ང་དང་ནུབ་ཁ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 16 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བརྩམས་སྒྲུང་། »ང་དང་ནུབ་ཁ།
ང་དང་ནུབ་ཁ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-17ལྟ་ཀློག (377)རྩོམ་ཁུངས: རིག་འབྱུང་དྲ་བ།པར་འདེབ།

ང་དང་ནུབ་ཁ།

རྩོམ་པ་བོ། རིག་ལྡན་རྒྱ་མཚོ།

ན་བུན་ཇི་བཞིན་གཡོ་ཞིང་འཁྲིགས་པའི་ནུབ་ཁའི་མཚམས་སྤྲིན་ནི། ཁ་དོག་དམར་སེར་གྱི་གཟེབ་ཏུ་ཤོར།
ནུབ་ཁ།
སར་ཟེགས་པའི་སྡོང་ལོ་སྟོན་རླུང་གིས་སྒྲིལ་གྱིན་འདུག སྐབས་འདི་དག་ནི་ང་དང་ཤིན་ཏུ་འཚམས་པའི་དུས་ཚིགས་རེད་སྙམ། ཡང་ན་བསམ་བློ་འདི་རྨང་ནས་འཁྲུལ་ཡོད། དེ་བས་ངས་བསམ་གཞིགས་འདི་ལྟར་བྱེད་མགོ་ཚུགས་པ་སྟེ། ངས་ཀྱང་ཁྱིམ་མཚེས་ཟླ་སྒྲོན་དང་བསམ་གཏན་ལྟར་འཇིག་རྟེན་གྱི་ལོངས་སྤྱོད་གང་མང་ལ་རོལ་ཆོག་རེད་དམ། ངས་ངོ་མ་ལན་འདེབས་མི་ཐུབ།
འདི་ནི་མནར་གཅོད་རེད་ཡ།
སྡོང་ལོ་དང་རིང་དུ་འཕུར་བའི་རླུང་ཕྲན་གྱིས་ད་གཟོད་ངའི་རྡོག་སྒྲ་ཐོས་སུ་ བཅུག འཇིག་རྟེན་འདིར་ང་ཡོད་པ་ངས་ཐོག་མར་རྟོགས་པ་བཞིན། རྡོག་སྒྲས་ང་ལ་ངེས་ཤེས་ཟབ་མོ་ཞིག་དྲངས། ངས་སྐམ་རྙིད་དུ་གྱུར་པའི་སྡོང་ལོའི་སྟེང་རྡོག་བརྫིས་བཏང་སྟེ་མདུན་དུ་སྐྱོད། ཚེ་སྲོག་ཟད་པའི་རོ་སྙིགས་སྟེང་སྤོས་ཏེ་བེམ་པོ་དང་ཤེས་རྟོགས་ནི་འདི་ག་ནས་འཚོལ་ཐུབ་སྙམ། འདི་ནི་ནོར་འཁྲུལ་གྱི་བསམ་བློ་མིན་པའི་ངེས་པ་མེད།
ནུབ་ཁས་ང་ལ་བསམ་བློ་འདི་ཁོ་ནས་མི་ཚད། བསམ་བློ་གང་མང་གི་སྒོ་ཕྱེས། སྦྲང་ཚང་གི་ཁ་ཕྱེས་པ་ཇི་བཞིན།
ཕ་གིའི་ལམ་འགྲམ་ན་མི་འགའ་བགྲོད་ཀྱིན་འདུག
“ཁོ་སྨྱོན་པ་ཞིག་རེད།”གཅིག་གིས།
“ཁོ་མི་དྲང་མོ་ཞིག་ཡིན།”གཞན་ཞིག་གིས།
“ཁོ་ཆང་རྐྱལ་ཞིག་ཀྱང་ཡིན། འཐུང་ཐེངས་རེར……”ཡང༌།
མི་དེ་ཚོའི་བགྲོ་གླེང་རླུང་ཡན་གྱིས་ངའི་རྣ་ལམ་ལ་བརྫངས། བྲོ་བ་སྐྱུར་མོ་ཞིག་བརྫངས། ཁོ་ཚོས་ང་རྟོགས་ཀྱིན་མི་འདུག མ་རེད། ངས་ང་རང་རྟོགས་ཀྱིན་མི་འདུག་ང་ལ་སྐྲག་སྣང་སྐྱེས་བྱུང༌། ང་རང་མལ་ཁང་དུ་ལོག་རྗེས་མི་མང་བོས་ང་ལ་ཅེ་རེར་བལྟས། ངས་རང་ལ་ཞིབ་ལྟ་བྱས་མ་མྱོང༌། ངོ་མ་སུ་ཞིག་གིས་སྨྲས་པ་ཇི་བཞིན“ང་ལས་ཅི། ང་ནི་ང་རེད་ཡ།”མདུན་ཅོག་ཐོག་གི་དཔེ་ཆ་རྣམས་དབུགས་རྒྱུན་ཆད་པའམ་སྲ་མཁྲེགས་སུ་གྱུར་པ་ལྟར་སྣང༌། ཀོའོ་མོ་རོའི《ལྷ་མོ》དང་ལུའུ་ཞུན་གྱི《སྨྱོན་པའི་ཉིན་ཐོ》སོགས་དཔེ་ཆ་བརྩེགས་མ་དེ་དག་གིས་ཀྱང་ང་ལྟར་མནོ་བསམ་ཟབ་མོ་ཞིག་གཏོང་བ་དང་འདྲ།
“ཆང་རྐྱལ། འདི།”ཁྱིམ་མཚེས་ཟླ་སྒྲོན་གྱིས་ཁ་སང་གཡར་སོང་བའི་སྒྲུང་གཏམ་《ཉིག་མཱང》ངའི་མདུན་དུ་གཡུགས། ངས་ཁོ་མོ་དུས་ནམ་ཚོད་ཅིག་ལ་ནང་དུ་འོངས་པའང་མ་ཤེས། ང་རང་ཅུང་ཧད་པ་དང་མདུན་ཅོག་ཐོག་ཏུ་ལྗིད་ཏིག་གེར་ལྷུང་བའི་དཔེ་དེབ་ལ་བལྟས། དཔེ་དེབ་དེའང་སྲ་མཁྲེགས་སུ་གྱུར་སོང་བ་འདྲ་ལ། དེས་ཀྱང་མནོ་བསམ་ཟབ་མོ་གཏོང་བ་དང་འདྲ།
“ཁྱོད་ཅི་འདྲའི་ཀློག་མགྱོགས་པ་ལ”
“ལྟ་མི་འདོད། ང་ལ་ཕོ་མོའི་བརྩེ་དུང་མངོན་སུམ་དུ་མཚོན་པའི་དཔེ་དེབ་གཅིག་གཡོར་དགོས།”
ང་རང་ཡུད་ཙམ་ལ་ཧང་སངས་ཏེ་ཁོ་མོའི་གདོང་ལ་ཅེར།
“ཝེ། ཁྱོད་ལྐུགས་སོང་ངམ།”
ང་རང་ཡིད་མི་ཆེས།
“ཆུན་ཡོའི་དཔེ་ཆ་ཨེ་ཡོད།”
“ཐོས་མ་མྱོང༌།”ང་སྔར་ལས་ཧང་སངས་ཤིང་མཚར་སྣང་གིས་ཁོ་མོའི་གདོང་ལ་ཅེར།
“ཁྱོད་ཀྱིས་ཆང་ཁོ་ན་འཐུང་ཤེས་པ་མ་གཏོགས་འཚོ་བའི་ཤེས་བྱ་ཅི་ཡང་ཚོར་གྱིན་མི་འདུག”ཁོ་མོ་ཕངས་སེམས་ངང་ཕྱིར་བུད་སོང༌། ཁོ་མོ་ཡོང་བའང་དེ་ལྟར་གློ་བུར་ཡིན་ལ་སོང་བའང་དེ་ལྟར་གློ་བུར་ཡིན། འདི་ནི་ཁོ་མོའི་གོམས་སྲོལ་ཡིན།
འདི་ནི་གྲོང་ཁྱེར་ཡིན་པས་ཆེས་མཐོའི་ལས་ཁུངས་ཀྱང་འདི་རུ་ཡོད་ལ། ཡོན་ཏན་དང་མཐོང་རྒྱ། ཐོས་རྒྱ། ཕྱོགས་གང་ཐད་ལ་མཁས་པའི་མི་སྣའང་འདི་རུ་ཡོད་པས། གཞི་རིམ་གྱིས་འདི་ལ་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་འདུག ན་ནིང་ཕ་ཡུལ་ལ་ཐེངས་ཤིག་སོང༌། ཨ་ཁུ་སྐྱབས་ལོ་དང༌། ཆུང་དུས་ཀྱི་སྤུན་ཟླ་གང་མང་ལ་འཕྲད།
“ཨིན། ད་ལྟ་ཁྱེད་ཚོ་ན་གཞོན་ཚོས་བསམ་ཤེས་འདུག བསྐལ་བ་རྙིང་བའི་རིང་ལ་ཁྱོད་ཚོའི་ན་ཚོད་ཀྱི་ཕོ་གསར་ཚོས་རྟ་ཞོན་རྒྱུ་དང༌། རྟ་ཐོག་ནས་མེ་མདའ་ཁུར་ཏེ་ལ་གཞས་ལེན་རྒྱུ་ལས་ཅི་ཤེས། ཁྱད་པར་དུ་དེང་སང་གྲོང་ཁྱེར་གྱི་ན་གཞོན་རྣམས……ལ་རྒྱ་ཟེར་ན།……”ཨ་ཁུ་སྐྱབས་ལོས་རྒྱབ་གྱང་ལ་བསྙེས་ཏེ་ཉི་མར་ལྡེ་བཞིན་སྨྲས་པའི་སྐད་ཆ་འདི་ངས་ཡེ་ནས་བརྗེད་མི་ཐུབ། སྤྱིར་བཏང་གི་སྐད་ཆ་འདི་ངས་ཡེ་ནས་བརྗེད་མ་མྱོང༌།
ཨོ། བསམ་གཏན་གྱིས་བོས་བྱུང༌། ཅུང་ཙམ་མིན་ན་བསམ་གཏན་གྱི་བུ་སྟོན་ཡང་གཏིང་བརྗེད་དུ་སོང༌། ངས་ཁ་སང་ནས་ཉོས་པའི་གངས་སེང་རྟགས་ཅན་གྱི་མགུལ་རྒྱན་བླུགས་པའི་སྒམ་ཆུང་དམར་བོ་བཟུང་བ་དང་ཁོའི་རྗེས་སུ་ཕྱིན།
འགྲུལ་བ་མང་བོས་ཁོ་ཚང་གི་ཁང་བའི་ནང་དུ་འཚང་ཁ་ཤིག་ཤིག་བྱེད་བཞིན་འདུག ཅུང་ཟད་འདུ་རུབ་ཀྱིས་བསྡད་ན་ངའི་སེམས་ཤིན་ཏུ་དྲོ།
“ཡ། དེ་རིང་བསམ་གཏན་ཚང་གི་བུ་སྟོན་གྱི་བཀྲ་ཤིས་པའི་ཉིན་མོ་ལ། ང་རང་ཉིད་ཀྱི་སེམས་མཚོན་བྱེད་སྒོར་ཉིས་བརྒྱ། གོས་ཡུག་འདི་བཞེས་རོགས་ མཛོད།”དེ་ནི་རྡོ་རྗེ་ཁྲུའུ་ཀྲང་རེད།
འགྲུལ་བ་ཚང་མས་སྔ་གཞུག་ཏུ་རང་རང་གི་ལེགས་སྐྱེས་བསམ་གཏན་བཟའ་ཚོ་གཉིས་ལ་ཕུལ། མཇུག་ཏུ་ངས་གངས་སེང་རྟགས་ཅན་གྱི་མགུལ་རྒྱན་ཕྱུང་སྟེ། ལོ་གསུམ་ལ་སོན་མ་ཐག་པའི་བྱིས་པའི་མགུལ་བར་བཏགས། འགྲུལ་བ་ཚང་མས་ངའི་ལེགས་སྐྱེས་ལ་ཅེ་རེར་བལྟས་བྱུང༌། བསམ་གཏན་བཟའ་ཚོ་གཉིས་ཀྱིས་ཀྱང་བལྟས་བྱུང༌། དེ་ནས་ཚང་མའི་མིག་འོད་ནང་སྣང་ཆུང་གི་ཉམས་ཀྱིས་ཁེངས།
སྐབས་དེར་ངས་ཟླ་སྒྲོན་དྲན་བྱུང༌།
ཟླ་སྒྲོན་ང་ལ་ཕངས་སེམས་སྐྱེས་པ་བཞིན་ང་ལའང་ཕངས་སེམས་སྐྱེས་བྱུང༌།
ཉིན་འདི་དག་ནི་ཤིན་ཏུ་ལྷིང་འཇགས་ཡིན་ལ། ཤིན་ཏུ་སྟོང་འཇགས་ཤིག་ཀྱང་རེད །
གོ་ཐོས་སུ། ཁྱིམ་མཚེས་ཟླ་སྒྲོན་གྱིས་Dསློབ་གྲྭ་ཆེན་མོའི་སློབ་མ་ཞིག་དང་དགའ་རོགས་བསྒྲིགས་ཟིན་ཟེར། ཁོ་མོས“ཆུན་ཡོ”ཟེར་བའི་རྩོམ་པ་བོ་གྲགས་ཅན་དེའི་སྒྲུང་གཏམ་ཁྲོད་ནས་རིག་པ་ངེས་ཅན་ཞིག་ཤེས་རྟོགས་བྱུང་ཡོད་སྲིད། གསེར་ལ་བརྟག་པ་ཇི་བཞིན་བཙོ་སྦྱང་ལས་ཐོན་པའི་བརྩེ་དུང་གི་གདམ་ག་ནི་རང་ག་བ་ཞིག་ཡིན་མི་སྲིད། ཕལ་ཆེར་ཉིན་དེར་ཁོ་མོ་དང་ལྷན་དུ་བགྲོད་པའི་སྐྱེས་པ་དེ་ཡིན་སྲིད། ངོ་མ་རྫིག་པོ་འདུག ང་ནི་ཁོའི་ལོགས་ནས་འཕྱི་བ་དང་འདྲ། དེ་ནི་ངས་དཔེ་འཇོག་ཙམ་བྱས་པ་མ་གཏོགས། ཟླ་སྒྲོན་དང་ཁོ། ང་གསུམ་གྱི་བར་ལ་འབྲེལ་བ་སྤུ་ཙམ་ཡང་མེད།
ཉིན་འདི་དག་ནི་སྟོང་འཇགས་རེད་ཡ།
ང་གཅིག་བུ་དྲ་ཡོལ་བརྒྱབ་པའི་ཁང་བར་འཛུལ་ཏེ་བསྡད། སྐམ་ཞིང་བྲོ་བ་ཤོར་བའི་མདུན་ཅོག་སྟེང་གི་དཔེ་དེབ་དང་མཉམ་དུ་བསྡད། སྒོར་བུད་ཚེ་མི་ཚང་མ་ང་ལ་དོགས་སྣང་སྐྱེས་པ་འདྲ། ང་སྨྱོན་པ་ཡིན་ནམ། ང་མི་དྲང་མོ་ཡིན་ནམ། ང་ད་དུང་ཆང་རྐྱལ་ཞིག་ཡིན་ནམ། ངས་ད་བར་རང་ཉིད་ལ་ཞིབ་ལྟ་ཞིག་བྱས་མ་མྱོང༌།
མི་ཚང་མས་ང་ལ་དོགས་པ་ཞིག་བསླངས་བྱུང༌།
སྦྲང་ཚང་གི་ཁ་ཕྱེས་པ་ཇི་བཞིན་བསླངས་བྱུང༌།

ནུབ་ཁ།

ང་ནུབ་ཁ་དང་ལྷན་དུ་ཐག་རིང་ལ་ཆས་འདོད།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།



དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqjw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5925168
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号