མཐོ་སྒང་གི་ནོར་ནག་སྐོར་ཅུང་ཙམ་བརྗོད་པ།
རྩོམ་པ་བོ། ཤེར་གྲགས།
དང་པོ། ནོར་ནག་གི་མེས་པོ་དང་འཚོ་གནས་བྱེད་ས།
དེ་ཡང་སྔོན་བྱུང་ལོ་རྒྱུས་དུ་མར་འགྲོ་བ་མིའི་རིགས་བྱུང་ནས་འཚོ་བའི་ཐོན་སྐྱེད་ལ་ཐོག་མར་ཕྱུགས་ཀྱི་ཐོན་སྐྱེད་བྱས་ཞེས་གསུངས་པ་རེ་ཡོད་པ་དེ་ནི་བདེན་པར་སེམས། ཁྱེད་པར་བོད་ཡུལ་མཐོ་སྒང་གི་འབྲོག་པ་རྣམས་ལ་མཚོན་ན་ཡུལ་དུས་ཀྱི་ཁྱད་ཆོས་ཐུན་མིན་གྱི་དབང་གིས་ཐོག་མ་ནས་ཕྱུགས་ཀྱི་ཐོན་སྐྱེད་ལ་འབད་དེ་འཚོ་བའི་རྟེན་གཞི་མི་བྱེད་ཐབས་མེད་ཀྱིས་དུས་ད་ལྟའི་བར་གནས་པ་རེད།
མདོ་དབུས་མཐོ་སྒང་གི་རང་བྱུང་རི་ཀླུང་མཛེས་ཤིང་སྐྱིད་པའི་དགའ་ཚལ་རྣམས་སུ་བག་ཕེབས་པར་གནས་པའི་བོད་ཀྱི་འབྲོག་པ་རྣམས་ཀྱིས་ཐོག་མར་འཚོ་བའི་རྟེན་དུ་རི་དྭགས་རྐྱང་འབྲོང་སོགས་རྔོན་པ་དང་། དེ་ནས་རིམ་གྱིས་དེ་དག་གི་ཕྲུ་གུ་སོགས་བཟུང་སྟེ་བཏུལ་ཅིང་འཚོ་སྐྱོང་བྱས་ནས་གཡུང་དྭགས་སྒོ་ཕྱུགས་སུ་བསྒྱུར་ཅིང་འཕེལ་བར་གྱུར་པ་ནི་ད་ལྟའི་སྒོ་ཟོག་ནོར་ནག་ར་ལུག་ལ་སོགས་པ་འདི་དག་རེད། དེ་ཡང《 བཀའ་ཆེམས་ཀ་ཁོལ་མ》ལས། འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཤ་མ་ཕོ་མོ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ། གླ་བ་ཕོ་མོ་རར་བཏུལ། རྐྱང་ཕོ་མོ་རྟར་བཏུལ། སྤྱང་ཀི་ཕོ་མོ་ཁྱིར་བཏུལ། རྨོ་བཀོལ་སོ་ནམ་དེའི་དུས་ན་བྱས། ཕྱུགས་ཀྱི་རྫི་སྐྱོང་ཡང་དེའི་དུས་ན་བྱས་ཞེས་གསུངས་པ་ནི། འབྲི་གཡག་དེ་དག་གནས་པའི་ཡུལ་ཡང་བོད་ཡུལ་མཐོ་སྒང་ཡིན་པ་ནི། དགེ་འདུན་ཆོས་འཕེལ་གྱིས《གནས་བརྟན་སྤྱན་དྲངས་པ》ལས། གངས་ཅན་གྱི་ཁྱད་ཆོས་སུ་ཐང་ཤིང་སྐྱེས་ཤིང་། གཡག་གི་རྨིག་པས་རྡོ་བཅག་སོགས་བྱུང་ལ་ཞེས་པ་དང་། ཡང་རི་བོ་གངས་ཅན་ལ་སྦྱར་བའི་རྒྱ་གར་གྱི་སྙན་ངག་རྣམས་ལ་ལྟོས་དང་། གངས་ཅན་རི་ལ་ནགས་ཚལ་དང་མེ་ཏོག་གི་ཐང་ག་དང་། གཡག་ལ་སོགས་པ་དེར་ཡོད་ཚུལ་ཤ་སྟག་འབྱུང་ཞེས་གསུངས་པ་སོགས་ཀྱི་གཡག་ཅེས་པ་དེ་ནི་རི་དྭགས་འབྲོང་གཡག་དང་། དེ་ལས་མཆེད་པའི་ད་ལྟའི་སྒོ་ཕྱུགས་གཡུང་དྭགས་འབྲི་གཡག་གི་གཡག་ལ་ཟེར་བ་རེད། གོང་དུ་བཤད་པ་དེ་དག་དང་། ད་ལྟའི་བརྙན་འཕྲིན་ལས་འཆར་བའི་སྲོག་ཆགས་ཀྱི་འཇིག་རྟེན་ཞེས་པ་སོགས་ལ་བལྟས་ཤིང་དཔྱད་ན། རི་དྭགས་འབྲོང་ལས་མཆེད་པའི་ནོར་ནག་གི་རིགས་ནི་གཙོ་བོ་རང་རྒྱལ་གྱི་བོད་ཡུལ་མཐོ་སྒང་རྣམས་སུ་ཡོད་པ་ལས་གཞན་བོད་ཡུལ་དང་འདབས་འབྲེལ་རྒྱལ་ཁབ་ཉུང་ཤས་རེའི་མཐོ་སགང་རེ་ན་ཉུང་ཙམ་རེ་ཨེ་ཡོད་སྙམ་པ་མ་གཏོགས་ནུབ་ཕྱོགས་རྒྱལ་ཁབ་སོགས་རྒྱལ་ཁབ་གཞན་དག་ན་མེད་པར་མངོན། དེས་ན་ནོར་ནག་ནི་འཛམ་གླིང་གི་སྒོ་ཕྱུགས་རྨིག་པ་ཁ་བྲག་ཅན་གྲས་ཀྱི་གྲངས་ཀ་ཉུང་ཤས་ཤིག་དང་རང་རྒྱལ་གྱི་ཕུགས་ནོར་རིན་ཐང་ཆེ་ལ་ངོ་མཚར་བ་ཞིག་ཡིན་པར་མ་ཟད། བོད་འབྲོག་དམངས་ཀྱི་འཚོ་བའི་གཞི་རྟེན་དང་ཡུལ་དུས་ཀྱི་ཁྱད་ཆོས་དང་མཐུན་པའི་ཕྱུགས་རིགས་མེད་དུ་མི་རུང་བ་ཞིག་གོ །
གཉིས་པ། ནོར་ནག་ཅེས་པའི་མིང་གི་གོ་དོན་དང་དེའི་རྒྱུད་འཕེལ་ཚུལ།
ནོར་ནག་གམ་ཟོག་ནག(གནག)ཅེས་པའི་མིང་དེ་ཇི་ལྟར་བྱུང་བའི་ཚུལ་སོགས་ནི། ནོར་ཞེས་པ་ཡོན་ཏན་གྱི་སྒོ་ནས་བཏགས་པའི་མིང་གི་ཆ་སྟེ། མདོ་དབུས་མཐོ་སྒང་གི་བོད་འབྲོག་པ་རྣམས་ཀྱི་ཟས་གོས་གནས་ཁྱིམ་ཉོ་ཚོང་སྐྱེལ་འདྲེན་སོགས་འཚོ་བའི་རྟེན་གཞི་རིན་ཐང་བྲལ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་པས་ན་ནོར་ཞེས་དང་། ནག་གམ་གནག་ནི་ཁ་དོག་གི་སྒོ་ནས་བཏགས་པའི་མིང་གི་ཆ་སྟེ། ནོར་ནག་འབྲི་གཡག་ནི་རི་དྭགས་འབྲོང་ལས་མཆེད་པ་ཡིན་པས་འབྲོང་ལ་སྤུ་ཁ་རོག་རོག་གམ་རྒྱ་བོ་ལས་མེད་སྟབས་ནག་གམ་གནག་ཅེས་པའི་མིང་གི་ཆ་ཕྱི་མ་དེ་བྱུང་བར་སེམས། ཟོག་ཅེས་པ་ནི་དངོས་རྫས་ཀྱི་མིང་གི་རྣམ་གྲངས་ལས་བཏགས་པར་སེམས་ཏེ། ཚོང་རྫས་ལ་ཚོང་ཟོག་ཟེར་བ་ནི་བཙོང་བྱའི་དངོས་རྫས་ལ་གོ་བས་ཁ་དོག་ནག་པོའི་ཟོག་ཅེས་བཏགས་པར་རིགས། ས་ཆ་ལ་ལས་སྤུ་ནག་ཀྱང་ཟེར། འོ་ན་ད་ལྟའི་ནོར་ནག་རྣམས་དཀར་ཟལ་དང་དམར་ཟལ་སོགས་ཡོད་པ་དེ་ཅི་ཞེ་ན། དེ་ནི་རྒྱུད་འགྱུར་ལས་བྱུང་བ་ཞིག་རེད་དེ། སྔོན་ཆད་རི་དྭགས་འབྲོང་གཡུང་དྭགས་སྒོ་ཟོག་ནོར་ནག་ཏུ་བསྒྱུར་རྗེས་བ་ལང་དང་མཉམ་དུ་འཚོ་སྐྱོང་དང་རྒྱུད་འདྲེས་པའམ་སྡེབ་སྦྱོར་བྱས་པས་བ་ལང་ལ་དཀར་ཁྲ་དང་དམར་ཁྲ་སོགས་ཡོད་སྟབས་འབྲི་གཡག་ལའང་རིམ་གྱིས་སྤུ་ཁ་འགྱུར་ནས་དེ་ལྟར་བྱུང་བ་རེད། དེའི་རྒྱུད་འགྱུར་ཚུལ་དང་རྒྱུད་འགྱུར་ནོར་ཕྱུགས་སོ་སོའི་མིང་ནི། ཕ་གླང་དང་མ་འབྲི། ཡང་ན་ཕ་གཡག་དང་མ་བ་མོ་བསྡེབས་ལས་བྱུང་བ་ལ་མཛོ་དང་མཛོ་མོ་ཟེར་ཞིང་། དེའི་སྤྱི་མིང་ལ་རྔ་བྲན་ཟེར། ཕ་གཡག་དང་མ་མཛོ་མོ་བསྡེབས་པ་ལས་རྟོལ་བུ་ཞེས་པ་འབྱུང་ལ། འགར་མོ་དང་གཡག་བསྡེབས་པ་ལས་འགར་ཕྲུག་འབྱུང་བའི་རབས་འགའ་ནས་ནོར་ནག་ཏུ་དངོས་སུ་འགྱུར་བ་དང་། འགར་མོ་དང་གླང་བསྡེབས་པ་ལས་བྱུང་བ་ལ་འགར་མོའི་བུ་བདག་འཆན་ཟེར་ཏེ་ལེགས་པོར་མི་བརྩི། བོད་འབྲོག་པ་ལ་ལས་མཛོ་དང་མཛོ་མོའི་ཤ་མི་ཟ་བ་ནི་མཛོ་དང་མཛོ་མོ་བ་ལང་གི་རྒྱུད་ཁོངས་སུ་རྩི་བ་དང་། བ་ལང་གི་ཤ་ནི་ཤ་ཆེན་ཞེས་པའི་རིགས་ཡིན་པས་སོ། །
གསུམ་པ། ནོར་ཕྱུགས་ཀྱི་ལོ་ན་བརྩི་ཚུལ།
བོད་ཀྱིས་ནོར་ཕྱུགས་ཀྱི་ལོ་ན་བརྩི་བ་ལ་ཡང་ལོ་གཅིག་ཅན་དང་གཉིས་སོགས་མི་ཟེར་བར། ལོ་གཅིག་ཅན་ལ་བེའུ་དང་གཉིས་ཅན་ལ་ཡ་རུ། གསུམ་ཅན་ལ་ཤད་དང་བཞི་ཅན་ལ་སོ་གཉིས། ལོ་ལྔ་ཅན་ལ་སོ་བཞི་དང་དྲུག་ཅན་སོ་དྲུག ལོ་བདུན་ཅན་ལ་ཁ་གང་ཟེར་ཞིང་། དེའི་ཡན་ལ་ལོ་རེ་བཞིན་ཁ་གང་ནས་ལོ་གཅིག་དང་ཁ་གང་ནས་ལོ་གཉིས་སོགས་ཟེར་ནས་བརྩི་བ་རེད། རྟ་ལུག་ལའང་དེ་ལྟར་ལོ་ན་བརྩི་ཚུལ་སོ་སོར་ཡོད་པ་རེད། རྟ་ལུག་ལའང་དེ་ལྟར་ལོ་ན་བརྩི་ཚུལ་སོ་སོར་ཡོད་པ་རེད། སོ་རྟགས་ཀྱིས་ལོ་ན་བརྩི་བ་ཡང་ཆ་གྲངས་ཀྱིས་འདྲེན་པ་ལས་ཡ་གྲངས་ཀྱིས་སོ་གཅིག་སོ་གསུམ་ཞེས་འདྲེན་ཚུལ་མེད། དེ་དག་ཀྱང་བོད་འབྲོག་པའི་ནོར་ཕྱུགས་དང་འབྲེལ་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་གོ །
བཞི་བ། དུས་བཞིར་ནོར་ཕྱུགས་ཀྱི་རྫི་་སྐྱོང་བྱེད་སྟངས།
ནོར་ནག་ནི་བོད་འབྲོག་པ་མང་ཚོགས་ཀྱི་མགོར་ཕུབ་པའི་སྦྲ་ནག་དང་རྐང་ལ་གྱོན་པའི་ཀོ་ལྷམ། ཁ་ལ་ཟ་བ་དང་འཐུང་བའི་མར་ཕྱུར་དང་འོ་ཞོ། འགྲིམ་འགྲུལ་གྱི་བཞོན་ཁལ་དང་ཉོ་ཚོང་གི་ཚོང་ཟོག་སོགས་འཚོ་བའི་རྟེན་གཞི་དང་ཐོན་སྐྱེད་ཀྱི་རྒྱུ་ཆ་ཐོན་ཁུངས་ཕུལ་བྱུང་ཞིག་ཡིན་པར་མ་ཟད། བོད་ཞིང་པ་རྣམས་ཀྱི་རྨོན་ཟོག་ཀྱང་ནོར་ནག་གི་རྒྱུད་ཤ་སྟག་ཡིན་པས་ནོར་ནག་ལ་རྩིས་མཐོང་ཆེ་བ་དང་། སྲུང་གཡག་དང་སྲུང་གཡག་དང་སྲུང་འབྲི་ཚེ་ཐར་ཞེས་འབྲི་གཡག་འགའ་རེ་གོས་སྣའི་རྣ་ཚར་རྔོག་དར་དང་སྟག་རས་གཟིག་རས་སོགས་ཀྱིས་བརྒྱན་ཏེ་བཤའ་འབྲེག་མི་བྱེད་པར་ཡན་པར་གཏོང་བ་རེད།
མདོ་དབུས་མཐོ་སྒང་གི་རི་ཀླུང་དེ་དག་ན་ནོར་ནག་ལ་སོགས་པའི་ཕྱུགས་རིགས་རྣམས་ནམ་ཟླ་དུས་བཞིའི་རྣམ་པ་དང་བསྟུན་ནས་རྫི་སྐྱོང་གིས་བག་ཕེབས་པར་རྩྭ་ཆུའི་བཅུད་ལ་ཅི་དགར་རོལ་གྱིན་ཡོད། དེ་ཡང་དབྱར་ཚ་བའི་དུས་སུ་ཡུལ་གྱི་མཐོ་སྒང་ཀློང་ཡངས་རྩྭ་དང་རྩི་ཐོག་ལྗང་ལྡེམ་མེར་རྒྱས་ཤིང་དྭངས་བསིལ་ཆུ་གཙང་ལྷུང་ལྷུང་དུ་འབབ་པ་དང་། རླུང་བུ་བསིལ་བུར་ལྡང་བའི་དབྱར་མཚེར་དག་ཏུ་བོད་འབྲོག་པ་རྣམས་སྦྲ་ནག་བརྒྱངས་ནས་ཕུབ་པའི་ཁ་ཚུབ་ནས་དུ་བ་སྔོ་ལྷོག་ལྷོག་འཕྱུར་བཞིན་འོ་མ་སྐོལ་བཤིགས་དང་། གཟས་ཀ་རྣམས་སུ་ནོར་ཕྱུགས་འཚོ་སྐྱོང་གིས་རྩྭ་སྔོན་ཆུ་གཙང་ལ་རོལ་སྟབས་ཤ་ཤེད་རྒྱས་ཤིང་འོ་མ་དང་མར་ཕྱུགས་མང་བ་དང་། རླུང་བསེར་བུ་ལྡང་བས་གཅག་འབུ་ཤ་སྦྲང་སོགས་ཀྱི་གནོད་པ་ཡང་ཉུང་། སྟོན་དཔྱིད་ཕལ་ཆེར་དྲོ་གྲང་སྙོམ་ཞིང་རྩྭ་ཆུ་མོད་པའི་རི་ལུང་གི་མཐོ་དམའ་རན་ཙམ་གྱི་དཔྱིད་མཚེར་དང་། སྟོན་མཚེར་རྣམས་སུ་སྤོས་ཏེ་གཟས་ཀ་རྣམས་སུ་རྫི་སྐྱོང་བྱས་ནས་དཔྱིད་དུས་ཀྱི་སྔོ་འབུས་མ་ཐག་གི་སྔོ་ཆུང་མྱུ་གུའི་རིགས་དང་གངས་ཆབ་རོམ་ཞུ་བ་ཀླུང་རྒྱུན་དང་འདྲེས་པའི་བསིལ་ཆུར་སྤྱོད་ཅིང་འབྲི་མོའི་བེའུ་བཙའ་འགོ་་དང་ནོར་བདག་གིས་འོ་མ་འཇོ་བཤིགས་དང་ཁུལ་རྩིད་འབྲེག་པ་སོགས་ཀྱི་ལས་འགོ་འཛིན། སྟོན་དུས་ལེགས་སྨིན་རྩི་ཐོག་དང་ཆུ་གཙང་སྤྱད་པས་ཤ་སྟོབས་ལྷག་པར་རྒྱས་ཤིང་འབྲི་མོ་སྦྱིག་རན་ལ་བསླེབས་པ་དང་། ཟོག་བདག་ཚོས་དགུན་གྱི་ར་ཁང་གསོ་རྩྭ་སོགས་གྲ་སྒྲིག་གང་ལེགས་བྱེད། དགུན་གསུམ་ལ་རི་ཀླུང་གི་དམའ་ཤོད་ཁངས་རླུང་སེར་གསུམ་ཅུང་ཉུང་སའི་རི་སྐྱིབས་དྲོད་ཁུད་རྩྭ་སྐྱ་བཏུང་ཆུ་འཛོམས་པའི་དགུན་མཚེར་རྣམས་སུ་རུ་བ་བབས་ནས་གཟས་ཀར་འཚོ་སྐྱོང་གིས་རྩྭ་ཆུ་ཆད་མེད་དང་གསོ་ཚགས་ཀྱིས་ཤ་ཤེད་ཞན་དུ་མི་འཇུག་པར་ནོར་ཕྱུགས་སྦྲུམ་མའི་མངལ་སྲུང་བ་དང་། ཟོག་བདག་གསི་ཕྱི་ལོའི་ཐོན་སྐྱེད་ལ་མཁོ་བའི་སྦྲ་རེ་དང་རྩྭ སྐ ཐག་རྡང་ཆ་སོགས་གྲ་སྒྲིག་བྱེད་པ་རེད།
ལྔ་བ། ནོར་ནག་གི་དགེ་མཚན།
ནོར་ནག་ནི་རི་དྭགས་འབྲོང་རྒྱུད་ཡིན་པས་ནོར་རྒྱུད་ལེགས་པ་དང་། དེ་དག་གིས་གཟས་སུ་སྤྱད་བྱའི་རྩྭ་ཆུ་ཡང་ཧ་ཅང་གཙང་ལ་རོ་བཅུད་ཆེ་བས་ནོར་ནག་གི་གཟུགས་སྟོབས་ཆེ་ཞིང་། དེ་ལས་བྱུང་བའི་ཕྱུགས་རྫས་རྣམས་ཀྱང་རང་གི་ངོ་བོ་མ་འགྱུར་བ། རང་མདངས་ནོག་པ། རང་བཅུད་མ་ཤོར་བ། རང་ནུས་མ་ཉམས་པ། རང་རྒྱུད་མ་བསླད་པ། མ་རུང་བའི་དྲི་མ་སོགས་ཀྱིས་གོས་པ་མེད་པའི་མར་ཆུར་ཞོ་འོ་ཤ་ཚིལ་ལ་སོགས་པ་ནི་མིའི་འཚོ་བར་སྤྱོད་པའི་དངོས་རྫས་གཙང་ཞིང་ཡིད་དུ་འོང་བ་ཤ་སྟག་རེད།
གཅིག འབྲི་མོའི་འོ་མ།
འབྲི་མོའི་འོ་མ་ནི་ཕྱུགས་གཞན་གྱི་འོ་མ་ལས་བཅུད་ཆེ་ཞིང་སྣུམ་བག་ལྡན་ལ་རོ་མངར་བའི་བཏུང་བ་རྨད་དུ་བྱུང་བ་ཞིག་རེད། སྤྱིར་འོ་མ་ལ་བོད་འབྲོག་པས་འོ་རློན་དང་འོ་སྐྱ་དང་དར་བ་གསུམ་དུ་ཕྱེ་སྟེ། འོ་རློན་ནི་བཞོས་མ་ཐག་པའི་འོ་མ་འོ་སྤྲིས་དང་ལྡན་པ་དེ་ལ་ཟེར། འོ་སྐྱའམ་འོ་ཤང་ནི་འོ་རློན་གྱི་ཁ་ནས་སྤྲིས་མ་བླངས་ཤུལ་གྱི་དེ་ལ་ཟེར། དར་བ་གདུས་ནས་ཆགས་པའི་ཆུར་བ་བཙགས་ཤུལ་གྱི་གཤེར་ཁུ་ལ་ཆུར་ཁུའམ་སྔོ་ཁུ་ཟེར། འོ་མ་བསྐོལ་ནས་འཐུང་བ་དང་ཇ་ལ་བླུགས་ནས་འོ་ཇ་བླུགས་ནས་འོ་ཇ་དང་། འབྲས་ཐུག་སོགས་ལ་བླུགས་ནས་འོ་ཐུག་དང་། འོ་མ་ལ་སྐྱུར་རྩི་སྟེ་རུ་མ་བསྲེས་ནས་བསྙལ་བ་ཞོ་ལ་སོགས་པ་ནི་མིའི་བཏུང་བ་ལུས་ཁམས་གསོ་བའི་མཆོག་གྱུར་ཅིག་ཡིན་པས་འབྲོག་ཕྲུག་འོ་མས་གསོས་འདྲ་ཞེས་པ་ཡང་འབྲི་འོས་གསོས་པའི་བྱིས་པ་རྣམས་ལག་ཆགས་པ་མགྱོགས་ཤིང་ལུས་ཁམས་བཟང་ལ་རྣམ་རིག་དྭངས་པ། ཚོ་ཞིང་གྲང་ངར་ཐེག་མཁན་ཤ་སྟག་ཡིན། དེང་དུས་ཀྱི་འོ་ཕྱེ་ལ་ཡང་འབྲི་འོས་བཟོས་པའི་འོ་ཕྱེ་ཡིན་ན་ཕྱུགས་རིགས་གཞན་གྱི་འོ་མས་བཟོས་པའི་འོ་ཕྱེ་ལས་ཀྱང་གཙང་ཞིང་སྣུམ་བཅུད་ལེགས་པ་རེད། དར་བ་ལ་རུ་མ་བཏང་ནས་དར་ཞོ་བསྙལ་ཆོག་པ་དང་ཇ་ལའང་ལྡུག་ཆོག་པར་མ་ཟད། མ་ཞི་དུག་སྦྱོང་གི་སྨན་ལ་ལྕུམ་དཀར་དང་སྦྱར་ནས་སྨན་རྟ་བྱས་ན་ནུས་པ་མངོན་པར་ཐོན་པ་སོགས་ཀྱི་སྤྱོད་སྒོ་ཡོད་པ་རེད། ཆུར་ཁུ་བཞོ་ཕྱུགས་ལ་བླུད་ན་ཤ་ཤེད་རྒྱས་ཤིང་འོ་མ་མང་བ་དང་། འབྲོག་པ་ཚོས་སྐྲ་དང་གོས་སོགས་ཀྱི་ཚི་དྲེག་འཁྲུད་པ་ལའང་འདག་ནུས་ཆེ་བ་རེད། ཞོ་ནི་རོ་མངར་ཆེ་ཞིང་སྐྱུར་ལ་བཅུད་ཆེ་བ་དང་། ཟས་འཇུ་ཞིང་ལས་སྟོབས་བསྐྱེད་པ་སོགས་ཀྱི་ནུས་པ་ལྡན་པ་རེད།
གཉིས། འབྲི་མར་སེར་པོ་དང་ཕྱུར་བ།
རྩི་མར་ཏེ་འབྲི་མར་སེར་པོ་ནི་འབྲིའི་འོ་མ་བསྐོལ་བའི་ཁར་ཆགས་པའི་སྤྲིས་པ་བླངས་ནས་ཡུལ་དུས་ཀྱི་ཁྱད་ཆོས་ལྟར་རྐྱལ་བ་དང་ཤིང་ཟོའམ་འཕྲུལ་འཁོར་གང་རུང་གི་ནང་དུ་བླུགས་ནས་དཀྲུགས་པ་ལས་བྱུང་བའི་འོ་མའི་ཉིད་བཅུད་དར་ཁུ་བཙགས་ཤིང་རིལ་རིལ་དུ་བྱས་པའི་བཟའ་བ་མཆོག་ཏུ་གྱུར་པ་དེའོ། ། མར་ལ་ཡང་ཆེ་ཆུང་གི་རྣམ་པའི་མིང་རེཡོད་པ་ནི། ཆུང་བ་མར་ལོའམ་མར་རིལ་ལམ་འོ་ལོ་ཟེར། དེ་ལས་ཆེ་བ་ལ་མར་ལོག་གམ་མར་གདར་བུ་ཟེར། ཆེས་ཆེ་བ་ལ་མར་དོའམ་མར་ལྟང་ཟེར། མདོ་སྟོད་སྨད་མཐོ་སྒང་གི་འབྲི་མར་ནི་བོད་དབུས་གཙང་གི་འཚོ་བའི་གཞི་ཆ་ཆེ་ཙམ་ཞིག་དང་ཚོང་རྫས་གལ་ཆེན་ཞིག་ཡིན་པས་དེང་དུས་རླངས་འཁོར་གྱིས་སྐྱེལ་འདྲེན་བྱེད་ཀྱིན་གདའ། མར་གྱི་བཟའ་བ་ལ་ནི་ཕྱུར་ཞིབ་དང་གྲོ་མའི་ཕྱེ་མར་གྱིས་བརྫིས་པའི་ཐུད་ཅེས་པ་དང་། འབྲི་མར་བཞུས་པའི་མར་ཁུ་ལ་ཆུར་ཞིབ་དང་གྲོ་མའི་ཕྱེ་དང་ཀ་ར་སོགས་བཏབ་ནས་བླུགས་པའམ་བསྒར་པའི་བཟའ་བ་དེ་ལ་ཞུན་ཞེས་པ་དང་། གྲོ་མ་བཙོས་པར་མར་ཁུ་བླུགས་པའི་གྲོ་མ་མར་ཁུ་དང་། རྩམ་པ་བཟའ་བའི་ཞག་མར། མར་ཇ་ཁུར་བཏབ་ནས་དཀྲུགས་པའི་དཀྲུགས་ཇའམ་བསྲུབས་ཇ། ཐུག་པའི་ཐུག་མར། མར་ཁུས་བཙོས་པའི་སྣུམ་གོར་སོགས་བཟའ་རིགས་དང་། གཞན་ཡང་མར་གྱི་མེ་ཏོག་མཆོད་པ་ལྟ་བུ་དང་ལྷ་མོ། སྟག་སེང་ཁྱུང་འབྲུག་རི་རབ་ཁང་ཁྱིམ། ལྗོན་ཤིང་ནགས་ཚལ། ལོ་རྒྱུས་རྣམ་ཐར་ལ་སོགས་པ་ངོ་མཚར་བ་དུ་མ་ས་སྟེང་ན་གྲགས་ཆེ་བར་ཡོད་པ་ལགས།
ཆུར་བའམ་ཕྱུར་བ་ནི་བོད་འབྲོག་པ་རྣམས་ཀྱི་རྒྱུན་ཟས་དང་། ཁྱད་པར་སྔོན་དུས་འབྲུ་རིགས་དཀོན་པའི་ཡུལ་གྱི་གཙོ་ཟས་ཤིག་ཡིན་པ་དང་། མར་ཆུར་གྱིས་པའི་ཐུད་དང་ཞུན་ནི་ཆོས་སྲིད་ཀྱི་དགའ་སྟོན་མཛད་སྒོ་དག་དང་། བག་སྟོན་དང་བཙས་སྟོན་སོགས་ཀྱི་སྟོན་ཟས་དང་། མགྲོན་པོ་ངོ་ཐང་ཅན་གྱི་མགྲོན་ཟས་སོགས་ཡིན་པས། བཟའ་བ་ཤ་ཐུད་རི་ལྟར་སྤུངས། ། བཏུང་བ་ཇ་ཆང་མཚོ་ལྟར་བསྐྱིལ། །ཅེས་སྟོན་མགྲོན་སོགས་ཀྱི་གསོལ་བ་གཙོ་བོ་ཞིག་གོ །
གསུམ། ནོར་ནག་གི་ཤ་ཚིལ།
ནོར་ནག་གི་ཤ་ཚིལ་ནི་ཕྱུགས་གཞན་གྱི་ཤ་ཚིལ་ལས་མནོག་ཆེ་ཞིང་གཙང་ལ་རོ་བཅུད་ལེགས་པས་ཟ་མོས་པ་དང་། ཟོས་ན་ལུས་ཁམས་ལ་འཕྲོད་ཅེས་ལུས་ཕུང་གསོ་བའི་ནུས་པ་ཧ་ཅང་ཆེ། གངས་ཅན་མཐོ་སྒང་གི་བོད་འབྲོག་པ་རྣམས་ཀྱིས་ནམ་རྒྱུན་ནོར་ནག་གི་ཤ་ཚིལ་ལ་ལོངས་སྤྱོད་ཀྱིན་ཡོད་པས་འཛམ་གླིང་དུ་ནོར་ནག་གི་ཤ་ལ་ལོངས་སྤྱོད་ཤོས་ཆེ་བ་ཡིན་པར་སེམས། བཟའ་བ་འདི་ནི་ཆོས་སྲིད་ཀྱི་དགའ་སྟོན་དང་བག་སྟོན་སོགས་དང་། བླ་དཔོན་དང་འགྲུལ་མགྲོན་སོགས་ལ་གསོལ་ཚིགས་འདྲེན་པར་མེད་ན་མི་འོས་པ་ལྟ་བུའི་མགྲོན་ཟས་ཤིག་ཡིན། ཤ་ཚིལ་གཏུབས་མར་ཚྭ་གཡེར་སོགས་བཏབ་ནས་རྒྱུ་དཀར་དུ་བླུགས་པར་གཡོས་ཏེ་རྒྱུ་དཀར་དང་། ཁྲག་ཚིལ་ལ་ཚྭ་གཡེར་སོགས་བཏབ་ནས་རྒྱུ་ནག་ཏུ་བླུགས་པར་ཁྲག་རྒྱུ་སྟེ་རྒྱུ་ནག་ཟེར། དེ་གཞན་ཤའི་བཟའ་བ་ལ་ཤ་ཚིལ་ནང་བཞག་གི་ཚིལ་མོག་མོག་དང་ཤ་པ་ལི། ཐུག་ཤ་དང་ཚོགས་ཤ ཤ་གསུར་དང་ཤ་ཁུ། ཤའི་ཚོད་མ་སྣ་ཚོགས་ཡོད་པ་རེད། གཡག་རྒོད་ཀྱི་སྙིང་ཤས་སྙིང་ནད་བཅོས་པ་སོགས་ཤ་སྣ་འགས་ནད་འགའ་བཅའ་ཐུབ་པར་བཤད། བཤའ་ཟོག་ལ་སྐམས་ཟེར་ཞིང་། དེང་སང་སྐམས་རྣམས་བཤས་ར་ལ་དེད་ནས་འཕྲུལ་འཁོར་གྱིས་བཤས་ཏེ་ཤ་རྣམས་འཁྱག་མཛོད་དུ་འཇོག་པ་དང་། རིམ་གྱིས་རྒྱལ་ཁབ་ཕྱི་ནང་དུ་ཚོང་རའི་དགོས་མཁོ་ལྟར་འཁྱག་སྒྲོམ་རླངས་འཁོར་གྱིས་འདྲེན་གྱིན་ཡོད།
བཞི། ནོར་ནག་གི་ཁུལ་རྩིད།
འབྲོག་སྦྲ་ཕུར་ཅན་དང་རོང་ཤིང་སྒོ་ཅན་ཞེས་པའི་འབྲོག་སྦྲ་ཕུར་ཅན་ཟེར་དོན་ཡང་། བོད་འབྲོག་པ་རྣམས་སྡོད་གནས་སུ་འབུབས་རྒྱུ་སྤུན་བྱས་ཏེ་ཐགས་ཆས་ཀྱིས་བཏགས་པའི་རེ་ལྡེ་རེ་བཤིབས་ནས་བཟོས་ཤིང་། དེ་བརྒྱངས་ནས་འབུབས་བྱེད་དུ་ས་འཇུ་ཆོན་ཐག་ཅེས་རྩིད་ཐིག་རིང་ཐུང་དུ་མ་ཞིག་དགོས་པ་དང་། དེའི་ཐག་པ་རེ་རེ་ལ་ཕུར་བ་རེ་རེ་དགོས་པས་འབྲོག་སྦྲ་ཕུར་ཅན་ནམ་སྦྲ་ནག་ཅན་ཞེས་པའི་མིང་དེ་ནོར་ནག་གི་ལུས་ལས་བྱུང་བའི་དངོས་པོའི་མཐུན་རྐྱེན་གྱི་སྒོ་ནས་བཏགས་པ་ཞིག་རེད། སྦྲ་ནི་བོད་འབྲོག་པའི་གནས་ཁྱིམ་མེད་དུ་མི་རུང་བ་རུ་སྤོ་བ་སོགས་ལ་སྟབས་བདེ་ཞིང་གྲང་རླུང་བསེར་གསུམ་དང་ཁ་ཆར་བུ་ཡུག་སོགས་འགོག་པའི་ནུས་པ་དང་ལྡན་པ་ཞིག་རེད། ནོར་ནག་གི་ཁུལ་རྩིད་ནི་སྦྲ་རེ་དང་སྦྲའི་ཐག་ཐིག་ཁོ་ནའི་རྒྱུ་ཆ་ཙམ་མ་ཡིན་པར་ད་དུང་ཕྱར་བ་དང་། སྒྱེ་མོ། རྩིད་རྡང་དང་རྩིད་སྒྲོག འུར་ལྕག་དང་རྩིད་དོམ། རྕིད་སྐུད་དང་ཐིག་ནག་ཁུལ་རྩིད་ཀྱི་ཕྱིང་གདན། དེའི་ནང་འཚང་ཅན་གྱི་འབོལ་གདན། དར་ལྕོག་གི་ཁ་རྒྱུད། སྔོན་དུས་གྲུ་གཟིངས་ཀྱི་གཏིང་ཐག་དང་གཡོལ་དར་གྱི་ཁ་རྒྱུད་སོགས་བྱེད་ཀྱི་ཡོད་པ་དང་། འདུ་ཁང་སོགས་ཀྱི་སྒོ་མཆོར་གྱི་རེ་ཡོལ་དང་རྔ་ཡབ་སོགས་བྱེད་པ་དང་། ད་ལྟ་ཁུལ་སྐུད་ཀྱིས་སླས་པའི་གྱོན་ཆས་རིན་ཐང་ཆེ་བ་སོགས་བཟོ་ཡིན་ཡོད་པས། རྒྱུ་ཆ་དེས་བཟོས་པའི་ཡོ་བྱད་རྣམས་དྲོ་ཞིང་འབོལ་ལ་སྲ་བ་དང་གྲང་རླུང་ཆུ་ཆར་འགོག་པའི་ཡོན་ཏན་ལྡན་པའོ། །
ལྔ། ནོར་ནག་གི་ཀོ་བ།
ནོར་ནག་གི་ཀོ་བ་ནི་སྲབ་མཐུག་དང་ཆེ་ཆུང་ཅི་མཁོ་ཡོད་ཅིང་རྒྱུ་སྲ་ལ་ལེགས་པས་མཁོ་བའི་ཡོ་བྱད་ཅི་བཟོས་ཀྱང་ཡུན་ཐུབ་སྤུས་གཙང་ཡིན་པས། དེས་བཟོས་པའི་ཆུ་ཆེན་གཙང་པོ་རྒལ་བྱེད་ཀྱི་ཀོ་གྲུ་དང་། ཆུ་བོ་རྐྱལ་ནས་བགྲོད་བྱེད་ཀྱི་རྐྱལ་བ། ཀོ་སྒྲོ་དང་ཀོ་འབོག ཀོ་སྒམ་དང་ཀོ་ཏལ། ཀོ་ལྷམ་དང་ལྷམ་མཐིལ། ཁལ་འབྲེང་དང་ཞགས་འབྲེང་། སྒ་ཁེབས་དང་ཡག་ཤུན། སྲབ་མདའ་དང་མཐུར་མགོ ལྕག་རྒྱུན་དང་ཤ་ཐག ཀོ་སྒྲོག་དང་ཀོ་ཁུག རྔ་གཡོག་དང་གཡང་གཞི་སོགས་མཁོ་ཆས་སྣ་ཚོགས་པ་ཞིག་དང་། སྔོན་བོད་བོའུ་འམ་རྒྱུག་བོའུ་ཟེར་བའི་མེ་མདའི་མདེལ་སྨན་གྱི་སྣོད་བོའུ་ཁུག་ཟེར་བ་དང་། བོའུ་སྨན་གྱི་སྣོད། ཀོ་ཐོའུ་ཟེར་བ་བཟོ་རྩལ་གྱི་དབང་གིས་མཁྲེགས་ཤིང་རླན་གཤེར་གྱི་སྐྱོན་མི་འཇུག་པ་ཞིག་ཀྱང་ཡོད་པ་དང་། བོའུ་ལུང་དང་ཆབ་རྒྱུན་ཀོ་ཕུབ་སོགས་བཟོ་བར་མ་ཟད་རྒྱལ་ཁབ་ཕྱི་ནང་ལ་ཚོང་འབྲེལ་བྱེད་པའི་ཚོང་རྫས་ལེགས་ཤོས་ཤིག་ཀྱང་རེད། དེང་དུས་ཀོ་བ་འཕྲུལ་མཉེད་བྱས་ཏེ་ཀོ་བའི་ལྷམ་དང་གྱོན་པ་འབོལ་ཁྲི་སོགས་རིན་ཐང་ཆེ་བའི་ཡོ་བྱད་སྣ་ཚོགས་ཤིག་བཟོ་ཡིན་ཡོད།
དྲུག ནོར་ནག་གི་རྭ་རུས།
ནོར་ནག་གི་རྭ་རུས་ནི་ཉེ་བར་མཁོ་བའི་ཡོ་བྱད་སྣ་ཚོགས་ཤིག་བཟོ་བྱེད་ཀྱི་རྒྱུ་ཆ་ལེགས་པོ་ཞིག་ཡིན་པས། རྭས་བཟོས་པའི་ཆང་སྣོད་དེ་ལ་ཆང་རྭ་དང་། སྣ་ཐའི་སྣོད་སྣ་རྭ། སྔགས་པའི་ཐུན་རྭ། དགྲ་བྲུབ་ཀྱི་ཧོམ་རྭ། རྭ་ཐོམ་དང་རྭ་ཁ། རྭ་རྙི་དང་རྭ་གཞུ། ཚྭ་རྭ་དང་རྔུབ་རྭ། རྭ་ཐོ་དང་རྭ་ཆར་སོགས་ཡོ་བྱད་དུ་མ་ཞིག་བཟོ་ཡིན་ཡོད་པ་དང་། སྔོན་དུས་བོད་བོའུ་འམ་རྒྱུག་བོའུ་ཟེར་བའི་སྨན་རྭ་དང་འགྱོགས་རྭ། རྣ་ཟིའི་རྭ་སྣོད་སོགས་བཟོ་བ་རེད། དེ་དག་ལ་ལར་རྭ་དཀར་ནག་སྤེལ་ནས་འབྲུག་དང་མེ་ཏོག་སོགས་རི་མོ་མཛེས་ལ་ཉམས་དོད་སྣ་ཚོགས་རྐོ་བ་དང་། ལ་ལར་དེའི་སྟེང་གསེར་དངུལ་གྱི་ཤན་བརྒྱབ་པ་ལ་གཡུ་བྱུར་གྱི་འཕྲ་བཏབ་ནས་མཛེས་པར་བྱེད། རུས་པ་ལས་བྱས་པའི་རུས་པའི་རྒྱན་དྲུག་ཅེས་དབུ་རྒྱན་དང་རྣ་རྒྱན་མགུལ་རྒྱན། གདུ་བུ་དང་མཚོན་ཕྱིར་ཐོགས་དང་འོག་པག་སོགས་ལྷའི་རྒྱན་གྱི་རིགས་དང་། རུས་ཕྲེང་དང་རུས་ཁག རུས་པའི་གླིང་བུ་དང་ཟ་ཐུར་སོགས་དང་། སྔོན་རབས་སུ་རུས་ཁབ་ཀྱང་ཡོད་པ་དང་། ད་དུང་སོག་རུས་བསྲེགས་ནས་་སོག་མོ་འདེབས་པ་དང་ལྷུ་རུས་བསྲེགས་ཕྱེར་ས་རིས་འབྲི་བ་དང་རུས་ཐལ་གྱི་ཞིང་ལུད་བྱེད་པ། སྲེ་ལོང་ཐང་གིས་རླུང་ནད་བཅའ་བ་སོགས་དང་། སྤྱིར་རུས་ཐང་ནི་ལུས་ཟུངས་དང་། ཁྱད་པར་རུས་པ་གསོ་བ་ལ་མཆོག་ཏུ་གྱུར་པས། སྔོན་བོད་ཀྱིགོང་རིམ་དཔོན་པོ་ལ་ལས་ནོར་གྱི་རུས་ཕྱེ་ཁལ་འགའ་རེ་ཉར་ཚགས་བྱས་འདུག་ཅེས་ལོ་རྒྱུས་དེབ་ཐེར་ན་གསལ། གཞན་རྭ་རུས་ལས་བྱུང་བའི་དབང་པོ་རུལ་བུ་ཞེས་་དུག་ནད་སོགས་འཇོམས་པའི་ནུས་ལྡན་དཀོན་པོ་ཞིག་ཀྱང་ཡོད་ཚོད་གདའ།
བདུན། ནོར་ནག་གི་ལུས་ནས་ཐོན་པའི་སྨན་དང་ཐོན་རྫས་གཞན།
གཞན་ཡང་ནོར་ནག་གི་ལུས་ཀྱི་ཆ་ནས་སྨན་དང་བཅུད་ལེན་གྱི་རྫས་སོགས་ཉེར་མཁོ་དུ་མ་ཞིག་ཐོན་གྱིན་ཡོད་པ་དཔེར་ན། མཁྲིས་པ་ལས་སྨན་མཆོག་གི་ཝང་དང་། འབྲིའི་འོ་མ་ལས་བཅུད་ལེན་གྱི་རྫས་མར་གསར་སོགས་འབྱུང་བ་དང་། གྲོད་སྐོགས་ཞེས་གྲོད་པའི་ནང་ཤུན་གྱིས་མར་དོ་བོའི་ཐུམ་དང་ཕོ་ཁས་འོ་སྣོད་བྱེད་པ་དང་། སློ་དྲོན་གྱིས་དྲོད་དུགས་བྱས་ན་གྲུམ་ནད་ལ་ཕན་པ་དང་། རྒྱུས་པ་བསེད་དེ་བཀལ་བའི་རྒྱུས་སྐུད་ཀྱིས་སླག་ལྷམ་སོགས་འཚེམ་པར་མ་ཟད། སྔོན་དུས་སྨན་དཔྱད་བཤའ་བཅོས་ཀྱི་རྨ་ཁ་འཚེམ་བྱེད་ཀྱང་ཡིན། ལྕི་རློན་གྱིས་དགུན་སའི་ར་ཁང་སྤྱིལ་བུ་སོགས་ཞལ་ནས་ཁངས་རླུང་གྲང་ངར་འགོག་པ་དང་། ལྕི་སྐམ་ལ་ཨོང་བ་ཞེས་དུས་རྒྱུན་གྱི་མེ་ཤིང་བྱེད་ལ། དེ་ནི་ཚད་སྒྲ་མེ་སྟག་མེད་ཅིང་་ཚ་དྲོད་སྙོམ་ལ་ལྷོད་པོར་འབར་བ་ཞིག་རེད། དེས་ན་ནོར་ནག་གི་མགོའི་རྭ་རྩེ་མན་ཆད་ནས་རྐང་སུག་སྣེ་ཡན་གྱི་ལུས་ཀྱི་ཆ་ན་བོད་འབྲོག་པ་རྣམས་ལ་མི་མཁོ་བ་དང་རིན་ཐང་མི་འབབ་ས་གཅིག་ཀྱང་མེད་པས། བོད་འབྲོག་པའི་ཕུགས་ནོར་རིན་ཐང་ཆེ་བ་མེད་དུ་མི་རུང་བ་ཞིག་རེད།
དྲུག་པ། ནོར་ནག་གི་མ་འོངས་པ།
ནོར་ནག་ནི་འཛམ་གླིང་གི་སྲོག་ཆགས་སྒོ་ཕྱུགས་གཡུང་དྭགས་རྨིག་པ་ཁ་བྲག་ཅན་རྣམས་ཀྱི་ནང་ནས་གྲངས་ཀ་ཉུང་ཤས་ཀྱི་གྲས་ཡུལ་དུས་ཀྱི་ཁྱད་ཆོས་དང་མཐུན་པ་རིན་ཐང་ཆེ་ལ་ངོ་མཚར་བ་ཞིག་ཡིན་པ་དང་། མེས་རྒྱལ་གྱི་ཕུག་ནོར་དང་བོད་འབྲོག་པ་རྣམས་ཀྱི་སྒོ་ནོར། ཐོན་སྐྱེད་ཀྱི་རྨང་གཞི་དང་ཚོང་རྫས་ཀྱི་འབྱུང་གཞི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། དེའི་འཕེལ་འགྲིབ་ལེགས་ཉེས་ནི་བོད་འབྲོག་པ་དབུལ་ཕྱུག་ཅི་ཡིན་ལ་ཐད་ཀར་རག་ལས་པས། འབྲོག་པའི་འཚོ་གཞི་རང་ལ་ཡོད་པའི་ཕྱུགས་དང་། ཕྱུགས་ཀྱི་འཚོ་གཞི་རི་ལ་ཡོད་པའི་རྩྭ་ཆུ་ཡིན། དེ་ཡང་རྫི་སྐྱོང་བདག་གཉེར་བཟང་ངན་ལ་རག་པས། ཡུལ་དུ་ཁྱད་ཆོས་དང་དུས་བཞིའི་རྣམ་པར་བསྟུན་ནས་རུ་སྤོ་སྐྱས་འགེལ་གྱི་རྣམ་པས་འཚོ་སྐྱོང་བྱས་དང་བྱེད་མུས་སུ་གདའ། དེ་འདྲའི་ནོར་བུ་རང་ལས་གཞན་ལ་དཀོན་པ་ངོས་ཟིན་པའི་སྒོ་ནས་དུས་བསྟུན་སྔོན་གོམས་ཀྱི་འཚོ་སྐྱོང་གི་རྣམ་པ་ལེགས་ཤོས་དག་གནའ་བཟང་དེང་སྤྱོད་དང་། ད་ལྟའི་ཚན་རིག་དང་བསྟུན་པའི་རྫི་སྐྱོང་གི་ཐབས་ལམ་གསར་པ་དག་དེང་བཟང་རྒྱུན་སྤྱོད་བྱས་ཏེ་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་གཞིགས་ནས་རྩྭ་ཆུ་གཙང་མ་འཛོམས་སར་ཕྱུགས་རྒྱུད་བཟང་པོའི་འཕེལ་ཁ་རྒྱས་པ་དང་། ཕྱུགས་རྫས་གཙང་མའི་རང་བཞིན་མི་འགྱུར་བར་འབྲོག་པ་ཕྱུག་ཁྱིམ་ཡོང་བའི་ཐོན་སྐྱེད་ཐབས་ལམ་ལེགས་ཤོས་རེ་བསྟར་བ་ནི་སྤྱི་སྒེར་གཞུང་གསུམ་ལ་ཕན་པའི་བྱ་བ་བཟང་རབ་ཅིག་རེད་སྙམ་ཡོད།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།
|