དམངས་རབ་ཏུ་དགའ་བའི་ཟློས་གར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བརྩམས་སྒྲུང་། »དམངས་རབ་ཏུ་དགའ་བའི་ཟློས་གར།
དམངས་རབ་ཏུ་དགའ་བའི་ཟློས་གར།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-17ལྟ་ཀློག (4584)རྩོམ་ཁུངས: རིག་འབྱུང་དྲ་བ།པར་འདེབ།

དམངས་རབ་ཏུ་དགའ་བའི་ཟློས་གར།

རྩོམ་པ་བོ། ཚེ་རིང་དོན་གྲུབ།

འགྲོ་བ་མིའི་རིགས་ཀྱི་ལོ་རྩིས་ལྟར་ན་སྤྱི་ལོ1993ལོའི་སྟོན་མཇུག་གི་ཉིན་ཞིག གཤིན་རྗེ་ཆོས་ཀྱི་རྒྱལ་པོས་མཇུག་མཐའི་ཡིག་ཚགས་ཤིག་ལ་གཟིགས་ནས་མཚན་ཡིག་བཀོད་རྗེས་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ལ་སླེབས་པར་ཉེ། ཁོང་གིས་དབུ་ཡར་དགྱེས་ཤིང་ཕག་ཟུང་རྐྱོང་བཞིན་གླལ་སྒྱིང་ཐུགས་ཚིམ་པ་ཞིག་བྱས་ནས་ད་ནི་ངལ་གསོ་དགོས་དགོངས་པའི་སྐབས་སུ་གཤིན་རྗེའི་ལས་མཁན་ཞིག་གི་ལག་ལ་ཤོག་ལྷེ་ཞིག་བཟུང་ནས་ནང་ལ་སླེབས་ཤིང་གུས་འདུད་ཅིག་ཞུས་ཏེ་ན་རེ། རྒྱལ་པོ་ཆེན་པོ་ཅུང་ཙམ་བདག་ལ་གསོན།། འཇིག་རྟེན་མི་ཡུལ་ཀྲུང་གོ་རྒྱལ་ཁབ་ཀྱི།། རྩེ་གཞུང་བྱ་བའི་རྫོང་གི་རྫོང་དཔོན་ཏེ།། བློ་བཟང་རྒྱ་མཚོ་ཟེར་བའི་ཚེ་ཡི་ཚད།། དེ་རིང་དུས་ཚོད་བཅུ་གསུམ་སྟེང་ནས་རྫོགས།། དེའི་ཕྱིར་མྱུར་དུ་ཆོག་མཆན་གནང་རོགས་མཛོད།། ཅེས་ཤོག་ལྷེ་དེ་གཤིན་རྗེའི་ཕག་ཏུ་ཕུལ་རྗེས་ཟུར་ཞིག་ཏུ་ལངས་ནས་བསྡད།
གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི་དུས་དང་རྣམ་པ་ཀུན་ཏུ་ཕག་ལས་ལ་ཧ་ཅང་གཟབ་ནན་ཡིན་པས་ཤོག་ལྷེ་དེར་ཞིབ་ཏུ་གཟིགས་པར་མ་ཟད་མདུན་ཅོག་སྟེང་གི་གློག་ཀླད་བཀོལ་ནས་བློ་བཟང་རྒྱ་མཚོའི་ཚེ་ཚད་ཞིབ་བཤེར་མཛད་རྗེས་ད་གཟོད་མཚན་ཡིག་བཀོད་ནས་ཕྱིར་ལས་མཁན་དེ་ལ་སྤྲད།
བློ་བཟང་རྒྱ་མཚོས་གུང་ཟས་ཟོས་ཚར་དུས་ཏག་ཏག་ཆུ་ཚོད་བཅུ་གསུམ་དུ་སླེབས་ཤིང་། གློ་བུར་དུ་ཁོ་རང་སྤྱོད་ཁང་དུ་འགྲོ་དགོས་པའི་སྣང་བ་ཞིག་ཤར་ནས་ཡར་ལངས་མ་ཐག་ནག་འཐོམས་མེར་སོང་བ་དང་མཉམ་དུ་གཟུགས་སྟོབས་ཅན་གྱི་ཉེན་རྟོག་པ་གཉིས་ཀྱིས་ཁོ་རང་ལ་བསམ་དབང་དྲན་དབང་མ་བྱིན་པར་དཔུང་བའི་གཡས་གཡོན་ནས་བཟུང་སྟེ་ཁྲིད་སོང་།
“ཨ་ཙི། འདི་ཅི་ཡིན། ཝེ། ཁྱོད་གཉིས་ལ་ཁྱི་སྨྱོན་གྱིས་རྨུགས་པ་མིན་ནམ། ཁྱོད་གཉིས་ཀྱི་མིག་འབྲས་ཁྭ་ཏས་བྲུས་པ་མིན་ན་གསལ་བོར་ལྟོས་དང་། ང་རང་རྫོང་དཔོན་བློ་བཟང་ཡིན་ཡ”ཁོས་ངར་ངར་གྱིས་བཤད་ནའང་དེ་གཉིས་ཀྱིས་ཅི་མི་སྙམ་པར་ཁོ་རང་གདུག་རྩུབ་ཀྱིས་ཁྲིད་ནས་སོང་།
“ཝེ། ཁྱི་ཕྲུག་གཉིས་ཀ ང་རང་རྫོང་དཔོན་བློ་བཟང་ཡིན། སྤྱི་བདེ་ཅུའུ་ཀྲང་ངའི་གྲོགས་པོ་ཡིན་པ་ཨེ་ཤེས། ཁྲིམས་དཔོན་ཤེས་རབ་ངའི་སྐུད་པོ་ཡིན་པ་ཨེ་ཤེས། ང་རང་སྐྱུར་ཞོག ཡ། བཟང་གི ཁྱོད་གཉིས་ཀྱིས་ལྟད་མོར་ལྟོས། ངས་ཁྱོད་གཉིས་ཀྱི་དཀར་ཡོལ་བཅག་ནས་ཁྱི་ལྡོམ་ལྟར་དུ་མ་བཏང་ན་ང་བུ་མིན……”
“ཧ་ཧ་ཧ……”གཤིན་རྗེའི་ཕོ་ཉ་གཉིས་ཀྱིས་ཧབ་ཆ་རྒྱག་བཞིན“སྙིང་རྗེ་བའི་གྲོགས་པོ། ད་ནི་ཁྱོད་རང་ཨ་རིའི་ཙུང་ཐུང་ངམ་དབྱིན་ཇིའི་རྒྱལ་མོ་ཡིན་རུང་ཕན་པ་གང་ཡང་མེད། རང་གིས་རང་ལ་དཀའ་ངལ་མ་བཟོ་བར་དྲང་མོར་ཤོག་དང་གཤིན་རྗེའི་རྒྱལ་བོར་མཇལ་དུ་འགྲོ། དེ་ནས་ཁྱོད་རང་དགེ་བ་ཅན་ཞིག་ཡིན་ན་སྔར་ལས་སྐྱིད་ལ་སྡིག་པ་ཅན་ཞིག་ཡིན་ན་སུས་ཀྱང་སྐྱོབ་མི་ནུས། ངེད་གཉིས་གཤིན་རྗེའི་ཕོ་ཉ་ཡིན”ཟེར།
བློ་བཟང་རྒྱ་མཚོས་ད་གཟོད་ཉེན་རྟོག་པ་འདི་གཉིས་ངོ་མ་འཇིག་རྟེན་འདིའི་མི་མིན་པར་ལྷ་སྒྲུང་དུ་བཤད་པའི་གཤིན་རྗེའི་ལས་མཁན་རྭ་སྐྱེས་ཕག་མགོ་ཅན་དང་ཨ་བ་གླང་མགོ་ཅན་གཉིས་ཡིན་པ་ངོས་ཟིན་ནས་སྐྲག་ཐག་ཆོད་དེ་སྒྱིད་པའི་ནང་ལ་ཞ་ཉེ་བླུགས་པ་ལྟར་གོམ་པ་གང་ཡང་སྤོ་མི་ནུས་པར་གྱུར་བ་དང་། ཁ་ཤ་ལྷབ་ལྷུབ་ཏུ་འདར་བཞིན“ཅི་ཞིག ང་རང་ཚེ་ཚད་ལ་སླེབས་བྱུང་ངམ། དཀོན་མཆོག་གསུམ་པོས་མཁྱེན། མི་ཚེ་ཞིག་འདི་འདྲ་ཐུང་ངམ། དཔེ་མི་སྲིད། དཔེ་མི་སྲིད”ཟེར་ནས་མགོ་ཐད་དུ་གཡུག་གཡུག་བྱས།
ཨ་བ་གླང་མགོས“ཅི་རེད། ཁྱོད་རང་མི་ལོ་དྲུག་ཅུ་ཐམ་པ་མ་ཡིན་ནམ། འདི་ནི་ཁྱོད་ཚོ་མིའི་རིགས་ཀྱི་ལོ་ཚད་ལྟར་ན་དེ་འདྲའི་ཐུང་ཐུང་ཞིག་ག་ལ་ཡིན”ཟེར།
“ཨ་ཧོ། ངས་ད་དུང་བུ་ཕྲུག་གཉིས་ལ་བྱ་བ་བཙལ་མེད། དེའི་ཕྱིར་ང་རང་ལས་འཁྱུར་ངལ་གསོའི་ལོ་ཚད་ལས་བརྒལ་ནའང་ད་རུང་ཡར་ཞུའི་ཡི་གེ་མ་བྲིས་པར་བསྡད་ཡོད། ཀྱི་ཧུད། གལ་ཏེ་ང་རང་འདི་ལྟར་སོང་ན་ངའི་བུ་ཕྲུག་གཉིས་སློབ་སྦྱོང་ལ་མི་བཟང་བས་བྱ་བ་མི་ལོན་ཁོ་ཐག་ཡིན”ཞེས་སྨྲེ་སྔགས་དྲག་ཏུ་འདོན་བཞིན་ལག་ཟུང་ཐལ་མོ་སྦྱར་ཞིང་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཁྱི་མོ་ངུ་ཟུག་གི་དབྱངས་ཀྱིས་གླུ་འདི་ལྟར་བླངས་སོ།།
ཨ་ཇོ་ཕོ་ཉ་དྲིན་ཆེན་གཉིས།། རེ་ཞིག་བདག་ལ་སྙིང་རྗེས་གཟིགས།། ལོ་གཅིག་ཙམ་གྱི་གནང་བ་བྱིན།། ཕྲུ་གུར་བྱ་བ་བཙལ་དང་གཅིག། ལས་འཁྱུར་གྲོན་དངུལ་ལེན་དང་གཉིས།། བཟའ་ཟླར་ཁ་ཆེམས་འཇོག་དང་གསུམ།། དེ་གསུམ་གྲུབ་རྗེས་མྱུར་དུ་འོང་།། ཨ་ཇོ་གཉིས་ལ་ཅི་མཁོ་དེ།། གསུངས་དང་ངེས་པར་ཁྱེར་ནས་ཡོང་།། ཞེས་ཡང་ཡང་ཕག་འཚལ་ནས་ཞུ་བ་བྱས། ཡིན་ན་ཡང་ཕོ་ཉ་གཉིས་ཀྱིས“དེ་ག་ལ་འགྲིག ཁྱོད་ཀྱིས་བླུན་གཏམ་མ་བཤད”ཟེར་ནས་ཁོ་རང་མུ་མཐུད་དུ་འཁྲིད་པས་ཁོའི་སེམས་པ་ཧ་ཅང་ཕམ་ཞིང་ཐ་མག་འཐེན་འདོད་ཅིག་སྐྱེས་ནས་ཁུག་མའི་ནང་ལ་ལག་པ་བཏང་བ་ན་ཐ་མག་བཟང་བོ་ཤོག་སྒམ་གང་བཟུང་ཡོད། ཁོས་ཐ་མག་རྐང་གཅིག་ལ་མེ་བསྒོས་ནས་རྔུབ་འཐེན་བྱེད་བཞིན། ཕོ་ཉ་གཉིས་ལའང་ཐ་མག་རྐང་རེ་ཕུལ་བར་མ་ཟད་ཧ་ཅང་གུས་ཉམས་ཀྱིས་རེ་རེར་མེ་བསྒོས། བློ་ཡུལ་ལས་འདས་པ་ཞིག་ལ་ཕོ་ཉ་གཉིས་ཀྱིས་ཧ་ཅང་ཞིམ་སྣང་ལྡན་པའི་ངང་རྔུབ་འཐེན་བྱེད་བཞིན“ཞིམ་པོ་རེད། ཧ་ཅང་ཞིམ་པོ་རེད”ཅེས་བསྟོད་བསྔགས་བྱས། ཁོས་མྱུར་དུ་ཐ་མག་སྒམ་ཆུང་གང་བོ་ཨ་བ་གླང་མགོ་ཅན་ལ་ཕུལ(ཁོའི་སྣང་བར་ཕོ་ཉ་གཉིས་ལས་ཨ་བ་གླང་མགོ་ཅན་གྱི་གོ་གནས་ཅུང་མཐོ་བ་འདྲ)ནས“དེ་འདྲ་ཡིན་ན་ཨ་ཇོ་གཉིས་ཀྱིས་མང་ཙམ་མཆོད་རོགས”ཞེས་དེ་སྔ་ཁོས་གོ་ས་མ་ལོན་གོང་ལ་ད་གཟོད་ནམ་རྒྱུན་བཀོལ་མྱོང་བའི་གཉའ་སྒུར་སྒུར་དང་གདོང་འཛུམ་འཛུམ་གྱི་བཟོ་ལྟ་དེ་ཕྱིར་མངོན་ནས་ཁ་ཡག་ངོ་བསྟོད་གང་མང་བཤད་མཐར“ཨ་ཇོ་གཉིས་ཐ་མག་ལ་དགའ་བོ་ཡོད་ན་ངའི་ཁྱིམ་ན་ཐ་མག་བཟང་པོ་གང་འདོད་ཡོད་པས་ང་རང་ཐེངས་གཅིག་ཕྱིར་སོང་ནས་མང་ཙམ་ཁྱེར་ཡོང་ན་མི་བཟང་ངམ”ཟེར།
ཕོ་ཉ་གཉིས་ཀྱིས་འདང་ཞིག་བརྒྱབ་ནས“ད་ནི་དགོས་དོན་མེད། གཤིན་རྗེའི་འཕྲང་རིང་ལ་ཞུགས་པ་ནས་དངོས་པོ་ཁབ་རྩེ་ཙམ་ཡང་འཁྱེར་དབང་མེད་པས་སྐྱུར་ཞོག”ཟེར།
“འཁྱེར་དབང་ཡོད་མེད་དེ་ཨ་ཇོ་གཉིས་ཀྱི་ལག་ན་ཡོད་པས་སྐྲག་རྒྱུ་ཅི་ཡོད།”
“གྲོགས་པོ་ཁྱོད་ཀྱིས་ཤེས་ཀྱིན་མི་འདུག གཤིན་རྗེའི་འགག་སྒོ་རེ་ན་སྲུང་མཁན་རེ་ཡོད་པ་དང་། ལྷག་པར་དུ་ད་ལྟ་གཤིན་རྗེ་ཆོས་ཀྱི་རྒྱལ་བོས་ཁྱོད་ཚོ་ལྷོ་འཛམ་བུ་གླིང་ནས་གློག་རྡུལ་འཕྲུལ་འཁོར་གྱི་རིགས་མང་པོ་ནང་འདྲེན་བྱས་ཡོད་པའི་ནང་ན་ཤེལ་གྱི་སྒམ་དང་འདྲ་བ་ཞིག་ཡོད་པ་དེའི་ངོས་ལ་སེམས་ཅན་རེ་རེའི་དགེ་སྡིག་ཐམས་ཅད་དེ་སྔའི་གཤིན་རྗེའི་མེ་ལོང་ལས་ཀྱང་ཆད་ལྷག་མེད་པར་གསལ་བོར་ཤར་ཡོང་བར་ངེད་གཉིས་ཀས་ཁྱོད་རང་ཐེངས་གཅིག་ཕྱིར་བཏང་ན་དེ་ཡང་གཤིན་རྗེ་རྒྱལ་བོས་མཐོང་སྲིད་པས་མི་རུང”ཟེར།
“སེམས་ཅན་ཞིག་སྐྱེས་པ་ནས་འཆི་བའི་བར་གྱི་བྱ་སྤྱོད་མཐའ་དག་ལ་གཟིགས་སྲིད་ཀྱང་ཤི་བའི་ཚུན་ཆད་ལ་ཁོང་གིས་དོ་སྣང་དེ་འདྲ་བྱེད་མི་སྲིད་པ་དང་། ང་རང་ཤི་བ་ཧ་ཅང་གློ་བུར་ཡིན་པས་བཟའ་མི་ཚོར་ཁ་ཆེམས་ཤིག་ཀྱང་འཇོག་ཁོམ་མ་བྱུང་། དེ་བས་ཨ་ཇོ་གཉིས་ཀྱིས་ཐུགས་རྗེས་གཟིགས་ནས……”ཟེར་ཞོར་མིག་ཆུ་ཞམ་ཞམ་དུ་བབས་པ་ན་ཕོ་ཉ་གཉིས་ཀྱིས་ཀྱང་ཕན་ཚུན་གྱི་གདོང་ལ་ལྟ་བཞིན“ངོ་མ་སྙིང་རྗེ་བར་འདུག གང་ལྟར་ཁོ་རང་འཆོར་ས་མེད”ཅེས་མགོ་བོ་ལྡེམ་ཙམ་བྱས་ནས“འོ་ན་ཁྱོད་ལ་དུས་ཚོད་སྐར་མ་ཉི་ཤུའི་གནང་བ་སྟེར། འཕྲལ་དུ་སོང་ལ་མྱུར་དུ་ཤོག་དང་། ངེད་གཉིས་ཀྱིས་འདི་ནས་སྒུག”ཟེར།
བློ་བཟང་རྒྱ་མཚོ་སྐད་ཅིག་ཙམ་ལ་ཕྱིར་རང་ཁྱིམ་དུ་སླེབས་པ་ན་ཁོའི་བཟའ་ཟླ་དང་ཕྲུ་གུ་ཆུང་བ་གཉིས་རང་གི་བེམ་པོར་འཇུས་ནས་སྨྲེ་སྔགས་འདོན་པ་ལས་ཁོ་རང་མིག་གིས་མི་མཐོང་ཞིང་ཕར་བཤད་རྣ་བས་མི་གོ་བས་ཁོ་རང་ཧ་ཅང་ཡིད་ཆད་སོང་། སྐབས་དེར་ཁོའི་བུ་ཆེ་བ་སླེབས་ནས་གཞུང་ལས་ཁང་གི་ཀྲུའུ་རིན་ལ་ཁ་པར་བཏང་སྟེ་ཕ་རྒན་གློ་བུར་དུ་འདས་སོང་བས་མྱུར་དུ་རླངས་འཁོར་ཞིག་མངགས་དགོས་ཟེར་བ་ན་ཀྲུའུ་རིན་གྱིས་བསམ་བློ་ཞིག་བཏང་རྗེས་ཁོ་རང་རྫོང་དཔོན་གཞོན་པ་ཞིག་དང་མཉམ་དུ་གཞན་ལ་འགྲོ་རྩིས་ཡོད་པ་དང་། རླངས་འཁོར་གཞན་རྣམས་ཀྱང་བཀོད་སྒྲིག་བྱས་ཟིན་པས་མངགས་རྒྱུ་མེད་ཟེར། ཁོའི་བུ་ཆེ་བ་ཁོང་ཁྲོ་ལངས་ནས“ཁྲེལ་མེད། ཁྱོད་རང་ངའི་ཕ་རྒན་གྱིས་ཡར་འཐེན་བྱས་པ་བརྗེད་སོང་ངམ”ཟེར་བ་ན་ཀྲུའུ་རིན་གྱིས“ཧིན”ཟེར་ཞོར་ཁ་པར་ཁྲོག་སྒྲ་དང་བཅས་མར་མནན་སོང་།
ཁོའི་བུ་ཆེ་བས་མུ་མཐུད་དུ་ཁོ་ཚང་གི་གྲོགས་པོ་འགའ་ལ་ཁ་པར་བཏང་། དེ་ཚོ་ཚང་མ་ཁོ་རང་མ་ཤི་གོང་ལ་ཁོའི་གཅིན་པ་བླུད་ཀྱང་འཐུང་མིན་འདང་རྒྱག་མེད་པ་འབའ་ཞིག་ཡིན་ནའང་ད་ལྟ་ཕལ་ཆེར་གྱིས་ཁ་གཡོར་ས་རེ་བཙལ་ནས་གཡོལ་ཐབས་བྱས།
བུ་ཆེ་བས་སླར་ཡང་ཡུལ་གཞན་ན་ཡོད་པའི་ནུ་བོ་དང་སྲིང་མོ་རྣམས་ལ་རེ་རེ་བཞིན་ཁ་པར་བཏང་ནས་ཕ་རྒན་འདས་པར་བརྡ་བརྒྱབ་པ་ན་དེ་ཚོར་སྐྱོ་སྣང་ཙམ་ཡང་མེད་པར་མ་ཟད་ད་དུང“ཨ་ཕའི་བསགས་དངུལ་དང་དངོས་པོ་ཐམས་ཅད་ང་ཚོ་ཚང་མར་དབང་བས་ཁྱོད་གཅིག་པོས་ཁྱུར་མིད་བྱེད་མི་ཆོག ང་ཚོ་ལྷན་དུ་འཛོམས་དུས་བགོ་བཤའ་རྒྱག་དགོས”ཟེར། ཐ་ན་བུ་མོ་ཞིག་གིས“ཨ་ཕའི་གསེར་གྱི་ཆུ་ཚོད་འཁོར་ལོ་དེ་ཁོ་རང་མ་ཤི་སྔོན་ལ་ངའི་ཁྱོ་གར་སྟེར་རྒྱུ་བྱས་ཡོད་པས་སུས་ཀྱང་བླངས་མི་ཆོག”ཟེར། (དོན་དངོས་སུ་དེ་རྫུན་ཡིན)
སྣང་ཚུལ་དེ་དག་མཐོང་བས་བློ་བཟང་རྒྱ་མཚོ་འཇིག་རྟེན་འདི་ལ་ཞེན་པ་གཏིང་ནས་ལོག་སྟེ་རང་གིས་ཐེག་ཚོད་ཀྱི་དངོས་པོ་རྩ་ཆེན་འགའ་ཁུར་ནས་ཕྱིར་ཕོ་ཉ་གཉིས་ཡོད་སར་སླེབས། ཁོས་ཕོ་ཉ་གཉིས་ལ་སྣེ་ལེན་གང་ལེགས་བྱས་ཤིང་། འགག་སྒོ་སྲུང་མཁན་རྣམས་ལ་ལེགས་སྐྱེས་རེ་ཕུལ་བས་གཤིན་རྗེའི་ལམ་བར་གྱི་དཀའ་ངལ་མང་པོ་མྱོང་མ་དགོས་པར་གཤིན་རྗེ་ཆོས་ཀྱི་རྒྱལ་བོའི་མདུན་ལ་སླེབས།
བློ་བཟང་རྒྱ་མཚོས་ཡར་ལྟ་མར་ལྟ་ཞིག་བྱས་པ་ན་གཤིན་རྗེའི་ཆོས་རྒྱལ་གཅིག་པུ་ལས་གཞན་མེད་པ་མཐོང་ནས་འཛུམ་དམུལ་དམུལ་གྱིས“ཧེ་ཧེ། ཨ་མྱེས་ཆོས་རྒྱལ་བདེ་མོ་ཡིན་ནམ། སྐུ་སྙུང་འདྲ་མ་བཞེས་སམ། ཧེ་ཧེ། ཨ་མྱེས་ཆོས་རྒྱལ་དགུང་ལོ་མཐོ་ཡང་སྐུ་ལུས་ད་དུང་འདི་འདྲ་བཟང་བ་ལ”ཟེར་བཞིན་ཆང་དང་ཐ་མག་བཟང་བོ། གླ་རྩི་དང་དཀར་པོ་ཆིག་ཐུབ། མར་དང་གྲོ་མ་སོགས་མདུན་ཅོག་སྟེང་ལ་བཞག་སྟེ“ཧེ་ཧེ། ལམ་ཐག་རིང་བའི་ཁར་རྐང་ཐང་ཡིན་པས་འདི་ཙམ་ལས་ཁྱེར་ཡོང་མ་ཐུབ། འདི་ནི་ཨ་མྱེས་ཁྱེད་ལ་ལྷག་བསམ་མཚོན་བྱེད་ཙམ་ཡིན……”ཞེས་ཞུས།
“ཨ་མ་མ། སངས་རྒྱས་ཐུགས་རྗེ་ཅན་གྱིས་མཁྱེན……”གཤིན་རྗེ་ཆོས་ཀྱི་རྒྱལ་པོས་དངོས་པོ་དེ་དག་ལ་གཟིགས་བཞིན་ཁ་གདངས་ཤིང་མིག་བགྲད་པས་བློ་བཟང་རྒྱ་མཚོའི་སེམས་ལ“ད་ནི་འགྲིག་སོང་།‘ཟས་ངོ་འཆི་བདག་བདུད་ལའང་ཡོད’ཟེར་བ་ཅི་མ་བདེན། ཁོ་རང་ཡང་ཕལ་ཆེར་ནོར་རྔམ་ཅན་ཞིག་ཡིན་ཐག་ཆོད་ལ་ད་བར་དུ་སུས་ཀྱང་འདི་འདྲའི་དངོས་པོ་མང་པོ་ཕུལ་མ་ཡོང་བ་འདྲ། ད་ནི‘མཚན་རིང་ན་རྨི་ལམ་མང་བས་གོ་སྐབས་བཟང་པོ་འདི་མ་ཤོར་གོང་ལ་མྱུར་དུ་སོང་ན་དགའ’སྙམ་སྟེ་ཡར་ལངས་ཞོར“ཧེ་ཧེ། ཨ་མྱེས་ཆོས་རྒྱལ་ལགས་ཀྱིས་སྐུ་ལུས་ལ་སེམས་ཆུང་བྱོས། འགྲོ་དོན་གལ་ཆེན་ཡིན་རུང་སྐུ་ལུས་གཙོ་བོ་ཡིན། ད་ང་རང་སྔ་ས་ནས་འགྲོ། འོ། བདེ་བ་ཅན་དེ་ད་རུང་སྔར་གྱི་གནས་ན་ཡོད་དམ་ཟེར་ནས་འགྲོ་རྩིས་བྱས་པ་ན། གཤིན་རྗེ་ཆོས་ཀྱི་རྒྱལ་བོས་སྤྱན་གློག་དམར་འཁྱུག་འཁྱུག སྐད་འབྲུག་སྒྲ་ལྡིར་ལྡིར། ཅོག་ཙེའི་སྟེང་ལ་ཁུ་ཚུར་གྱིས་རྡེག་བཞིན“སྡོད་ཅིག ཁྱོད་ཁྱོད་ཁྱོད……”གསུང་བཞིན་མདུན་ཅོག་སྟེང་གི་གཅུ་སྒོ་ཞིག་མནན་མ་ཐག་ལུས་ལ་དེང་རབས་ཀྱི་མཚོན་ཆ་སྣ་ཚོགས(བློ་བཟང་རྒྱ་མཚོས་ཕྱི་རྒྱལ་གྱི་གློག་བཪྙན་ལས་ད་གཟོད་མཚོན་ཆ་དེ་དག་མཐོང་མྱོང)ཐོགས་པའི་གཤིན་རྗེའི་ལས་མཁན་གཉིས་ནང་ལ་སླེབས།
“མི་འདི་ཁྱད་པར་བ་ཞིག་རེད། གནས་སྐབས་སུ་མར་ཁྲིད་ནས་ལྟ་རྟོག་ནན་མོ་གྱིས”རྒྱལ་བོ་ཆེན་པོས་བློ་བཟང་རྒྱ་མཚོ་ལས་མཁན་གཉིས་ལ་སྤྲད་རྗེས་ཁ་པར་སེར་བོ་ཞིག་ཡར་བླངས་ཏེ“དམིགས་བསལ་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་མི་སྣ་རྣམས་འཕྲལ་དུ་འདིར་ཤོག”གསུངས།
གཤིན་རྗེའི་དམིགས་བསལ་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་བློན་ཆེན་རྣམས་སྔ་ཕྱིར་སླེབས་ནས་རང་རང་གི་སྡོད་གནས་སུ་འཁོད་མ་ཐག་གཤིན་རྗེ་ཆོས་ཀྱི་རྒྱལ་བོའི་ཞལ་ནས། འདིར་ཚོགས་བློན་པོ་རྣམས་ཀྱིས་ཉོན།། དེ་རིང་ཉི་མའི་ཕྱི་དྲོ་ལ།། འཛམ་བུ་གླིང་གི་མི་ཞིག་སླེབས།། མིང་ལ་བློ་བཟང་རྒྱ་མཚོ་ཟེར།། མིག་ཟུང་གཡོ་དང་སྒྱུ་མས་ཁེངས།། ཁ་ཡག་བདུད་རྩི་རང་འབབ་རེད།། ལེགས་སྐྱེས་འདི་དག་ཁྱེར་ནས་ཡོང་།། བདག་ལ་མགོ་སྐོར་གཏོང་རྩིས་བྱས།། ང་རང་ཁྲི་འདིར་བསྡད་པ་ནས།། འདི་འདྲའི་དོན་ལ་འཕྲད་མ་མྱོང་།། དགེ་སྡིག་ཅི་ཡོད་མི་ཤེས་ཀྱང་།། རང་ག་བ་ཞིག་མིན་ཐག་ཆོད།། དེའི་ཕྱིར་ཁྱོད་ཚོ་བོས་པ་ཡིན།། རྒྱལ་བོ་བདག་གི་དྲན་ཚུལ་ལ།། དམིགས་བསལ་འདྲི་གཅོད་བྱེད་དགོས་འདྲ།། ཁྱོད་ཚོས་བལྟས་ན་ཅི་འདྲ་རེད།། ཅེས་གསུངས་པ་ན། བློན་ཆེན་རྣམས་ཀྱིས་མགྲིན་གཅིག་ཏུ“རྒྱལ་བོ་ཆེན་པོས་གསུངས་པ་དེ་བཞིན་བྱའོ”ཞེས་གྲོས་འཆམ་བྱུང་བ་དང་། བློ་བཟང་རྒྱ་མཚོས་ཁྱེར་ཡོང་བའི་དངོས་པོ་རྣམས་ལ་བལྟས་ཏེ་ཧ་ཅང་ངོ་མཚར་བར་གྱུར།
གཤིན་རྗེ་ཆོས་ཀྱི་རྒྱལ་བོས་སླར་ཡང་ལས་མཁན་གཉིས་ལ་བློ་བཟང་རྒྱ་མཚོ་ཁྲིད་ཡོང་དུ་བཅུག་ནས“ཡ། ཨ་རོག་མི་རྒན་ཡ་མཚན་ཅན། ལྷོ་འཛམ་བུ་གླིང་གི་ཀྲུང་གོའི་རྒྱལ་ཁབ་ཟེར་བ་དེ་སྔོན་ཆད་ཕྱིའི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་གྱིས་རིགས་སོ་སོའི་མི་དམངས་ཀྱི་གཉའ་ནས་མནན། སྐེ་ནས་བཙིར་ཏེ་དམྱལ་བའི་ཁམས་དང་ཁྱད་པར་མེད་ནའང་སྐྱེས་མཆོག་དམ་པ་མའོ་ཙེ་ཏུང་ཟེར་བ་དེས་མར་ལེའི་གཞུང་ལུགས་ལེགས་པར་སྦྱངས་ཤིང་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་བཟོ་བ་གྲལ་རིམ་གྱི་མགོ་ཁྲིད་དང་བཟོ་ཞིང་མཉམ་འབྲེལ་གྱི་རྨང་གཞི་བྱས་ཏེ་རི་བོ་ཆེན་པོ་གསུམ་རྩ་ནས་རྫོགས། དབུལ་ཕྱུག་གི་ཁྱད་པར་བསྙམས། བཙན་གཉོམ་དང་མཐོ་དམན་མེད་པར་བྱས་པ་ནས་གནམ་ས་བླ་འོག་བསྒྱུར་ཏེ་ནུབ་ཕྱོགས་བདེ་བ་ཅན་དང་ཁྱད་པར་མེད་པ་དང་། གུང་ཁྲན་ཏང་ནི་བཙན་པོའི་གཉའ་གནོན་དང་གཉོམ་པོའི་མགོན་སྐྱབས། འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ཁོ་ན་སེམས་ཤིང་རང་ལས་གཞན་གཅེས་པ། བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པ་ཞིག་ཡིན་པར་ཐོས།
དེས་ན་ཁྱོད་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པར་མ་ཟད་མགོ་ཁྲིད་མཐོ་གྲས་ཤིག་ཀྱང་ཡིན་པ་དང་། ལྷག་པར་དུ་ཁྱོད་ནི་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་། གངས་ཅན་ས་ལའི་ལྗོངས་སུ་སྐྱེས་པ་ཞིག་ཡིན་པས་ན་བྱམས་དང་སྙིང་རྗེ་ཆེ་ཞིང་དཀར་ནག་རྒྱུ་འབྲས་བརྩི་མཁན། ཁྲེལ་དང་ངོ་ཚ་ཡོད་པ་ཞིག་ལོས་ཡིན་བསམ། ད་ནི་ཁྱོད་ཀྱིས་ཤོད་དང་། རྒྱལ་ཁབ་ཀྱི་ཟླ་ཕོགས་ཟོས་ནས་མི་དམངས་ལ་དོན་བཟང་ཅི་ཙམ་བསྒྲུབས། ཏང་སྲིད་ཀྱི་དབང་ཆ་བཟུང་ནས་རྒྱུ་འབྲས་ཀྱི་བྱ་བ་ཅི་ཞིག་ལས། དལ་འབྱོར་མི་ལུས་གསེར་གྱི་མཆོད་རྟེན་ཞིག་བླངས་ནས་འགྲོ་བ་མིའི་རིགས་ལ་བྱས་རྗེས་ཅི་ཞིག་བཞག་པ་སོགས་དང་། ཡང་ན་དེ་ལས་ལྡོག་པའི་མི་དགེ་བའི་ལས་ཅི་ཞིག་བྱས་པ་རྣམས་དེ་རིང་གཤིན་རྗེའི་དམིགས་བསལ་ཁྲིམས་ར་ལ་མ་གསང་དྲང་མོར་ཤོད་ཅིག”གསུངས།
བློ་བཟང་རྒྱ་མཚོས་རང་གིས་མི་ལོ་དྲུག་ཅུའི་རིང་ལ་འདི་དང་འདི་ཟེར་བའི་གླེང་རིན་ཡོད་པའི་དོན་ཞིག་བསྒྲུབས་པ་ངོ་མ་ཡིད་ལ་མི་དྲན་པས་ངོ་མདོག་དམར་བོར་གྱུར་བ་དང་། འདིས་རང་ཉིད་གུང་ཁྲན་ཏང་ཡོན་ཡིན་པའང་ཤེས་འདུག དེས་ན་གུང་ཁྲན་ཏང་ནི་ལྷ་མེད་སྨྲ་བ་ཡིན་པས་ད་མ་བཟང་བསམ་ནས་ཤིན་ཏུ་སྐྲག འོན་ཀྱང་རང་གིས་ཆོས་ལུགས་བྱ་འགུལ་རེ་བསྒྲུབས་མྱོང་བ་ཡིད་ལ་ཤར་ནས་སླར་ཡང་སྤོབས་པ་ཞིག་སྐྱེས་ཏེ་གཡོ་སྒྱུའི་གླུ་འདི་བླངས་སོ།།
འདིར་ཚོགས་ཨ་ཇོ་རྣམས་ཀྱིས་ཉོན།། ལྷག་པར་ཨ་མྱེས་ཆོས་རྒྱལ་གསོན།། ང་ཕྱི་བལྟས་དངོས་གཙོ་སྨྲ་བ་འདྲ།། དོན་དངོས་སུ་ཆོས་ལུགས་འབའ་ཞིག་བསྒྲུབས།། དང་པོ་སྐྱེས་ནས་ལོ་བཅུའི་སྟེང་།། ཆོས་དད་ཆེ་བས་རབ་བྱུང་བསྒྲུབས།། ཕ་ཡུལ་བཅིངས་འགྲོལ་ཐོབ་པའི་རྗེས།། གྲྭ་ལོག་མི་བྱེད་ཀ་མེད་བྱུང་།། མི་གཞུང་དྲང་ཡིན་པས་རྩིས་གཉེར་ཁུར།། དངུལ་སྐར་ཟུར་གཅིག་ཀྱང་ཟོས་མ་མྱོང་།། དེའི་ཕྱིར་ལས་བྱེད་ནང་དུ་བསྡུས།། ད་དུང་ཏང་ནང་ཞུགས་དགོས་ཟེར།། གུང་ཁྲན་ཏང་ལ་ཆོས་མེད་པས།། ང་རང་ཞུགས་འདོད་གཏན་ནས་མེད།། འོན་ཀྱང་གོང་རིམ་རྩ་འཛུགས་ཀྱིས།། མཚམས་ཤིག་བཙན་གྱིས་ཏང་ནང་བསྡུས།། རྫོང་དཔོན་ཞིག་གི་གོ་གནས་སྤྲད།། བསམ་པ་དཀར་བོས་དམངས་དོན་བསྒྲུབས།། རིག་གནས་གསར་བརྗེའི་མཇུག་རྫོགས་རྗེས།། ཆོས་ལུགས་སྲིད་ཇུས་དོན་ཐོག་བབས།། བདག་གིས་སེམས་ཅན་འགྲོ་དོན་དུ།། བླ་མ་གང་མང་ཡང་ཡང་དུ།། རང་རེའི་རྫོང་ལ་གདན་དྲངས་ནས།། ཆོས་ལུགས་བྱ་འགུལ་གང་མང་སྤེལ།། འགྲོ་བའི་རེ་བ་མ་ལུས་བསྐངས།། ལྷ་ལྡན་ཡུལ་ལ་ཐེངས་གསུམ་སོང་།། ཤཱཀྱ་མུ་ནེར་ལན་དགུ་མཇལ།། ཕག་སྐོར་བྱས་པ་བགྲང་ལས་འདས།། གཞན་ཡང་རྒྱ་བོད་སོག་གསུམ་གྱི།། དགོན་སྡེ་ཆེ་ཆུང་གང་མང་ལ།། ཁ་བཏགས་སྒོར་མོ་ཡན་ཆད་ཀྱིས།། ཆོས་འབྲེལ་མ་བཞག་གཅིག་ཀྱང་མེད།། ཆོས་དེར་ཕན་ཡོན་ཨེ་ཡོད་ལགས།། གལ་ཏེ་ཡོད་ན་དག་ཞིང་དུ།། མྱུར་དུ་བསྐྱལ་ན་མི་ཆོག་གམ།། ཟེར་བར་གཤིན་རྗེ་ཆོས་ཀྱི་རྒྱལ་བོས“ཡ་ཁོ་རེ། ཁྱོད་རང་གིས་བཤད་པ་ལྟར་ན་དགེ་བ་འབའ་ཞིག་ལས་ཉེས་པ་ཅི་ཡང་མེད་མོད། དེ་ཡང་ཁྱོད་ཚོ་བོད་ཀྱི་གཏམ་དཔེ་ལ‘རང་སྐྱོན་ཤེས་ན་སངས་རྒྱས་ཡིན’ཟེར་བ་ལྟར་རང་སྐྱོན་ཤེས་མཁན་ཉུང་ལ། རང་སྐྱོན་བརྗོད་མཁན་དེ་བས་ཀྱང་དཀོན་པས་ད་ཁྱོད་ཀྱིས་དགེ་བ་བསྒྲུབས་པའི་བདེན་དཔང་ལྷན་ཅིག་སྐྱེས་པའི་ལྷ་དང་ཉེས་པ་བསགས་པའི་བདེན་དཔང་མཉམ་པོར་འོངས་པའི་བདུད་གཉིས་ལ་བཤད་དུ་འཇུག་དང་གསལ་ཡོང”གསུངས་ཙ་ན་བློ་བཟང་རྒྱ་མཚོའི་ཕྲག་པ་གཡས་པའི་སྟེང་ནས་ལས་ཀྱི་བུ་ཆུང་དཀར་པོ་ལྷན་ཅིག་སྐྱེས་པའི་ལྷ་དེ་ཐེ་ཚོམ་དང་བཅས་མར་བབས་ནས་གཡས་ཕྱོགས་ན“དག་སེལ་པ”ཞེས་བྲིས་ཡོད་པའི་འདུག་གནས་དེར་བསྡད་དེ་མགོ་བོ་སྨད་ཅིང་གོ་ལ་མི་གོ་བའི་ངང་། གཤིན་རྗེ་ཆོས་རྒྱལ་གཙོ་བྱས་པའི།། འདྲི་གཅོད་བློན་ཆེན་རྣམས་ཀྱིས་གསོན།། བདག་གི་དོ་བདག་བློ་བཟང་གིས།། གོང་ནས་བཤད་པ་ཕལ་ཆེར་བདེན།། ཤཱཀྱ་མུ་ནེར་མཇལ་དང་གཅིག། ཕག་སྐོར་ཁ་ཏོན་བྱས་དང་གཉིས།། ཆོས་ལུགས་བྱ་འགུལ་སྤེལ་དང་གསུམ།། མ་ལུས་ཡི་གེར་བཀོད་ནས་ཡོད།། ཁྱད་པར་ཁྲིམས་རས་གཟིགས་རྗེས་སུ།། བདེ་བ་ཅན་དུ་འདྲེན་ཆོག་སྟེ།། ཇོ་བོར་ཐེངས་གཅིག་མཇལ་བས་ན།། སྐྱེ་བ་བདུན་ལ་ངན་འགྲོ་མེད།། དེས་ན་བློ་བཟང་ཐེངས་དགུ་མཇལ།། བདེ་བ་ཅན་ལ་འདྲེན་པས་ཆོག། ཆོག་པས་མི་ཚད་ལྷག་ནས་ཡོད།། ཅེས་ལྕགས་སྒམ་དཀར་པོ་ཞིག་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་ཅོག་སྟེང་ལ་བཞག་རྗེས་སླར་ཡང་རང་གནས་སུ་བསྡད།
དེ་ནས་བློ་བཟང་རྒྱ་མཚོའི་ཕྲག་པ་གཡོན་པའི་སྟེང་ནས་ལས་ཀྱི་བུ་ནག་པོ་མཉམ་པོར་འོངས་པའི་བདུད་དེ་མར་བབས་ནས་མགོ་འཕང་མཐོ་ཞིང་གོམ་པ་བརྟན་པོས་གཡོན་ཕྱོགས་ན“གཞུང་གཏུག་པ”ཞེས་བྲིས་ཡོད་པའི་འདུག་གནས་དེར་བསྡད་དེ་ཡར་ལྟ་མར་ལྟ་ཞིག་བྱས་ནས་ན་རེ། འདིར་བཞུགས་རྗེ་བློན་རྣམས་ཀྱིས་གསོན།། མི་འདིའི་ཆ་རྒྱུས་ང་ལ་ཡོད།། འདི་སྐྱེས་མ་ཐག་ནས་ཕ་མ་ཤི། བུ་བདག་མེད་ཁྱི་ལྡོམ་ལྟར་དུ་གྱུར།། མ་སེམས་བཟང་ཞིག་གིས་བླངས་ནས་གསོས།། ཟས་ཁམ་གང་ལོན་ན་འདི་ལ་བླུད།། གོས་མཐོ་གང་ཪྙེད་ན་འདི་ལ་བསྐོན།། འདི་ལོ་ན་བཅུ་ལ་སོན་པའི་དུས།། ཟས་གྲྭ་བ་རྣམས་ལ་བཟང་བ་ཤེས།། མགོ་སྐྲ་ལོ་བྲེགས་ནས་གྲྭ་ལྭ་གྱོ ན། །སྡོམ་དམ་ཚིག་ཁས་ལེན་རབ་བྱུང་བསྒྲུབས།། ཆོས་སྐྱབས་འགྲོ་ཙམ་ཞིག་ཤེས་མ་ཐག ། གྲོང་རུ་སྡེ་མྱུལ་ནས་དཀོར་ཟས་ཟོས།། སྐབས་ཤིག་ལང་ཚོ་དར་ལ་བབས།། སྡོམ་དམ་ཚིག་ཤོར་ནས་གྲྭ་ལོག་བྱས།། ཆུང་མ་བླངས་ནས་འཁོར་བ་བསྐྱངས།། དང་པོ་ཁོ་རང་སྐྱོང་མཁན་གྱི།། དྲིན་ཆེན་མ་དེ་སྒོ་ལ་བསྐྲད།། ང་བརྒྱད་ལོ་ལ་མུ་གེས་ཤི། ཁྲེལ་མེད་ཟེར་ན་ཁོ་རང་རེད།། སྐབས་ཤིག་ཀྲུང་གོ་བཅིངས་འགྲོལ་བྱས།། དབུལ་པོ་རྣམས་ནི་བདག་པོར་གྱུར།། ཁོ་རང་གྲྭ་བ་ཡིན་པའི་སྐབས།། ཡི་གེ་ཅུང་ཙམ་ཤེས་པའི་ཕྱིར།། རུ་ཁག་ཅིག་གི་རྩིས་གཉེར་བྱས།། ཀོ་པགས་ཚར་གསུམ་གང་འདོད་ཟོས།། མར་ཆུར་རྒྱ་གྲངས་ཅི་འདོད་བསྣོགས།། “རིག་གསར”རླུང་འཚུབ་ལངས་པ་ན།། གན་གིས་མ་ཎི་བཏོན་བྱུང་དང་།། འདི་ཡིས་ཁ་འཁྲུག་བཤད་སོང་ཞེས།། མ་ཉེས་ཁ་གཡོགས་བྱས་བྱས་མཐར།། རུ་གཙོ་ཞིག་གི་གོ་ས་ལོན།། དེ་ནས་མི་ལས་དགུ་ལས་བྱས།། དགོན་སྡེ་གྲངས་མེད་མེ་ལ་བསྲེགས།། སྐུ་གསུང་ཐུགས་རྟེན་ཆུ་ལ་བསྐུར།། སྟོན་པའི་ཐང་ག་སྟན་བཞིན་བཏིང་།། མ་ཎི་འཁོར་ལོར་གཡག་ལྟར་ཞོན།། བླ་མ་སེར་མོ་ཆིབས་རྟ་བྱས།། བན་དེ་རྒན་པ་ཁལ་མ་བྱས།། བེ་སང་གང་མང་གཡོག་ཏུ་བཀོལ།། ཨ་ལགས་འབྲོང་ལ་གཅིན་ཡང་བླུད།། ཁ་ཁོམ་དུས་ཚིག་རྩུབ་ཆར་ལྟར་ཕབ།། ལག་ཁོམ་དུས་ཁུ་ཚུར་ཐོག་ལྟར་གཞུས།། ཁོའི་གདུག་རྩུབ་མནར་གཅོད་མ་བཟོད་པར།། མི་ལ་ལས་རང་ཡུལ་བསྐྱུར་ནས་བྲོས།། མི་ལ་ལས་རང་སྲོག་རང་གིས་བཅད།། ཁོ་དེ་ལྟར་ལས་བྱེད་ནང་ལ་ཞུགས།། དེ་ནས་ཏང་ནང་གཡོ་འཛུལ་བྱས།། རྫོང་དཔོན་པད་མའི་ཞབས་ཞུ་བྱས།། པད་མས་ཁོ་རང་ཡར་འཐེན་བྱས།། དཔོན་ཆུང་ཞིག་གི་གོ་ས་བྱིན།། ཐེངས་ཤིག་པད་མར་སྐྱོན་ཆ་བྱུང་།། ཁོས་ཐོག་མར་དེ་ལ་འཐབ་རྩོད་བྱས།། ད་དུང་ཡིད་ལ་གང་ཤར་གྱིས།། མ་ཉེས་ཁ་གཡོགས་བྱས་བྱས་མཐར།། བློ་བཟང་རྒྱ་མཚོའི་ལངས་ཕྱོགས་དེ།། ལྷོ་ཕྱོགས་ལྷུན་པོ་ལས་ཀྱང་བརྟན།། ཞེས་པའི་མཚན་སྙན་འབྲུག་ལྟར་གྲགས།། གོམ་པ་གང་གིས་ནམ་མཁར་འཛེགས།། པད་མའི་གོ་གནས་གཡོ་འཕྲོག་བྱས།། དེ་ནས་བཟུང་སྟེ་ད་ལྟའི་བར།། ངའོ་སྙམ་པའི་དྲེགས་པས་ཁེངས།། མང་ཚོགས་དང་ནི་བར་ཐག་བཀྱེད།། དམངས་ཀྱི་བསམ་འཆར་རྒྱབ་ཏུ་གཡུགས།། དཔོན་ཉམས་རྒྱལ་བོ་ལས་ཀྱང་ལྷག ། འདོ་བ་གང་བཟང་རང་གིས་ཞོན།། རླངས་འཁོར་གང་བཟང་རང་གིས་བཀོལ།། མེ་མདའ་གང་བཟང་རང་གིས་འཁུར།། གླ་དང་ཤ་བོ་གཅན་གཟན་སོགས།། རི་དྭགས་རྩ་ཆེན་གྲངས་མེད་བསད།། གཉེན་དང་གྲོགས་པོ་ཡར་འཐེན་བྱས།། བསམ་འཆར་འདོན་མཁན་མར་གནོན་བྱས།། ཁག་དབྱེན་དང་ཕྲ་མའི་ལས་ལ་དགའ།། ཕྱོགས་ཁག་བསྒྲིག་པར་དེ་བས་དགའ།། བྱ་བ་སླ་མོ་རང་གིས་བསྒྲུབས།། གྲུབ་འབྲས་ལོན་ན་ངོམ་པར་བྱེད།། བྱ་བ་དཀའ་མོ་གཞན་མགོར་དཀྲིས།། གནད་དོན་བྱུང་ན་ཟུར་དུ་གཤོལ།། ཤེས་ཡོན་ཅན་ལ་ལྷག་པར་སྡང་།། རང་དང་འདྲ་བའི་མདོ་མེད་རྣམས།། བསྡུས་ནས་རྒྱན་པོ་ཤོ་འགྱེད་བྱེད།། སྐབས་ཤིག་འདོད་རྔམ་ཇེ་ཆེར་སོང་།། འོག་མའི་ལག་ནས་ལེན་པ་དང་།། གོང་མའི་ལག་ལ་འབུལ་བ་ཡི།། ལྐོག་རྔན་ལེན་འབུལ་ལས་ལ་བྱང་།། འདེམས་བསྐོའི་སྐབས་སུ་འཐུས་མི་ཚོར།། ཨ་མྱེས་ཨ་ཕ་ཨ་ཇོ་ཟེར།། བུད་མེད་འཐུས་མིར་ཨ་མ་ཟེར།། ལ་ལར་དངོས་སུ་ཞུ་བ་བྱེད།། ལ་ལར་ལྐོག་ཏུ་འཇིགས་སྣང་སྐུལ།། སྔར་ལས་མཐོ་བའི་གོ་སར་འཛེགས།། ཏང་གི་དར་ཆ་ཕྱི་ལ་གོན།། རྒྱལ་ཁབ་ཟ་མ་ཁ་ལ་ཟོས།། ལྐོག་ཏུ་ཆོས་ལུགས་བྱ་འགུལ་སྤེལ།། འདི་ལས་ངོ་གཉིས་མ་ཞིག་མེད།། དམངས་ལ་བཙན་ཁྲལ་བཞག་ནས་ནི།། ཨ་ལགས་ལ་ལ་ཚིམ་པར་བྱས།། དམངས་ཀྱི་འདོད་བློར་ཁ་གཡར་ནས།། བླ་མ་གདན་འདྲེན་དབང་ལུང་ཞུས།། དོན་དུ་རང་གི་མཚན་སྙན་བསམ།། ཏང་དང་དམངས་དོན་རྒྱབ་ཏུ་བསྐྱུར།།བྱ་བ་སྒྲུབ་པར་ཁ་གཡར་ནས།། གང་འདོད་གནས་མཇལ་ལྟ་སྐོར་བྱས།། གཞུང་གི་སྒོར་མོ་གྲངས་མེད་བརླགས།། ཚོང་རའི་དཔལ་འབྱོར་ཁ་གཡར་ནས།། ས་ཕྱོགས་ཀུན་ཏུ་ཚོང་ཁང་བཙུགས།། གཉེན་དང་གྲོགས་པོའི་ལག་ལ་སྤྲད།། འདིའི་སྔོན་གཤིན་རྗེའི་ཕོ་ཉ་ལ།། ཐ་མག་བྱིན་ནས་ཉེས་པ་བསགས།། གཤིན་རྗེའི་འཕྲང་རིང་བརྒྱུད་སྐབས་ཀྱང་།། སྒོ་སྲུང་རྣམས་ལ་ལྐོག་རྔན་བརྫངས།། རྒྱལ་བོ་ཆེན་པོ་ཁྱེད་ལ་ཡང་།། ལེགས་སྐྱེས་སྣ་ཚོགས་ཕུལ་ནས་ནི།། ལྟག་སྒོ་བརྒྱུད་ནས་འགྲོ་རྩིས་བྱས།། གཡོ་སྒྱུ་ཨེ་ཆེ་འདིས་ཀྱང་མཚོན།། མི་འདིའི་ལོ་རྒྱུས་མདོར་བསྡུས་ཙམ།། གླུ་རུ་བླངས་ན་འདི་འདྲ་རེད།། ཞིབ་ཏུ་གླེང་ན་རྫོགས་མཐའ་མེད།། གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ཡིས།། མཐའ་དག་མ་ལུས་ཤེས་འདོད་ན། ཟླ་བ་དགུ་ལ་སྒོ་བརྒྱབ་སྟེ།། ཡིག་སྒམ་རེ་རེ་བཞིན་དུ་གཟིགས།། ཡོད་ཚད་ཡི་གེར་འཁོད་ནས་ཡོད།། ཡོད་ན་གསང་མེད་ཨ་ཕའི་ཤ།། མེད་ན་བསྣན་མེད་ཨ་མའི་ཁྲག ། ཆད་ལྷག་ཡོད་ན་ཞི་ལུའི་སྐེ།། ཞེས་མནའ་དང་བཅས་བློ་བཟང་རྒྱ་མཚོས་ཚེ་གང་བོར་བསགས་པའི་ཉེས་པ་བྲིས་ཡོད་པའི་ལྕགས་སྒམ་ནག་པོ་བཅོ་བརྒྱད་གཤིན་རྗེ་ཆོས་རྒྱལ་གྱི་མདུན་ཅོག་སྟེང་དུ་བསྒྲིགས་པ་ན་ཆོས་ཀྱི་རྒྱལ་བོའི་སྐུ་གཟི་བརྗིད་ཅན་ཉི་མ་འདྲ་བ་དེའང་སྒྲིབ་པར་བྱས།
གཤིན་རྗེའི་ཁྲིམས་འཛིན་ཉེན་རྟོག་པ་གཉིས་ཀྱིས་ཆོས་ཀྱི་རྒྱལ་བོའི་མདུན་ཅོག་སྟེང་གི་ཡིག་སྒམ་རྣམས་བླངས་པ་ན་ཁོང་གི་སྐུ་གཟུགས་སླར་ཡང་མངོན་པར་གྱུར་ཅིང་། ཁོང་གིས་ལག་རས་དཀར་པོ་ཞིག་གིས་ཞལ་གྱི་རྔུལ་ཆུ་སྲན་རྡོག་འདྲ་བ་རྣམས་འབྱིད་བཞིན“ཨ་མ་མ། སངས་རྒྱས་ཐུགས་རྗེ་ཅན་གྱིས་མཁྱེན”ཞེས་ཐུགས་སྐྱོ་བའི་ཚུལ་མཛད་པ་དང་། ཁ་ཧྥེ་ཅུང་ཙམ་བཞེས་ནས་ཐུགས་ལྷོད་ལ་བབས་རྗེས“ཡ། ཁོ་རེ་མི་རྒན་ཁ་ཡག་པོ། ད་སོ་མ་གཞུང་གཏུག་པས་བཤད་པ་རྣམས་ཨེ་བདེན། གཤིན་རྗེའི་གཏུགས་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ཚན་པ་གསུམ་པ་ལྟར་ན་ཁྱོད་ཀྱིས་རང་གིས་རང་ལ་དག་སེལ་བྱ་ཆོག་པས་བཤད་རྒྱུ་ཡོད་ན་དྲང་མོར་ཤོད”གསུངས། འོན་ཀྱང་བློ་བཟང་རྒྱ་མཚོར་ཁ་གྲག་རྒྱུ་མེད་པས་ཁྲིམས་འཛིན་ཉེན་རྟོག་པས་ཁོ་རང་སྒུལ་ཙམ་བྱས་པ་ན་ཁོ་རང་རྐུབ་སྟེགས་ལས་ལྷུང་བ་དང་ད་གཟོད་ཚང་མས་ཁོ་རང་བརྒྱལ་འདུག་པ་ཤེས། དེ་ནས་གཤིན་རྗེའི་སྨན་པ་སླེབས་ནས་ཁོའི་ཁ་ནང་ལ་རིལ་བུ་ཞིག་བཞག་པ་ན་ཁོའི་ལུས་པོ་འདར་ཙམ་བྱས་ཤིང་། རིམ་བཞིན་དྲན་པ་སོས་པས་མུ་མཐུད་དུ་འདྲི་གཅོད་བྱས།
ཆོས་ཀྱི་རྒྱལ་བོས་སླར་ཡང་གོང་གི་ཚིག་དེ་ཐེངས་གཅིག་བཟླས་ནའང་བློ་བཟང་རྒྱ་མཚོར་ཅི་ཡང་བཤད་རྒྱུ་མེད་པས“དག་སེལ་བ་ལ་བཤད་རྒྱུ་ཨེ་ཡོད”གསུངས།
ལྷན་ཅིག་སྐྱེས་པའི་ལྷས་ལག་པ་ཡར་བསྒྲེངས་ཏེ“ད་སོ་མ་གཞུང་གཏུག་པས་བཤད་པ་ལྟར་ངའི་དོ་བདག་གིས“རིག་གསར”སྐབས་སུ་བླ་མ་དང་གྲྭ་བར་མནར་གཅོད་བྱས་པ་དང་ཉེས་མེད་ལ་ཉེས་འགེལ་བྱས་པ། དགོན་སྡེ་བཤིག་པ་སོགས་བདེན་མོད། འོན་ཀྱང་དེ་ནི་སྐབས་དེའི་ལོ་རྒྱུས་ཀྱི་དབང་གིས་མི་མང་ཤོས་ཀྱིས་དེ་ལྟར་བྱས་མྱོང་བར་མ་ཟད་ཐ་ན་ལ་ལས་རང་གི་ཕ་མ་ལའང་འཐབ་རྩོད་བྱེད་པ་སོགས་བགྲང་གིས་མི་ལང་། དེས་ན་དེ་ནི་ལོ་རྒྱུས་ཀྱི་སྐྱོན་ཆ་ཡིན་པས་ཉེས་པ་ཐམས་ཅད་དབྱེར་མེད་དུ་ངའི་དོ་བདག་གི་མགོ་ལ་འཇོག་མི་རུང་།
“གཞན་ཡང་ཉེ་བའི་ལོ་འགའི་རིང་ལ་ངའི་དོ་བདག་གིས་གཞུང་དངུལ་ལྐོག་ཟ་བྱས་པ་དང་ལྐོག་རྔན་ལེན་འབུལ་བྱས་པ་སོགས་ཀྱང་དེང་སྐབས་སྤྱི་ཚོགས་ཀྱི་མཁའ་དབུགས་མི་བཟང་བའི་སྐྱོན་ཡིན་པས་ངའི་དོ་བདག་གཅིག་པོ་མ་ཡིན་པར་མི་མང་པོར་དུག་རྐྱེན་ཕོག་བཞིན་ཡོད་པ་དང་། ཐ་ན་གཤིན་རྗེའི་ཡུལ་དུའང་ཤན་ཞུགས་ངན་པ་དེ་སླེབས་ཀྱིན་འདུག་པས་དེ་ཡང་སྤྱི་ཚོགས་ཀྱི་གནད་དོན་ཡིན་པས་ངའི་དོ་བདག་གཅིག་པུའི་མགོ་ལ་བཞག་ན་མི་འགྲིག”
“མཇུག་མཐར་བཤད་རྒྱུ་ནི་གང་ལྟར་ངའི་དོ་བདག་གིས་དགེ་རྩ་མང་པོ་བསྒྲུབས་ཡོད་པ་གོང་ནས་བཤད་ཟིན་པ་ལྟར་ཡིན་པས་ཁོ་ལ་ཉེས་ཆད་མི་འབབ་པ་དང་ཡང་ན་ཡང་མོ་ཙམ་ལས་མི་འབབ”ཟེར།
ལྷན་ཅིག་སྐྱེས་པའི་ལྷའི་ཚིག་མཇུག་རྫོགས་མ་ཐག་མཉམ་པོར་འོངས་པའི་བདུད་ཀྱིས་ལག་པ་ཡར་ལ་བཀན་ཙམ་བྱས་ནས“གོང་ནས་གྱོ ད་ཡ་རང་གིས‘ང་ཕྱི་བལྟས་དངོས་གཙོ་སྨྲ་བ་འདྲ།། དོན་དངོས་སུ་ཆོས་ལུགས་འབའ་ཞིག་བསྒྲུབས།།’ཟེར། ཚང་མས་ཤེས་གསལ་ལྟར། གཤིན་རྗེའི་རྩ་ཁྲིམས་ལྟར་ན་གཤིན་རྗེའི་ཁྲིམས་རར་ཆོས་ལུགས་གང་ལ་དད་པ་དང་ཡང་ན་ཆོས་ལུགས་ལ་དད་མི་དད། ཏང་ཁག་གང་ཞིག་ཡིན་པར་ཐེ་གཏོགས་མི་བྱེད་པར་གཙོ་བོ་ནི་རང་ཉིད་དད་པའི་ཆོས་དེའམ་ཡང་ན་རང་ཉིད་ཀྱི་རིང་ལུགས་དེར་བློ་དཀར་དགོས་པ་དེ་རེད། དེས་ན་གྱོ ད་ཡ་བློ་བཟང་རྒྱ་མཚོ་ནི་ཆོས་ལུགས་གང་ལའང་དད་མོས་མི་བྱེད་པའི་གུང་ཁྲན་ཏང་ཡོན་ཞིག་ཡིན་བཞིན་དུ་ལྐོག་ནས་ཆོས་དོན་བསྒྲུབས་པ་དེ་དོན་དངོས་སུ་ཏང་ལ་རྒྱབ་འགལ་བྱས་པ་རེད། འདིའི་སྟེང་ནས་ཁོ་རང་ནི་བློ་རྟོན་མི་རུང་བའི་མི་ཉེས་ཅན་ཞིག་ཡིན་པ་གསལ་བོར་མཚོན་ཐུབ།
“ཡང་ཁོས་ཕ་ཡུལ་བཅིངས་འགྲོལ་ཐོབ་པའི་རྗེས། གྲྭ་ལོག་མི་བྱེད་ཀ་མེད་བྱུང་། ཟེར་བ་ཡང་རྫུན་ཡིན་ཏེ། མིའི་རིགས་ཀྱི་ལོ་རྩིས་ལྟར་ན་སྤྱི་ལོ1948ལོར་ཁོའི་སྡོམ་པ་ཤོར་བ་དང་མཉམ་དུ་གྲྭ་ལོག་བྱས་པ་རེད། གྱོ ད་ཡའི་ཕ་ཡུལ1950ལོར་ད་གཟོད་བཅིངས་འགྲོལ་བྱས་པ་རེད།”
“གྱོ ད་ཡས་གོང་རིམ་གྱིས་ཁོ་ཏང་ནང་བཙན་གྱིས་བསྡུས་ཟེར་བའང་རྫུན་ཡིན་ཏེ། ཁོས་ཐོབ་དང་གོ་སའི་ཆེད་དུ་སྔ་ཕྱིར་རང་འགུལ་དང་ཧུར་བརྩོན་གྱིས་རེ་འདོད་ཡི་གེ་ཐེངས་བདུན་བྲིས་མྱོང་བ་འདི”ཟེར་ནས་ཆོས་ཀྱི་རྒྱལ་བོར་ཤོག་ལྷེ་འགའ་ཕུལ་རྗེས་སུ་མུ་མཐུད་དུ“དེ་ཡང་ངས་བཤད་པའི་ནང་དོན་ནི་ཁོ་རང་ཏང་ནང་ཞུགས་པ་ཉེས་པ་རེད་ཟེར་བ་མ་ཡིན་པར་ཁོའི་སེམས་ལ་གུང་ཁྲན་ཏང་ནི་ལྷ་མེད་སྨྲ་བ་ཡིན་པས་ད་མི་བཟང་སྙམ་སྟེ་གནད་འགག་གི་སྐབས་སུ་རང་གི་ཏང་ལ་ངོ་ལོག་བྱས་པ་འདི་མཚོན་པ་ཡིན།”
ཡང་དག་སེལ་པས“གྱོ ད་ཡས‘རིག་གསར’སྐབས་སུ་མི་ལས་དགུ་ལས་བྱས་པ་དང་ཉེ་ལམ་མི་ཟ་དགུ་ཟ་བྱས་པ་དེ་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་སྟེང་ལ་དེད་པའང་མི་འགྲིག་སྟེ། ཚང་མས་ཤེས་གསལ་ལྟར། གལ་ཏེ་མི་གཞུངས་བཟང་རང་ཚུགས་ཅན་ཞིག་ཡིན་ན་སྤྱི་ཚོགས་ལ་འགྱུར་ལྡོག་ཇི་ལྟར་བྱུང་ནའང་དཀར་ནག་གི་དབྱེ་བ་ཤེས་ཤིང་བདེན་དོན་གྱི་ཆེད་དུ་རང་སྲོག་ཤོར་ཡང་འགྱོ ད་པ་མེད་པ་ཞིག་ཡིན་སྲིད། གྱོ ད་ཡ་དང་འདྲ་བའི་ལས་རྒྱུ་འབྲས་མེད་པའི་མི་ཀླད་མེད་རྣམས་ནི་ད་གཟོད་གྱང་ཁའི་རྩྭ་ལྟར་རླུང་གང་ལ་གཡུག་ན་ཕྱོགས་དེ་ལ་གཡོ་བ་རེད།”
“ཡང་གྱོ ད་ཡས་དགོན་སྡེ་མང་བོར་ཆོས་འབྲེལ་བཞག་པ་དང་བླ་མ་མང་བོ་གདན་དྲངས་ནས་དབང་ལུང་ཞུས་པ། ལྷ་སར་སོང་ནས་ཇོ་བོར་མཇལ་བ་སོགས་བདེན་མོད། ཕངས་པ་ཞིག་ལ་གྱོ ད་ཡས་དེ་དག་ཚང་མ་མང་ཚོགས་ཀྱི་ཤ་ཁྲག་ལས་ཐོན་པའི་སྒོར་མོ་བཀོལ་ནས་བསྒྲུབས་པ་ལས་རང་ཉིད་ཀྱིས་དཀའ་བ་སྤྱད་ནས་བསྒྲུབས་པ་མིན་པར་མ་ཟད་དེ་དག་གི་ཞོར་དུ་རང་གི་ཁུག་མ་བཀང་བར་བྱས་པས་ཆོས་དེ་དག་ལ་ཕན་ཡོན་ཏིལ་འབྲུ་ཙམ་ཡང་མེད་དོ”ཟེར།
བློ་བཟང་རྒྱ་མཚོས་སླར་ཡང་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ་པའམ་ཡང་ན་བཤད་རྒྱུ་མེད་པས་ལྷན་ཅིག་སྐྱེས་པའི་ལྷས་མཇུག་མཐའི་རེ་ཐག་རྟ་རྔ་ཙམ་ལ་འཇུས་ནས“ངའི་དོ་བདག་གིས་གཤིན་རྗེའི་ཕོ་ཉར་ཐ་མག་བྱིན་པ་དང་ལྐོག་རྔན་ཁྱེར་ཡོང་བ་དེའང‘ཉོ་མཁན་མེད་ན་འཚོང་མཁན་མེད’ཟེར་བ་ལྟར་ལྐོག་རྔན་ལེན་མཁན་མེད་ན་འབུལ་མཁན་ཡང་མེད་པས་དེ་ནི་གཤིན་རྗེའི་ཕོ་ཉ་དང་སྒོ་སྲུང་རྣམས་ལན་པ་ཡིན་པས་ངའི་དོ་བདག་གཅིག་པོའི་སྐྱོན་ག་ལ་ཡིན”ཟེར།
དེས་གཤིན་རྗེ་ཆོས་ཀྱི་རྒྱལ་བོར་བློ་སྒོ་ཕྱེས་པ་ལྟར“ཁོ་རེ། ཁྱོད་ཀྱིས་དངོས་པོ་འདི་དག་ཇི་ལྟར་ཁྱེར་ཡོང་བ་ཡིན”ཞེས་དྲིས།
བློ་བཟང་རྒྱ་མཚོའི་སེམས་ལ“ད་ནི་གང་ལྟར་ཡོད་ཚད་ཁོ་ཚོས་ཤེས་འདུག་པས་གསང་ནས་ཕན་པ་མེད”སྙམ་སྟེ་ཁོས་ཨ་བ་གླང་མགོ་ཅན་དང་རྭ་སྐྱེས་ཕག་མགོ་ཅན་གཉིས་ལ་ཐ་མག་བྱིན་པ་དང་། དེ་གཉིས་ཀྱིས་ཁོ་རང་ཐེངས་གཅིག་ཕྱིར་བཏང་ནས་ཁོས་དངོས་པོ་འདི་དག་ཁྱེར་ཡོང་བ། སྒོ་སྲུང་རྣམས་ལ་ལྐོག་རྔན་རེ་བྱིན་པས་དཀའ་ངལ་ཆེན་པོ་མྱོང་མ་དགོས་པ་སོགས་མ་ལུས་དྲང་མོར་བཤད།
འོན་ཀྱང་བློ་བཟང་རྒྱ་མཚོའི་བློ་ཡུལ་ལས་འདས་པ་ཞིག་ལ་མཉམ་པོར་འོང་བའི་བདུད་ཀྱིས་དེ་མ་ཐག“ཚང་མས་འདང་ཞིག་རྒྱོབ། གལ་ཏེ་མི་བཟང་བོ་ཞིག་ཡིན་ན་རང་ལ་དྲིན་སྐྱོང་མྱོང་བའི་མི་དེ་སྲོག་ལ་བབས་ཀྱང་གཡོ་འཚོང་བྱེད་མི་སྲིད། ཡིན་ནའང་ཁྲམ་པ་འདིས་ཁོ་ལ་སྙིང་རྗེས་གཟིགས་ནས་ཐེངས་གཅིག་ཕྱིར་བཏང་བའི་ཕོ་ཉ་དྲིན་ཆེན་གཉིས་ཀྱང་འདང་རྒྱག་མེད་པར་གཡོ་འཚོང་བྱས་སོང་བ་འདིའི་སྟེང་ནས་ཀྱང་ཁོ་རང་ནི་དྲིན་ཆེན་ལ་དྲིན་ལོག་བྱེད་པའི་མ་རབས་ཐ་ཤལ་བ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ”ཟེར།
གང་ལྟར་གཤིན་རྗེ་ཆོས་ཀྱི་རྒྱལ་བོས་དེ་མ་ཐག་ཨ་བ་གླང་མགོ་ཅན་དང་རྭ་སྐྱེས་ཕག་མགོ་ཅན་གཉིས་ཁྲིམས་རར་བོས་ནས་འདྲི་གཅོད་བྱས་པ་དང་། གཞན་ཡང་སྒོ་སྲུང་གང་མང་ཞིག་ལ་ལས་མཚམས་བཞག་ནས་ངོས་ལེན་བྱེད་དགོས་པའི་བཀའ་ཕབ།
དེ་ནས་གཤིན་རྗེའི་དམིགས་བསལ་ཁྲིམས་ར་ནས་བློ་བཟང་རྒྱ་མཚོས་ཚེ་གང་བོར་བསགས་པའི་དགེ་བའི་སྐོར་གྱི་བཪྙན་ཕབ་སྦྱིན་ཤོག་སྒམ་ཆུང་དཀར་བོ་གཉིས་དང་ཉེས་པ་བསགས་པའི་སྐོར་གྱི་བཪྙན་ཕབ་སྦྱིན་ཤོག་སྒམ་ཆུང་ནག་པོ་བདུན་ཅུ་ཡོད་པ་སོ་སོར་བཏང་ནས་ཚང་མས་བལྟས་རྗེས་རྒྱལ་བོ་ཆེན་པོས“ཡ་ཁོ་རེ། ད་ཁྱོད་ལ་དགེ་སྡིག་ཅི་ཡོད་བཤད་མི་དགོས་པར་ཚང་མས་མཐོང་ཟིན་པ་དེ་རེད། དེས་ན་གཤིན་རྗེའི་གཏུགས་བཤེར་བཅའ་ཁྲིམས་ལྟར་ན་གཞུང་གཏུག་པ་དང་དག་སེལ་བ། གྱོ ད་ཡ་བཅས་ལ་མཇུག་མཐར་སྐད་ཆ་བཤད་དབང་ཡོད་པས་བཤད་རྒྱུ་ཡོད་ན་ཤོད”གསུངས་པ་ན་ལྷན་ཅིག་སྐྱེས་པའི་ལྷ་ན་རེ། ཆོས་ཀྱི་རྒྱལ་བོ་གཙོ་མཛད་པའི།། གཤིན་རྗེའི་རྗེ་བློན་རྣམས་ཀྱིས་གསོན།། བདག་གི་དོ་བདག་བློ་བཟང་ལ།། ཉེས་པ་མང་བ་བདེན་ན་ཡང་།། བདག་གིས་གོང་ནས་བཤད་པ་ལྟར།། སྤྱི་ཚོགས་མཁའ་དབུགས་མི་བཟང་བས།། བློ་བཟང་ལྟ་བུའི་རུལ་སུངས་དང་།། ཐ་ན་དེ་ལས་སྡུག་པའི་མི།། ད་དུང་བགྲང་གིས་མི་ལང་པས།། གལ་ཏེ་བློ་བཟང་འདྲ་བ་རྣམས།། དམྱལ་བའི་ཁམས་སུ་གཡུག་དགོས་ན།། དམྱལ་ཁམས་བཅོ་བརྒྱད་མི་འགྱངས་པར།།སྐད་ཅིག་ཙམ་ལ་འགེངས་པར་འགྱུར།། དེས་ན་རྗེས་སུ་ཉེས་ཅན་རྣམས།། གང་དུ་འཇུག་དགོས་ཐུགས་བསམ་ཐོངས།། ཞེས་ཞུས་པར་གཤིན་རྗེ་ཆོས་ཀྱི་རྒྱལ་བོས་ཀྱང་གདོང་གི་སྤྱན་ཤེལ་བླངས་ཤིང་དཔྲལ་བར་གཉེར་མ་བསྡུས་ནས་ཡུན་རིང་བསྡད་པ་དང་། མཚམས་ཤིག་ལ་དབུགས་རིང་ཞིག་དང་མཉམ་དུ་དབུ་འཕྲེད་དུ་གཡུག་བཞིན“རེད་ཡ། དེ་ངོ་མ་གནད་དོན་ཞིག་རེད”གསུངས་ནས་མུ་མཐུད་དུ་བསམ་གཞིགས་ཀྱི་ཀློང་དུ་འཁྱམས།
དེ་ཡང་བློ་བཟང་རྒྱ་མཚོ་ལྔ་ལམ་དུ་གྱུར་བའི་གཏམ་དེ་བསྔོ་རྟ་དང་བཅས་ཨ་ལགས་འབྲོང་གི་རྣ་བར་འབྱོར་བ་ན་འབྲོང་ཚང་གིས་རང་དབང་མེད་པར“ཨ་ཧོ། ད་མ་བཟང་། ཁོ་རང་མི་སྔ་མི་འཕྱི་བར་ཏན་ཏན་སྐབས་འདིར་འཆི་དགོས་དོན་ཅི་ཡིན་ནམ”ཞེས་ངག་ལས་ཤོར་བ་དང་། ཧ་ཅང་འགྱོ ད་དེ་རང་གི་འགྲམ་ཤ་ནས་ཡང་ཡང་འཐེན་བཞིན་ཤེས་རབ་ཀྱི་སྤྱན་གྱིས་གཤིན་རྗེའི་ཡུལ་དུ་གཟིགས་པ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་བོས་བློ་བཟང་རྒྱ་མཚོར་ཇི་ལྟར་ཉེས་ཆད་གཅོད་དགོས་པ་ད་དུང་བློ་ཐག་མ་ཆོད་པར་ཡོད་པ་མཐོང་བས་དེ་མ་ཐག་རྒྱ་ལྭ་ཕུད་ནས་གྲྭ་ལྭ་གྱོ ན་ཞིང་རླངས་འཁོར་དུ་བུད་དེ་ཕྱོགས་གཅིག་ནས་རླངས་འཁོར་ཁ་ལོ་བསྐོར་བ་དང་ཕྱོགས་གཅིག་ནས་སྔགས་ཤིག་ཟློ་བཞིན་སོང་ནས་སྐད་ཅིག་ཙམ་ལ་གཤིན་རྗེའི་རྒྱལ་མཚམས་སུ་སླེབས།
གཤིན་རྗེའི་མཐའ་སྲུང་དམག་གིས་ཧ་ཅང་བརྩི་བཀུར་ལྡན་པའི་སྒོ་ནས་ཨ་ལགས་འབྲོང་གི་མདུན་བཀག་སྟེ་ག་ནས་ཡོང་དང་གང་ལ་འགྲོ། དོན་དག་ཅི་ཡིན་ལམ་ཡིག་སྟོན་ཟེར་བར་ཨ་ལགས་འབྲོང་གིས་གཡོན་ལག་གིས་འགྲམ་པ་སྐྱོར་ཞིང་གཡས་རྐང་གིས་སྣུམ་སྒོ་གནོན་བཞིན་དཔའ་གླུ་ཐུང་ཐུང་འདི་ལྟར་བླངས་སོ།།
ཁོ་རེ་གཤིན་རྗེའི་མཐའ་སྲུང་དམག། ཁྱི་མིག་བསྒྲད་ནས་གསལ་བོར་ལྟོས།། ཕག་རྣ་གཏོད་ལ་ཞིབ་མོར་ཉོན།། ལམ་མེད་ནམ་མཁར་བགྲོད་པ་འདི།། གནམ་གྲུ་མ་ཡིན་རླངས་འཁོར་རེད།། ནང་དུ་བཞུགས་པའི་སྐྱེས་བུ་ང་།། དང་པོ་འོད་དཔག་མེད་ཀྱི་སྲས།། ད་ལྟ་ཨ་ལགས་འབྲོང་དུ་འབོད།། རྩེ་གཞུང་དགོན་པའི་བླ་མ་ཡིན།། སངས་རྒྱས་བསྟན་པ་སྐྱོང་མཁན་ཡིན།། དེ་རིང་སེམས་ཅན་འགྲོ་དོན་དུ།། གཤིན་རྗེའི་རྒྱལ་བོར་མཇལ་དུ་ཡོང་།། དོན་དག་གལ་ཆེན་ཞུ་རྒྱུ་ཡོད།། འགོར་འགྱངས་མ་བྱེད་འགྲོ་རུ་ཆུགས།། ཟེར་བ་ན་གཤིན་རྗེའི་མཐའ་སྲུང་དམག་མི་དེས་ཨ་ལགས་འབྲོང་གི་གླུ་ཚིག་གི་ནང་དོན་གསལ་བོར་མ་གོ་ནའང་སེམས་ལ་བར་སྣང་དུ་བགྲོད་པའི་རླངས་འཁོར་ནང་དུ་མི་མ་ཤི་ཕྱི་མར་ཕེབས་པ་འདི་གང་ལྟར་སྐྱེ་བོ་ཕལ་བ་ཞིག་མིན་ཐག་ཆོད་པས་ད་ནི་ཁོ་རང་གང་འདོད་དུ་གློད་ན་དགའ་སྙམ་སྟེ་གུས་འདུད་ཅིག་དང་མཉམ་དུ“ག་ལེར་ཕེབས་རོགས”ཟེར་ནས་ཟུར་དུ་བུད།
ཨ་ལགས་འབྲོང་གིས་གཤིན་རྗེའི་འདྲི་གཅོད་ཁང་གི་སྒོ་ཁ་ནས་ཙིར་སྒྲ་ཞིག་དང་མཉམ་དུ་རླངས་འཁོར་གྱི་བསྒགས་毒་མནན་རྗེས་དད་ལྡན་སུ་ཞིག་གིས་ཁོ་བོར་ཕུལ་བའི་ཁ་བཏགས་ཤིག་དང་ཇ་བག་འགའ་ཡོད་པ་བཟུང་ནས་ནང་ལ་འགྲོ་རྩིས་བྱེད་སྐབས་སྲུབས་མེད་ཆུ་ཤེལ་གྱིས་གྲུབ་པའི་ཕྱི་ནས་བལྟས་ན་ནང་མཐོང་བའི་གཤིན་རྗེའི་འདྲི་གཅོད་ཁང་དུ་ཆོས་ཀྱི་རྒྱལ་བོ་གཙོ་མཛད་པའི་འདྲི་གཅོད་བློན་ཆེན་རྣམས་རེ་རེ་བཞིན་འདང་རྒྱག་གི་ནང་དུ་ལྷུང་འདུག་པ་མཐོང་ནས་སེམས་ལ“མི་མང་དཀྱིལ་ནས་དོན་དག་བཤད་མི་བདེ་བས་ཆོས་ཀྱི་རྒྱལ་བོར་ཁེར་ཐུག་ཅིག་བྱེད་དགོས”སྙམ་པ་དང་། སླར་ཡང“གལ་ཏེ་རྒྱལ་བོ་ཆེན་པོས་བློ་ཐག་བཅད་ནས་ཐམ་ག་མནན་བྱུང་ན་ཚར་སོང་བ་མིན་ནམ”སྙམ་ནས་ནང་ལ་འགྲོ་རྩིས་བྱས། ཡང་བསྐྱར“གང་ལྟར་རང་ཉིད་ཀྱང་བླ་མ་ཞིག་ཡིན་བཞིན་དུ་འདི་འདྲའི་མི་མང་པོའི་གྲལ་ནས་གནས་ལུགས་མེད་པའི་རེ་བ་དེ་འདོན་སྲོལ་མེད”བསམས་ནས་སོམ་ཉིའི་དྲ་བར་ཚུད་པའི་སྐབས་སུ་སྟབས་ལེགས་ནས་ཕྱི་དྲོའི་ངལ་གསོའི་དུས་ཚོད་ལ་སླེབས་ཟིན་པས་རྗེ་བློན་རྣམས་སྒོར་བུད་ནས་རང་རང་སར་སོང་།
ཨ་ལགས་འབྲོང་ཕྱིར་རླངས་འཁོར་དུ་འཛུལ་ཏེ་རྒྱལ་བོ་ཆེན་པོའི་རྗེས་དེད་ནས་ཁོང་གི་གཟིམ་ཁང་དུ་སོང་སྟེ་གཟན་སྐྱོར་ཕབས་ཤིང་དྲི་ཞིམ་འཐུལ་བའི་ཇ་བག་འགའི་སྟེང་ལ་དྲི་མ་མེད་པའི་ཁ་བཏགས་ཤིག་དང་བཅས་ཡར་བཏེགས་ཏེ་མ་ཎི་དབྱངས་གྱེར་གྱི་གླུ་འདི་བླངས་སོ།།
ཀ་གདུང་མེད་པའི་ཆུ་ཤེལ་ཁང་བཟང་དབུས།། ཀྭ་ཡེ་གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ལགས།། ཁ་བ་ཅན་གྱི་ཡུལ་སྲོལ་གོམས་གཤིས་ལྟར། ཁ་བཏགས་དྲི་མ་མེད་པའི་མཇལ་དར་འདི།། ག་ལེར་བཞེས་ནས་བདག་ལ་ཅུང་ཙམ་དགོངས།། ག་ཡིན་འདི་ཡིན་རྒྱུ་མཚན་ཞིབ་ཏུ་འབུལ།། ང་ཡི་མིང་ལ་ཨ་ལགས་འབྲོང་ཚང་ཟེར།། ང་རང་རྩེ་གཞུང་དགོན་པའི་བླ་མ་ཡིན།། ཅ་ནོམ་ལེགས་སྐྱེས་འབུལ་རྒྱུ་མང་ན་ཡང་།། ཅ་དག་ཙམ་གྱི་ཁ་བཏགས་ཇ་བག་ལས།། ཆ་ཡོད་ཡིན་པས་ཁྱེར་ནས་མ་ཡོང་ལགས།། ཆ་རྐྱེན་འཛོམས་པའི་དུས་སུ་སླར་ཡང་མཇལ།། ཇ་བག་འདི་ནི་ལག་སྟོང་མིན་ཙམ་ཡིན།། ཇ་འདིར་འཚོ་བཅུད་ལྡན་ཞེས་ཀུན་གྱིས་བསྒྲགས།། ཉ་ཉོག་བསྐྱུར་ནས་དོན་དག་རིམ་གྱིས་བཤད།། ཉ་གང་ཟླ་བཞིན་སྨྲ་བརྗོད་གསལ་བའི་ངང་།། ཏ་་ལེར་བཤད་ན་ཡོང་དོན་འདི་ལྟ་སྟེ།། ཏ་རིན་མིང་ཙམ་ཡོད་པའི་དཔོན་པོ་སྟེ།། ཐ་མག་འཐེན་པར་ཤིན་ཏུ་དགའ་བ་ཡི།། ཐ་ཆད་སྐྱེ་བོ་བློ་བཟང་རྒྱ་མཚོ་དེ།། ད་ནངས་ནད་མེད་འཚོ་ཞིང་གཞེས་ན་ཡང་།། ད་ལྟའི་སྔོན་ལ་ལྔ་བའི་ལམ་དུ་གྱུར།། ན་ཚོད་མཐོ་བས་ཚེ་ཚད་རན་ན་ཡང་།། ན་ནིང་དོ་ཚིགས་སངས་རྒྱས་བསྟན་པ་ལ།། པ་སངས་ལྟ་བུའི་དད་སེམས་བཟུང་ནས་ནི།། པ་ཕ་ཇི་བཞིན་ཐུགས་ཁུར་རོགས་རམ་བྱས།། ཕ་མཐའ་བྲལ་བའི་དགོན་སྡེ་སླར་གསོ་བྱས།། ཕ་ཡུལ་སྐྱེ་བོའི་བློ་ཁ་ཆོས་ལ་བསྒྱུར།། བ་ལང་ཇི་བཞིན་དམངས་ལ་ཞབས་འདེགས་ཞུས།། བ་སྤུ་གྱེན་དུ་ཕྱོགས་པའི་མཚན་བཟང་ཅན།། མ་ལྟར་བརྩེ་བའི་བླ་མ་གདན་དྲངས་ཏེ།། མ་གྱུར་སེམས་ཅན་རེ་བ་མ་ལུས་བསྐངས།། ཙ་རི་དབུས་གཙང་བསྐོར་ནས་དགེ་བ་བསགས།། ཙ་ཀ་ལི་ཡི་ལྷ་སྐུ་ཆོས་སྐུ་བཞེངས།། ཚ་ཚ་མཆོད་རྟེན་བཞེངས་པ་བགྲང་ལས་འདས།། ཚ་བོ་ཚ་མོ་མི་བསམས་ཆོས་ལུགས་བསམས།། ཛ་དྲག་ཆེ་བའི་རིག་གནས་གསར་བརྗེའི་ནང་།། ཛ་ཡའི་གསུང་རབ་མེ་ལ་བསྲེགས་ན་ཡང་།། ཝ་ལེར་བསམས་ན་དགོད་བྲོའི་དུས་སྐབས་དེར།། ཝ་སྐྱེས་འདྲ་བའི་སྐྱེ་བོ་གང་མང་གིས།།ཞྭ་ལྗང་གྱོ ན་ཞིང་དཔུང་རྟགས་དམར་བོ་བཏགས།། ཞྭ་སེར་བསྟན་པ་བསྣུབ་པ་དུས་དེའི་སྐྱོན།། ཟ་ཧམ་ཆེ་བའི་དེང་གི་དུས་སྐབས་འདིར།། ཟ་ཚོད་ཤེས་པའི་སྐྱེ་བོ་ཧ་ཅང་ཉུང་།། འ་ཡོ་ལྟ་བུའི་དཔོན་ངན་ཚོར་བསྡུར་ན།། འ་ཅག་བློ་བཟང་ད་དུང་བཟང་བ་འདྲ།། ཡ་མ་བརླ་ཡི་དུས་སྐབས་འདིའི་ནང་ལ།། ཡ་གི་སྲིད་འཛིན་དཔོན་ལ་མ་བརྟེན་ན།། ར་རོར་གྱུར་བའི་སངས་རྒྱས་བསྟན་པ་འདི།། ར་ཁྱུར་སྤྱང་ཀི་རྒྱུགས་ལྟར་སྲུང་བ་དཀའ།། ལ་ལུང་གང་བའི་སེམས་ཅན་འགྲོ་བ་ཀུན།། ལ་མོ་སངས་རྒྱས་གོ་འཕང་ཐོབ་ཕྱིར་དུ།། ཤ་ཚ་སྙིང་རྗེ་བསྒོམས་ནས་བློ་བཟང་ལ།། ཤ་ཁྲག་ཚེ་སྲོག་སླར་ཡང་སྦྱིན་ནས་ནི།། ས་ཡི་གོ་ལའི་སྟེང་ལ་ཕྱིར་མངག་སྟེ།། ས་སྟེང་འགྲོ་དོན་ཅུང་ཙམ་བསྒྲུབ་ཏུ་ཆུགས།། ཧ་ཅང་ནན་གྱིས་ཞུ་བ་བྱས་པ་ལ།། ཧ་ཧ་གད་མོ་མ་བྱེད་ཐུགས་རྗེ་ཅན།། ཨ་སྡུག་བླ་རྒན་ང་ལ་མིན་མ་གསུང་།། ཨ་ཁུ་ཆོས་རྒྱལ་ཐུགས་ལ་དེ་ལྟར་ཞོག་ཟེར་ནས་པུས་མོའི་ལྷ་ང་ས་ལ་བཙུགས་པ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་བོས“ཁྱོད་ཀྱིས་དེ་འདྲ་མ་བྱེད། ཡར་ལངས་ནས་རྐུབ་སྟེགས་སྟེང་དུ་སྡོད་ལ་ངའི་གླུ་འདིར་ཉོན”གསུངས་ནས་འདི་ལྟར་བླངས་སོ།།
ཁོ་རེ་བླ་རྒན་ཁ་བདེ་བོ།། ཉོན་དང་འདྲ་མ་འདི་འདྲ་ཡོད།། ང་རང་ཁྲི་འདིར་བསྡད་པ་ནས།། གཤིན་པོ་ཕྱིར་ལེན་ཡོང་མཁན་ལ།། གེ་སར་ནོར་བུ་དགྲ་འདུལ་གཅིག། དེའི་འཕྲོར་ཨ་ལགས་འབྲོང་ཚང་ཁྱོད།། དེ་གཉིས་མ་གཏོགས་མཐོང་མ་མྱོང་།། སྔ་མ་འཇིག་རྟེན་སྣང་བའི་དོན།། ཕྱི་མ་ཅི་ཡིན་ཤེས་མ་སོང་།། ཁྱོད་ཀྱིས་བཤད་ན་བསྟན་པའི་དོན།། དེ་འདྲ་ཡིན་ན་བཟང་མོད་ཀྱང་།། དེ་ལས་ལྡོག་ན་ངོ་རེ་ཚ།། གང་ལྟར་བློ་བཟང་རྒྱ་མཚོ་དེ།། སྤྱིར་ན་ཚེ་ཚད་རན་དང་གཅིག། སྒོས་སུ་ནག་ཉེས་ཆེ་དང་གཉིས།། དམྱལ་བའི་སླ་ངར་མ་གཡུགས་ཀྱང་།། ཕྱིར་གཏོང་བྱེད་སྲོལ་གཏན་ནས་མེད།། འཁོར་ལོའི་བསྒྱུར་བའི་རྒྱལ་བོ་ནས།། ཤིག་དང་སྲོ་མང་ལ་སོགས་པ།། ཚེ་ཐར་སོང་བ་གཅིག་ཀྱང་མེད།། འདི་ནི་འཇིག་རྟེན་ཆོས་ཉིད་དེ།། ཁྱོད་ཀྱང་བླ་མ་ཞིག་ཡིན་ན།། མ་བཤད་ན་ཡང་ལོས་ཤེས་བསམ།། དེའི་ཕྱིར་ཁྱོད་རང་ཕྱིར་ལ་སོང་།། སོང་ནས་སངས་རྒྱས་བསྟན་པ་སྐྱོངས།། ཞེས་གསུངས་པ་ན་དང་ཐོག་ཨ་ལགས་འབྲོང་ཚང་ཧ་ཅང་ངོ་ཚ་བ་དང་། སླར་ཡང་སེམས་ལ‘སྟག་གི་རྔ་མ་མི་འཛིན་གལ། བཟུང་བའི་དུས་སུ་མི་གཏོང་གལ’ཟེར་བའི་དཔེ་ལྟར། ད་ནི་གང་ལྟར་ཁོང་ལ་ཐབས་མེད་པ་ཞིག་བཟོ་དགོས་སྙམ་སྟེ་ཡང་ཡང་ཕག་འཚལ་ནས་ཞུ་བ་བྱས་པས་རྒྱལ་པོ་ཆེན་པོས་སྟོན་པའི་ན་བཟའ་གྱོ ན་པ་ཞིག་ལ་འདི་ལྟར་ཕག་འཚལ་དུ་བཅུག་ན་རང་གི་བསོད་ནམས་ལ་གནོད་ཡོང་དགོངས་ནས“ཁྱོད་ཀྱིས་དེ་འདྲ་མ་བྱེད། ཡར་ལོངས། ཡར་ལོངས”གསུངས། འོན་ཀྱང་ཨ་ལགས་འབྲོང་གིས“མིན། ང་ཡང་མངགས་པའི་མི་དང་འཕངས་པའི་མདའ་ཡིན་པའི་ཁར་འདས་པོའི་བསྔོ་རྟ་ཡང་བླངས་ཟིན་པས་འདི་ལྟར་ཕྱིར་འགྲོ་སྲོལ་མེད། དེ་བས་རྒྱལ་བོ་ཆེན་པོས་བློ་བཟང་རྒྱ་མཚོར་མ་མཐའ་ཡང་དུས་ཐུང་ཙམ་གྱི་གནང་བ་མ་བྱིན་ན་ང་དེ་རིང་ཁྱེད་ཀྱི་མདུན་ནས་ཡར་ལངས་ན་དཀོན་མཆོག་གསུམ”ཟེར་ནས་ཨུ་ཚུགས་གཡག་ལྟར་བྱས་པས་རྒྱལ་བོ་ཆེན་པོ་སྔར་ལས་འཚུབ་ཆ་ལངས་ཏེ“ཨ་ཙི། འདི་ཇི་འདྲའི་མི་ཞིག་རེད་ཨང”གསུང་བཞིན་ཕར་འགྲོ་ཚུར་འགྲོ་བྱས།
ཕར་བལྟས་ན་ཨ་ལགས་འབྲོང་ཚང་དངོས་གནས་ཡར་མི་ལངས་པ་འདྲ་བས་རྒྱལ་བོ་ཆེན་པོ་ཐབས་ཟད་དེ“ཡ་ཁོ་རེ། ཐོག་མར་ཁྱོད་ཡར་ལོངས་དང་། འུ་གཉིས་ཀྱིས་གྲོས་བྱེད་ཆོག”ཅེས་ཞལ་ལས་ཤོར་མ་ཐག་ཨ་ལགས་འབྲོང་གིས་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར“ལགས་སོ། རྒྱལ་བོ་ཆེན་པོ་བཀའ་དྲིན་ཆེ”ཟེར་ཞོར་ཡར་ལངས་པས་ད་གཟོད་ཆོས་ཀྱི་རྒྱལ་བོའི་ཐུགས་ཁམས་ལྷོད་ལ་བབས་ཏེ་ཁོ་རང་ངོ་མ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་ཡིན་ཡང་འདྲ་སྟེ། དེ་སྔོན་རང་ལ་གཅིན་ཡང་བླུད་མྱོང་བའི་མི་ཞིག་ལའང་ཆགས་སྡང་མེད་པར་འདི་འདྲའི་རོགས་བྱེད་པར་ལྟོས། ལྷག་པར་དུ་ཁོ་རང་ནི་བླ་མ་གཞན་དང་མི་འདྲ་བར་བསྔོ་རྟ་བླངས་རྗེས་འདས་པོའི་རྣམ་ཤེས་གར་སོང་དོ་སྣང་མི་བྱེད་པ་ཞིག་མིན་པ་འདིར་ཡི་རང་བྱེད་འོས། དེས་ན་བློ་བཟང་རྒྱ་མཚོ་གནས་སྐབས་སུ་ཁོ་རང་ལ་སྤྲད་དེ་བྱས་རྗེས་བཞག་ནས་ཉེས་པ་འདག་ཐབས་བྱེད་དུ་བཅུག་ནའང་མི་བཟང་རྒྱུ་མེད། གཤིན་རྗེའི་ཁྲིམས་གཞུང་དུའང‘ཉེས་ཆད་གཅོད་པ་དེ་ཕྱིས་སུ་སེམས་ཅན་བཟང་པོ་ཞིག་ཡོང་ཆེད་ཡིན’ཞེས་འཁོད་ཡོད་པ་མིན་ནམ་དགོངས་ཏེ“ཡ་བླ་རྒན། དེ་ཡང་རྒྱའི་གཏམ་དཔེ་ལ‘གྲྭ་བའི་ངོ་ལ་མི་བལྟ་རུང་བླ་མའི་ངོ་ལ་བལྟ་དགོས’ཟེར་བའམ་བོད་ཀྱི་གཏམ་དཔེ་ལ‘རྟ་ལ་བལྟས་ན་ཚོང་མེད་རུང་སྒ་ལ་བལྟས་ནས་ཚོང་རྒྱག་དགོས’ཟེར་བ་བཞིན་ཁྱོད་རང་འདི་ལྟར་ཕེབས་ཡོང་ན་ང་ལའང་ངོ་མ་ཐབས་མེད་པས་གནས་སྐབས་སུ་ཁྱོད་ཀྱིས་བློ་བཟང་རྒྱ་མཚོ་ཕྱིར་ཁྲིད་དེ་ཁོ་རང་ལ་སྡིག་བཤགས་དགེ་སྒྲུབ་བྱེད་དུ་ཆུགས། ཡིན་ནའང……”
ཨ་ལགས་འབྲོང་གི་སེམས་ལ‘ད་ནི་མཚན་རིང་ན་རྨི་ལམ་མང’བས་སྔ་ས་ནས་སོང་ན་དགའ་སྙམ་སྟེ་ཆོས་ཀྱི་རྒྱལ་བོའི་ཚིག་མཇུག་མ་རྫོགས་གོང་ཡར་ལངས་ནས“ལགས་སོ། ལགས་སོ”ཟེར་ཞོར་ཕྱིར་འགྲོ་རྩིས་བྱས་པས་ཆོས་ཀྱི་རྒྱལ་བོས་ཁོ་རང་བཀག་སྟེ“ཡིན་ནའང་ཁྱོད་ཀྱིས་འདི་དག་ཕྱིར་འཁྱེར་དགོས”གསུངས་ནས་ཁོས་ཁྱེར་ཡོང་བའི་སྐྱེས་རྣམས་ཕྱིར་སྤྲད་པ་ན་ཨ་ལགས་འབྲོང་གིས“མིན་མིན་མིན། ཁྱེད་ཀྱིས་འདི་ལྟར་བྱས་ན་ང་རང་གཞན་མིར་བརྩིས་སོང་བ་རེད། ཁྱེད་ཀྱིས་ཉུང་སོང་དགོངས་པ་རེད”ཟེར་ནས་སླར་ཡང་ཨུ་ཚུགས་བྱེད་རྩིས་བྱས་པས་རྒྱལ་བོ་ཆེན་པོ་ཐུགས་ཁྲོས་ནས“ཁྱོད་ཀྱིས་འདི་དག་ཕྱིར་མི་འཁྱེར་ན་ངས་བློ་བཟང་རྒྱ་མཚོ་ཁྱོད་ལ་མི་སྤྲོད་ཁོ་ཐག་ཡིན”གསུངས་པས་ཨ་ལགས་འབྲོང་གིས་སྐྱེས་རྣམས་ཕྱིར་མི་འཁྱེར་ཀ་མེད་བྱུང་།
ཨ་ལགས་འབྲོང་ཚང་ཕྱིར་སའི་གོ་ལའི་སྟེང་ལ་སླེབས་ནས་ཐད་ཀར་བློ་བཟང་རྒྱ་མཚོ་ཚང་ལ་སོང་སྟེ་ཧ་ཅང་རང་རློམ་གྱིས“ཁྱོད་ཚོས་འདི་འདྲའི་སེམས་སྡུག་བྱེད་མི་དགོས། ང་ལ་ལྟད་མོར་ལྟོས”ཟེར་ནས་བློ་བཟང་རྒྱ་མཚོའི་བེམ་པོར་ཕུ་ཞིག་བཏབ་པ་ན་དེ་དྲན་པ་སོས་སོང་། ཁོ་བོར་ལྟོགས་སྐོམ་བླ་ན་མེད་པ་ཞིག་སྐྱེ་བཞིན་པས་ཨ་ལགས་འབྲོང་གིས་བཀག་ཀྱང་མ་་ཁོགས་པར་ལག་ལ་ཅི་ཐོན་ཁྱུར་མིད་བྱས་པས་དེ་མ་ཐག་གཤིན་རྗེའི་ཡུལ་ལ་འགྲིམ་པའི་དོན་དག་ཡོངས་རྫོགས་འཇའ་ཡལ་བ་ལྟར་བརྗེད་པར་གྱུར། འོན་ཀྱང་གང་ལྟར་ཁོ་རང་དྲན་པ་ཤོར་ནས་ཡུན་རིང་སོང་བ་ཤེས་པར་མ་ཟད་ཨ་ལགས་འབྲོང་གིས་ཕུ་བཏབ་ནས་ད་གཟོད་དྲན་པ་སོས་པ་སོགས་བཟའ་མིས་བཤད་པས་ཁོས་ཨ་ལགས་འབྲོང་ལ་ཡང་ཡང་ཕག་འཚལ་ནས། “ང་ལ་སླར་ཡང་ཚེ་སྲོག་སྦྱིན་མཁན་དྲིན་ཆེན་རྩ་བའི་བླ་མ། ནམ་མཁའི་ཉི་ཟླ་སྐར་གསུམ་མ་གཏོགས་འཇིག་རྟེན་འདི་ན་མཁོ་དངོས་ཅི་དང་དོན་དག་གང་ཡོད་མ་གསང་དྲང་མོར་གསུངས་དང་། དེ་བཞིན་མ་བསྒྲུབས་ན་ང་བློ་བཟང་ཁྱི་ཞིག་ཡིན”ཟེར།
དེ་ཡང་བློ་བཟང་རྒྱ་མཚོའི་རྒྱུ་སྤུས་ཇི་འདྲ་ཡིན་པ་ཨ་ལགས་འབྲོང་ལ་ཧ་ཅང་གསལ་ཆ་ཡོད་པས་ཁོའི་སེམས་ལ“ཁོ་རང་ནི་དྲིན་བྱས་བརྗེད་སླ་བའི་མི་ཞིག་ཡིན་པས་ད་ལྟ་ཉིད་ལ་དོན་དག་བསྒྲུབ་ཏུ་བཅུག་ན་བཟང”སྙམ་ན་ཡང་ཨ་ལགས་འབྲོང་ནི་རིག་པ་ཤིན་ཏུ་རྣོ་བའི་མི་ཞིག་ཡིན་པས“རྫོང་དཔོན་བློ་བཟང་ལགས། ཁྱེད་ཀྱིས་ནམ་ཡང་སངས་རྒྱས་བསྟན་པར་ཐུགས་ཁུར་རོགས་རམ་གནང་བས་ན་ངས་ཁྱེད་ལ་སླར་ཡང་ཚེ་སྲོག་སྦྱིན་པ་ནི་སྒྲུབ་འོས་པ་ཞིག་རེད། ཁྱེད་ཀྱིས་ང་ལ་དོན་དག་ཅི་ཡང་སྒྲུབ་མི་དགོས”ཟེར་ནས་འབྲེལ་མེད་ཀྱི་ཁ་བརྡ་གཞན་བྱས་ནས་ཡུན་རིང་འགོར་བའི་མཚམས་ཤིག་ལ་གློ་བུར་དུ་ཡིད་ལ་དྲན་པའི་ཚུལ་གྱིས“འོ། དེ་རེད། ངའི་ཚ་བོ་དེ་ཨ་ལགས་གཡག་ཚང་གི་ཡང་སྤྲུལ་ཡིན་མིན་ཐེ་ཚོམ་མེད་ན་ཡང་། སྙིགས་མའི་དུས་འདིར་བླ་མའི་ཁྲི་རྩོད་རྒྱག་མཁན་ཡང་མང་བས་དོན་འདིར་ཁྱེད་ཀྱིས་གཟབ་གཟབ་གནང་དགོས”ཟེར།
“ཁྱེད་ཀྱིས་ཐུགས་ཁྲལ་གནང་མི་དགོས། ཁྱེད་ཀྱི་ཚ་བོར་ཆོག་མཆན་འགོད་དུ་འཇུག་མ་ཐུབ་ན་ང་ཁྱི་ཞིག་ཡིན”ཞེས་ཨ་ལགས་འབྲོང་གི་ཚ་བོ་དེ་ཨ་ལགས་གཡག་གི་ཡང་སྤྲུལ་དུ་ཆོག་མཆན་འགོད་དུ་འཇུག་རྒྱུ་ཁས་བླངས།
དེ་ཡང་ཉིན་འགའི་རྗེས་སུ་གཤིན་རྗེ་ཆོས་ཀྱི་རྒྱལ་བོས“བློ་བཟང་རྒྱ་མཚོའི་དགེ་སྒྲུབ་སྡིག་བཤགས་བྱེད་པའི་གནས་ཚུལ་ཇི་འདྲ་ཡིན་ནམ”དགོངས་ཏེ་འཇིག་རྟེན་མི་ཡུལ་དུ་གཟིགས་པ་ན། ཨ་ཁ། བློ་བཟང་རྒྱ་མཚོར་ཁྱི་སྨྱོན་གྱིས་རྨུགས་པ་ལྟར་ཁོ་རང་དྲན་པ་ཤོར་བའི་སྐབས་སུ་རོགས་མ་བྱས་པའི་མི་རྣམས་དཔོན་པོའི་གོ་ས་ལེན་པ་དང་ལ་ལ་མ་ཉེས་ཁ་གཡོགས་ཀྱིས་བཙོན་འཇུག་བྱེད་པ། སློབ་ཆུང་ཡང་མཐར་མ་ཕྱིན་པའི་རང་གི་བུ་ཚ་རྣམས་ལས་བྱེད་ནང་བསྡུ་བ། གཉེན་མི་ཡོད་ཚད་ལ་གོ་གནས་སྟེར་བའམ་ཇེ་མཐོར་གཏོང་བ། ཐ་ན་རང་གི་མིང་ཡིག་ཀྱང་མི་ཤེས་པའི་ཆུང་མ་ཡིག་རྨོངས་པ་དེའང་རིག་གནས་ཅུས་ཀྱི་ཅུས་ཀྲང་ལ་བཞག་པ་སོགས་གོང་མས་བལྟས་ན་དགོད་བྲོ་ཞིང་འོག་མས་བལྟས་ན་ངུ་བྲོ་བའི་བྱ་བ་སྣ་ཚོགས་སྒྲུབ་བཞིན་ཡོད་པས་རྒྱལ་བོ་ཆེན་པོ་ཐུགས་རབ་ཏུ་ཁྲོས་ཏེ་ཕག་བསྲིངས་ཐེངས་གཅིག་གིས་བློ་བཟང་རྒྱ་མཚོའི་གཉའ་ནས་བཟུང་སྟེ་དམྱལ་བའི་སླ་ངར་གཡུགས་པ་ན་དམངས་རྣམས་རབ་ཏུ་དགའ་ནས་ཐལ་མོ་ཐག་ཐག་ཏུ་རྡེབ་བཞིན་རྫོགས་སོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23543335
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།