རྟེན་གསུམ་སོགས་དཔང་དུ་བཙུགས་ནས་དམ་བཅས་པ་ལ་མནའ་ཞེས་བྱ་ཞིང་། མནའ་ཞེས་པའི་ཐ་སྙད་དེའི་གོ་དོན་གང་ཡིན་ཐད་མཁས་དབང་འགའ་ཤས་ཀྱིས་རང་གི་གདོང་ལ་དྲང་པོར་གནས་པ་སྣ་ཡིན་པ་ན། ཐོག་མར་སྣ་ཡིན་མིན་གྱི་བསྙོས་བྱུང་ལ། བདེན་རྫུན་འབྱེད་པའི་དྲང་ཐིག་གི་ནུས་པ་ཐོན་གྱི་ཡོད་པས། གདོད་མའི་མི་རྣམས་ཀྱིས་མིའི་གདོང་ན་དྲང་པོར་གནས་པའི་སྣ་ལ་དཔེ་བཞག་ནས་བཏགས་པ་དེ་རིམ་པས་མནའ་ཞེས་པར་འཕོ་འགྱུར་བྱུང་བ་ཡིན་ཞེས་གསུངས་འདུག
མནའ་སྐྱེལ་བའི་གོམས་སྲོལ་གྱི་འབྱུང་ཁུངས་དེ་གདོད་མའི་བོན་ཆོས་དང་འབྲེལ་བ་ཆེན་པོ་ཡོད། གང་ལགས་ཟེར་ན་སྔར་ནས་མནའ་སྐྱེལ་དམ་བཅས་བྱེད་སྐབས་སྲོག་ཆགས་བསད་ནས་དམར་མཆོད་ཕུལ་བ་དང་། ཁྲག་ཁ་ལ་བྱུག་པ་བཅས་ནི་མནའ་སྐྱེལ་དམ་བཅས་པའི་ཆ་རྐྱེན་ཞིག་ཏུ་བརྩི་བ་དང་གཅིག སྐབས་དེའི་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ལུགས་ཆ་ཚང་བ་ཞིག་མེད་སྟབས་ནམ་རྒྱུན་འཚོ་བའི་ནང་ལྷག་པའི་གནད་དོན་རྣམས་ལ་བདེན་རྫུན་དབྱེ་འབྱེད་དང་། དྲང་བདེན་གྱི་ཐག་གཅོད་བྱེད་ཐབས་གཞན་མེད་སྟབས། མནའ་སྐྱེལ་དམ་བཅས་ཀྱི་བྱ་ཐབས་དེ་བེད་སྤྱད་ནས་མི་དང་མིའི་བར་དང་ཁྱིམ་ཚང་དང་ཁྱིམ་ཚང་བར། ཐ་ན་སྡེ་བ་དང་སྡེ་བ་ཕན་ཚུན་བར་ལ་འགལ་ཟླ་དང་། གནད་དོན་ལྷག་པ་རྣམས་བདེན་རྫུན་དབྱེ་འབྱེད་དང་། དྲང་བདེན་གྱི་ཐག་གཅོད་བྱེད་ཀྱི་ཡོད་པ་དང་གཉིས་བཅས་སོ།།
བོད་མིའི་ཁྲོད་དུ་མནའ་སྐྱེལ་དམ་བཅས་ཀྱི་བག་ཆགས་གཏིང་ཟབ་ཡོད། དཔེར་ན་ཁ་རྒྱུན་དུ། མནའ་ཆུང་ཡང་བ་མོ་ཙམ། བ་མོ་ཆུང་ཡང་ལྷམ་སྤངས། ཞེས་པ་ལྟར་མནའ་ཟོས་པའི་ཉེས་དམིགས་ཤིན་ཏུ་ལྕི་བར་བཤད་པས། དམ་ཚིག་ལྡན་པའི་མི་རྣམས་མནའ་དང་འགལ་མི་ཕོད། མནའ་དང་འགལ་མཁན་ཡིན་ཕྱིན་མི་ཐ་ཤལ་ཞིག་ལ་བརྩི་ཡི་ཡོད་པས། མནའ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། མི་སོ་སོའི་བྱ་སྤྱོད་དྲང་བདེན་ཡིན་མིན་གྱི་ཚད་འཛིན་ས་ནི་མནའ་ཡིན་པ་དང་། མི་མང་ཆེ་བས་མནའ་གང་བྱུང་དུ་མི་སྐྱེལ་བ་དང་། མནའ་བསྐྱལ་བ་ཡིན་ན་དྲང་བདེན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། །
རྩོམ་སྒྲིགའགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། ཨ་བུ་འབྲོང་།