གངས་རིའི་རིང་ལུགས་ཀྱི་ཆོས་ལུགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »གངས་རིའི་རིང་ལུགས་ཀྱི་ཆོས་ལུགས།
གངས་རིའི་རིང་ལུགས་ཀྱི་ཆོས་ལུགས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-14ལྟ་ཀློག (3384)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་རིའི་རིང་ལུགས་ཀྱི་ཆོས་ལུགས།

རྩོམ་པ་བོ། རྒྱ་གྲོལ།

     གངས་རིའི་རིང་ལུགས་གླེང་བའི་ཚེ་ན་ངེས་པར་དུ་ཆོས་ལུགས་གླེང་དགོས་ལ་མི་རིགས་གླེང་བའི་ཚེ་ནའང་ངེས་པར་དུ་ཆོས་ལུགས་གླེང་དགོས། ནུབ་ཕྱོགས་པ་ལ་ལས་ཆོས་ལུགས་ནི་མི་སྒེར་གྱི་གནད་དོན་ལས་སྤྱི་ཚོགས་ཀྱི་གནད་དོན་མིན་ཟེར་མོད། མི་སྒེར་ལས་སྤྱི་ཚོགས་གྲུབ་པས་མི་སྒེར་ལས་ལོགས་སུ་སྤྱི་ཚོགས་ཀྱི་གནད་དོན་ཞིག་མེད་ལ་མི་སྒེར་དང་མ་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་གཏན་ནས་མེད། ཆོས་ལུགས་ལ་དད་པའི་མང་ཚོགས་ཀྱིས་ཆོས་ལུགས་ལ་དད་པའི་སྤྱི་ཚོགས་གྲུབ་པ་ཡིན་པས་འདི་ལྟར་ན་ཆོས་ལུགས་ཀྱི་གནད་དོན་ཡང་སྤྱི་ཚོགས་ཀྱི་གནད་དོན་ཡིན། ང་ཚོས་ཆོས་ལུགས་སྤྱི་ཚོགས་ཀྱི་གནད་དོན་ལ་བརྩིས་ནས་གདེང་འཇོག་བྱེད་མི་འདོད་མོད།འདི་ནི་ལོ་རྒྱུས་ཀྱིས་ཆེད་དུ་ང་ཚོར་བཞག་པས་ལོ་རྒྱུས་ཀྱི་གནས་བབས་འདི་ལ་གཤོལ་ཐབས་གཏན་ནས་མེད་ལ་བཤོལ་རྒྱུ་ཟེར་ནའང་དེ་ནི་གཟུ་བོ་མིན་པའི་གཡམ་ལ་རྒྱུགས་མཁན་ཞིག་ཡིན་ངེས།

གཅིག ཆོས་ལུགས་ཀྱི་དགོས་པ།

     མི་ཞིག་ལ་ཆོས་ལུགས་དགོས་དོན་ནི་མི་ཞིག་ལ་ཤེས་རབ་དགོས་པའི་རྐྱེན་གྱིས་རེད། ཆོས་ལུགས་ཀྱིས་འགྲོ་བ་མིའི་རིགས་ལ་ཤེས་རིག་སྟེར་གྱིན་ཡོད་ལ་འགྲོ་བ་མིའི་རིགས་ལ་མི་ཞིག་བྱ་དགོས་པའི་གནས་ལུགས་བཤད་ཀྱིན་ཡོད། ཆོས་ལུགས་མེད་ན་མི་དེ་ཞ་ར་ཡིན་ལ་ཆོས་ལུགས་མེད་ན་མི་དེ་དུད་འགྲོ་ལས་མ་འདས།  ཆོས་ལུགས་ནི་བཙན་གཉོམ་འདུལ་བའི་ཆོས་ལུགས་ཤིག་ཡིན་ལ་ཆོས་ལུགས་ནི་མི་ལྷ་རུ་བསྒྱུར་བའི་གསེར་འགྱུར་རྩི་ཡིན། ཆོས་ལུགས་མེད་པའི་མི་དེ་ཀླ་ཀློ་ཡིན་ལ་དེ་ལ་བྱམས་སྙིང་རྗེ་དང་གཞན་ཕན་གྱི་སེམས་པ་གཏན་ནས་ཡོད་མི་སྲིད། གལ་ཏེ་ཡོད་ནའང་ཕྱོགས་རིས་དང་གུ་དོག མཁྲེགས་འཛིན། རྨོངས་ཞེན་དང་ཨུ་ཚུགས་ལས་མ་འདས།

ལ་ལས་མི་ཞིག་ཡིན་ན་གཞན་ཟ་བའི་སྲེད་པ་སྤྱང་ཁུ་ལྟར་ཡོད་དགོས་ལ་རང་གཅེས་བའི་སེམས་པ་མེ་ལ་ལྕེ་ལྟར་་འཕྱོ་དགོས་ཟེར། ཆོས་ལུགས་ནི་དེ་དག་འཆིང་བྱེད་ཡིན་པས་ང་ཚོ་ལ་གཏན་ནས་མི་མཁོ་ཟེར། རེད་དེ། དེ་ནི་མི་ནས་དུད་འགྲོར་འགྲོ་བའི་རྒྱུད་རིམ་ཡིན་པའི་རྟགས་མཚན་ཞིག་མ་ཡིན་ནམ། སྲེད་པའི་དབང་གིས་བླང་དོར་མི་ཤེས་པའི་སྤྱང་ཁུ་དང་ཞེ་སྡང་གིས་རང་ཉིད་གཞན་གྱི་བྲན་དུ་བྱས་པའི་ཁྱི་རྒན་དག་མི་ཤེས་སམ། སྤྱང་ཁུ་ལ་བལྟས་ནས་སྤྱང་ཁུ་དང་ཁྱི་རྒན་ལ་སྐྲག་ནས་ཁྱི་་རྒན་བྱེད་འདོད་པ་ནི་རང་ཉིད་རྒྱལ་འདོད་ནས་དུད་འགྲོར་བསྒྱུར་བ་ཞིག་རེད།

ཆོས་ལུགས་ནི་གཙོ་བོ་མི་ཚེ་མཐར་ཐུག་གི་གནད་དོན་ཐག་གཅོད་བྱེད་ཡིན་མོད་གནས་སྐབས་ཀྱི་གནད་དོན་མང་བོ་ཞིག་ལས་སླ་མོའི་སྒོ་ནས་ཐག་གཅོད་ཐུབ་པ་རེད། དེ་ཡང་ཡིན་ཏེ་གནས་སྐབས་དང་མ་འབྲེལ་བའི་མཐར་ཐུག་ཅིག་གཏན་ནས་མེད། ཆོས་ལུགས་ཀྱི་རེ་བ་ནི་མིའི་མཐར་ཐུག་གི་རེ་བ་འགྲུབ་པའི་ཆེད་དུ་ཡིན་མོད་མི་དག་གིས་རེ་བ་ནི་གནས་སྐབས་ཀྱི་དོན་དག་འགྲུབ་པ་དེ་ཡིན། འདི་ལྟར་གནས་སྐབས་ཀྱི་དགོས་པའི་ཆེད་དུ་བསྟེན་ཞིང་གནས་སྐབས་མང་བོ་ཞིག་ལས་ངེས་ཤེས་འབྱུང་ཚེ་མིའི་མིག་ཟུང་གི་བལྟ་ས་ནི་མཐར་ཐུག་ཡིན། ཆོས་ལུགས་ནི་མིའི་སྙིང་གི་མུན་པ་སེལ་བྱེད་ཡིན། གཏན་ནས་སེལ་མི་ཐུབ་པའི་མུན་པ་ཞིག་མེད་ལ་ཤེས་མི་ཐུབ་པའི་དངོས་བོ་ཞིག་ཀྱང་མེད། འདི་ནི་ཆོས་ལུགས་ཀྱིས་ང་ཚོར་གླེང་བའི་བདེན་དོན་ཡིན།

ཆོས་ལུགས་ནི་མིའི་ཤེས་རིག་གི་འབྱུང་ཁུངས་ཡིན། ཆོས་ལུགས་མེད་ན་ཀུན་སྤྱོད་དང་མི་ཆོས་སོགས་འགྲོ་བ་མིའི་རིགས་ལ་ངེས་པར་མཁོ་བའི་རིན་པོ་ཆེ་དེ་དག་གཏན་ནས་འབྱུང་ཐབས་མེད། གལ་ཏེ་ཡོད་ནའང་དེ་ནི་ཆ་མི་ཚང་བ་ཞིག་དང་མགོ་རྔ་མེད་པ་ཞིག  ལག་ལེན་ལ་མི་འཁྱོངས་པ་ཞིག་ཡིན་ངེས། ཆོས་ལུགས་ནི་མིའི་རྒུད་པ་ཀུན་གྱི་རྩ་བ་ལ་འཐབ་རྩོད་བྱེད་པའི་རིག་གནས་ཤིག་ཡིན་ལ་འགྲོ་བའི་སྡུག་བསྔལ་སྒྲོལ་བའི་རིག་གནས་ཤིག་ཀྱང་ཡིན། འགྲོ་བའི་བདེ་སྡུག་དང་དགེ་སྡུག ཁེ་ཕན་མི་བསམ་པ་ནི་དུད་འགྲོ་རིང་ལུགས་ཀྱི་རིག་གནས་ཡིན།

ཕྱི་འཇིག་རྟེན་དེ་ནང་བསམ་པས་བཟོས་པ་ཡིན། རང་གི་མི་ཚེ་དེ་རང་གི་བསམ་པས་བཟོས་པ་ཡིན། མི་ཡི་བདེ་སྡུག་དེ་ཡང་མི་ཡི་བསམ་པས་བཟོས་པ་ཡིན། ཕྱི་ཡི་འཇིག་རྟེན་བསྒྱུར་དགོས་ན་ནང་གི་བསམ་པ་བསྒྱུར་དགོས། མི་ལ་བདེ་སྐྱིད་འབྱུང་དགོས་ན་རང་གི་བསམ་པ་གསོ་དགོས། མི་ཡི་བདེ་སྡུག་བསམ་དགོས་ན་རང་གི་བསམ་པ་བསམ་དགོས། བསམ་པ་བཟོ་བཅོས་བྱེད་པ་དང༌། ངན་པ་བཟང་བོར་བསྒྱུར་བ་ནི་ཆོས་ལུགས་ཀྱི་དམིགས་ཡུལ་ཡིན། འགྲོ་བའི་བདེ་སྡུག་བསམ་པ་དང་གཞན་ལ་བདེ་བ་བསྐྲུན་པ་ནི་ཆོས་ལུགས་ཀྱི་དམ་བཅའ་ཡིན། ཆོས་ལུགས་ཀྱིས་འཇིག་རྟེན་ལ་བསྒྱུར་བཅོས་བྱེད་པའི་ཐོག་མར་རང་ཉིད་ནས་མགོ་རྩོམ་དགོས་ལ་རང་ཉིད་ཀྱི་བསམ་པ་ནས་མགོ་རྩོམ་དགོས། གོང་གི་རྒྱུ་མཚན་དེ་དག་གིས་ཆོས་ལུགས་དང་ཁ་བྲལ་ན་མི་དེ་མི་མ་ཡིན་པར་འགྱུར་འགྲོ་ལ་མི་དང་ཁ་བྲལ་ན་ཆོས་ལུགས་དེ་ཡང་ཆོས་ལུགས་མ་ཡིན་པར་འགྱུར་འགྲོ། དེ་བས་ཚེ་སྲོག་གི་ཆེད་དུ་ཆོས་ལུགས་དགོས་པ་ལས་ཆོས་ལུགས་ཀྱི་ཆེད་དུ་ཚེ་སྲོག་དགོས་པ་དེ་གཏན་ནས་མིན།

གོང་དུ་བཤད་པ་ནི་གངས་རིའི་རིང་ལུགས་ཀྱི་རྩ་དོན་ཡིན་ལ་ཆོས་ལུགས་ཀྱི་རྩ་དོན་ཡང་ཡིན། རྩ་དོན་འདི་གཉིས་ལྷན་དུ་སྦྲེལ་ན་ད་གཟོད་གངས་རིའི་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རྩ་དོན་ཡིན།

གཉིས་པ། ཆོས་ལུགས་ཀྱི་མཐུན་སྒྲིལ།

   ང་ཚོ་གངས་རིའི་རིང་ལུགས་ཀྱིས་ཆོས་ལུགས་ལ་འཛིན་པའི་རེ་བ་དང་དམིགས་ཡུལ་ནི་འགྲོ་བ་མིའི་ཆེད་དུ་ཡིན་པ་ལས་ཆོས་ལུགས་ཀྱི་ཆེད་དུ་མིན། ང་ཚོར་འགྲོ་མིའི་ཆེད་དུ་ཆོས་ལུགས་ཀྱི་ལྟ་སྟངས་དགོས་ལ་གངས་རིའི་ཆེད་དུ་གངས་རིའི་རིང་ལུགས་ཀྱི་ཆོས་ལུགས་ཀྱི་གཞུང་ལུགས་ཤིག་དགོས། ང་ཚོའི་གཞུང་ལུགས་འདི་ནི་གོ་ལྡོག་ནས་ཆོས་ལུགས་ལ་བལྟ་བ་དེ་མིན། མིའི་མིག་གིས་བལྟས་ནས་མིའི་ངག་གིས་བཤད་པའི་གཞུང་ལུགས་ཤིག་ཡིན། ང་ཚོས་བལྟས་ན་ང་ཚོའི་ཆོས་ལུགས་ནི་བན་བོན་གཉིས་ལས་འདས་མེད་ལ་དེ་གཉིས་གང་ཡིན་ནའང་གཞུང་ལུགས་ཀྱི་ངོས་ནས་བཤད་ན་རིགས་པའི་ཆོས་ལུགས་ལས་དད་པའི་ཆོས་ལུགས་མིན། ཡིན་ནའང་ལག་ལེན་གྱི་ངོས་ནས་སྣ་ཚོགས་འབྱུང་གིན་ཡོད་ལ་དེ་ནི་གཙོ་བོ་མི་ལད་པ་ལས་ཆོས་ལད་པ་མིན། ང་ཚོས་མིའི་ལད་པ་དག་བསལ་ནས་ཆོས་ཀྱི་དགོངས་དོན་ངོ་མ་ལག་ལེན་དུ་བསྟར་དགོས། ང་ཚོའི་ཆོས་ལུགས་ཀྱི་ངོས་ནས་བཤད་ན་དད་མོས་རང་དབང་ཡིན་ལ། དད་མཁན་གྱི་ཆ་ནས་དད་མིན་འདྲ་མཉམ་ཡིན། ཆོས་ལུགས་ཀྱི་ངོས་ནས་ཤེས་ནས་དད་པ་གཙོ་ལ་རྨོངས་པའི་དད་པ་གཙོ་བོ་མིན། གོ་སའི་ངོས་ནས་བཤད་ན་བན་བོན་གདན་ཐོབ་འདྲ་མཉམ་ཡིན། བོད་ཅིག་ཡིན་པའི་ཆ་ནས་བོད་ཀྱི་གྲུབ་མཐའ་དག་ལ་འདྲ་མཉམ་གྱི་ལྟ་བ་འཛིན་དགོས། ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་དོད་ཀྱི་གྲུབ་མཐའ་ཁག་ལ་མཛའ་བརྩེའི་ལྟ་བ་འཛིན་དགོས། རིགས་སྨྲ་བ་ཞིག་ཡིན་པའི་ཆ་ནས་དོད་ཀྱི་གྲུབ་མཐའ་ཁག་སྟོན་པའི་བསྟན་པ་རུ་ཁས་ལེན་དགོས། དད་ལྡན་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གྲུབ་མཐའ་དག་ཁྱིམ་གཅིག་གི་ཕུ་ནུ་རུ་འཛིན་དགོས།

    ང་ཚོ་གངས་རིའི་རིང་ལུགས་ཀྱི་ངོས་འཛིན་ལ་གྲུབ་མཐའི་ཕྱོགས་ཞེན་བྱེད་པ་དེར་བདུད་ཀྱི་བྱིན་རླབས་ཞུགས་པ་ཡིན། གྲུབ་མཐའི་རྩོད་གླེང་བྱེད་པ་དེ་ཆོས་ལ་ངོ་རྒོལ་བྱེད་པ་ཡིན། གྲུབ་མཐའ་ཕན་ཚུན་དགག་པ་དེ་སྙིང་ལ་འགོང་བོ་ཞུགས་པ་ཡིན། སྦྱིན་བདག་མངའ་རིས་རྩོད་པ་དེ་བསྟན་འཛིན་གྲས་ནས་བུད་པ་ཡིན། དེ་བས་རབ་བྱུང་བའི་ལས་ཀ་ནི་ཐོས་བསམ་སྒོམ་གསུམ་ཡིན་ཞིང་ཞིང་ཕྱུགས་ཉོ་འཚོང་དང༌། འཇིག་རྟེན་ཆོས་བརྒྱད་ནི་རབ་བྱུང་བའི་སྤང་བྱ་ཡིན། གྲུབ་མཐའ་གང་ལའང་དག་སྣང་འཛིན་དགོས་མོད་ཐམས་ཅད་གཅིག་ཏུ་བསྲེས་པ་ནི་མ་ཤེས་པ་བླུན་རྨོངས་ཀྱི་སྤྱོད་པ་ཡིན་པས་རང་རང་གི་གཞུང་ལུགས་ལ་སྦྱངས་ནས་ལྟ་སྤྱོད་ཀྱི་གཞི་ཚུགས་དགོས་ལ་རང་རང་གི་ས་ནས་ལྟ་གྲུབ་གཙང་མ་འཛིན་དགོས། ཁྱོད་ཆོས་པ་རྣམ་དག་ཅིག་ཡིན་མིན་དེ་རང་གི་སེམས་ལ་འདྲི་དགོས་ལ་ཕྱི་ཡི་རྣམ་པའི་སྟེང་ནས་ནས་ཀྱང་མངོན་དགོས་པས་ཕྱི་རྣམ་པའི་སྟེང་ནས་ཀྱང་སྐྱ་མིན་སེར་མིན་ཞིག་གཏན་ནས་བྱེད་མི་ཆོག ཆོས་ལུགས་གང་ཞིག་ཡིན་རུང་དེའི་ཉམས་ལེན་བྱེད་མཁན་གྱི་མང་ཚོགས་ཀྱི་བདེ་སྡུག་ལ་བསམ་བློ་བཏང་ནས་སློབ་སྟོན་གྱི་ནུས་པ་ཐོན་དགོས། རང་ཉིད་དགེ་བཤེས་སུ་གྱུར་བ་གསེར་ཁྲིའི་སྟེང་དུ་སྡོད་པའི་ཆེད་དུ་མིན་ལ་རང་ཉིད་ལུང་རིགས་ལ་བྱང་བ་གཞན་ལ་དགག་པ་གཏོང་བའི་ཆེད་མིན། ཆོས་ལུགས་བསྟན་པའི་སྦྱིན་བདག་དང་འབྲལ་ཐབས་མེད་ལ་བསྟན་པའི་སྦྱིན་བདག་ཡང་ཆོས་ལུགས་དང་འབྲལ་ཐབས་མེད། དེ་གཉིས་ཀ་ཡང་བསྟན་འཛིན་སྐྱེས་བུ་དང་འབྲལ་ཐབས་མེད་པས་འདི་གསུམ་ཚང་ན་ད་གཟོད་བསྟན་པ་རྒྱས་བར་འགྱུར་བ་ཡིན།

    ངས་འདི་ལྟར་བཤད་འདོད། བོན་པོ་བསྟན་པའི་སྐྱ་རེངས་ཡིན། རྙིང་མ་བསྟན་པའི་གཞི་མ་ཡིན། བཀའ་གདམས་བསྟན་པའི་སྙིང་བོ་ཡིན། ས་སྐྱ་བསྟན་པའི་ལྕགས་རི་ཡིན། དགེ་ལུགས་བསྟན་པའི་རྒྱལ་མཚན་ཡིན། བཀའ་བརྒྱུད་བསྟན་པའི་མཛེས་རྒྱན་ཡིན། ཇོ་ནང་བསྟན་པའི་འོད་ཟེར་ཡིན། ཞི་བྱེད་བསྟན་པའི་ཉིང་ཁུ་ཡིན། མདོར་ན་བསྟན་པ་ནི་ཉི་མ་ཡིན་ཏེ་གྲུབ་མཐའ་རེ་རེ་འོད་ཟེར་རེ་རེ་ཡིན། གྲུབ་མཐའ་རེ་རེ་སངས་རྒྱས་ཀྱི་འོད་ཟེར་རེ་རེ་ཡིན། གྲུབ་མཐའ་འདི་དག་ཚང་མ་ཁྱིམ་ཚང་གཅིག་གི་ཕུ་ནུ་ཡིན། དེ་རིང་གི་དུས་འདིར། གསར་རྙིང་གི་བར་དུ་མཐུན་སྒྲིལ་དགོས་ལ་བན་བོན་གྱི་བར་དུ་བརྩེ་བ་དགོས། གྲུབ་མཐའ་ཕུ་ནུ་དག་གི་མདུན་ན་གེགས་རྡོ་ཞིག་ཡོད་པ་ནི་ཕན་ཚུན་མ་ཡིན་པར་མུན་འཐོམས་རིང་ལུགས་དེ་དག་ཡིན། དེ་དག་གི་སྙིང་ནས་མུན་པ་འཕྱུར་ཏེ་འཇིག་རྟེན་གྱི་ཉི་མ་འདི་བསྒྲིབས་ཨེ་ཐུབ་ལྟ་གིན་ཡོད། ང་ཚོའི་ཉི་མ་དེ་ཁོ་ཚོའི་མུན་པ་ཡིན། ང་ཚོའི་མུན་པ་དེ་ཁོ་ཚོ་ལ་མུན་པ་ཡིན། ཁོ་ཚོའི་མུན་པ་དེས་ང་ཚོའི་གྲུབ་མཐའ་ཡོད་ཚད་དགྲ་རུ་བཟུང་ཡོད།

   སྦྱིར་ན་མུན་པ་ཞིག་གིས་ཉི་མ་ཇི་ལྟར་བསྒྲིབ་ཨང༌། ང་ཚོས་འུག་པ་དེ་དག་ལ་སེམས་ཁུར་བྱེད་དོན་མེད་མོད་འུག་པ་དེ་དག་ལའང་བདེན་དོན་མེད་པ་མིན་ཏེ་སུ་ཞིག་ལ་བདེན་དོན་རེ་ཡོད་ཚེ་ང་ཚོས་ཆེད་དུ་བསམ་གཞིག་གནང་དགོས། བསམ་གཞིག་གིས་བལྟས་ན་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་ང་ཚོས་བླ་ན་མེད་པའི་སྟོབས་ཤུགས་དང་བླ་ན་མེད་པའི་བརྩེ་བ་ལ་བརྟེན་ནས་འཇིག་རྟེན་གྱི་གནད་ཆེ་ཞིང་དོན་ལྡན་པའི་བྱ་ལས་སྣ་ཚོགས་ཕྲག་ཏུ་བཞེས་དགོས། དེ་བས་ཕུ་ནུའི་གྲུབ་མཐའ་བར་ལ་བཟོད་སྒོམ་དང་གུ་ཡངས་དགོས་ལ་མཛའ་གཅུགས་དང་མཐུན་སྒྲིལ་དགོས།  ད་ལྟ་ཕན་ཚུན་ལ་རེ་འཁང་དང་ཕྱིར་བཀྱེད། ཕྲག་དོག་རྩོད་གླེང་གི་དུས་མ་ཡིན་པར་རང་གིས་རང་མྱུར་སྐྱོབ་བྱེད་པའི་དུས་ཡིན། ཕུ་བོ་མྱུར་སྐྱོབ་བྱེད་པར་ནུ་བོས་རམ་འདེགས་དགོས་ལ་ནུ་བོ་མྱུར་སྐྱོབ་བྱེད་པར་ཕུ་བོས་རམ་འདེགས་དགོས་པ་ཕུ་ནུ་གཉིས་ཀྱིས་བཤོལ་ཐབས་མེད་པའི་འོས་འགན་ཉག་གཅིག་རེད།

    ལོ་རྒྱུས་ཀྱིས་ང་ཚོར་འདི་ལྟར་གླེང་གིན་འདུག་སྟེ་གྲུབ་མཐའི་ཆགས་སྡང་གི་གྲུབ་མཐའི་མིང་བྱང་འཁྱེར་བའི་བླུན་པོ་སྐོར་ཞིག་གིས་གྲུབ་མཐའ་བརྩད་པ་དེས་ཁྱིམ་ཚང་འདིར་ནད་ཡམས་ཆེན་པོ་ཞིག་དྲངས་ཡོད་དེ་དེ་དག་གིས་བསྟན་པའི་ཆེད་དུ་གྲུབ་མཐའ་བརྩད་པ་མིན་ལ་འགྲོ་བའི་ཆེད་དུ་དེ་བས་ཀྱང་མིན། ལྷག་པར་ཕ་གཞིས་དྲོན་མོ་འདིའི་ཆེད་དུ་དེ་བས་ཀྱང་མིན། དེ་དག་གི་རང་གི་་གོ་ས་དང་ཁེ་ཕན་གྱི་ཆེད་དུ་གྲུབ་མཐའ་བརྩད་པ་ཡིན་པས་ང་ཚོའི་ཆོས་ལུགས་དང་ང་ཚོའི་གྲུབ་མཐའ། ང་ཚོའི་གོ་གནས། ང་ཚོའི་སྣང་བརྙན་ལ་གནོད་པ་ཆེན་པོ་ཞིག་བཟོས་ཡོད།  ཞེ་དོག་ཅིང་བླུན་རྨོངས་པའི་བྱེད་ཐབས་ཇུས་དེ་དག་ནི་ང་ཚོའི་དགྲ་བོའི་བྱེད་ཐབས་ཡིན། དེ་དག་ང་ཚོའི་གཉེན་གྱི་ཚུལ་དང་གྲོགས་པོའི་ཚུལ་དུ་ང་ཚོའི་ནང་དུ་འཛུལ་འོང་གིན་འདུག་པས་གངས་རིའི་རིང་ལུགས་ཀྱིས་ཆེད་དུ་ཉེན་བརྡ་བརྒྱབས་པ་ཡིན། ནང་གི་དགྲ་བོ་ནི་ཕྱིའི་དགྲ་བོ་ལས་ལྡབ་བརྒྱའི་ནུས་པ་ཡོད། འདི་ནི་ངེས་པར་དོ་སྣང་མཛད་དགོས་པ་ཞིག་སྟེ་རང་ཉིད་རང་གཤེད་དུ་མི་འགྲོ་བ་ནི་ཤིན་ཏུ་གལ་ཆེའོ།།

གསུམ་པ། ཆོས་ལུགས་ཀྱི་མི་སྣ།

   གངས་རིའི་རིང་ལུགས་ཀྱི་ཆོས་ལུགས་གླེང་བའི་ཚེ་ངེས་པར་གླེང་དགོས་པ་ནི་གངས་རིའི་རིང་ལུགས་ཀྱི་ཆོས་ལུགས་པ་ཡིན། ཆོས་ལུགས་པ་མེད་ན་ཆོས་ལུགས་ནི་བདག་མེད་ཀྱི་གཏེར་ཁ་དང་འདྲ་ལ་ཆོས་ལུགས་མེད་ན་ཆོས་ལུགས་པ་ནི་ནམ་མཁའི་མེ་ཏོག་གི་ཟླ་བོ་ཙམ་དུ་ཟད། གྲྭ་བ་དང་ཇོ་མོ། སྔགས་པ་དང་དགེ་བོ། བསྟན་པའི་སྦྱིན་བདག་དག་གི་སྟོན་པ་གཅིག་གི་བུ་སློབ་ཡིན་ལ་ཁྱིམ་ཚང་གཅིག་གི་ཕུ་ནུ་ཡིན། ཕན་ཚུན་གྱི་མཛའ་མཐུན་དར་རྒྱས་ཀྱི་རྨང་གཞི་ཡིན། ཕན་ཚུན་གྱི་རོགས་རམ་བསྟན་པ་ཡི་ཞབས་འདེགས་ཡིན། ཕན་ཚུན་གྱི་རྒྱབ་སྐྱོར་མཛའ་མཐུན་གྱི་སྔོན་འགྲོ་ཡིན། ཚང་མས་བསམ་དགོས་པ་ནི་ང་ཡང་སྟོན་པའི་རྗེས་འཇུག་ཡིན་ལ་ཁོ་ཡང་བསྟན་པའི་རྗེས་འཇུག་ཡིན། ང་ཚོ་ཚང་མ་དམ་ཚིག་གཅིག་ཏུ་འཁྱིལ་བའི་ཚོས་གྲོགས་ཡིན་པ་དེ་རེད། ཁྱིམ་ཚང་གཅིག་ཏུའང་རྩོད་པ་རེ་འབྱུང་བ་བཞིན་ང་ཚོའི་ཆོས་གྲོགས་བར་དུའང་རྩོད་པ་འབྱུང་ཚེ་དེ་ནི་ཕུ་ནུ་བར་གྱི་རྩོད་པ་ཡིན་པས་སུ་ཞིག་གིས་ཀྱང་དེ་བེད་སྤྱད་ནས་ཕུ་ནུའི་ནང་དུ་གཏོར་བཤིག་བྱེད་དུ་འཇུག་མི་རུང༌། ང་ཚོ་ཚང་མ་ཆོས་གྲོགས་ཡིན་པའི་ལྟ་བ་འདི་ནི་རྩོད་པ་དེ་དག་ཞི་བར་བྱེད་པའི་རྨང་གཞི་ཡིན་ལ་ང་ཚོའི་རྩོད་པ་ཆེ་ཆུང་གང་ཞིག་ཡིན་རུང་ཆོས་ཕྱོགས་སུ་ཞི་བར་བྱ་དགོས། སྟོན་པའི་རྗེས་འཇུག་ཅིག་ཡིན་ན་བསམ་པའི་ཐད་ནས་ཆ་རྐྱེན་གསུམ་དགོས་ཏེ་དང་བོ་རང་གི་སེམས་ལ་ལྟ་རྟོག་བྱེད་པ་དེ་ཡིན་ལ་གཉིས་པའང་རང་གི་སེམས་ལ་ལྟ་རྟོག་བྱེད་པ་དེ་ཡིན་པ་མ་ཟད་གསུམ་པའང་རང་གི་སེམས་ལ་ལྟ་རྟོག་བྱེད་པ་དེ་ཡིན། གལ་ཏེ་རང་གི་སེམས་ལ་ལྟ་རྟོག་བྱེད་པ་བོར་ན་ཆོས་ཀྱི་རྩ་བ་བོར་སོང་བ་ཡིན།

     གལ་ཏེ་ཁྱོད་རང་རབ་བྱུང་བ་ཞིགཡིན་ཚེ། ཁྱོད་ཀྱིས་ངེས་པར་དུ་རང་ཉིད་ཅིའི་ཕྱིར་དུ་གྲྭ་བ་བྱས་པའི་ལོ་རྒྱུས་གནས་ལུགས་དེ་ངེས་པར་བསམ་དགོས། ཁྱོད་ཀྱིས་གནས་ལུགས་དེ་ངེས་པར་དུ་ཤེས་དགོས་བ་ནི་ཁྱོད་རང་གངས་རིའི་རིང་ལུགས་ཀྱི་ཆོས་པ་ཞིག་ཏུ་ཡིན་མིན་ལ་ཐུག་ཡོད། དེ་བས་གྲྭ་བའི་འདུལ་ཁྲིམས་ཀྱི་སྐོར་ལ་ངེས་པར་སྦྱངས་དགོས་པ་ཞིག་རེད།  གལ་ཏེ་ཁྱོད་རང་སྔགས་པ་ཞིག་ཡིན་ཚེ་ཐོག་མར་རང་ཉིད་ཅིའི་ཕྱིར་སྔགས་པ་བྱས་པའི་གནས་ལུགས་དེ་ངེས་པར་དུ་བསམ་དགོས། ཁྱོད་ཀྱིས་གནས་ལུགས་དེ་ངེས་པར་བསམ་དགོས་པ་དགོས་ནི་ཁྱོད་རང་གངས་རིའི་རིང་ལུགས་ཀྱི་ཆོས་པ་ཞིག་ཏུ་འགྱུར་ཐུབ་མིན་ལ་ཐུག་ཡོད། དེ་བས་ཁྱོད་ཀྱིས་གསང་སྔགས་དང་བྱང་སེམས་ཀྱི་སྐོར་ལ་ངེས་པར་སྦྱང་དགོས།

      གངས་རིའི་རིང་ལུགས་ཀྱིས་གསལ་བསྒྲགས་སྤེལ་རྒྱུ་ནི་གཟན་ཤམ་ཐབ་གྱོན་པ་ཙམ་གྱིས་གྲྭ་བ་མིན་ལ་རལ་བ་བཞག་པ་ཙམ་གྱིས་སྔགས་མིན། ང་ཚོ་ལ་དགོས་པ་ནི་སྟོན་པ་ཤྭཀྱ་ཐུབ་པའི་(ཡང་སྟོན་པ་གཤེན་རབ)ཀྱི་ལྟ་སྤྱོད་གཙང་མ་འཛིན་པའི་རབ་བྱུང་བ་དང༌། སློབ་དཔོན་པད་མ་འབྱུང་གནས་ཀྱི་དགོངས་པ་ཇི་བཞིན་འཛིན་དགོས་པ་དེ་ཡིན། ང་ཚོས་ད་དུང་དམིགས་བསལ་གྱིས་དོ་སྣང་བྱ་དགོས་ཤིང་ཐོབ་ཐང་ཞིག་སྟེར་དགོས་པ་ནི་རྒས་པར་གྱུར་བའི་མེ་ཏོག་ཙམ་པ་ག་དེ་ཡིན། ཁོ་ཚོ་ནི་སེང་གེ་ལ་ནད་བྱུང་བ་ལས་སེང་གེ་ཤི་བ་མིན་ལ་སེང་གེ་དེ་ཁྱི་རུ་གྱུར་བ་དེ་བས་ཀྱང་མ་ཡིན། ཡིན་ནའང་སེང་གེར་ནད་བྱུང་ནའང་སེང་གེ་ཡིན་ལ་སེང་གེ་ཤི་ནའང་སེང་གེ་ཡིན།དེ་ལྟར་ནའང་ད་ལྟ་ཁོང་ཚོར་ཁྱིའི་ཐོབ་ཐང་ལས་མེད་པ་དེ་རེད། ང་ཚོ་ནམ་ཡང་བརྗེད་མི་ཉན་པ་ནི་དེ་ཡིན་ལ་ཁོ་ཚོ་སྔར་བཞིན་གངས་རིའི་རིང་ལུགས་ཀྱི་སྟོབས་ཤུགས་ཡིན་པ་དེ་བས་ཀྱང་བརྗེད་མི་རུང༌།

     ང་ཚོས་ད་དུང་དམིགས་བསལ་གྱི་དོ་སྣང་བྱ་དགོས་པ་ནི་བཙུན་མའི་སྡེ་ཡིན། ཁོ་མོ་ཚོས་ཆོས་གོས་ངུར་སྨྲིག་གྱོན་པ་ཙམ་ལས་ཐོས་བསམ་སྒོམ་གསུམ་བྱེད་པའི་གྲྭ་ཞིག་མེད་ལ་ལུང་རིགས་ཀྱི་ངར་སྐད་སྒྲོག་སའི་གནས་ཤིག་ཀྱང་མེད་པ་རེད། ཁོ་མོ་ཚོ་ས་ཁུང་ཞིག་ནས་རྒས་པར་གྱུར་དུས་བསྟན་པའི་ངོ་ལེགས་པོ་ཞིག་ཀྱང་ཤེས་དཀའ།     ང་ཚོས་རེ་བ་བྱ་དགོས་པ་ནི་ཁོ་མོ་ཚོའི་ནང་དུའང་མ་ཅིག་ལབ་སྒྲོན་གང་མང་ཞིག་འབྱུང་ཆོག་པ་དེ་ཡིན། དེ་བས་ང་ཚོས་ཅིའི་ཕྱིར་ཁོ་མོ་ཚོ་ལ་གནས་ཤིག་མི་བསྐྲུན་ནམ། འདི་ནི་གངས་རིའི་རིང་ལུགས་ཀྱིས་བསམ་གཞིག་བྱ་དགོས་པའི་གནད་དོན་ཞིག་ཡིན།   ང་ཚོ་ཆོས་ལུགས་པ་ཡིན་ལ་གངས་རིའི་རིང་ལུགས་ཀྱི་ཆོས་ལུགས་པ་ཡིན། གངས་རིའི་རིང་ལུགས་ཀྱི་ཆོས་ལུགས་པ་ཞིག་ན་རང་ཉིད་ཁོ་ན་བསམ་པས་མི་ཆོག་གི་བསྟན་པའི་སྦྱིན་བདག་སྟེ་བོད་མི་རིགས་ཀྱི་ཆེད་དུ་ཆོས་ལུགས་འདི་བེད་སྤྱོད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་གོ

མཇུག་གི་གཏམ།

     ཆོས་ལུགས། གངས་རིའི་ཁྱིམ་གྱི་གཅེས་ནོར་ཞིག་ཡིན་པས་ནོར་བུ་ནོར་ངོ་ཤེས་པ་ནི་གངས་རིའི་རིང་ལུགས་ཀྱི་དམིགས་བྱ་ཡིན་ལ་ནོར་བུའི་ནོར་གོ་ཆོད་པ་ནི་གངས་རིའི་རིང་ལུགས་ཀྱི་དམིགས་བྱ་ཡིན། ལྷག་པར་ནོར་བུ་གད་སྙིགས་སུ་མི་བསྲེས་པ་ནི་གངས་རིའི་རིང་ལུགས་ཀྱི་དམ་བཅའ་ཡིན། ནོར་བུ་འདི་ཆེད་དུ།གངས་རིའི་འདིའི་ཆེད་དུ་གངས་རི་རིང་ལུགས་ཀྱི་ཆོས་ལུགས་ལ་བསམ་གཞིག་མི་བྱེད་ག་མེད་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506487
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།