྱེད་པ་ནི་དེ་ལས་ཀྱང་དཀའ་བས། མ་གྱུར་སེམས་ཅན་ཐམས་ཅད་སོམས་ལ་དམ་པའི་ཆོས་ལ་འབད་པ་བྱོས།”ཞེས་པའི་ལྷད་མེད་ཀྱི་གསུང་དེ་ཡང་ཡང་དྲན་ཞིང་། དོན་གྲུབ་འགྲོ་ཁར“རང་སེམས་ལ་ཉེས་པ་མེད་ན། གཤིན་རྗེ་ལ་འཇིགས་མི་དགོས་པས་ང་རང་ལ་སྐྱོན་ཡོད་ནི་མ་རེད། དོན་དག་ཅི་ཞིག་བྱུང་རུང་། ཁྱོད་ཀྱིས་ཡིན་གཅིག་མིན་གཉིས་ང་ལ་སྒུགས་རོགས། ནམ་ཞིག་གི་ཚེ་སྡུག་གི་མུན་པ་སངས་ཏེ་སྐྱིད་ཀྱི་ཉི་མ་ཤར་ཡོང་ངེས” ཞེས་བཤད་པའི་སྐད་ཆ་དག་དྲན་ཡོང་བས། རང་སེམས་རང་གིས་གསོ་བཞིན་མ་ཎི་རེ་བཏོན་ཏེ་བུ་ཆུང་ཚོའི་རྗེས་ལ་བསྐུར།
མནའ་མ་གཅིན་ཐོག་ཏུ་འགྲོ་བའི་གོམ་སྒྲ་ཡིས་ཁོ་མོ་ཧད་སེ་བཏང་སྟེ་འདང་རྒྱག་གི་ཀློང་ལས་ཕྱིར་སད། ཁོ་མོས་ཚ་བོ་འཁྱག་པར་དོགས་ཏེ་ཉལ་ཐུལ་བཀབ་ལ། ཁྱིམ་དེ་སླར་ཡང་ལྷིང་འཇགས་སུ་གྱུར་པས། ཁོ་མོས“་་་་མ།་་་་མ།་་་་མ”འདོན་བཞིན་ཕྱིར་འདས་དོན་གྱི་ཀློང་དུ་འཁྱམས། སྔོན་ཆད་ཁོ་མོ་བྱིས་པ་ཡིན་དུས་མི་གཞན་གྱིས“རང་འཐག་ནང་དུ་འདྲེ་མགོ་གཟེངས་ནུ་མ་ཕྲག་ཁར་འཕངས་པ། ཁ་ནང་མིག་ནང་ནས་མེ་འབར་ཞིང་རྣ་ནང་ནས་དུ་བ་འཕྱུར་མཁན་མང་པོས་མི་རོ་ཡི་རི་རབ་བརྩིགས་ཤིང་མི་ཁྲག་གི་མཚོ་མོ་བསྐྱིལ་བཞིན་ཡོད་པ་རེད”ཅེས་སྐྲག་བསླངས་ཏེ་ཁོ་མོར་དངངས་སྐྲག་སྐྱེས་མྱོང་མོད། ད་ལྟ་ཁོ་མོ་འདྲེ་ལ་མི་སྐྲག་པར་རང་ཉིད་གཅིག་པུ་རང་འཐག་ནང་དུ་འདུག་ཐུབ་ལ། ཁྱི་སྨྱོན་ལྟ་བུའི་མི་ངན་དག་ནི་དོན་དངོས་ཀྱི་འདྲེ་རེད་སྙམ་སྟེ་ཤིན་ཏུ་སྐྲག་པར་གྱུར།
མི་ཚོས་ཁོ་མོའི་ནམ་ཡང་མགོ་བོ་སྒུར་སྒུར་གྱིས་ལས་ཀ་ལས་པ་དང་གྱོན་གོས་ཧྲལ་ཧྲུལ་གོན་པ། མགོ་སྐྲ་གཟེངས་པ། རྣམ་རིག་མེད་པ། ཁ་མི་གྲག་པ་སོགས་མཐོང་སྟེ་ཁོ་མོ་སྨྱོས་འདུག་ཅེས་བསྒྲགས། དེ་ནས་བཟུང་ཁོ་མོའི་མིང་ལ་ལྷ་མོ་སྨྱོན་མ་ཞེས་ཐོགས་ལ། ཉིན་རེར་བསྡུས་པའི་དགག་རྒྱག་ཚོགས་འདུ་དང་སྡུག་དྲན་སྐྱིད་བསམ་ཚོགས་འདུ་སོགས་ལ་ཞུགས་མ་དགོས། ཚོགས་འདུ་དེ་དག་ཏུ་ཞིང་དབུལ་ཁ་མཁས་ཤིག་གིས་བསྐལ་བ་རྙིང་བར་རང་ཉིད་ཀྱི་ཞིང་བདག་སུ་ཞིག་གི་གཉའ ་གནོན་དང་བཤུ་གཞོག་འོག སྡུག་བསྔལ་ཇི་ལྟར་མྱངས་པ་ཞིབ་བརྗོད་བྱས་རྗེས། མི་ཚོགས་ཀྱིས་མི་ཤེས་ཤེས་མདོག་དང་མ་ཡིན་ཡིན་མདོག་སྟོན་བཞིན་འབྱོར་ལྡན་གྲལ་རིམ་དེ་དག་ལ་དགག་པ་རྒྱག ་རྒྱུ་དེ་ཡིན།
དོན་གྲུབ་ཀྱང་ལས་ངན་ནང་གི་ལས་ཅན་ཞིག་ཅེས་པའི་དཔེ་ལྟར། བཙོན་སྲུང་བ་གཅིག་ནི་ཁོང་བཟའ་ཟླ་གཉིས་ཀྱི་དབུས་ལ་འཇལ་བའི་དབུས་གྲོགས་ཤིག་ཡིན། དེས་ལྐོག་ནས་དོན་གྲུབ་ལ་ཤ་སྐམ་དང་མར། རྩམ་པ། འགོག་སྨན་སོགས་བྱིན་པས་གཅེས་ཕྲུག་བཞི་བོའི་རྗེས་སུ་འགྲོ་མ་དགོས། དབུས་གྲོགས་དེས་རིམ་བཞིན་ཁོ་རང་བཙོན་ཁང་གི་རྟ་རྫི་ལ་བཞག་པས། ཁོ་རང་ཡང་ཉིན་རེར་བསྡུས་པའི་ངོས་ཟིན་ཁས་ལེན་ཚོགས་འདུ་དང་དགག་རྒྱག་ཚོགས་འདུ། སྡུག་དྲན་སྐྱིད་བསམ་ཚོགས་འདུ་སོགས་ལ་རིམ་གྱིས་ཞུགས་མ་དགོས། ཚོགས་འདུ་དེ་དག་ཏུའང་གཙོ་བོ་རང་ཉིད་ཀྱི་ཉེས་པ་ཁས་ལེན་པ་དང་གཞན་ལ་སྐྱོན་བརྗོད་བྱེད་པ། དགག་པ་རྒྱག་པ། ད་དུང་སྔོན་གྱི་སྡུག་དྲན་ཏེ་རྗེས་ཀྱི་སྐྱིད་བསམ་དགོས་པ་བཅས་ཡིན།
མི་སུ་ཡིན་ཡང་རང་ཉིད་ལ་ཉེས་པ་མེད་བཞིན་དུ་ཉེས་པ་ཁས་ལེན་པ་དང་གཞན་གྱི་ཉེས་པ་མི་ཤེས་བཞིན་དུ་སྐྱོན་བརྗོད་དང་དགག་པ་རྒྱག་པ་ནི་གནས་ལུགས་གོ་ལྡོག་པའི་བྱ་བ་ཞིག་ཡིན། ལྷག་པར་དུ་འཇིག་རྟེན་གྱི་གནས་ལུགས་དང་ལས་རྒྱུ་འབྲས་བརྩིས་པའི་བོད་མི་ཞིག་ལ་མཚོན་ན། མི་དགེ་བའི་ལས་ཁོ་ན་ཡིན་པས་ཚོགས་འདུ་དེ་དག་ལ་ཞུགས་མ་དགོས་པ་ནི་དོན་གྲུབ་ལ་མཚོན་ན། སྡུག་ལས་ཀྱི་ཁུར་པོ་ལྕི་མོ་ཞིག་ཕྲག་ནས་ཕོག་པ་དང་འདྲ། ཡིན་ཡང་ཉ་མོ་སྡེ་བའི་བཙོན་གྲོགས་རྟ་མགྲིན་རྡོ་རྗེ་ཡི་ཁ་ནས་བུ་ཆུང་གཉིས་ཀྱང་འདས་སོང་བ་ཐོས་པས་ལུས་སྐྱིད་ཀྱང་སེམས་པ་སྡུག་གིས་མནར། ཁོས་ཀྱང་རང་སྲོག་གཅོད་གྲབས་ཡང་ཡང་བྱས་མོད། སྡུག་བསྔལ་ཁྲོད་ཀྱི་ལྷ་མོ་དྲན་ཏེ་རང་སེམས་རང་གིས་གསོ་བཞིན་འདུག་དགོས་བྱུང་།
སྐབས་དེར། ཚ་བོས་ཁོ་མོའི་གདོང་ལ་ཅེར་ཏེ་འཛུམ་བཞིན་འདུག་པས། ཨ་ཡེ་ལྷ་མོ་ཡང་འཇིགས་རུང་གི་ལོ་ཟླ་དང་སྙིང་རྗེ་མེད་པའི་ལོ་ཟླ་དེ་དག་ལས་ཕྱིར་སད་དེ“འུ་གཉིས་ཀྱི་གཅེས་ཕྲུག་དག་གི་རྣམ་ཤེས་ད་ལྟ་གང་དུ་སྐྱེས་ཡོད་དམ། དཀོན་མཆོག་གསུམ་པོ། གཅེས་ཕྲུག་ཁོ་ཚོ་ནུབ་ཕྱོགས་བདེ་བ་ཅན་ནས་སྐྱེས་པར་ཤོག”ཅེས་ཚ་བོ་མཆོག་ལྡན་གྱི་ཁ་ངོ་ལ་འོ་ཡང་ཡང་བྱས།
༣ སླར་འཛོམས།
ཚ་བོའི་ལག་ཆུང་གིས་ཨ་ཡེ་ལྷ་མོའི་ངོ་གདོང་དང་ལག་པ་ལ་ཡང་ཡང་རྡེག་བཞིན“ཨིན་་་་་ཨིན་་་་་ཨིན་་་་་”སོགས་ཟེར། ཨ་ཡེ་ལྷ་མོའི་སྣང་བར་ཁོ་མོ་ལ་སེམས་གསོ་བྱེད་པ་དང་འདྲ་མོད་ཞིབ་ཏུ་ཉན་བཞིན་ཉན་བཞིན་ཅི་ཡང་མ་གོ་བས“མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།།་་་་་་”ཞེས་མི་ཟློ་ག་མེད་བྱུང་།
ཁོ་མོར་སྨྱོན་མའི་མིང་ཐོགས་པ་དང་དོན་གྲུབ་རྟ་རྫི་ལ་བཞག་པ་ནས“ང་བརྒྱད”དང“མཆོངས
་བསྐྱོད་ཆེན་པོ”“གྲོན་ཆུང”“ཟ་མ་དཀའ་ངལ”“ཉེས་མེད་ཁས་ལེན”སོགས་ཀྱི་མནར་གཅོད་ཐ་དག་རི་བོ་མཐོ་ཡང་རྩེ་དང་སྡུག་བསྔལ་ཆེ་ཡང་མཐའ་ཡོད་ཅེས་པའི་དཔེ་བཞིན་གྱུར་སྟེ་རིག་གནས་གསར་བརྗེ་ཆེན་མོ་ཡི“རྙིང་བ་བཞི”(བསམ་བློ་རྙིང་བ་དང་རིག་གནས་རྙིང་བ། ཡུལ་སྲོལ་རྙིང་བ། གོམས་གཤིས་རྙིང་བ་བཅས་རྩ་བ་ནས་དོར་བ།)དང“བཞི་གཙང”(རྩིས་ཐོ་གཙང་བཤེར། མཛོད་ཁང་གཙང་བཤེར། དངོས་རྫས་གཙང་བཤེར། ལས་སྐར་གཙང་བཤེར་བྱེད་པ།)“ཚད་མེད་བཞི”(རླབས་ཆེན་གྱི་འགོ་ཁྲིད་ལ་དགའ་ཞེན་ཚད་མེད་དང་བློ་དཀར་ཚད་མེད། དད་གུས་ཚད་མེད། བཀའ་དྲིན་ཚད་མེད་བྱེད་པ།)“མི་ངན་རིགས་བཞི”(ལོག་སྤྱོད་པ་དང་གཏོར་བརླག་པ། གཡས་ལྷུང་བ། ཞིང་བདག་དག་ལ་འཐབ་རྩོད་རྒྱུན་འཁྱོངས་བྱེད་པ།)“གཅིག་རྡུང་གསུམ་རྒོལ”(གསར་བརྗེ་ངོ་ལོག་པར་རྡུང་རྡེག་དང་ཧམ་ཟོས་ལ་ངོ་རྒོལ། ཆུད་ཟོས་ལ་ངོ་རྒོལ། ལྐོག་འཚོང་ལ་ངོ་རྒོལ་བྱེད་པ) སོགས་ཀྱི་ལས་འགུལ་རབ་དང་རིམ་པར་ཞུགས་མ་དགོས། ལས་འགུལ་དེ་དག་ཏུ་ཡང་ཉེས་མེད་སྐོར་ཞིག་ལ་མུ་མཐུད་དུ་གཅར་རྡུང་བྱས་ཏེ་ལངས་རྒྱུ་མེད་པར་བཏང་ལ། མ་བསམ་ས་ནས་ཁྱི་སྨྱོན་ཚོགས་པ་ལ་ཡང་ཉེས་ཆད་ལྕི་མོ་ཕོགས་ཏེ་རྩ་རྫོགས་བྱས་པས་སུས་སུ་ལ་ཤ་འཁོན་འཛིན་དགོས་པའང་མི་ཤེས་པར་གྱུར།
ལྷག་པར། མི་བཞི་ཚོགས་ཁག་རྩ་རྫོགས་བྱས་པ་ནས་རིམ་བཞིན་སྲིད་ཇུས་ཇེ་བཟང་དུ་སོང་བས། ཁོང་གཉིས་ཀྱིས་རང་རང་ས་ནས་ཁ་ཏོན་དགེ་སྦྱོར་རེ་བྱས་ཏེ་བུ་ཆུང་བཞི་བོ་དག་པའི་ཞིང་ནས་སྐྱེས་པར་སྨོན་ལམ་ཡང་ཡང་བརྒྱབ་པ་དང་སྡུག་བསྔལ་ཁྲོད་ཀྱི་བཟའ་ཟླར་མྱུར་དུ་མཇལ་བའི་གསོལ་བ་ཡང་ཡང་བཏབ། མི་ལོ་ཉི་ཤུ་ཡི་དུས་ཡུན་ནི་ཕྱིར་འདང་བརྒྱབ་ན་སྐད་ཅིག་ཉིད་ཀྱི་ཡུན་ཡིན་མོད། ཁོང་གཉིས་ལ་མཚོན་ན། བུ་ཆུང་བཞི་བོ་ཕྱིར་སྐྱེས་ཏེ་སྟག་ཤར་གཞོན་ནུ་གྱུར་བའི་ལོ་ངོ་ཉི་ཤུ་དང་ཁོང་གཉིས་ཀྱི་མི་ཚེའི་སུམ་ཆའི་གཅིག་ཙམ་ཟིན་པའི་ལོ་ཟླ་རིང་མོ་ཡིན་པས། རྒས་པའི་གཉེར་མས་ངོ་གདོང་ཁེབས་ལ་སྐྱོ་བའི་སེམས་ཀྱིས་སྙིང་ཁམས་གས།
ཉིན་དེ་ཡང་དྲུག་པའི་བཅོ་ལྔ་ཞིག་ཡིན་ལ། ལྷ་བསུ་ཐོག་ཏུ་ཞིང་བའི་ལུས་རྩལ་འགྲན་སྡུར་ཞིག་འཚོགས་ཡོད། ཚོགས་རྭའི་མཐའ་འཁོར་ཡོངས་སུ་སྐར་ལྔའི་དར་དམར་རླུང་གིས་ལྷབ་ལྷབ་ཏུ་བསྐྱོད་ལ། དར་ཤིང་གཉིས་ཀྱི་རྩེ་རུ་བཏགས་པའི་རྒྱང་སྒྲོག་ཕྱིང་ཞྭ་འདྲ་བ་གཉིས་ལས་གསར་བརྗེ་གླུ་དབྱངས་བར་མཚམས་མེད་པར་གྲག་བཞིན་ཡོད། ལྗང་སེར་གྱི་རྒྱ་ལྭ་དང་རྒྱ་ཞྭ་གྱོན་པའི་ལོ་ལོན་དང་བྱིས་པ་ཀུན། གད་མ་ཐུབ་པར་སད་ཀྱིས་བཅོམས་པའི་མེ་ཏོག་དང་འདྲ་བར་ག་ས་གང་དུ་གཡས་ལོག་གཡོན་ལོག་བྱས་འདུག་ཅིང་། རྒྱུགས་རྩལ་འགྲན་པ་དང་འཇུ་རེས་བྱེད་པ། ཐག་འཐེན་བྱེད་པའི་གསར་བུ་གསར་མོ་ཀུན་གྱིས་རང་རང་ས་ན་གྲ་སྒྲིག་བྱེད་ཀྱིན་ཡོད་མོད། ཁོ་ཚོའི་རིད་ཅིང་སྐམ་པའི་ངོ་གདོང་ལས་རེ་ཐག་ཆད་པའི་ཉམས་ཤིག་མངོན་ཡོད། ཁོ་མོས་དེ་དག་མཐོང་སྟེ་རང་ཉིད་ཀྱི་བུ་ཆུང་རྣམས་ཀྱང་འདིའི་གྲས་སུ་ཡོད་ན་ཅི་མ་རུང་སྙམ་ལ། གསར་བུ་གསར་མོ་ཆ་དང་ཆ་བྱས་ནས་འགྲོ་བ་མཐོང་སྟེ་དེང་ཐོག་དོན་གྲུབ་དང་འཕྲད་པའི་རྣམ་པ་དེ་རང་དབང་མེད་པར་དྲན་ཏེ་མིག་ཆུ་ཤམ་ཤམ་དུ་བཞུར། ཡིད་སྐྱོ་བ་ཞིག་ལ་སྔོན་ཆད་ཀྱི་གླུ་གཞས་སྙན་མོ་མེད་ལ་ཞེ་མཐུན་དོན་གྲུབ་ཀྱང་མེད་པས། ཁོ་མོས་རྒས་པའི་གཉེར་མར་རེག་རེག་དང་སྡུག་པའི་སེམས་པ་ལྗིད་ལྟིག་ལྟིག་ཏུ་གྱུར། ལྷག་པར། ཁོ་མོས་བན་ཆུང་གཉིས་འཁྱིག་བྱེད་ཀྱི་གསོམ་སྡོང་གཉིས་མཐོང་བས་གནས་དེ་ནས་སྡོད་མི་ཚུགས་པའི་ཚོར་བ་ཞིག་སྐྱེས།
གློ་བུར་དུ་རྒྱང་སྒྲོག་གཉིས་ལས“མང་ཚོགས་རྣམ་པ། མང་ཚོགས་རྣམ་པ། ད་མྱུར་དུ་ཚོགས་རར་ཤོག མྱུར་དུ་ཤོག”ཅེས་བསྒྲགས་མ་ཐག ཚོགས་འདུ་ཞེས་གོ་ན་སྙིང་འདར་བའི་རྒན་དར་གཞོན་གསུམ་ཡོངས་ཁུ་སུམ་སུམ་གྱིས་ཚོགས་རྭར་འདུས། ཁོ་མོ་ཡང་ཡར་ལངས་གྲབས་བྱས་ཀྱང་དེ་མ་ཐག་ལངས་མ་ཐུབ་པས་གོག་མ་ལྟ་བུ་ཞིག་བྱས་ཏེ་ཚོགས་རར་སོང་། ཁོ་མོས་རང་ཉིད་རྒས་འདུག་པ་ཚོར་ཏེ་དངན་པ་རིང་བོ་ཞིག་ཤོར་ལ། ཡང་ལས་ངན་ཞིག་ལ་དགག་པ་རྒྱག་རྒྱུ་རེད་འདོད་དེ་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས།
རྒྱང་སྒྲོག་ལས“རྒྱ་ཆེ་བའི་བློ་མཐུན་རྣམ་པ། མང་ཚོགས་རྣམ་པ། དེ་རིང་མི་ལོ་ཉི་ཤུའི་ཡར་སྔོན་དུ་མ་ཉེས་ཁ་གཡོག་ཐེབས་པའི་བཙོན་མ་གཉིས་གཟི་བརྗིད་ངང་ཕྱིར་ཐོན་ཡོད། ཁོ་གཉིས་ནི་ཉ་མོ་སྡེ་བའི་ཨ་ཁུ་དོན་གྲུབ་དང་ཨ་ཁུ་རྟ་མགྲིན་རྡོ་རྗེ་གཉིས་རེད། ཁོ་གཉིས་ཀྱང་མི་བཞི་ཚོགས་ཁག་གི་གནོད་པ་ཚབས་ཆེན་ཐེབས་པའི་མི་གཉིས་ཡིན་པས་ང་རང་ཉ་མོ་ཀུང་ཧྲེ་ཡི་ཚབ་བྱས་ཏེ་ཨ་ཁུ་ཁོ་གཉིས་དཀར་འདོན་བྱས་པ་ཡིན། ད་ནས་བཟུང་ཁོང་གཉིས་ལ་རང་དབང་ཐོབ་སོང་བས། ཚང་མས་ཁོང་གཉིས་ལ་རྟེན་འབྲེལ་ཞུ”ཞེས་བཤད་པ་ན། མང་ཚོགས་ཡོངས་ཀྱི་ཐེབ་སྒྲ་འབྲུག་སྟོང་ལྡིར་ལྡིར་བྱས། སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱེད་པའི་ཨ་ཡེ་ལྷ་མོས། ཡང་རྨི་ལམ་ཞིག་རྨིས་བཞིན་འདུག་སྙམ་སྟེ་ཁ་ཡའང་མ་བྱས། མང་ཚོགས་ཡོངས་ཀྱིས་ཨ་ཡེ་ལྷ་མོ་བསྐོར་ཏེ“ཨ་ཡེ་ལྷ་མོ། ཨ་ཡེ་ལྷ་མོ། ཨ་ཁུ་དོན་གྲུབ་ཕྱིར་ཐོན་འདུག”ཅེས་བཤད་པས། ཁོ་མོ་ད་གཟོད་འཇིགས་རུང་གི་རྨི་ལམ་ལྟ་བུ་ལས་སད་དེ་མཆོངས་མ་ལྡིང་གིས་སྟེགས་བུ་སྟེང་དུ་ལྡིང་། མི་ལོ་ཉི་ཤུ་ཡི་སྡུག་བསྔལ་གྱིས་ཁོང་གཉིས་རྒས་ཤིང་འཁོགས་པའི་ལོ་ལོན་གཉིས་སུ་བསྒྱུར་ན་ཡང་། བརྩེ་བའི་མིག་འདང་ནི་དྲན་གདུང་གི་མདའ་མོ་ཞིག་དང་འདྲ་བར་ཕན་ཚུན་གྱི་སྙིང་ལ་ཟུགས།
ཁོང་གཉིས་ཡུན་རིང་དུ་གཅིག་གཅིག་ལ་འཐམས་ཏེ་ངུ་རྒྱངས་བྱས། ངུ་རྒྱངས་དེའི་ནང་དུ་བུ་ཆུང་བཞི་བོའི་ངུ་སྐད་འདྲེས་ལ། མི་ལོ་ཉི་ཤུ་ཡི་ངུ་འབོད་ཀྱང་འདྲེས་པས། དེར་འདུས་ཀྱི་མང་ཚོགས་ཡོངས་ཀྱིས་ཁོང་གཉིས་བསྐོར་ཏེ་ངུ་རྒྱངས་བྱས། དེ་ནི་གཉོམ་ཆུང་མི་དམངས་ཀྱིས་དུས་འགྱུར་ཞིག་ལ་བླངས་པའི་གདུང་གླུ་ཡིན་ཞིང་འདས་པོ་ཁྲི་མ་འབུམ་ལ་བསྐུར་བའི་སྐྱོ་གླུ་ཡང་ཡིན་པས། རྒྱང་སྒྲོག་ནང་གི་གསར་བརྗེ་གླུ་དབྱངས་དག་ཀྱང་ངུ་རྒྱངས་བྱེད་བཞིན་པའི་ཚོར་བ་ཞིག་སུ་ལ་ཡང་སྟེར།
ཁོང་གཉིས་ཀྱི་རིད་ཅིང་སྐམ་པའི་ངོ་གདོང་དང་འཁྱོར་ཞིང་སྒུར་བའི་ལུས་པོ་གཉིས་ལ་བལྟས་ན། ད་སོ་མ་དམྱལ་བའི་ཡུལ་ནས་ཕྱིར་སླེབས་པ་དང་མཚུངས་མོད། ལག་གཉིས་ཀྲབ་ཀྲབ་ཀྱིས་ཕན་ཚུན་སྐྱོར་བཞིན་འགྲོ་བར་བལྟས་ན། ལུས་སེམས་ཀྱི་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་སྐྱོར་འདོད་པ་ཤེས་ཐུབ། ཡུན་རིང་དུ་སྡུག་བསྔལ་ཡོད་ཚད་ཁོག་ཏུ་སྦས་དྲགས་པས་ཡིན་ནམ། སྡུག་གཏམ་མང་དྲགས་པས་ཡིན་ནམ། གང་ལྟར་ཁོང་གཉིས་ཀྱི་ཁ་གཅིག་ཀྱང་མ་གྲག་པར་གཅིག་གཅིག་སྐྱོར་བཞིན ་རང་འཐག་ནང་དུ་ཇི་ལྟར་ཐོན་པ་འང་མ་ཤེས།
ལྷུང་ལྷུང་དུ་འབབ་པའི་གྲམ་ཆུ་ཡིས་སྐྱོ་གླུ་རིང་མོ་ཞིག་ལེན་བཞིན་ཤར་ཕྱོགས་སུ་བཞུར་ལ། གཡོན་འགྲམ་གྱི་རང་འཐག་ནང་དུ་སྐྱ་ཕྱེ་ཆགས་པའི་དུད་པ་ག་ས་གང་དུ་བསྣར་འདུག སྒོ་ཕྱེས་པ་དང་བསྟུན་ནས་ཆུ་འགྲམ་ལས་ལྡིང་བའི་གྲང་ལྷགས་ཀྱིས་དུད་པ་དང་དྲ་སྒོ་སྦྱར་བའི་ཤོག་ཧྲུལ་བསྒུལ་ཏེ་སིར་སྒྲ་རིང་མོ་ཞིག་གྲགས་ཡོང་བས། སྐྱོ་ལྷང་ལྷང་དང་སྟོང་སེང་སེང་གི་སྣང་བ་ཞིག་སྟེར། བུང་སྟན་བཏིངས་པའི་ཚ་ཐབ་སྟེང་སློག་ཧྲུལ་ཆེ་ཆུང་གསུམ་བལྟབས་ཡོད་ལ། ཐབས་ཆག་གི་ཁྱིམ་ཆས་དག་གཡས་ལོག་གཡོན་ལོག་གིས་བཞག་འདུག
དོན་གྲུབ་ཀྱིས་དེ་དག་མཐོང་སྟེ་ཁོ་ཚང་གི་དྲོད་ཀྱི་ཁེངས་པའི་ཁང་པཟང་དང་སྤུས་ལེགས་ཀྱི་ཤིང་སྣོད། ཀྱ་རེ་ཀྱོར་རེར་འགྲོ་ཐུབ་པའི་བུ་ཆུང་། ཤ་ཤེད་རྒྱས་པའི་རྟ་ནོར་ལུག་གསུམ་དྲན་བཞིན་དྲན་བཞིན་སྙིང་ལ་ཙག་ཤད་ཅིག་བརྒྱབ། སྡུག་བསྔལ་རུམ་གང་བཟུང་བའི་ཁོང་གཉིས་ཀྱིས་ཁ་བརྡའི་མགོ་གང་ཞིག་ནས་འཛིན་དགོས་པའང་མ་ཤེས་པར་རང་རང་ས་ནས་མདོ་གདུགས་སྒྲོལ་གསུམ་འདོན་བཞིན་ཟླ་ངོ་གཅིག་ཇི་ལྟར་འགོར་བ་ཡང་མ་ཤེས།
ལྟོགས་སྐོམ་དང་ནད་ཡམས་ཀྱིས་ཁྱེར་བའི་བུ་ཆུང་གཉིས་ཀྱི་འདས་ཚིགས་ཐོན་པ་ན། ཁོ་མོས་དོན་གྲུབ་འཁྲིད་དེ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་པའི་ས་འབུར་ཞིག་གི་རྩིབ་ལ་ཐོན། ཁོ་མོས་མེ་ཏོག་སྟེང་ཆུ་གཏོར་བཞིན“གཅེས་ལོ་གཉིས་ཀ། འདི་འུ་ཚོས་ཡུན་རིང་སྒུག་པའི་ཨ་ཕ་རེད། ད་ཨ་ཕ་ཁྱེད་གཉིས་ལ་བལྟ་རུ་ཐོན་འདུག ཁྱེད་གཉིས་ཀྱིས་ཁོ་ལ་ལེ་བདའ་མ་བྱེད། ཁོ་ཡང་བཙོན་ཁང་ནས་རྒས་ཏེ་ཕྱིར་ཡུལ་དུ་འུ་ཅག་འཚོལ་དུ་ཡོང་བ་རེད”ཅེས་བཤད་པ་ན། དོན་དེ་ཁོ་མོར་འདྲི་རོགས་མ་ཆོད་པར་ལུས་པའི་དོན་གྲུབ་ཀྱིས“ངའི་གཅེས་ཕྲུག་གཉིས་ཀ ཨ་ཕ་ངས་ཁྱོད་གཉིས་ལ་ཟས་ཁམ་གང་ཡང་སྟེར་མ་ཐུབ་པས་ཁྱེད་གཉིས་་་་་་། ང་ད་རག་བར་དུ་་་་་་”ཟེར་བཞིན་ཕྱག་ཡང་ཡང་འཚལ། ཁོ་མོས་སེམས་གསོ་ཡི་ཚུལ་དུ“ངས་ཁྱེད་རང་སེམས་སྡུག་རྒྱུ་རེད་འདོད་དེ་མ་བཤད་པ་ཡིན། གཅེས་ཕྲུག་གཉིས་ལ་ཁྱོད་རང་ཐོན་འདུག་ཅེས་སྔོན་ནས་བཤད་ཡོད་པས། ད་སེམས་མ་སྡུག ད་འུ་གཉིས་ཀྱིས་ཁོང་གཉིས་ལ་འདས་མཆོད་རེ་སྒྲུབ་རྒྱུ་ནི་གཙོ་བོ་རེད། དཀོན་མཆོག་གསུམ་པོའི་སྐུ་དྲིན་གྱིས་འུ་ཚོ་བྱང་ཕྱོགས་ཤམ་བྷ་ལ་ནས་ཐུག་ནི་རེད། དོན་གྲུབ། ད་སེམས་མ་སྡུག”ཅེས་བཤད་དེ་དོན་གྲུབ་ཡར་བསླངས་ཏེ་ཕྱིར་འཁྲིད་ཡོང་། ཁོང་གཉིས་ཀྱི་སེམས་གཏམ་ཡོད་ཚད་གཉོམ་ལག་མ་རྒྱས་པའི་བུ་ཆུང་གཉིས་ཀྱི་དུར་ས་ནས་ཤོར་ཏེ་ཚེ་གང་པོའི་སྡུག་གཏམ་དུ་གྱུར།
ལོ་གཅིག་ཙམ་ཡང་མ་འགོར་བར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་བསྒྲགས་ཏེ། ཞིག་རལ་དུ་གྱུར་བའི་དགོན་པ་དང་མ་ནི་ཁང་སོགས་ཕྱིར་ཉ་མོ་སྡེ་བར་སྤྲད་པ་མ་ཟད། ལོ་མང་པོར་རྟ་ཁང་བྱས་པའི་ཁོ་ཚང་གི་ཁང་པ་དེ་ཡང་ཕྱིར་བྱིན་ལ། དོན་མེད་དུ་དམར་གསོད་བྱས་པའི་བན་ཆུང་གཉིས་ཀྱང་དཀར་འདོན་བྱས་ཏེ་སྒོར་སུམ་བརྒྱ་རེ་བྱིན་པས། ཁོང་གཉིས་ཀྱིས་བུ་ཕྲུག་བཞི་བོར་འདས་མཆོད་སྟབས་བདེ་ཞིག་སྒྲུབ།
ཁོང་གཉིས་ལ་ཁོམ་པ་རེ་ཡོད་དུས། རྒྱུན་དུ་ཉ་མོ་གྲམ་པའི་འགྲམ་གྱི་ས་རྒོད་བདེ་ཞིང་ཁོད་ཆེ་བ་ཞིག་ཡོད་པ་དེ་བསློག་པ་དང་རྡོ་ར་བསྒྲིགས་པ། གྲམ་ཆུ་འདྲེན་པ་སོགས་བྱས་པས་ཚོད་དཀར་དང་ཙོང་། ཀེའུ་སོགས་སྐྱེས་པའི་ཚོད་གྲྭ་ཆེན་པོ་ཞིག་ཏུ་གྱུར། ལོ་གཅིག་གི་ངལ་བར་བརྟེན་ནས་ཚོད་གྲྭ་དེའི་ཚོད་མའི་ལོ་མ་དང་། རང་འཐག་གི་སྐྱ་ཕྱེ་ཡིས་བྱ་བོ་དང་ཕག་སོགས་གསོས་པས། ཁོང་གཉིས་ཀྱི་བཟའ་བཏུང་ལ་དཀའ་ཁག་མེད་པ་མ་ཟད། མི་གཞན་ལའང་སྟེར་རྒྱུ་ཡོད་པ་རེད།
དོན་གྲུབ་ཀྱིས་བཙོན་ཁང་ནས་བསླབས་པའི་ཤིང་བཟོའི་ལག་རྩལ་གྱིས་ཆུ་ཟོ་སྣ་ཚོགས་དང་རྟ་སྒ་སྣ་ཚོགས། ཤིང་སྣོད་སྣ་ཚོགས། ཁྱིམ་ཆས་སྣ་ཚོགས། ཐ་ན་ཁང་པ་སོགས་ཀྱང་ལས་པས་ཁོང་གཉིས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་། དེ་དང་བསྟུན་ནས་ཁོང་གཉིས་ཀྱིས་ཚོད་གྲྭ་དེའི་གོང་ནས་མཁར ་གྱང་ཆེན་པོ་ཞིག་བསྐོར་ཏེ། རྟ་ཁང་བྱས་པའི་ཁང་རྙིང་གི་ཤིང་ཆར་ཁ་སྣོན་བྱས་ཏེ་ཁང་པཟང་བལྟ་བས་ཆོག་མི་ཤེས་པ་ཞིག་ལས།
ཨ་ཡེ་ལྷ་མོས“ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་་་་་་” ཟེར་གྱིན་ཁོང་གཉིས་ཀྱིས་བསྐྱར་དུ་ལས་པའི་ཤིང་ཁང་ལ་ཐེངས་གཅིག་བལྟ་འདོད་དེ་འདེད་སྒོ་ཕྱེས་པ་ན། སྨག་རུམ་སྟུག་པོའི་ཀློང་ནས་འཁྱག་བསིལ་བསིལ་གྱི་གྲང་ལྷགས་ཤིག་འཚངས་ཡོང་བས། ཨ་ཡེ་ལྷ་མོས་མྱུར་དུ་འདེད་སྒོ་ཕྱིར་བསྟན། ཚ་བོ་མཆོག་ལྡན་ཡང་སད་དེ་མིག་རིག་རིག་གིས་ཡར་འཁོར་མར་འཁོར་བྱེད་ཀྱིན་རྐང་ལག་གཉིས་ཀ་བརྐྱང་སྐུམ་ཡང་ཡང་བྱས་ཏེ་ཉལ་ཐུལ་ལས་ཤ་རྒྱགས་ཤིང་འཇམ་པའི་ལུས་པོ་ཆུང་ཆུང་ཕྱིར་བུད། ཚ་བོ་མཆོག་ལྡན་གྱི་བརླ་ཐོག་གི་སྔོ་ཤུར་དེ་ནི དོན་གྲུབ་ཀྱི་རྨ་ཤུལ་དེ་དང་ཧ་ཅང་མཚུངས་པས། ཨ་ཡེ་ལྷ་མོས་འོ་ཡང་ཡང་བྱེད་ཀྱིན་དགའ་སྐྱོ་མཉམ་བསྲེས་ཀྱི་མིག་ཆུ་བཞུར།
ཨ་ཁུ་དོན་གྲུབ་ཀྱི་ལུས་ཚེགས་ཐེངས་རེར་བརླ་གཟར་ཏེ་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་སྲིད་ལ། མཚམས་རེར་དབང་བོ་ཤོར་བའང་ཡོད། སྨན་ཁང་དུ་སོང་བ་ན། གཅར་རྡུང་བྱས་ཏེ་ཆག་གྲུམ་ཤོར་བའི་བརླ་རུས་ཕྱིར་སོས་མེད་པ་རྟོགས། ཁོང་གཉིས་ཀྱིས་གླ་རྩི་སོགས་བོད་སྨན་གོང་ཆེན་བཙལ་ཏེ་འཐུང་བས་ཕྱིར་སོས་པ་མ་ཟད། ཁོ་གཉིས་ལ་སྙིང་རྗེ་བའི་བུ་ཆུང་ཞིག་ཀྱང་སྐྱེས། ཡིན་ཡང་། ནམ་ཞིག་གི་ཚེ་སྔོན་གྱི་བུ་ཆུང་བཞི་ལྟར་བགེགས་བར་ཆད་ཅིག་བྱུང་འགྲོ་སྙམ་སྟེ་ཡར་དཀོན་མཆོག་ལ་གསོལ་བ་དང་མར་དབུལ་ཕུངས་ལ་སྦྱིན་པ་བཏང་། ཡར་དཀོན་མཆོག་གི་བཀའ་དྲིན་ཡིན་ནམ། ཡང་ན་ཕ་མ་བུ་ཕྲུག་གི་ལས་འབྲེལ་ཡོད་པས་ཡིན་ནམ། གང་ལྟར་བུ་ཆུང་ནི་ཕྱི་རྐྱེན་དང་ནང་རྒྱུ་ ངན་པ་གང་གིས་ཀྱང་མ་གཙེས་པར་ཁོའི་མིང་ལྟར་ཚེ་རིང་།
ཁོང་གཉིས་ཀྱིས་ཚེ་འདས་བྱས་པའི་བུ་ཆུང་བཞི་ཡི་བརྩེ་འདང་ཡོད་ཚད་ཚེ་རིང་ཐར་གྱི་སྟེང་དུ་འཁོར་ཏེ་ཁོང་གི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་སྤྲས་བྱས། ཚེ་རིང་ཐར་ལོ་བཞི་ལྔ་ལ་ཐོན་ཏེ་སྐད་ཆ་འགའ་རེ་བཤད་ཤེས་དུས། མཚམས་རེར“དགོན་པ། དགོན་པ” ཟེར་ལ། མཚམས་རེར“རང་འཐག རང་འཐག”ཟེར་བས། ཁོང་གཉིས་ཀྱིས་སྐབས་རེར་བན་དེ་གཅིག་གི་རྣམ་ཤེས་མིན་ན་བུ་ཆུང་གཅིག་གི་རྣམ་ཤེས་རེད་འདོད་དེ་དགའ་བ་འབུམ་གྱིས་མྱོས་ལ། སྐབས་རེར་ཁོ་ཚོ་བཞི་བོ་འདས་ཏེ་ལོ་ངོ་ཉི་ཤུ་ལྷག་འགོར་ཡོད་པས་ཁོ་ཚོའི་རྣམ་ཤེས་ཡིན་མི་སྲིད་སྙམ། ཡང་སྐབས་རེར་ཁྲིགས་ཁྲིགས་མེད་ན་སྐབས་དེའི་རྣམ་ཤེས་གྲངས་ལས་འདས་པ་ད་བར་དུ་འགྲོ་ས་མ་རྙེད་པས ་ད་སྐྱེས་པ་ཡིན་སྲིད་ལ། ཡང་མིན་ན་རྣམ་ཤེས་ཡང་སྐྱེས་ཡང་འདས་བྱས་ཏེ་ད་སྐྱེས་པ་ཡིན་རྒྱུ་རེད་འདོད་དེ་ཐེ་ཚོམ་གྱི་རྒྱ་རུ་ཚུད། གང་ལྟར་ཕ་ཤུལ་འཛིན་མཁན་དང་ཁོང་རྒན་རྒོན་གཉིས་ལ་བདག་སྐྱོང་བྱེད་མཁན་ཞིག་ཡོད་པས་སེམས་པ་སྤྲོ་ལྷང་ལྷང་དུ་གྱུར།
ལྷག་པར། ང་བརྒྱད་ལོར་ཕྱུག་པོའི་ལག་ནས་གཞུང་བཞེས་བྱས་པའི་ས་ཞིང་དང་རྟ་དྲེལ་བུང་བུ། ནོར་ལུག་ར་ཕག་སོགས་ཉ་མོ་སྡེ་བའི་མང་ཚོགས་ཡོངས་ལ་བགོས་ཏེ་ད་ནས་བཟུང་མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཚུལ་གསུངས། ཁོ་ཚང་ལ་ཡང་ར་ལུག་འགའ་བྱིན། དེ་དག་ནི་སྔོན ་ཆད་ཁོ་ཚང་གི་བརྒྱ་ཆའི་གཅིག་ཀྱང་མི་ཟིན་མོད། ཁོ་ཚང་གི་ཕྱུགས་ཟོག་གསོ་བའི་མཐུན་རྐྱེན་དུ ་གྱུར་བས། བདེ་ཐོག་སྐྱིད་དང་ཕྱུག་ཐོག་ཕྱུགས་ཀྱིས་བརྒྱན།
ཁོང་གཉིས་ཀྱིས་ཉ་མོ་གྲམ་པའི་ཚོད་གྲྭ་རུ་མཐོ་སྒང་ནས་སྐྱེས་པའི་སྔོ་ཚོད་དང་སིལ་སྡོང་སྣ་ཚོགས་འདེབས་འཛུགས་བྱས་ཤིང་ས་ཞིང་སྟེང་དུ་གྲོ་ནས་སྲན་གསུམ་གཙོ་བྱས་པའི་འབྲུ་རིགས་སྣ་ཚོགས་བཏབ་ལ། རི་མགོ་རུ་ནོར་ལུག་ར་གསུམ་གཙོ་བྱས་པའི་ཕྱུགས་ཟོག་མང་པོ་གསོ་སྐྱོང་བྱས་པས། ལོ་རེ་ནས་ལོ་རེར་ཇེ་ཕྱུག་ཏུ་གྱུར་སྟེ་ཉ་མོ་སྡེ་བའི་ཆེས་ཕྱུག་པོར་གྱུར། གོང་སྲིད་གཞུང་གིས་ཀྱང་ཁོང་བཟའ་ཟླ་གཉིས་ལོ་རེར་ངལ་རྩོལ་དཔེ་ལེགས་ཅན་དུ་འདེམས་ཏེ་གཟེངས་བསྟོད་མང་པོ་བྱས། ཁོང་གཉིས་ཀྱི་སེམས་སུ་སྔོན་ཆད་ཕྱུག་པོ་རྣམས་ནི་རིག་ས་མེད་པའི་གྲལ་རིམ་དགྲ་བོ་ཡིན་ལ། ཚོགས་འདུ་ཆེ་ཆུང་ཀུན་ཏུ་དགག་པ་བརྒྱག་མོད། ད་ལྟ་ཚོགས་འདུ་ཆེ་ཆུང་ཀུན་ཏུ་བསྟོད་པ་བྱེད་པ་ནི་ཅི་ཡིན་ནམ་སྙམ་བཞིན་སེམས་བདེ་ལ་འབབ་མ་ཐུབ་ཀྱང་། བུ་ཆུང་ཚེ་རིང་ཐར་ལ་རྒྱུ་ནོར་ཕུན་སུམ་ཚོགས་པ་ཞིག་འཇོག་དགོས་པའི་དམ་བཅའ་སེམས་ལ་བཅིངས་ཏེ་མུ་མཐུད་དུ་སྡོང་འཛུགས་ནགས་སྐྲུན་དང་ཞིང་རྨོ་ལོག་བརྒྱག རྩྭ་ཁ་ཆུ་ཁ། ཕྱི་གཏོང་ནང་འདྲེན་སོགས་ལ་འབད་པ་ལྷོད་མེད་བྱས།
ལོ་ངོ་འགའ་ཡང་མ་འགོར་བར་ང་བརྒྱད་སྐབས་ཀྱི་ཞིང་དབུལ་དེ་དག་སླར་ཡང་ཞིང་དབུལ་དུ་གྱུར་སྟེ། ཁོ་ཚང་གིས་བཟའ་རྒྱུ་དང་གོན་རྒྱུ་ཡི་རོགས་རམ་བྱེད་དགོས་བྱུང་། དེ་ནི་བོད་མིར་མཚོན་ན་མེད་པོར་སྦྱིན་པ་བཏང་སྟེ་དགེ་བ་སྒྲུབ་པ་དང་མཚུངས་པས། ཁོང་གཉིས་ཀྱིས་སེར་སྣ་སྤུ་ཙམ་ཡང་མ་བྱས། རིམ་བཞིན་ཁོང་གཉིས་ཀྱི་མཚང་མིང་ཡང་ལྷ་མོ་སྨྱོན་མ་དང་དོན་གྲུབ་གྱོལ་ལྡིང་སོགས་འགྱུར་སྟེ་ཨ་ཡེ་ལྷ་མོ་དང་ཨ་ཁུ་དོན་གྲུབ་སོགས་ཀྱི་གུས་ཚིག་སྣ་ཚོགས་སྦྱར་ཏེ་འབོད་ལ། སྡེ་བའི་ཕོ་མོ་རྒན་གཞོན་ཀུན་གྱི་བློ་འདྲི་ས་དང་སེམས་གཏོད་སར་གྱུར། ཡིན་ཡང་ནམ་ཞིག་གི་ཚེ་དཀར་ནག་གོ་ལྡོག་པའི་ལས་འགུལ་ཞིག་ཡོང་སྟེ་ཁོ་ཚང་གི་ཡོད་ཚད་འཕྲོག་ངེས་ཡིན་སྙམ་སྟེ་སེམས་འཁྲལ་བྱས།
བུ་ཆུང་ཚེ་རིང་ཐར་ཡང་ཚེ་འདས་ཀྱི་བུ་ཆུང་དག་དང་འདྲ་བར་སྙིང་རྗེ་ཞིང་ཡིད་དུ་འོང་བ་ཞིག་ཡིན་མོད། ཁོང་གསུམ་གྱི་དྲན་ཕྱོགས་དང་ལས་ཕྱོགས་ནི་ཁ་ཁ་རུ་གྱུར། ཚེ་རིང་ཐར་གྱིས་ཚེ་འདིའི་དངོས་ཡོད་འཚོ་བ་གཙོ་བོར་བཟུང་སྟེ་ཚན་རིག་ལག་རྩལ་ལ་དུངས་ཤིང་གློག་ཆས་དང་འཕྲུལ་ཆས་ཀྱི་རིགས་བསྣོག་པར་ཤིན་ཏུ་དགའ། ཁོ་རང་ལོ་བདུན་ནས་བཟུང་ཉ་མོ་སྡེ་བའི་སློབ་ཆུང་འགྲིམ་ཞིང་། ལོ་ཉི་ཤུ་སྟེང་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཉ་མོ་སྡེ་བའི་སློབ་ཆུང་གི་དགེ་རྒན་བྱས། ཁོས་ཉ་མོ་སྡེ་བའི་དུས་གསུམ་གྱི་འགྱུར་བ་དང་ཕ་མ་གཉིས་ཀྱི་ཡ་ང་བའི་ལས་དབང་ལ་སྤྱི་སྡོམ་བྱས་ཏེ། འགྲན་རྩོད་ཀྱི་དུས་རབས་འདི་ལས་ཐར་བའི་ཐབས་ལམ་འཚོལ་བ་ལས། མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ལམ་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད། ལྷག་པར་བླ་མའི་གསང་བའི་མཛད་པ་དང་ཆོས་པའི་ཚུལ་མིན་གྱི་བྱ་སྤྱོད་དག་ལ་མཐའ་གཅིག་ཏུ་སུན་འབྱིན་བྱེད་ཅིང་།
གྲོང་བའི་ཁ་ནས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུྃ་འདོན་ཞིང་ཁོག་ནས་རང་དོན་ཁོ་ན་གཉེར་སྟེ། སྡེ་བའི་ལམ་གཅོད་པ་དང་ཆུ་རྐ་བཤིག་པ། རྩྭ་ར་བཤིག་པ། སྟག ་གཟིག་སྲམ་ཝ་སོགས་ཀྱི་པགས་པ་ལུས་ལ་གྱོན་ཞིང་། གསེར་དངུལ་གཡུ་བྱུ་སོགས་ལུས་ལ་བཏགས་ཏེ་ཕྱུག་མདོག་སྟོན་བཞིན་པ་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། རང་ནུས་ཅི་ལྕོགས་ཀྱིས་ཉ་མོ་སྡེ་བའི་སློབ་གསོ་གོང་སྤེལ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པས་གཞོན་པ་ཡོངས་ཀྱིས་ཁོ་ལ་རྒྱབ་སྐྱོར་བྱེད་མོད། ལོ་ལོན་ཡོངས་ཀྱིས་ཚོགས་ས་འདུ་ས་གང་ཡིན་ནས་ཨ་ཡེ་ལྷ་མོ་ཚང་ལ་རྒྱལ་བོ་གླང་དར་འཁྲུངས་ཡོད་པ་དང་ལྟ་བ་ལོག་པའི་བུ་ཞིག་སྐྱེས་ཡོད་པ་སོགས་གླེང ་བཞིན་ཡོད།
ཁོང་རྒན་རྒོན་གཉིས་ཀྱང་ལོ་ལོན་གཞན་དག་དང་འདྲ་བར་ལས་དབང་ལ་ཡིད་ཆེས་བྱས་ཏེ་སྔ་མ་ཅི་བྱས་ད་ལྟའི་ལུས་ལ་ལྟོས། ཕྱི་མ་གར་འགྲོ་ད་ལྟའི་ལས་ལ་ལྟོས་ཞེས་པའི་གསུང་བཞིན་ཚེ་འདིའི་སྐྱིད་སྡུག་ཡོད་ཚད་སྐྱེ་བ་སྔོན་མར་བསགས་པའི་རྣམ་སྨིན་ཡིན་པ་དང་། སྐྱེ་བ་གཞུག་མའི་སྐྱིད་སྡུག་ཐ་དག་ད་ལྟའི་དགེ་སྡུག་ལ་རེག་ལས་པར་འདོད་དེ་དགྲ་གྲོགས་ཀྱི་དབྱེ་བ་མི་འབྱེད་པར་གཉོམ་དུངས་དུངས་ཀྱིས་འཚོ་བ་ཀུན་གྱིས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།
རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་དང་ཚེ་མི་རྟག་ནམ་མཁའི་གློག་དང་འདྲ་ཞེས་པ་ཅི་མ་བདེན་ཁོང་གཉིས་ཀྱི་མི་ལོ་བཞི་བཅུ་ལྷག་གི་ཡོད་ཚད་དུས་འགྱུར་ཞིག་ལ་འཐིམ་མོད། བུ་ཆུང་ཚེ་རིང་ཐར་གཙོ ་བྱས་པའི་མི་ཕྱུགས་རྒྱུ་ནོར་ཡོངས་སླར་ཡང་འཕེལ་བས། ཡོད་ཚད་ལ་གསོན་ཤུགས་གསར་པཞིག་རྒྱས།
༤ སེམས་འཁྲལ།
ཚ་བོ་མཆོག་ལྡན་གྱིས་ཨ་ཡེ་ལྷ་མོའི་ཆུ་མིག་བརྡོལ་འདྲའི་མིག་ཟུང་ལ་ཅེར་ཏེ་མཚམས་རེར་འཛུམ་ཞིང་མཚམས་རེར་ངུ་ལ། མཚམས་རེར་རྐང་ལག་བརྐྱང་སྐུམ་ཡང་ཡང་བྱེད་པས་ཁོ་མོས “ཁྱོད་ལས་ཅན་རེད། ཁྱོད་གང་ནས་སྐྱེས་འདོད་ན། དེ་ནས་སྐྱེས་ཐུབ་སོང་བ་རེད། ལས་ངན་མ་ང་ད་རུང་འཆི་བ་མེད་པར་ལུས་འདུག”ཅེས་མིག་ཆུ་ཕྲེང་ཐག་ཆད་པ་བཞིན་ལྷུང་།
ང་ཚོ་བོད་མི་ཞིག་ལ་མཚོན་ན། སྐྱེ་བ་གཞུག་མའི་དོན་དུ་ཚེ་འདིའི་བདེ་སྐྱིད་ཡོད་ཚད་བློས་གཏོང་ཐུབ་ལ། ཚེ་འདིའི་དགེ་བ་ཡོད་ཚད་ཀྱང་སྐྱེ་བ་གཞུག་མའི་དོན་དུ་ཡིན། ལྷག་པར་ལོ་ལོན་རྣམས་ལ་མཚོན་ན། ཚེ་ཕྱི་མའི་འཇིགས་སྐྲག་སེལ་བ་དང་སྐྱེ་བ་གཞུག་མར་མི་ཞིག་གི་སྐྱེ་བ་ལེན་པའི་ཆེད་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ཁ་བཏོན་དགེ་སྦྱོར་བྱེད་ཀྱིན་ཡོད་པས་ཁོ་མོའི་སེམས་འཁྲལ་བྱེད་པ་ལ་ཡང་ཁག་མི་འདུག
ཨ་ཡེ་ལྷ་མོའི་ལག་གཉིས་ཀྱིས་ཉལ་ཐུལ་ཚ་བོའི་སྟེང་ཡང་མོས་བཀབ་རྗེས“དཀོན་མཆོག་གསུམ་པོ། མ་གྱུར་སེམས་ཅན་ཐམས་ཅད་ལ་མགོན་སྐྱབས་གནངས་ཏེ་ཆག་འཇིག་ཀུན་ལས་གྲོལ་བར་ཤོག འགྲོ་བ་རིགས་དྲུག་ཀུན་ལ་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག ནད་དང་འཇིགས་པས་འཁྱེར་བའི་རྣམ་ཤེས་ཐ་དག་ནུབ་ཕྱོགས་བདེ་བ་ཅན་ནས་སྐྱེས་པར་ཤོག དཀོན་མཆོག་གསུམ་པོ། ངའི་འདོད་ཆགས་ཞེ་སྡང་གཏི་མུག་གིས་བསྐྱེད་པའི་སྡིག་པ་ཡོད་ཚད་གཤེགས་པར་ཤོག ངའི་ཤ་ཟོས་པ་དང་ཁྲག་འཐུང་བ། ལུས་སྡིག་བྱས་པ། སེམས་སྡིག་བྱས་པ་ཡོད་ཚད་དག་པའི་ཆེད་དུ་ཨོཾ་མ་ཎི་པདྨེ་ཧཱུྃ༎ཨོཾ་མ་ཎི་པདྨེ་ཧཱུྃ།། ཨོཾ་མ་ཎི་པདྨེ་ཧཱུྃ” ཟེར་བཞིན་ལག་གི་ཕྲེང་བ་མྱུར་འདྲེན་བྱེད། དེར་བལྟས་ན་ཁོ་མོ་ནི་སྡིག་སྒྲིབ་ཅན་གྱི་སྲིན་མོ་ཞིག་དང་མི་གསོད་ཀྱི་གཤེད་མ་ཞིག་ལོས་ཡིན་འདོད་པའི་ཚོར་བ་ཞིག་སུ་ལ་ཡང་སྟེར།
ཁོ་མོར་ཁག་མི་འདུག་སྟེ་ཚེ་སྟོད་ཀྱི་མནར་གཅོད་ཚར་ཏེ་ཚེ་བར་གྱི་སླར་འཛོམས་བྱུང་མོད། ཚེ་སྨད་ལ་ཐོན་པ་ན། ཡུལ་ཁམས་ཀུན་ཏུ་གློ་བའི་གཅོང་ནད་དང་བྱ་ནད། སྐྲན་ནད་སོགས་ནད་ཡམས་སྣ་ཚོགས་བྱུང་ལ། ཆུ་ལོག་བརྒྱུགས་པ་དང་སོལ་དོང་བརྡིབས་པ། ས་འགུལ་བྱུང་བ། ནང་འཁྲུག་དང་འཐབ་འཁྲུག་སོགས་ཀྱིས་མི་ཕྱུགས་གཙོ་བྱས་པའི་སྲོག་ཆགས་ཁྲི་ཁྲི་འབུམ་འབུམ་ལ་ཤི་རྨས་འཚབ་ཆེན་ཐེབས་པ་སོགས་བརྙན་འཕྲིན་དང་རླུང་འཕྲིན་ལས་བར་མཚམས་མེད་པར་མཐོང་ཐོས་སུ་གྱུར་པས། ཁོ་མོའི་སྙིང་རྗེ་ཡི་མིག་ཆུ་སླར་ཡང་བཞུར།
ཁོ་མོས་ནམ་ཞིག་ལ་སེམས་མགོ་ཁྲག་དང་སེམས་སྟེང་སྣག་བྱས་ཏེ་བསྐྲུན་པའི་མགོ་ཁང་པ་དང་། ནང་མི་ཕྱུགས་སོགས་ལ་ནད་ཡམས་ཞིག་གམ་ས་འགུལ་ཞིག་གིས་ཡོད་ཚད་བརྙན་འཕྲིན་ནང་ལྟར་ཞིག་རལ་དུ་སྒྱུར་འགྲོ་སྙམ་ལ། ལྷག་པར་འཆར་ལྡན་བྱིས་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཕྱུགས་ཟོག་ལ་བཤའ་བྱེད་པ་བཞིན་བུད་མེད་ཚོའི་སྐྱེས་སྒོ་གཅོད་པ་དང་ཕྲུ་གུ་འདེད་པ། འགོག་སྨན་འཐུང་བ་སོགས་བྱས་ཏེ་མིར་སྐྱེས་པའི་སྒོ་ཐམས་ཅད་བཅད་པས། ཁོ་མོའི་ཁ་ནས་ཨོཾ་མ་ཎི་པདྨེ་ཧཱུྃ་འདོན་པ་ལས་ཁོག་ནས་ཚེ་འདི་ཕྱི་གཉིས་ཀྱི་དོན་དག་གཅིག་ཀྱང་མ་འཁྱོངས་ཐལ་འདོད་དེ་སེམས་འཁྲལ་གྱིས་མནར།
ཡུལ་ཁམས་ཀུན་ལ་གློ་བའི་གཅོང་ནད་བྱུང་བའི་སྐབས་སུ་ཁོ་ཚང་གི་དོན་གྲུབ་ལ་ཕོ་བའི་སྐྲན་ནད་བྱུང་སྟེ་བཅའ་བ་རིམ་གྲོ་དང་བོད་སྨན་རྒྱ་སྨན། ཕྱི་སྨན་གང་ལ་བསྟེན་ཀྱང་གོ་མ་ཆོད་པར་འདས། ཁོ་ཚང་གིས་ཉ་མོ་དགོན་པ་གཙོ་བྱས་ཏེ་དགོན་སྡེ་མང་པོར་མང་ཇ་བསྐོལ་བ་དང་ཨ་ལགས ་མང་པོར་བསྔོ་ཞུ་དྲངས་ཀྱང་འདྲེ་རུ་སྐྱེས་ཏེ། ཚེ་ཕྱི་མའི་ལམ་ཆེན་རྣམ་ཤེས་ཀྱི་བཀང་ནས་འགྲོ་ས་ཞིག་མེད་ཚུལ་ཁ་ལབ་པས། ཁོ་མོའི་རང་ཉིད་ཀྱི་སེམས་ཚེགས་བྱེད་པ་དེ་དག་བདེན་པར་འདུག་སྙམ་སྟེ་སྐྱེ་བ་གཞུག་མར་ཆོས་ལྡན་བོད་ཡུལ་ནས་སྐྱེས་རྒྱུ་ཕར་ཞོག འགྲོ་བ་མི་ཞིག་གིས་ཀྱང་སྐྱེས་དཀའ་རྒྱུ་རེད་འདོད་དེ་རེ་བའི་མེ་ཏོག་བསྐམས།
དོན་གྲུབ་འདྲེ་རུ་སྐྱེས་པ་དེས་ཁོ་ཚང་གཙོ་བྱས་ཏེ་ཉ་མོ་སྡེ་བ་ཟིང་ཟིང་ལོང་ལོང་ཞིག་ཏུ་བཏང་། ཁོ་ཚང་གིས་ཉ་མོ་དགོན་པའི་ཨ་ལགས་གདན་འདྲེན་ཞུས་ཏེ་ལམ་སྟོན་ཡང་ཡང་བྱས་པས། ལོ་གཅིག་གི་རྗེས་ནས་ད་གཟོད་ཁོ་ཚང་དུ་སྐྱེས། རྟགས་དང་རྟེན་འབྲེལ་གང་ལ་བལྟས་ན། འདས་པའི་ཨ་ཁུ་དོན་གྲུབ་དང་ཚ་བོ་མཆོག་ལྡན་གཉིས་ནི་ལུས་ཇེ་ཆུང་དུ་སོང་བ་ལས་མི་གཅིག་ཡིན་པའི་ཚོར་བ་ཞིག་སྟེར། ལྷག་པར་བརླ་ཤའི་ཐོག་གི་སྔོ་ཤུར་དང་འཆི་ཁར་མནན་པའི་རྟགས་གཉིས་ནི་ཤིན་ཏུ་གསལ་པོ་ཡིན་ལ། མཚམས་རེར་ཚ་བོས་ཨ་ཁུ་དོན་གྲུབ་ཀྱི་ཕྲེང་བ་དང་དཀར་ཡོལ་སོགས་ལག་ཏུ་བཟུང་སྟེ་སུ་ལ་ཡང་མི་སྟེར་ཞིང་། མཚམས་རེར་ཁོ་མོའི་པང་ནས་རང་འཐག་དང་བུ་ཆུང་གཉིས་ཀྱི་དུར་སར་མཛུབ་ཆུང་གིས་ཡང་ཡང་སྟོན་པ་སོགས་ཀྱི་རྟགས་སྣ་ཚོགས་སྟོན་པས། ཨ་ཡེ་ལྷ་མོ་ཡི་རེ་བའི་མེ་ཏོག་སླར་ཡང་འབུས་ཏེ། མ་ཎི་ཁང་དང་ལོ་ལོན་འཚོགས་ས་ཀུན་ནས་རྣམ་ཤེས་ཡ་མཚན་ཡིན་ཚུལ་དང་རྟགས་གང་ན་ཡོད་ཚུལ་སོགས་བཤད་གང་ཐུབ་དང་སྟོན་གང་ཐུབ་བྱེད། ལོ་ལོན་དག་ཀྱང་དགའ་བ་འབུམ་གྱིས་མྱོས་ཏེ་དོན་གྲུབ་ལས་ཅན་ཡིན་ཚུལ་དང་། ཚེ་སྔ་ཕྱི་ཟེར་བ་འདི་འདྲ་ཡིན་ཚུལ་སོགས་གླེང་སྟེ། རང་རང་གི་ཚེ་ཕྱི་མའི་འགྲོ་རོགས་ཨོཾ་མ་ཎི་པདྨེ་ཧཱུྃ་འདོན་གང་ཐུབ་དང་མ་ཎི་བསྐོར་གང་ཐུབ་བྱེད་ཀྱིན་ཡོད།
ནམ་གསལ་ཏེ་ཉི་རྩེ་ཡང་ཤར་རི་ལས་བུད་པ་ན། ཨ་ཡེ་ལྷ་མོས་མདང་དགོང་བརྙན་འཕྲིན་ལས་རང་རྒྱལ་གྱི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཚང(ཝིན་ཁྲོན)རྫོང་སོགས་སུ་ས་འགུལ་དྲག་པོ་བརྒྱུགས་ཏེ་མི་ཕྱུགས་གྲངས་མེད་ཤ་ཉོག་རུས་ཉོག་ཏུ་བཏང་བ་དང་། ཁང་ཁྱིམ་མང་པོ་ས་བཤིག་རྡོ་བཤིག་ཏུ་བཏང་ཡོད་པ་སོགས་དྲན་ནས་རང་དབང་མེད་པར་བྲེད་ཤ་ཞིག་ལངས་ཏེ“ཚེ་རིང་། མནའ་མ། ཡར་ལོངས་ཡ། ཉི་འོད་ཨོང་ཤ་ནང་དུ་ཤར་འདུག་པ་མི་རིག་གམ། ད་ནོར་ལུག་ཁ་གནམ་བཏགས་བྱས་ཏེ་འདུག་རན་མ་རེད། ལངས་ཏེ་ནོར་ལུག་རི་མགོར་འདེད་རན་རེད” ཅེས་བུ་དང་མནའ་མ་གཉིས་གཉིད་ལས་བསླངས་རྗེས་འདོན་པ་ཟློ་བཞིན་མཆོད་ཁང་དུ་སོང་ནས་མཆོད་པ་མཆོད་མེ་བཤམ།
མནའ་མ་ཡིས་འདེད་སྒོ་ཕྱེས་ཏེ་ནམ་གསལ་ཡོད་མེད་ལ་ཐེངས་གཅིག་བལྟས་ནས་མྱུར་སྟབས་ཀྱིས་ཡར་ལངས་ཤིང་ཁ་ལག་སྟབས་བདེ་ཞིག་འཁྲུས་རྗེས། སྒྲོལ་མ་འདོན་བཞིན་བཞོན་མ་བཞོ་བ་དང་ནངས་ཟ་བསྐོལ། ཚེ་རིང་ཐར་ཡང་ཡར་ལངས་ཏེ་ནངས་གསང་ཕུལ་རྗེས། དཔེ་ཆ་མཐུག་པོ་ཞིག་མཆན་ལ་བཙིར་ནས་ནོར་ལུག་རི་མགོར་དེད། དེ་ནི་ཁོ་ཚང་གི་ནངས་ལས་ཡིན་ལ། ཉ་མོ་སྡེ་བའི་ཁྱིམ་ཚང་ཡོངས་ཀྱི་ཆེས་སྤྱིར་བཏང་གི་ནངས་ལས་ཀྱང་ཡིན་པས་རེ་ཞིག་ལ་ཉ་མོ་སྡེ་བའི་སྲང་ལམ་ཀུན་ཏུ་ནོར་ལུག་གིས་ཁེངས་ལ། མཁའ་དབྱིངས་སུ་གསང་དུ་དང་ཚ་གསུར་གྱི་དྲི་མས་ཁྱབ།
ཨ་ཡེ་ལྷ་མོས་ནངས་ཇ་འཐུང་རྗེས་སྔོན་དང་འདྲ་བར་ཚ་བོ་པང་དུ་བཟུང་ནས་མ་ཎི་ཁང་དུ་སོང་། ཁོ་མོའི་ཉིན་གང་པོའི་ལས་ཀ་གཙོ་བོ་ནི་ཚ་བོ་ལ་བདག་སྐྱོང་བྱེད་ཞོར་དུ་མ་ཎི་བསྐོར་བ་དང་མ་ཎི་འདོན་པ་དེ་ཡིན། ལོ་ལོན་གཞན་དག་གི་ལས་ཀ་ཡང་དེ་ལས་མ་འདས་པས། རང་རང་ས་ནས་ཁ་ཏོན་འདོན་བཞིན་མ་ཎི་ཁང་དུ་སླེབས། ཁོ་ཚོ་མཉམ་དུ་འཛོམས་པ་ན་ཁོ་ཚོའི་ལས་ཀ་ནི་མ་ཎི་བསྐོར་བ་དང་མ་ཎི་འདོན་པ་ཁོ་ན་ཙམ་མ་ཡིན་པར་ཆུང་བ་ཁྱིམ་ཚང་ནས་ཆེ་བ་རྒྱལ་ཁབ་བར་གྱི་དོན་དག་ཆེ་མ་ཆུང་གསུམ་ཐ་དག་ཡིན། ལྷག་པར། ད་ལྟ་བརྙན་འཕྲིན་དང་རླུང་འཕྲིན་སོགས་ཡོད་ཅིང་ཨ་ཁུ་ཞྭ་གོན་གྱི་རྒྱ་སྐད་གོ་བས་ཕྱི་རྒྱལ་གྱི་དོན་དག་ཆེ་མ་ཆུང་གསུམ་ཡང་ཁོ་ཚོའི་རྩོད་གཞི་ཡིན།
ཨ་ཁུ་ཁོ་ནི་ཨ་ཁུ་དོན་གྲུབ་ཀྱི་བཙོན་གྲོགས་ཨ་ཁུ་རྟ་མགྲིན་རྡོ་རྗེ་ཡིན་ལ། སྔོན་ཆད་སྔགས་པ་འདོན་བཟང་ཅན་ཞིག་ཡིན། རིག་གནས་གསར་བརྗེ་ཡི་སྐབས་སུ་ཉེས་ཅན་གྱི་ཞྭ་གོན་མྱོང་བས། ད་ལྟ་མི་ཚང་མས་ཨ་ཁུ་ཞྭ་གོན་ཞེས་འབོད་ལོབས་སུ་སོང་ཡོད། ཁོང་རང་ཡང་བཙོན་ཁང་ནས་ལོ་ངོ་ཉི་ཤུ་ཙམ་ལ་བསྡད་པས་རྒྱ་སྐད་དག་མོ་ཞིག་བཤད་ཤེས་ལ། ད་ལྟ་ཁོ་ནི་ལོ་ལོན་ཚོའི་ཁ་བརྡའི་དབུ་མཛད་དུ་གྱུར་ཡོད། ཁོའི་དེ་རིང་གི་གླེང་གཞི་གསར་པནི་མདང་དགོང་བརྙན་འཕྲིན་གྱི་ས་འགུལ་དྲག་པོ་དེ་ཡིན་ལ། ལོ་ལོན་ཚོའི་སེམས་འཁྲལ་ཇེ་ལྕི་རུ་གཏོང་བའི་གསར་འགྱུར་ཞིག་ཀྱང་ཡིན་པས། ཁོ་ཚོས་རང་རང་ས་ནས་ཕྲེང་བ་མྱུར་འདྲེན་དང་མ་ཎི་མྱུར་བསྐོར་བྱེད་ཀྱིན་ཡུན་རིང་འགོར།
མཚམས་ཤིག་ལ། ཨ་ཡེ་ལྷ་མོའི་པང་གི་ཚ་བོ་ཡིས་མ་ཎི་བཟུང་ཐག་ལ་འཇུས་ཏེ་འཛུམ་བཞིན་ཁ་ནས“ཨིན་་་ཨིན་་་”ཞེས་མ་ཎི་ཡིག་དྲུག་འདོན་པ་དང་འདྲ་བས། ཁོ་ཚོས་མགོ་བོ་ཀྲོག་ཀྲོག་ཀྲོག་བྱས། དེ་ནི་ཁོ་ཚོར་རྣམ་ཤེས་འགྲོ་ས་མེད་ན་ང་རང་ཁྱིམ་ནས་ཕྱིར་སྐྱེས་ཐུབ་བམ་ཟེར་བ་དང་འདྲ་བས། དེར་འདུས་ཀྱི་ལོ་ལོན་ཚོས་སྔོན་ཆད་ཨ་ཁུ་དོན་གྲུབ་དང་འགྲོགས་ཏེ་མ་ཎི་བསྐོར་བའི་རྣམ་པ་ཡིད་ལ་དྲན་ཞིང་རྣམ་ཤེས་འགྲོ་ས་མེད་ཟེར་བ་ནི་རྫུན་རེད། རྣམ་ཤེས་འགྲོ་ས་མེད་ན་ཁོ་རང་ཕྱིར་ཡོང་ཐུབ་བམ་སྙམ་སྟེ་སེམས་བདེ་ལ་བབས།
ཨ་ཡེ་ལྷ་མོས“ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱོད་ཚོས་ལྟོས་དང་། ངས་བཤད་བཤད་ཐམས་ཅད་ཨེ་བདེན་གི རྣམ་ཤེས་ཟེར་བ་འདི་འདྲ་རེད”ཟེར་བཞིན་ཚ་བོའི་ངོ་ལ་བལྟས་ཏེ་མི་བསམ་ཤེས་ཤིག་ལ་ཁ་བརྡ་བྱེད་པ་ལྟར“ཡང་ཁྱོས་མ་ཎི་འདོན་བཞིན་ཡོད་དམ། ཡང་ཁྱོས་མ་ཎི་བསྐོར་ན་འདོད་དམ”
ཞེས་ཚ་བོ་ལ་ཁ་གཙེ།
ཨ་ཁུ་ཞྭ་གོན་གྱིས“་་་་་མེའི་འཇིགས་པ་དང་ཆུའི་འཇིགས་པ་དང་། དུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། དགྲའི་འཇིགས་པ་དང་། ལྕེ་འབབ་པའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་། སྐར་མདའ་ལྟུང་བའི་འཇིགས་པ་དང་།་་་་་་གདོན་རྣམས་ལས་བདག་བདེ་ལེགས་སུ་གྱུར་ཅིག”ཅེས་ལག་ཟུང་སྙིང་གར་འཁྱེར་བཞིན“གདུགས་དཀར་གྱི་ནང་དུ་གསུངས་པའི་འཇིགས་པ་ཐ་དག་ད་ལྟ་ང་ཚོའི་མགོ་ཐོག་ཏུ་སྨིན་བཞིན་འདུག མདང་དགོང་གི་བརྙན་འཕྲིན་ལ་ཨེ་བལྟས”ཞེས་བཤད་དེ་སུ་ཞིག་གི་ལན་སློག་པར་རེ་སྒུག་བྱས། སུས་ཀྱང་ཁ་མ་གྲགས་པས“འདི་དག་ཚང་མ་ང་ཚོ་འགྲོ་བ་མི་ཡིས་ས་སློག་རྡོ་སློག་དང་ནང་འཁྲུག་ཕྱི་འཁྲུག རྫས་ངན་གསར་གཏོད་སོགས་མི་ལས་དགུ་ལས་བྱས་པ་དང་། བྱ་བྱེའུ་འབའ་འབུ་དང་རི་སྐྱེས་སྲོག་ཆགས། རྫས་ལྡན་སྔོ་ཚོད་སོགས་མི་ཟ་དགུ་ཟ་བྱས་པའི་མཇུག་འབྲས་ཡིན་ནི་རེད”ཅེས་བཤད་མ་ཐག ཨ་ཡེ་ལྷ་མོས“དཀོན་མཆོག་གསུམ་པོ། ཕ་མེད་མ་མེད་ཀྱི་བྱིས་པ་དེ་དག་སྙིང་མ་རྗེ། བུ་མེད་ཁྱིམ་མེད་ཀྱི་ཕ་མ་དེ་དག་སྙིང་མ་རྗེ། བོད་ཀྱི་ས་ཆ་ཞིག་ཡིན་ན། བདུན་པ་ས(གཅན་ཚའི་ཡུལ་སྐད་དུ་འདས་ཆོས་འདོན་མཁན་གྱི་གྲྭ་པ་བདུན་ཡོད་པར་གོ)ཡང་ཡོད་རྒྱུ་མ་རེད། ཨོཾ་མ་ཎི་པདྨེ་ཧཱུྃ།། དེ་དག་ཐམས་ཅད་བདེ་བ་ཅན་ནས་སྐྱེས་པར་ཤོག”ཅེས་ལག་ཟུང་ཐལ་མོ་སྦྱར་ཏེ་སྨོན་ལམ་ཡང་ཡང་བརྒྱབ་རྗེས“སྙིང་མ་རྗེ། ད་ཡང་བར་དོ་ཁམས་སུ་རྣམ་ཤེས་གྲངས་མེད་ཚང་ཡོད་རྒྱུ་རེད། དོ་ཚུགས་མནའ་མ་ཚེ་སྐྱིད་དང་བདེ་སྐྱིད་གཉིས་ཀྱི་མཚེ་མ་བཙས་པ་དང་མནའ་མ་འཛོམས་སྐྱིད་ལ་བྱིས་པ་གསུམ་སྐྱེས་པ་ཚང་མ་ནི་གློ་བའི་ཚ་ནད་ཀྱིས་འདས་པའི་རྣམ་ཤེས་དག་ཚང་སྟེ་ཡོང ་བ་ཡིན་རྒྱུ་རེད། སྙིང་མ་རྗེ། ད་མ་ཤི་ན་རིག་རྒྱུ་མང་རྒྱུ་རེད། འགོར་འགོར་ན་ལས་ངན་འུ་ཚོ་མི་ཞིག་གི་སྐྱེས་དཀའ་རྒྱུ་རེད། སྐྱེས་ཀྱང་བོད་ཡུལ་ནས་ད་སྐྱེས་དཀའ་རྒྱུ་རེད། འཆི་སྔ་ན་སྐྱེས་སྔ་ཟེར་བ་ཅི་མ་བདེན”ཞེས་ཚ་བོ་ལ་ཡང་ཡང་བལྟས་ ཏེ་མིག་ཆུ་བཞུར།
ཨ་ཁུ་ཞྭ་གོན་གྱིས“སེམས་མ་སྡུག སེམས་ཅན་ཐམས་ཅད་འགྲོ་ས་ཡོད་ན། འུ་ཚོ་ལ་འགྲོ་ས་མེད་ག་ལ་སྲིད། ང་རང་སྐྱེས་པ་གཞུག་མར་ཨ་རི་རྒྱལ་ཁབ་ཀྱི་དཔོན་པོར་སྐྱེས་དགོས། དེ་དུས་ངས་འཇིག་རྟེན་གནས་ལུགས་དང་མི་མཐུན་པའི་མི་ལས་དགུ་ལས་དང་མི་ཟ་དགུ་ཟ་བྱེད་པ་དག་ཆོས་ཁྲིམས་ལ་སྦྱོར་རྒྱུ་ཡིན” ཅེས་ཁོའི་སེམས་སུ་དྲན་པ་དག་ཀུ་རེའི་ཚུལ་གྱིས་བཤད་པས། དེར་འདུས་ཀྱི་ལོ་ལོན་ཚོས་རང་རང་ས་ནས་སེམས་ཅུང་ལྷོད་ལ་བབས་ཏེ། སེམས་ལ་ཅི་དྲན་དང་ཁ་ནས་ཅི་བྱུང་དུ་བཤད་མགོ་བརྩམས།
རྒན་པོ་སོ་མེད་ཅིག་གིས“དཀོན་མཆོག་གསུམ་པོ། ང་ལ་གང་ནས་སྐྱེས་པའི་རང་དབང་ཡོད་ན། ང་རང་ནུབ་ཕྱོགས་བདེ་བ་ཅན་ནས་སྐྱེས་པར་ཤོག”ཅེས་སྨོན་ལམ་བརྒྱབ། ཨ་ཡེ་ཁ་ཆེ་ཞིག་གིས་མ་འཐད་པའི་ལན་དུ“ཨ་ལགས་ཐམས་ཅད་ཀྱང་བདེ་བ་ཅན་ནས་སྐྱེས་མ་ཐུབ་པར་ཡང་ནས་ཡང་དུ་ཕྱིར་མི་ཡུལ་དུ་སྐྱེས་བཞིན་འདུག་པས། ཁྱོད་དང་འུ་གཉིས་ལྟ་བུ་ཞིག་སྐྱེས་ཐུབ་བམ། ང་ད་སྟོད་ཉི་མ་ལྷ་སའི་ཕོ་བྲང་པོ་ཏ་ལ་རིག་ས་ཞིག་ནས་སྐྱེས་ན་ཆོག”ཅེས་རྒན་པོ་སོ་མེད་དེར་དགག་ལན་སྤྲད་ཅིང་རང་ཉིད་ཀྱི་འདོད་པ་བཤད།
ཁོ་གཉིས་ནི་ཁྱིམ་མཚེས་ཡིན་ལ་སྔོན་ཆད་སྒོ་ཁ་བརྩད་དེ་མ་འགྲིག་པས་རྒྱུན་དུ་ཁ་བརྡ་ཡང་ཁ་རྩོད་དུ་བསྒྱུར་འགྲོ ཨ་ཡེ་སྐམ་པོ་ཞིག་གིས་མྱུར་དུ“ང་ད་ཁྱིམ་ཚང་ཕྱུག་པོ་ཞིག་ནས་སྐྱེས་ན་འདོད”ཅེས་ཁ་བཀག ཨ་ཡེ་རྐང་ཏོ་ཞིག་གིས་ཀྱང་མྱུར་དུ“ང་ད་རྐང་རྐ་ལག་ཚང་བའི་མི་ཞིག་ཏུ་སྐྱེས་ན་ཆོག”ཟེར་བཞིན་རྐང་བ་ཡ་གཅིག་ཡར་སྐུམ་སྐུམ་བྱས། དེར་མཐུད་དེ་ཨ་ཡེ་ངོ་ནག ་ཅིག་གིས་གློ་ལུད་བྱེད་ཞོར་དུ“ཨུ་ཧུ། ཨུ་ཧུ། ང་ད་ནད་མེད་དུག་མེད་ཅིག་དང་དབང་བོ་སྣ་ལྔ་ཚང་བ་ཞིག་ཏུ་སྐྱེས་རྒྱུ་ནི་གལ་ཆེན་རེད”ཅེས་སེམས་གསོ་ཡི་ཚུལ་གྱིས་བདེན་ཁ་བྱིན།
ཅུང་ཙམ་འགོར་རྗེས་ཨ་ཡེ་སོ་རྒྱངས་ཤིག་གིས“ང་ད་རང་ཡུལ་ནས་སྐྱེས་ན་འདོད”ཟེར། དེར་མཐུད་དེ་ཨ་ཡེ་ཚོམ་པོ་ཞིག་གིས“ང་ཡང་རང་ཡུལ་ནས་སྐྱེས་ཏེ་བན་དེ་ཞིག་བྱས་ན་འདོད”ཅེས་བཤད་མ་ཐག ཨ་ཁུ་ཞྭ་གོན་གྱིས“ཧིན། སྔོན་ཆད་ཀྱི་བན་དེ་ཆ་བོ་སྡིག་ཅན་འགའ་ཡིས་གཅར་རྡུང་བྱས་ཏེ་བསད་ཚར་བ་རེད། ད་ལྟའི་བན་དེ་ཆ་བོ་ཡང་མར་ལོག་བྱས་སྟེ་ཚར་འདུག་པ་མི་རིག་གམ། ད་ལྟ་ས་ཆ་གང་ཡིན་ནས་བན་དེ་ཇེ་ཉུང་ནས་ཇེ་ཉུང་རེད་ཟེར་བ་མ་གོའམ། རྗེས་ནས་བན་དེ་ཟེར་བ་ཞིག་དང་ཆོས་འདོན་མཁན་ཞིག་ཡོད་ནི་མ་རེད”ཅེས་ལན་བྱིན། སྐད་ཆའི་ནང་ན་སྐད་ཆ་དང་རུས་པའི་ནང་ན་རྐང་ཡོད་ཅེས་པ་བཞིན་ཁོང་གཉིས་ཀྱང་ཕན་ཚུན་དགྲ་ཟླར་གྱུར་ཡོད་པ་ཤེས་ཐུབ། ལོས་ཡིན་སྔོན་ཆད་ཨ་ཡེ་སོ་རྒྱངས་མ་ནི་ཁྱི་སྨྱོན་གྱི་ལག་རོགས་གཙོ་བོ་ཡིན་ལ། བླ་གྲྭ་མང་པོར་གཅར་རྡུང་དང་ཨ་ཁུ་ཞྭ་གོན་བཙོན་ཁང་དུ་རྫོང་མཁན་ཡང་ཡིན། དེའི་ཕྱིར། ཨ་ཁུ་ཞྭ་གོན་གྱིས་རྒྱུན་དུ་ཁ་བརྡའི་ཁྲོད་ནས་ཨ་ཡེ་སོ་རྒྱངས་མར་ཚིག་མདའ་ཡང་ཡང་འཕེན་ལ། ཁོ་མོས ་ཀྱང་ཁེ་མི་འཁུར་བར་ཚིག་ལན་ཚིག་གིས་སློག་སྲིད།
ཨ་ཡེ་ཚོམ་པོ་དེས་མྱུར་དུ“དེ་ན་ཨ་ལགས་ཇེ་མང་ཇེ་མང་ཡིན་པ་ཅི་ཡིན་ནམ། རྗེས་ནས་ང་ཚོ་ལ་བསྔོ་བ་གསུངས་མཁན་དང་བདུན་པ་ས་ཡང་མེད་པ་ཨེ་རེད”ཅེས་ལོག་འདྲི་བྱས། དེ་ལ་ཨ་ཁུ་ཞྭ་གོན་གྱིས་ཀྱང་ལན་འདེབས་མ་ཤེས་ལ། ལོ་ལོན་གཞན་དག་གིས་ཀྱང་ལན་འདེབས་འདོད་མེད་པར་དལ་ཅག་གེར་གྱུར།
ཡུད་ཙམ་འགོར་རྗེས་ཨ་ཡེ་ལྷ་མོས“ཁ་དཔེར་མ་བུ་མོའི་ཁོག་ལ་བུ་ཆུད་ན། སྟག་ཤ་རའི་ཁོག་ལ་ཚིག་ཆུད་དགོས་ཟེར་བ་མ་གོའམ། ཨ་ཁུ་ཞྭ་གོན་ཁྱོད་སྐྱེས་པ་ཞིག་དང་མི་འདྲ། ཁྱོད་ཚོ་འཆི་ཁ་རྒས་ཁར་ད་རུང་གཅིག་གཅིག་ལ་ཤ་འཁོན་བཟུང་སྟེ་ཚིག་གཅིག་ཀྱང་ཁོག་ལ་མི་ཆུད། ང་ཨ་ཡེ་ལྷ་མོར་མཚོན་ན། མི་ཆེན་ལ་རྡོ་མ་འཕངས། མི་སེམས་ལ་སྡུག་མ་བཞག་མོད། ཤ་ལས་མཆེད་པའི་བན་ཕྲུག་གཉིས་བལྟས་བལྟས་ལ་གཞན་གྱིས་དམར་གསོད་བྱས། བུ་ཆུང་གཉིས་བལྟས་བལྟས་ལ་ལྟོགས་སྐོམ་གྱིས་འཆི། སྐྱེས་པ་ཡང་བལྟས་བལྟས་ལ་བཙོན་དུ་འཁྲིད་པ་མ་ཟད། མགོ་ཁང་པ་དང་ནང་རྒྱུ་ཟོག་ཐམས་ཅད་ཀྱང་བཙན་གྱིས་འཕྲོག་སྟེ། ངའི་འགྲོ་རོགས་གྲིབ་མ་དང་ཉལ་རོགས་པུས་མོ་ཡིན་དུས་ཀྱང་། ངས་སུ་ལ་ཡང་ལེ་བདའ་བྱས་མ་མྱོང་ལ། སུ་ལ་ཡང་ཤ་འཁོན་བཟུང་མ་མྱོང”ཞེས་བཤད་མ་ཐག
ཨ་ཁུ་ཞྭ་གོན་གྱིས“ངོ་མ་རེད། སྐབས་དེར་ཨ་ཡེ་ལྷ་མོ་རྒན་རྒོན་གཉིས་མི་ཡ་རྒྱུ་ཡ་བྱས་རུང་། སུ་ཞིག་ལ་ལེ་བདའ་བྱས་མྱོང། སུ་ཞིག་གིས་སྙིང་རྗེ་མྱོང། ཁོ་གཉིས་ལྟ་བུའི་སྡུག་བསྔལ་ཞིག་སུ་ཡིས་མྱངས་མྱོང་། ཨ་ཁུ་དོན་གྲུབ་ངེད་གཉིས་བཙོན་ཁང་དུ་འདུག་དུས་ཀྱང། ཁོས་རྒྱུན་དུ་ང་ལ་དུས་ངན་པ་ལན་པ་ལས་རང་སྡེ་མི་རྣམས་གཅིག་ཀྱང་ལན་མེད་ཟེར། ད་བསམས་ན་ངོ་མ་རེད། ད་ལྟ་ཆོས་འདོན་གྲྭ་པ་གྲོང་ན་དམར་ལྷུག་ལྷུག། སྒེར་གཉེར་དཔོན་གཡོག་ཁྲོམ་ན་འཚུབ་ལི་ལི།། མདོ་གདུགས་སྒྲོལ་གསུམ་ཁ་ན་སྙན་ལྷང་ལྷང་༎ རྒན་དར་གཞོན་གསུམ་རྒྱུ་ལ་རྔམ་དྲག་དྲག། གཡོ་སྒྱུ་ཁྲམ་གསུམ་གང་སར་འཐིབ་ལི་ལི༎ ནད་འཁྲུག་འཇིགས་གསུམ་གང་སར་རྡུལ་ལྷང་ལྷང་༎ རྣམ་ཤེས་གྲངས་མེད་བར་དོར་ཀྱི་ལི་ལི༎ མི་རྒན་རྒས་འཁོགས་སེམས་སུ་སྐྱོ་ལྷང་ལྷང”ཞེས་སྔགས་ཆོས་ལྟ་བུ་ཞིག་བཏོན་པས། ལོ་ལོན་ཚོས་ཨ་ལགས་སུ་ཞིག་གི་གསུང་ཡིན་རྒྱུ་རེད་འདོད་དེ་འཐད་པའི་མགོ་བོ་ནང་དུ་གུག་གུག་དང་དད་པའི་ལག་ཟུང་སྙིང་གར་ཡང་ཡང་སྦྱར།
ཨ་ཡེ་ལྷ་མོས་ཚ་བོའི་གདོང་ལ་ཡུན་རིང་བལྟས་ཏེ“གནའ་མི་བོད་ཀྱི་གཏམ་དཔེར་མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཡིན་ཟེར་བ་ཅི་མ་བདེན། སྐྱེ་བ་སྔོན་མར་བསགས་པའི་རྣམ་སྨིན་གྱིས་ཚེ་འདིར་ངེད་གཉིས་ཀྱི་མ་ལས་པ་ཞིག་དང་མ་མྱངས་པ་ཅི་ཞིག་ཡོད། ཡིན་ཡང་ད་ལྟ་ང་ལ་རྣམ་ཤེས་འགྲོ་ས་མེད་པའི་སེམས་འཁྲལ་ལས་ཅི་ཞིག་ཡོད”ཟེར་བཞིན་དངན་པ་རིང་བོ་ཞིག་འཐེན་རྗེས “ཁྱོད་ཚོས་མ་ཎི་འདོན་བཞིན་མ་ཎིའི་བཟུང་ཐག་ལ་འཇུས་ཏེ་གཅིག་གཅིག་གི་ཁོག་ལ་སྡུག་བཞག ཁྱོད་ཚོ་བཞི་བོས་ཉིན་རྒྱུན་དུ་ང་ཚོར་མ་ཎི་དགའ་ཞིག་ཀྱང་འདོན་དུ་མི་འཇུག ད་འུ་ཚོ་ལ་མགོ་ཡི་ཉི་མ་དང་ལ་སྟེང་གི་གྲིབ་མ་རེད། འུ་ཚོར་འགལ་ཁོམ་ཡོད་ཀྱང་འགྲིག་ཁོམ་མེད་ཀི་ཡ། འཆི་བ་ནམ་ཡོང་ཆ་མེད་རེད། འུ་ཚོ་ནག་འཐིབ་སེ་སོང་དུས་རྣམ་ཤེས་ཕྲ་མོའི་འགྲོ་རོགས་ཨོཾ་མ་ཎི་པདྨེ་ཧཱུྃ་ཡིན་ནི་རེད། ད་དགེ་བ་རེ་བསྒྲུབ་སྟེ་ཚེ་ཕྱི་མའི་ལམ་བཅའ་རན་རེད” ཟེར་བཞིན་ཡང་ བསྐྱར་སྐྱོ་བའི་མིག་ཆུ་བཞུར།
ཨ་ཁུ་ཞྭ་གོན་གཙོ་བྱས་པའི་ལོ་ལོན་ཚོས་རང་རང་ས་ནས་ངོ་མ་རེད། ཚེ་འདིར་སྐྱིད་སེན་མོ་ཙམ་ཡང་རྒྱག་མ་ཐུབ་མོད། ཚེ་ཕྱི་མ་ཡང་འགྲོ་ས་མེད་པ་འདི་ཅི་ཡིན་ནམ་སྙམ་བཞིན་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ལ། མ་ཎི་འཁོར་ལོ་ཤུགས་ཀྱིས་བསྐོར་བས། མ་ཎི་ཁང་དེ་དོན་དངོས་ཀྱི་མ་ཎི་ཁང་དུ་གྱུར་སྟེ་མ་ཎི་ཡིག་དྲུག་འདོན་པའི་སྒྲ་དང་མ་ཎི་འཁོར་ལོའི་དྲིལ་སྒྲ་གཉིས་མ་གཏོགས་ཅི་ཡང་གོ་རྒྱུ་མེད།
ཅི་ཙམ་འགོར་བ་ཡང་མ་ཤེས་པར་ཉ་མོ་སྡེ་བ་མུན་ནག་གིས་ཡོངས་སུ་བཏུམས་ཤིང་ཨ་ཡེ་ལྷ་མོས“སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས ་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་་་་་་། མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུྃ།། འགྲོ་བ་རིགས་དྲུག་གི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུྃ།། ཤ་ཟོས་ཟོས་དང་ཁྲག་འཐུངས་འཐུངས་ཀྱི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུྃ།། ལུས་སྡིག་དང་སེམས་སྡིག་དག་པའི་ཆེད་དུ་ཨོཾ་མ་ཎི་པདྨེ་ཧཱུྃ༎ ཨོཾ་མ་ཎི་པདྨེ་ཧཱུྃ།། ཨོཾ་མ་ཎི་པདྨེ་ཧཱུྃ”ཞེས་འདོན་བཞིན་ཕྱི་ཉིན་གྱི་སྐྱ་རེངས་གསར་པ་མྱུར་དུ་སླེབས་པར་རེ་སྒུག་བྱས། །

༢༠༠༩ལོའི《སྦྲང་ཆར》དེབ་གསུམ་པའི་སྟེང་དུ་བཀོད་མྱོང་།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501884
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།