རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ སྙན་དངགས་ཀྱི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས་ཞེས་བྱ་བ་
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ སྙན་དངགས་ཀྱི་བསྟན་
རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ སྙན་དངགས་ཀྱི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས་ཞེས་བྱ་བ་
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-04-12ལྟ་ཀློག (3901)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།ཞང་ཞུང་ཆོས་དབང་གྲགས་པའི་《རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་

སྙན་དངགས་ཀྱི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས་

ཞེས་བྱ་བ་》ལས་འཕྲོས་ཏེ་སྲོལ་རྒྱུན་སྙན་ངག་

སྐོར་གླེང་བ།

                                                བླ་ནག་པ་སྐལ་ལྡན་རྒྱ་མཚོ།  (སྐབས་ལྔ་བའི་མཐར་ཕྱིན་འཛིན་གྲྭ།)

དང་པོ། ཀླད་ཀྱི་དོན།

    རང་རེ་གངས་ཅན་གྱི་ལྗོངས་འདིར་སྙན་ངག་ཅེས་པའི་སྒྱུ་རྩལ་རྩོམ་རིག་འདི་ཉིད་ཐོག་མར་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཇི་ལྟར་འཕེལ་རྒྱས་སུ་སོང་བའི་ཚུལ་ནི།   དེ་ཡང་ཡ་ཐོག་གདོད་མའི་དུས་སྐབས་སུ་མི་རྣམས་རང་བྱུང་ཁམས་ཀྱི་གསང་བ་སྣ་ཚོགས་དང་ལུས་ཤུགས་ངལ་རྩོལ་ཁྲོད་ཀྱི་དཀའ་ཚེགས་དུ་མར་འཕྲད་རྐྱེན།  ལུས་ཀྱི་ཡན་ལག་གིས་འགུལ་སྐྱོད་བྱས་ནས་བརྡ་སྟོན་པ་དང་ངག་ནས་སྐད་སྒྲ་སྣ་ཚོགས་འབྱིན་ཏེ་སེམས་དོན་དེ་ཉིད་མཚོན་པར་བྱས་པས་རིམ་བཞིན་ཐུན་མོང་གིས་སྤྱོད་པའི་སྐད་ཆ་ཡོད་པར་གྱུར་ཅིང་།  ཕྱིས་སུ་སྐད་ཆ་འཕེལ་རྒྱས་སུ་སོང་བའི་གོ་རིམ་ཁྲོད་སེམས་ཁོང་གི་དགའ་སྐྱོ་ཆགས་སྡང་དང་བརྩེ་དུང་སོགས་ཀྱི་འགྱུར་བ་མཚོན་པའི་དབྱངས་ཀྱི་འགྲོས་དང་བསྟུན་ཏེ་དེའི་འགྱུར་ཁུག་རེ་རེའི་ཁྲོད་ཚིག་དོན་ངེས་ཅན་རེ་སྦྱར་ནས་ངག་ཏུ་གྱེར་བ་ལས།   གདོད་མའི་ངག་ཐོག་སྙན་ངག་གི་ཐོག་མ་སྟེ་དམངས་གླུ་དང་མགུར་གླུ་སོགས་བྱུང་བ་ཡིན་ལ། དེ་ནས་བགྲང་བྱ་དུ་མའི་རྗེས་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མི་རྒྱ་གར་དུ་བྱོན་ནས་ལེགས་སྦྱར་གྱི་སྐད་དང་ཡི་གེ་དཔེར་བྱས་ཏེ་བོད་ཡིག་གསར་བཟོ་མཛད་ཅིང་།  བཀའ་དང་བསྟན་བཅོས་མང་བོ་བོད་ཡིག་ཏུ་བསྒྱུར་བ་སོགས་ལ་བརྟེན་ནས་ཡིག་ཐོག་སྙན་ངག་དར་བའི་དབུ་ཚུགས་པ་ཡིན།དེའང་ཆུ་མགོ་གངས་ལ་གཏུགས་པའི་དཔེ་བཞིན་ང་ཚོའི་ཡིག་ཐོག་སྙན་ངག་འདི་ཉིད་ཀྱི་འབྱུང་ཁུངས་དངོས་ཀྱང་མཐར་གཏུགས་ན་རྒྱ་གར་ཡིན་ཏེ།  རྒྱ་གར་ནི་ང་ཚོ་མ་ཟད་འཛམ་གླིང་ཤར་ཕྱོགས་ཀྱི་གནའ་བོའི་རྩོམ་རིག་གཞུང་ལུགས་ཀྱི་འབྱུང་ཁུངས་གལ་ཆེན་དང་ཆེས་སྔ་ཤོས་ཤིག་ཀྱང་རེད།  དེ་ཡང་རྒྱ་གར་ལ་མཚོན་ན་སྒྱུ་རྩལ་རྩོམ་རིག་གི་གཞུང་ལུགས་ཧ་ཅང་དར་སྔ་ཞིང་སྙན་ངག་དང་གླུ་གར་སོགས་ཀྱི་རྒྱ་མཚོ་ལྟ་བུ་ཡིན་ཏེ། དཔེར་ན།  ལོ་སྔོན་གྱི་དུས་རབས་དང་བོ་ནས་རྗེས་ཀྱི་དུས་རབས་དང་བོའི་བར་ལ་བརྩམས་པའི་བྷ་ར་ཏ་མི་ནེའི་《ཟློས་གར་གྱི་རྣམ་བཤད་》དང་།  དུས་རབས་བདུན་པ་ནས་བརྒྱད་པའི་བར་ལ་སློབ་དཔོན་དཎྚིས་མཛད་པའི་《སྙན་ངག་མེ་ལོང་མ།》བྷཱ་མ་ཧའི་རྒྱན་གྱི་གཞུང་ཆེན་པོ་《སྙན་ངག་གི་རྒྱན་གྱི་རྣམ་བཤད།》དུས་རབས་བཅུ་བའི་སྔོན་རྗེས་སུ་དྲང་སྲོང་གངས་ཀྱི་ཟླ་བས་བརྩམས་པའི་《སྙན་ངག་ལ་འཇུག་པ་》ཞེས་པའི་བསྟན་བཅོས་དང་།  སློབ་དཔོན་མན་མཱི་ཐའི་《སྙན་ངག་གི་འོད་ཟེར།》སློབ་དཔོན་རཱ་མ་ཤྲ་མས་མཛད་པའི་《སྙན་ངག་གི་གཞུང་།》དང་《དབྱངས་ཅན་མགུལ་རྒྱན་》སོགས་སྒྱུ་རྩལ་གཞུང་ལུགས་སྐོར་གྱི་བརྩམས་ཆོས་བགྲང་གིས་མི་ལང་བ་ཡོད་ཅིང་། སྙན་རྩོམ་གྲགས་ཅན་《སྐྱེ་རབས་སོ་བཞི་བ་》དང་།《རཱ་མ་ཡ་ཎ།》《སྤྲིན་གྱི་ཕོ་ཉ།》《གླུའི་མཆོད་པ་》སོགས་ཕུལ་བྱུང་བརྩམས་ཆོས་མང་བོའི་ཚིག་སྦྱོར་སྤེལ་སྟངས་དང་སྒྱུ་རྩལ་གྱི་མཚོན་ཐབས་སོགས་ཀྱིས་རྒྱལ་ཁབ་དང་མི་རིགས་གཞན་གྱི་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རང་རེ་བོད་ལ་ཆ་མཚོན་ནའང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་གཙོས་རིག་གཞུང་སྣ་ཚོགས་ལོ་ཙཱ་བ་མང་བོས་རང་རིགས་ཀྱི་སྐད་བརྡ་དང་མཐུན་པར་བསྒྱུར་ཅིང་མཁས་པ་རྣམས་ཀྱིས་དར་སྤེལ་དུ་བཏང་སྟེ་བོད་མིའི་མཛེས་དཔྱོད་ཀྱི་སེམས་ཁམས་དང་ལྟ་བ།  ཡུལ་དུས་དང་ཁོར་ཡུག་སོགས་ལ་འཕྲོད་ཅིང་མཐུན་པའི་རིག་གཞུང་གི་མ་ལག་ཆ་ཚང་ཞིང་སྤྱོད་བདེ་བར་བསྐྲུན་པ་ཡིན། དེ་བས་། བྱེ་བྲག་བོད་ཀྱི་སྲོལ་རྒྱུན་སྙན་ངག་(ཡིག་ཐོག་སྙན་ངག)འདི་ཉིད་ཀྱང་གོང་སྨྲས་བཞིན་སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་སོགས་ཀྱི་རྗེས་སུ་བོད་ལྗོངས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་ལ་ས་སྐྱའི་གཙུག་ལག་ཁང་དུ་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་པཎྚི་ཏ་ལཀྵ་ཀ་རའི་མདུན་ནས་རྒྱ་གར་གྱི་སྙན་གཞུང་《མེ་ལོང་མ་》ཐོག་མར་བསྒྱུར་ཅིང་།  དཔང་ལོ་ཙཱ་བ་བློ་གྲོས་བསྟན་པས་འགྱུར་བཅོས་དང་འཆད་ཉན་གྱི་སྲོལ་ལེགས་པར་ཕྱེ་པས་དར་ཁྱབ་བྱུང་བ་ཡིན་ལ།  ཕྱིས་སུ་ཤོང་དཔང་རྣམ་གཉིས་དང་རིན་སྤུངས་པ།  རྒྱལ་དབང་ལྔ་བ་དང་བོད་མཁས་སོགས་ཀྱིས་རང་རང་གི་ཐུན་མོང་མ་ཡིན་པའི་རིག་སྟོབས་ལ་བརྟེན་ནས་སྔ་ཕྱིར་《མེ་ལོང་མའི་》འགྲེལ་བ་རྒྱས་བསྡུས་ཅི་རིགས་བརྩམས་ཏེ་དེ་ཉིད་ཁྱབ་གདལ་དུ་བཏང་བས་རང་རེ་གངས་ཅན་གྱི་ལྗོངས་འདིར་སྙན་ངག་པ་གྲགས་ཅན་རྗེ་ཙོང་ཁ་བ་དང་ཞང་ཞུང་ཆོས་དབང་གྲགས་པ།  རྫ་དཔལ་སྤྲུལ།  རྡོ་བྲག་དགེ་འདུན་ཆོས་འཕེལ་སོགས་བསྟུད་མར་བྱུང་ཞིང་སྲོལ་རྒྱུན་སྙན་ངག་དེ་ཉིད་བརྗོད་དོན་དང་སྒྱུ་རྩལ་གང་གི་ཐད་ནས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མཚན་ཉིད་སྨྲ་བའི་དགོངས་དོན་བརྗོད་བྱའི་སྲོག་ཏུ་བྱས་པར་བརྟེན་ད་ལྟའི་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་དག་ཏུ་རིག་གཞུང་ཉམས་ཞིབ་པ་མང་བོའི་ཞིབ་འཇུག་དང་གདེང་འཇོག་བྱེད་ཡུལ་དུ་གྱུར་ཡོད། འདི་ལྟར་སྲོལ་རྒྱུན་སྙན་ངག་གི་བྱུང་འཕེལ་དང་བརྒྱུད་རིམ་སོགས་ལ་གཞིགས་ཚེ། དེའི་རིན་ཐང་ལ་ངེས་ཤེས་གཏིང་ཟབ་རྙེད་ཅིང་སྔོན་བྱོན་མེས་པོ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བའི་ཀུན་སློང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེ་ཡང་།  ད་ལྟའི་སྙན་ངག་པ་རྣམས་ཀྱིས་སྙན་རྩོམ་(ཚིགས་བཅད་)གྱི་ཁྲོད་དུ་སྲོལ་རྒྱུན་གྱི་རྒྱན་དེ་དག་ཡང་སྐོར་བསྐྱར་སྐོར་བྱས་ནས་འདུག་པ་ལས་རང་གིས་རྒྱན་དང་མཚོན་ཐབས་ཕུལ་དུ་བྱུང་བ་གཅིག་ཀྱང་གསར་གཏོད་མི་བྱེད་པའམ་བྱེད་མི་ཤེས་པས།  དེ་ཉིད་དར་སྤེལ་དུ་གཏོང་མ་ཐུབ་པར་མ་ཟད་སྔོན་ཆད་དང་བསྡུར་ན་སྒྱུ་རྩལ་དང་མཚོན་ཐབས་གང་གི་ཆ་ནས་ཀྱང་ཇེ་ཞན་དུ་འགྲོ་བཞིན་པ་འདི་ནི་ང་ཚོ་ཕྱི་རབས་པ་རྣམས་ཀྱི་མཚང་རེད་སྙམ།  ལྷག་པར་དུ་ད་ལྟའི་དཔྱད་བརྗོད་པ་ཚོས་ཀྱང་རང་རེའི་སྲོལ་རྒྱུན་སྙན་ངག་གི་རྒྱན་སྣ་ཚོགས་ཀྱི་དཔེ་དོན་སྦྱོར་ཚུལ་དང་ཚིག་སྦྱོར་སྤེལ་སྟངས།   དབྱངས་ཀྱི་འདེགས་འཇོག་དང་དབུགས་ཀྱི་ངལ་གསོ།  བརྗོད་དོན་དང་བསམ་བློའི་ཁྱད་ཆོས་སོགས་ལ་ཞིབ་དཔྱོད་སྒོས་ལེགས་ཉེས་བླང་དོར་གྱི་དབྱེ་བ་མཛད་དེ་དུས་རབས་ཀྱི་འཕེལ་དང་མཐུན་པར་མི་རིགས་རང་མཚན་གྱི་ཁྱད་ཆོས་ལྡན་པའི་ལམ་དུ་འཁྲིད་རྒྱུ་བཏང་སྙོམས་སུ་བཞག་སྟེ།   བོད་མིའི་མཛེས་དཔྱོད་ཀྱི་ཡུལ་དུ་འཕྲོད་མིན་ལ་མི་བལྟ་བར་“ར་སུག་ལུག་སྦྱར་”གྱིས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སྙན་ངག་གི་མཚོན་ཐབས་སྣ་ཚོགས་“ཚུར་ལེན་”བྱེད་ཀྱིན་པ་འདི་ནི་སྲོལ་རྒྱུན་སྙན་ངག་འཕེལ་རྒྱས་སུ་འགྲོ་བའི་གནོད་བྱེད་དུ་འཁུམས་སོ།།

       དེ་བས་འདིར་བདག་གིས་རང་བློས་དཔོག་ཚོད་ཀྱིས་ད་ལྟའི་བར་རང་གིས་སྲོལ་རྒྱུན་སྙན་ངག་གི་གཞུང་ལུགས་ལ་སློབ་སྦྱོང་བྱས་ཁུལ་གྱིས་སྙན་ངག་ཁ་ཤས་བྲིས་པ་དང་འདི་ལ་ཞིབ་འཇུག་ཅུང་ཙམ་བྱས་པའི་མྱོང་བ་སོགས་གཞིར་བཞག་སྟེ།  ཞང་ཞུང་ཆོས་དབང་གྲགས་པའི་《རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་དངགས་ཀྱི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས་ཞེས་བྱ་བ》(གཤམ་ནས《རཱ་མ་ཎའི་གཏམ་རྒྱུད》ཅེས་བསྡུ་རྒྱུ་ཡིན)འདི་ཉིད་མཚན་གཞིར་བཟུང་ནས་སྲོལ་རྒྱུན་སྙན་ངག་གི་དགེ་མཚན་དང་ལེགས་ཉེས་སྣ་ཚོགས་ལ་དབྱེ་ཞིབ་བྱས་ཏེ།  རྗེས་ཕྱོགས་སྙིགས་དོར་བཅུད་ལེན་སྒོས་ཇི་ལྟར་དར་སྤེལ་དུ་གཏོང་ཐབས་སྐོར་ལ་རང་གི་རིག་སྟོབས་ཀྱིས་བསམ་ཚུལ་ཅུང་ཙམ་བརྗོད་འདོད་དོ།།

གཉིས་པ། གཞུང་གི་དོན།

      རང་རེའི་སྲོལ་རྒྱུན་སྙན་ངག་ཅེས་པ་ནི་གདོད་མའི་དམངས་གླུ་དང་མགུར་གླུ་ནས་རྒྱུན་བསྲིངས་ཤིང་《མེ་ལོང་མའི་》དགོངས་པར་གཞི་བཅོལ་ཏེ།  མཁས་པ་རྣམས་ཀྱིས་རང་རང་གི་རྣམ་དཔྱོད་ལ་བརྟེན་ནས་གཏམ་དུ་བྱ་བ་དང་བརྗོད་པ།  བསྟན་བཅོས་རྩོམ་པ་སོགས་ཀྱི་དགོས་མཁོ་མང་བོར་དམིགས་ཏེ།  གཙོ་ཆེར་ལུས་ཚིགས་བཅད་ཀྱི་རྣམ་པར་གྲུབ་པ་དང་།  ནང་བསྟན་ཆོས་ལུགས་ལྟ་བའི་སྲོག་ཏུ་བྱས་ལ།  སྒྲ་དོན་གབ་ཚིག་གི་རྒྱན་སོགས་དྲང་བརྗོད་དང་འཁྱོག་བརྗོད་ཀྱི་རྒྱན་ཅི་རིགས་ཀྱིས་སྤྲས་ཤིང་། ཚིག་ཉུང་ཞིང་དོན་འདུས་པ།   བརྗོད་དོན་དངོས་ཤུགས་གཉིས་ཀ་ནས་སྟོན་ཐུབ་པས་གདུལ་བྱའི་ཡུལ་དང་འཚམ་པ།  སེམས་ཁོང་གི་འགྱུར་བ་ཕྱི་རུ་སློང་ཐུབ་པ་ལྷའི་བདུད་རྩིའི་ཁྱད་ཆོས་དང་།  སྙན་འཇེབས་དང་གདུང་དབྱངས་སོགས་རོལ་མོའི་བྱེ་བྲག་སྣ་ཚོགས་ཀྱི་ཁྱད་ཆོས་དང་།  འགྱུར་ཁུག་གི་རང་བཞིན་ཆེས་ཆེར་ལྡན་ལ།  ངག་བཟོའི་སྒྱུ་རྩལ་གྱི་རྣམ་པར་གཏོགས་པའི་ཐུན་མིན་རྩོམ་རིག་གི་རྣམ་བཞག་ཅིག་གཏན་འབེབས་བྱས་ཤིང་།  དེ་ཉིད་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཕྱི་རབས་མཁས་པ་མང་བོས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་སྔར་སྲོལ་བཟང་བོའི་རྒྱུན་མ་ཆད་པར་གནས་པ་ལ་ཟེར།  དེ་ཡང་རིན་སྤུངས་པའི་《ས་པཎ་རྟོགས་བརྗོད་》དང་ཙོང་ཁ་བའི་《བསྟོད་སྤྲིན་རྒྱ་མཚོ།》དགེ་ཆོས་ཀྱི་《ཆུང་གྲོགས་རྗེས་དྲན།》 ཞང་ཞུང་ཆོས་དབང་གྲགས་པའི་《རཱ་མ་ཎའི་གཏམ་རྒྱུད་》སོགས་ནི་སྲོལ་རྒྱུན་སྙན་ངག་གི་ཁོངས་གཏོགས་བརྩམས་ཆོས་ཡིན་ལ།  དེ་དག་རེ་རེ་བཞིན་ཞིབ་ཕྲའི་སྒོ་ནས་རོལ་མྱོང་བྱས་ཚེ་སྲོལ་རྒྱུན་སྙན་ངག་ཅེས་པ་ཇི་འདྲ་ཞིག་ཡིན་པར་ངེས་ཤེས་གཏིང་ཟབ་མོ་འདྲེན་ཐུབ། 

      ལྷག་པར་དུ་སྲོལ་རྒྱུན་སྙན་ངག་གི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་གྲགས་ཅན་དང་རི་བོ་དགེ་ལྡན་པའི་སྙན་ངག་གི་དབུ་འཕངས་སྟོད་བྱེད་《རཱ་མ་ཎའི་གཏམ་རྒྱུད》འདི་ལ་ཕལ་ཆེར་གོང་གསལ་གྱི་མཚན་ཉིད་དེ་དག་གིས་ཁྱབ་མཉམ་པོར་ཁེབས་འདུག་སྙམ།   དེ་བས་ང་ཚོས་《རཱ་མ་ཎའི་གཏམ་རྒྱུད》རང་ངོས་ཀྱི་ཚད་གཞིའི་སྟེང་ནས་དེའི་ཁྱད་ཆོས་དང་དགེ་མཚན་སོགས་ལ་དབྱེ་ཞིབ་བྱས་ཏེ་སྲོལ་རྒྱུན་སྙན་ངག་སྐོར་ཅུང་ཙམ་གླེང་ན།

   ༡.ལུས་ཀྱི་ཕྱོགས་ནས་《རཱ་མ་ཎའི་གཏམ་རྒྱུད》འདི་ཉིད་ཚིག་ལུས་དང་དོན་ལུས་གཉིས་ལས།  དང་བོ་ཚིག་ལུས་ལ་དབྱེ་ན་བཅད་ལྷུག་སྤེལ་གསུམ་ཡོད་པ་ལས་ཚིགས་སུ་བཅད་པ་ཁོ་ནའི་རྣམ་པར་གཏོགས་ཤིང་།  གཉིས་པ་དོན་ལུས་ལ་དབྱེ་བ་དྲང་བརྗོད་དང་འཁྱོག་པོར་བརྗོད་པ་གཉིས་སུ་གྲངས་ངེས་པ་ལས་ཕྱི་མའི་ཁོངས་སུ་གཏོགས་པ་ཡིན།《རཱ་མ་ཎའི་གཏམ་རྒྱུད་》ཀྱི་མཆོད་བརྗོད་ནས་མཇུག་རྩོམ་བར་ཚིགས་བཅད་ཀྱི་ལུས་རྐྱང་བའི་ལམ་ནས་བརྩམས་ཤིང་མི་སྣའི་སྣང་བརྙན་དང་འགུལ་སྐྱོད།  ཡུལ་ལྗོངས་དང་ཁོར་ཡུག    བྱ་དངོས་དང་དོན་རྐྱེན་སོགས་བྱུང་རིམ་ཕྲ་རགས་ཡོད་ཚད་ཚིག་སྡུད་དང་དོན་སྡུད་ཅི་རིགས་ཀྱི་ལམ་ནས་འོས་ཤིང་འཚམ་པར་བཀོད་སྒྲིག་བྱས་པས་ཚིག་གི་ལྷུ་འགྲིག་ཅིང་།  གཅོད་མཚམས་ལེགས་པ།  ཀློག་བདེ་བ།  ཚིག་དོན་གྱི་བབ་དང་བསྟུན་ཏེ་སྒྲ་གདངས་ཀྱི་དྲག་ཞན་འཇམ་རྩུབ་སོགས་སྡེབ་སྦྱོར་བྱས་པ་ལེགས་པས་སྐད་ཆའི་རྒྱུན་ལ་དབྱངས་ཀྱི་འདེགས་འཇོག་གསལ་ཞིང་། འགྱུར་ཁུག་གི་ཉམས་དང་ལྡན་པར་སྙན་ངག་གི་མཚོན་ཐབས་སྣ་ཚོགས་སྤྱད་ནས་གཏམ་རྒྱུད་ཀྱི་བརྗོད་བྱ་རེ་རེ་བཞིན་མངོན་པར་མཚོན་ཡོད་པས་སྒྱུ་རྩལ་བརྩམས་ཆོས་ལེགས་པོ་ཞིག་ཏུ་གྲུབ་པ་ཡིན།

དཔེར་ན།

ཤེས་བྱ་མ་ལུས་རྒྱུད་མངས་ཀྱི།།

ཁོག་པའི་ནང་དུ་ཞུགས་པ་གང་།།

བློ་གྲོས་སོར་མོས་བསྣུན་པ་ལས།

ཀུན་རིག་བྱེད་མཁས་མ་དེ་རྒྱལ།།

     ཞེས་པའི་ཤོ་ལོ་ཀ་འདིར་མཚོན་ན།  ཚིག་གི་བརྗོད་དོན་གྱི་ཆ་ནས་ལྷ་མོ་དབྱངས་ཅན་མའི་མཐུ་དང་ཡོན་ཏན་ལ་བསྔགས་པའི་ལམ་ནས་མཆོད་པར་བརྗོད་པ་ཡིན་ལ།  ཚིག་ལུས་ཀྱི་ཕྱོགས་ནས་ཚེག་ཁྱིམ་བདུན་ཅན་གྱི་ཚིགས་བཅད་དུ་གྲུབ་སྟེ།  མཚོན་སྟོབས་ཆེ་བའི་ཐ་སྙད་རེ་རེ་བསྲེག་བཅད་བརྡར་གསུམ་དང་བཙོ་སྦྱངས་ལེགས་པོ་བགྱིས་ནས་བཀོད་སྒྲིག་བྱས་ཡོད་པས།  ཚིག་སྦྱོར་མཛེས་ཤིང་སྡེབ་ལེགས་པ།   དོན་གསལ་ཞིང་ཡིད་འཕྲོག་པའི་ཁྱད་ཆོས་ལྡན།  ལྷག་པར་ཏུ་སྒྲ་གདངས་ཀྱི་འདེགས་འཇོག་ལྡན་པའི་ངག་གི་རྒྱུན་དེ་ཚིག་གི་གཅོད་མཚམས་དང་དབུགས་ཀྱི་ངལ་གསོའི་སྡོད་མཚམས་ལྟར་ཚེག་བར་ཆ་ཡ་རུ་སྡེབ་སྦྱོར་བྱས་ཏེ་སྐད་ཆའི་རྒྱུན་ལ་རོལ་དབྱངས་ཀྱི་མཛེས་ཉམས་ཐོན་དུ་བཅུག་པས་སྙན་རོ་བླ་ལྷག་ལྡན་ལ།  ཚེག་བར་ཆ་ཡ་རུ་སྡེབ་སྦྱོར་བྱེད་པའི་ཐབས་རྩལ་འདི་ནི་《རཱ་མ་ཎའི་གཏམ་རྒྱུད་》ཀྱིས་མཚོན་པའི་བོད་ཀྱི་སྲོལ་རྒྱུན་སྙན་རྩོམ་ཁྲོད་ཤིན་ཏུ་རྒྱུགས་ཆེ་ཞིང་ཚིག་ལུས་ཀྱི་གྲུབ་ཆའི་ཐད་གལ་ཆེའི་རང་བཞིན་གྱི་ནུས་པ་ཐོན་འདུག་སྙམ།  ཚིགས་བཅད་སྙན་རྩོམ་ལ་ཚིག་དོན་གཉིས་ཀའི་ཆ་ནས་བསྡུ་ཚད་ཆེ་བ་ནི་རྨད་དུ་བྱུང་བའི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་ཡིན་ཏེ།།

དཔེར་ན། 

དེ་དག་ནགས་ཀྱི་ལྷ་ཡིན་ཏེ།།

ནགས་ཚལ་བདག་པོ་དེ་ཡི་བྲན།།

གཉིས་ནི་འདོད་པའི་བདེ་བ་དང་།།

གཅིག་ནི་བསམ་གཏན་བདེ་བས་ཚིམས།།

      ཞེས་པའི་ཤོ་ལོ་ཀ་འདིར་སྐད་ཆ་མང་བོ་ཞིག་“དེ་”སྒྲ་དང་“གཅིག་” “གཉིས་”ཞེས་པའི་ཐ་སྙད་འདི་དག་གིས་བསྡུས་ཤིང་།   བརྗོད་བྱ་དོན་གྱི་ཆ་ནས་ཀྱང་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་རེ་རེའི་བྱ་བ་དང་གནས་བབ་སོགས་བྱུང་རིམ་མང་བོ་ཞིག་གདམས་གསེས་དང་ཉིང་བསྡུས་བྱས་ཏེ་ཚིག་རྐང་བཞིའི་ལམ་ནས་ཕྱིར་མཚོན་བྱས་ཡོད་པས།  “ཚིག་ཉུང་དོན་རྫོགས་”ཀྱི་ཁྱད་ཆོས་ལྡན་ལ།  དེ་བཞིན་བོད་ཀྱི་སྲོལ་རྒྱུན་སྙན་ངག་མང་བོར་ཚིག་དོན་གཉིས་ཀའི་ཆར་སྡུད་སྟོབས་ཆེ་བ་ནི།  སྙན་རྩོམ་བཟང་བོར་འགྲུབ་པའི་རྒྱུ་དང་སྐད་ཆའི་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་མངོན་རྟགས་ཡིན་ནོ།།

    བོད་ཀྱི་སྙན་གཞུང་རྣམས་སུ་སྲོལ་རྒྱུན་སྙན་ངག་གི་ཚིག་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་དུ་དབྱེ་བ་མཛད་འདུག་ཀྱང་ལག་ལེན་དངོས་ཀྱི་སྟེང་ནས་ཕལ་ཆེར་ཚིགས་བཅད་ཁོ་ན་མ་གཏོགས་ལྷུག་པ་དང་སྤེལ་མ་འབྲི་མཁན་ཉིན་མོའི་སྐར་མ་བཞིན་དཀོན་པའི་ཚོད་དུ་འདུག་ཅིང་།  ལུས་དེ་གཉིས་གཞུང་བཤད་ཙམ་ལས་གསར་རྩོམ་ཁྲོད་བཀོལ་སྤྱོད་ཆེན་པོ་མ་བྱས་པས་ད་ལྟའི་རྩོམ་པ་བོ་མང་ཆེ་བས་སྲོལ་རྒྱུན་སྙན་ངག་ཅེས་པ་ཚིགས་བཅད་ཁོ་ནར་ངོས་འཛིན་གྱིན་འདུག     དེ་བས་སྲོལ་རྒྱུན་སྙན་ངག་དར་སྤེལ་དང་འཐུས་ཚང་དུ་གཏོང་བར་སྙན་ངག་སྨྲ་བ་རྣམས་ཀྱིས་ལྷུག་པ་དང་སྤེལ་མའི་ལུས་ཀྱི་རྣམ་པས་སྙན་ངག་གསར་རྩོམ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་ལ།   ད་ལྟའི་གསར་རྩོམ་པ་ཁ་ཅིག་གི་བརྩམས་ཆོས་ཀྱི་ནང་དུ་“བྱེ་ཐང་གཡག་རྒན་འདེད་པའི་གྲྭ་ལྡོམ་གྱིས།།”ཞེས་དང་། “རྐང་རྩེ་སྟོང་གི་དྲི་མ་སུ་ལེན་དུས།།”   “དུང་དང་གཡེར་དྲིལ་རོལ་མོ་གོམས་ཆ་ཞིག་རྒྱས་སོང་།།” “འགྲོ་ཤུལ་རྐང་རྗེས་མཛའ་བའི་གྲོགས་ཀྱིས་རྒོལ།།”ལྟ་བུའི་གོ་བ་ཆལ་ཆོལ་དུ་སོང་བ་དང་།   རྣམ་དབྱེ་དང་ཚིག་ཕྲད་ཀྱི་བསྡུ་སྟངས་མ་ངེས་པས་ཚིག་གི་སྡེབ་སྦྱོར་མི་མཛེས་ཤིང་།  བོད་ཀྱི་སྐད་ཆ་བཤད་སྲོལ་དང་བརྡ་སྤྲོད་པའི་གཞུང་ལས་ཆེས་ཆེར་རིང་དུ་བརྒལ་བའི་ཅི་ཡིན་འདི་ཡིན་མེད་པའི་ཚིག་སྦྱོར་ཡ་མ་ཟུང་མང་བོ་ཞིག་མཐོང་བ་འདི་དག་ནི།   ལུས་ཚིགས་བཅད་དུ་ངེས་ཀྱང་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་ཏིལ་འབྲུ་ཙམ་ཡང་མེད་པར་མ་ཟད་སྤྱིར་སྙན་ངག་ཏུའང་བགྲང་བར་དཀའ།  དེ་བས།  འདི་ལྟ་བུའི་“སྙན་ངག་”འབྲི་མཁན་ཚོས“སྙན་ངག་གི་གྲུབ་མཐའ་”མ་སྤེལ་བའི་ཡར་སྔོན་དུ་སྙན་ངག་གི་སྐྱོན་སེལ་བཅུ་བོ་ངེས་པར་བྱས་ཏེ་སྙན་ངག་གི་རྒྱལ་ཁམས་འགྲིམ་པར་ཁ་ཕྱོགས་མི་ནོར་བ་བྱེད་དགོས།

       གཞན་ཡང་དེང་དུས་ཀྱི་ཕྱོགས་ལྷུང་དང་གཡམ་རྒྱུགས་ལ་དགའ་བ་ཁ་ཅིག་གིས་སྲོལ་རྒྱུན་ཚིགས་བཅད་སྙན་ངག་ལ་“བཅིངས་པའི་སྙན་ངག་”དང་“སྙན་ངག་གཞན་དབང་ཅན་”སོགས་སུ་བརྗོད་པ་ནི་མ་བརྟགས་བྱུང་རྒྱལ་དུ་སྨྲས་པ་ཙམ་ལས་བདེན་པར་མ་གྲུབ་སྟེ།  དེའི་ཚིག་ལུས་ཀྱི་ཆ་ནས་ཐོག་མའི་ཚེག་ཁྱིམ་བཅུ་དང་།  བར་གྱི་ཚེག་ཁྱིམ་བཅུ།  མཐའ་མའི་ཚེག་ཁྱིམ་བཅུ་གསུམ།  མ་ངེས་པ་ཡང་མཐའི་ཚེག་ཁྱིམ་ཅན་འགའ།  རྒྱུན་ཆགས།  འཐེང་འགྲོས་ཅན་སོགས་ཡོད་ཅིང་།  ཚིག་རྐང་གི་ཆ་ནས་ཀྱང་རྐང་བ་བཞི་ཅན་གྱི་གྲོལ་བ་ཁོ་ནར་མ་ངེས་པར་བརྗོད་བྱའི་རྒྱ་ཆེ་ཆུང་དང་བསྟུན་ཏེ་རང་འདོད་ལྟར་རིགས་མཛོད་འདུས་པ་སོགས་ཀྱི་རྣམ་པས་བརྩམས་ཆོག་ལ།  དོན་ལུས་ཀྱི་ཕྱོགས་ནས་བརྗོད་བྱ་སྡེ་བཞིས་བསྡུས་པའི་ཤེས་བྱ་ཡོད་དོ་ཅོག་གི་རང་བཞིན་དྲང་བརྗོད་དང་འཁྱོག་བརྗོད་ཅི་རིགས་ཀྱི་ལམ་ནས་སྟོན་ཐུབ་པ་བསྙོན་དུ་མེད།  དཔེར་ན།  ཡིད་འགྱུར་གྱི་རང་བཞིན་ལྡན་པ་《ཚངས་དབྱངས་རྒྱ་མཚོའི་མགུར་   གླུ་》དང་དགེ་ཆོས་ཀྱི་《ཆུང་གྲོགས་རྗེས་དྲན་》སོགས་བཀླག་ན་ཤེས་ཐུབ་ཅིང་།  ཡུལ་ལྗོངས་དང་ཁོར་ཡུག་གི་སྣང་བརྙན་གསོན་ཉམས་ལྡན་པའི་ངང་མཚོན་ཐུབ་ལ།  སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཚོགས་ཀྱིས་ཕྱུག་ཅིང་སྙན་རོ་འཛད་མེད་མྱང་རྒྱུ་ཡོད་པ།  དཔེར་ན། 《རཱ་མ་ཎའི་གཏམ་རྒྱུད》ལས།

ཡོངས་འདུ་རྐང་འཐུང་འོ་མའི་ན་ཆུང་མར་གད་ཁུ་བའི་གོས་གྱོན་ཞིང་།།

མཁའ་འགྲོའི་ཕྲེང་བ་སྤུ་སྡུག་རྣམ་བཀྲ་བདེ་སོགས་དགའ་བའི་གཞུ་ཕམ་བྱེད།།

དེ་དག་གླུ་དབྱངས་པི་ཝང་སྒྲ་སྙན་པད་སྐྱེས་མགྲིན་སྒྲ་ཤང་ཤང་སྐད་སྙན་བསྲེས་པ་སྒྲོག།

བསམ་གཏན་གནས་འདི་འབྱུང་བོའི་ཀུན་རྟོག་གཡོ་མེད་ཏིང་ངེ་འཛིན་ལ་གོམས་པར་བྱེད།།

       ཅེས་པ་ལྟ་བུའི་ཤོ་ལོ་ཀ་འདི་གཅིག་བུས་ཀྱང་བདེན་དཔང་བྱེད་ཐུབ་པས། “བཅིངས་པ”དང་“གཞན་དབང”ཡིན་མིན་ཏེ་རྩོམ་པ་བོ་རང་ཉིད་སྙན་གཞུང་ལ་སྦྱངས་རྟོགས་ཟབ་མིན་དང་སྲོལ་རྒྱུན་སྙན་ངག་གི་ཚིག་སྦྱོར་སྤེལ་སྟངས་ལ་བྱང་ཆ་ཐོན་མིན།  དེའི་སྐད་ཆའི་སྒྱུ་རྩལ་ཐད་འབྲེལ་འདྲིས་ཡོད་མེད་སོགས་ལ་ཐུག་པ་ཡིན།  དེ་བས་སྙན་ངག་ལ་ལྒིང་འགེལ་མི་རིགས་སོ།། 《བོད་ཀྱི་རྩོམ་ལུས་རྣམ་བཤད》ལས་“འཁྱོག་པོར་བརྗོད་པའི་རྩོམ་རིག་ནི་ས་བོན་ལྟ་བུའི་བརྗོད་གཞི་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་རྣམས་མངོན་པར་བྱས་ཤིང་།  འུད་དང་རྫུན་གྱི་གྲུབ་ཆ་ཆེ་ཤོས་བསྟན་པའི་རིག་རྩོམ་ཞིག་ལ་ཟེར།”ཞེས་པ་ལྟར་《རཱ་མ་ཎའི་གཏམ་རྒྱུད་》ཁྲོད་ཀྱི་མི་སྣའི་འགུལ་སྐྱོད་དང་ནུས་པ།  བྱ་དངོས་སོགས་ཀྱི་རང་བཞིན་ལ་སྒྲོ་འདོགས་དང་འུད་བརྗོད་ཤུགས་ཆེར་བྱས་ཤིང་ལྷ་སྒྲུང་དང་སྒྱུ་འཕྲུལ་གྱི་ལམ་ནས་སྤྱི་ཚོགས་ཀྱི་འགལ་འདུ་སྣ་ཚོགས་མངོན་པར་བྱས་ཏེ།  མི་ཆོས་དང་ལྷ་ཆོས་སྐོར་གྱི་སློབ་གསོ་དང་དེའི་ཐད་ཀྱི་རྩོམ་པ་བོའི་ལྟ་བ་དང་བསམ་བློ་སོགས་ཕྱིར་མཚོན་བྱས་ཡོད་པས།  དེ་ཉིད་འཁྱོག་པོར་བརྗོད་པའི་རྩོམ་རིག་གི་ལུས་སུ་གྲུབ་འདུག   དེ་བཞིན་བོད་ཀྱི་སྲོལ་རྒྱུན་སྙན་ངག་ཕལ་མོ་ཆེར་བརྗོད་བྱའི་བསྟན་དོན་དེ་ཉིད་རིག་བྱེད་ཀྱི་གཏམ་རྒྱུད་སྣ་ཚོགས་ལ་སྦྱོར་བ་ཤུགས་ཆེ་ཞིང་།  མཁས་པ་རྣམས་ཀྱང་འཁྱོག་བརྗོད་རྐྱང་རྐྱང་གི་ལམ་ནས་སྙན་ངག་རྩོམ་རྒྱུར་ཐུགས་མོས་ཧ་ཅང་ཟབ་པས།   འདིའི་སྐོར་ལ་རང་གི་ལྟ་ཚུལ་ཞིག་བརྗོད་རྒྱུ་ཡོད་ཀྱང་གཤམ་ནས་རྒྱན་གྱི་སྐབས་སུ་འཆད་པར་བྱའོ།།

༢.སྲོག་གི་ཆ་ནས་རང་རེའི་སྔོན་བྱོན་མཁས་པ་ཚོའི་སྲོལ་རྒྱུན་སྙན་ངག་མང་བོར་ལས་འབྲས་ཀྱི་བླང་དོར་དང་དགེ་སྡིག་གི་ངོ་བོ།  ཐར་བ་དོན་གཉེར་གྱི་བློ་དང་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་དུ་བཀུར་བ་སོགས་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་ལྟ་བའི་སྲོག་ཏུ་ཞུགས་འདུག་ལ།  རྩོམ་པ་བོ་ཞང་ཞུང་ཆོས་དབང་གྲགས་པ་ཁོང་ཉིད་རྟོགས་པ་མཐོ་བའི་ནང་བ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་《རཱ་མ་ཎའི་གཏམ་རྒྱུད》ཀྱི་སྲོག་ཀྱང་ཕལ་ཆེར་དེ་ལས་མ་འདས་པར་སྙམ་སྟེ།

དཔེར་ན། 

བློ་བཟང་གཞལ་མེད་ཁང་ཆེན་དུ།།

བསོད་ནམས་རིན་ཆེན་ལ་ཆགས་ཏེ།།

བདག་ཉིད་ལ་ནི་སྙིང་ཉེ་བ།།

སངས་རྒྱས་དབང་གི་རྒྱལ་བོར་འདུད།།

ཅེས་བསྟན་བཅོས་ཀྱི་དབུ་བརྩམས་མ་ཐག་ཏུ་སྟོན་པ་སངས་རྒྱས་ལ་མཆོད་པར་བརྗོད་པ་འདིས་རྩོམ་པ་བོ་ཞང་ཞུང་ཆོས་དབང་གྲགས་པ་ཁོང་ཉིད་སངས་རྒྱས་དཀོན་མཆོག་ལ་མོས་གུས་ཟབ་ཅིང་དད་པ་བརྟན་པའི་དེའི་རྗེས་འཇུག་མཁན་ཞིག་ཡིན་པ་གསལ་བཤད་བྱས་འདུག་པས།   སངས་རྒྱས་དཀོན་མཆོག་གཏན་གྱི་སྐྱབས་གནས་སུ་ཁས་ལེན་པའི་ལྟ་བ་ནི་འདིའི་བརྗོད་བྱའི་སྲོག་ཏུ་གྲུབ་ཡོད་ཅེས་བརྗོད་ཆོག

དེ་བཞིན་དུ། 

གང་གིས་རེག་ན་ཉེས་བརྒྱ་ཡི།།

རྒུད་པ་དྲུང་ནས་འབྱིན་པའི་སྨན།།

དམ་ཆོས་རིན་ཆེན་དང་མཚུངས་པར།།

ཀུན་དགའི་གཏེར་དེས་མཐའ་དག་ཚིམ།།

     ཞེས་པས་རེག་པ་ཙམ་གྱིས་ཉེས་པ་དང་རྒུད་པ་དྲུང་ནས་འབྱིན་པའི་སྨན་དེ་ཉིད། ལུང་དང་རྟོགས་པས་བསྡུས་པའི་དམ་ཆོས་རྣམ་གཉིས་ཏེ་སྟོན་པའི་བསྟན་པ་རིན་པོ་ཆེ་དང་མཚུངས་ཤིང་། ཀུན་དགའི་དཔལ་དུ་གཏམས་པའི་སྨན་ནམ་དམ་པའི་ཆོས་ཀྱི་གཏེར་ཆེན་པོ་དེས་སྐྱེ་འགྲོ་མཐའ་དག་གི་འདོད་བློ་ཚིམ་པར་བྱེད་ནུས་པ་སོགས། ནང་བསྟན་ཆོས་ལུགས་ནི་འགྲོ་ཀུན་སྐྱོབ་པའི་སྨན་མཆོག་ལྟ་བུར་བསྔགས་པ་དང་།

ཆུ་ཀླུང་ཚོགས་ཀྱིས་ཆེར་གང་བའི།།

རྫིང་བུ་བདེ་བར་གནས་པ་མིན།། ཞེས་དང་།

གཤོག་པ་ལྡན་ཡང་ལས་ཀྱི་ནི།།

མཁའ་ཡི་ཕ་རོལ་འགོམ་མི་ནུས།།

      ཞེས་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་ཉོན་མོངས་པའི་ཆུ་ཀླུང་ཚོགས་ཀྱིས་ཆེས་ཆེར་གང་བའི་འཁོར་བའི་རྫིང་བུ་རུ་ནམ་ཡང་བདེ་བར་གནས་པའི་སྐབས་མེད་ཅིང་།   གཤོག་ལྡན་གྱི་འདབ་ཆགས་ཡིན་ཡང་ལས་དབང་གི་མཁའ་མཐར་བགྲོད་མི་ནུས་པས་ལས་འབྲས་མི་བསླུ་བའམ་བཟློག་ཏུ་མེད་ཚུལ་བསྟན་ཡོད་པ་དང་།

ཨེ་མ་བློ་ལྡན་བདེན་སྨྲ་ཡི།།

དགྲ་བོའི་ངག་ནི་སུ་ཡིས་འགོངས།།

     ལྟ་བུས་འཇིག་རྟེན་གྱི་ཆོས་ཉིད་དང་བདེན་དོན་ནི་ནམ་ཡང་དང་ལེན་བྱེད་དགོས་ཤིང་འཚོལ་སྙེག་གི་མདུན་དུ་དེའི་རིན་ཐང་ལ་གདེང་འཇོག་བྱེད་དགོས་པར་བསྟན་ཡོད་ཅིང་།

གཉིད་མྱོས་བྱིས་པའི་ཁ་ནང་དུ།།

མ་ཡི་ནུ་སོར་ཞུགས་པ་གང་།།

སོ་རྣོན་སྟ་རེས་འཇུག་པ་ནི།།

རང་བཞན་གཉིས་ཀ་ཕུང་བྱེད་དོ།། ཞེས་དང་།

ཞེ་སྡང་ཆུ་ཡིས་ཁྱེར་བ་དེ།།

ཚིག་གི་ཆུ་ཆར་མི་འདོད་དེ།།

སོས་ཀའི་ཚ་བས་གདུང་བ་ནི།།

མེ་ཡི་འོད་དང་འགྲོགས་པ་མིན།།

      ལྟ་བུར་མཚོན་ན་རྩོམ་པ་བོས་འཚོ་བར་རྒྱུས་ལོན་གཏིང་ཟབ་བྱས་ཤིང་རང་གི་རིག་སྟོབས་ཀྱིས་དཔྱད་པ་མཐར་ཐུག་བཏང་ནས་བཀོད་པའི་སྡོམ་ཚིག་ཡང་དག་ཅིག་སྟེ།    མིའི་ཤེས་རབ་ཀྱི་མཛེས་དཔྱོད་ལྟ་སྣང་ཁྲོད་དུ་བླང་དོར་མཛུབ་ཁྲིད་ཀྱི་ནུས་པ་དང་གཏན་ཚིགས་ཀྱི་ཁྱད་ཆོས་སྟོན་པས་ལེགས་བཤད་ཀྱི་རིན་ཐང་ངེས་ཅན་ཞིག་ལྡན་པར་མ་ཟད།  སེམས་ཁམས་དང་དངོས་པོའི་གཤིས་ལུགས་ལ་རིག་པས་དབྱེ་ཞིབ་བྱས་པ་ཐུ་བས་ནང་བསྟན་མཚན་ཉིད་སྨྲ་བའི་ལྟ་བས་ཁེབས་འདུག་སྙམ།  འདི་ལྟར་ཡོད་ཚད་ཤོ་ལོ་ཀ་རེ་རེའི་ངོས་ནས་དཔྱད་ན་དོན་དག་མང་བོ་ཞིག་རྗོད་ཀྱིན་ཡོད་པས་མཐའ་གཅིག་ཏུ་སྙན་སྲོག་འདི་རེད་ཅེས་ངོས་འཛིན་བྱེད་དཀའ་ཡང་བསྟན་བཅོས་ཀྱི་སྤྱི་ངོས་ནས་གླེང་ན།  ལྷ་སྒྲུང་དང་སྦྱར་ཏེ་བསྡུས་བརྗོད་ཀྱི་མཚོན་ཐབས་སྤྱད་ནས་འདུས་བྱས་མི་རྟག་པ་དང་ལས་འབྲས་ལ་བསླུ་བ་མེད་པ།  འདུ་འབྲལ་དང་སྐྱེ་འཆིར་ངེས་པ་མེད་ཚུལ་སོགས་འཁོར་བའི་རྙོག་འཛིང་དང་སྡུག་བསྔལ་གྱི་རང་བཞིན་བསྟན་ཡོད་ཅིང་།  དེ་ལས་ཐར་བའི་ཐབས་ལ་གཞོལ་པར་བསྐུལ་བ་ནི་བརྩམས་ཆོས་འདིའི་ཤུགས་བསྟན་གྱི་བརྗོད་སྙིང་ངམ་རྩོམ་མཁན་གྱི་ལྟ་བ་དང་བསམ་བློ་ཡིན་པར་འདོད་པས།  བདག་གིས་《རཱ་མ་ཎའི་གཏམ་རྒྱུད》ཀྱི་བརྗོད་བྱའི་སྲོག་དངོས་ནི་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་རེད་ཅེས་སྨྲས་པ་ཡིན། 

      འདི་བཞིན་གནའ་རབས་ཀྱི་མཁས་པ་ཚོའི་སྙན་ངག་གི་སྲོག་ཏུ་ནང་བསྟན་ཆོས་ལུགས་ཞུགས་ཡོད་པའི་རྒྱུ་མཚན་གྱིས་ད་ལྟའི་བར་རིན་ཐང་མ་ཉམས་པར་གནས་ཤིང་།  ས་སྐྱ་པཎ་ཊི་ཏ་དང་རྗེ་ཙོང་ཁ་བ།  དགེ་འདུན་ཆོས་འཕེལ་སོགས་ཀྱི་སྙན་རྩོམ་དང་ལེགས་བཤད་ཀྱི་སྐོར་ལ་དེང་སྐབས་འཛམ་གླིང་སྟེང་གི་རྩོམ་རིག་ཞིབ་འཇུག་པ་རྣམས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད་པ་དེ་ནི།   ཁོང་རྣམ་པའི་བརྩམས་ཆོས་ཀྱི་སྲོག་ཏུ་གྱུར་བའི་ནང་བསྟན་ཆོས་ལུགས་དེ་ཉིད་མིའི་རིགས་ལ་བདེ་སྐྱིད་སྐྲུན་བྱེད་ཅིག་དང་ཚན་རིག་ལས་ཀྱང་ལྷག་པའི་གནས་ལུགས་ཡང་དག་ཅིག་ཡིན་པར་ངེས་ཟིན་ཐོབ་པས་ཡིན།  དངོས་གནས་སྐབས་དེ་དག་གི་སྲོལ་རྒྱུན་སྙན་ངག་ནི་འདི་ལྟར་ལྒིང་རིན་དང་ལྡན་པ་ཞིག་ཡིན་མོད། འོན་ཀྱང་དེང་སྐབས་ཀྱི་ཆ་ནས་བཤད་ན་སྔོན་ཆད་དང་བསྡུར་ཚེ་སྙན་ངག་འབྲི་མཁན་གྱི་གྲངས་འབོར་མང་ཡང་།  ཕལ་ཆེར་གྱི་བརྩམས་ཆོས་ཀྱི་བརྗོད་བྱ་མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཐན་ཐུན་རེ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཕྱོགས་རེ་བ་ཙམ་ལས་མ་འདས་ཤིང་།   བརྗོད་སྙིང་དུ་གྱུར་བའི་ལྟ་བ་དང་བསམ་བློ་གཏིང་མི་ཟབ་པས་སྲོག་ལའང་རིན་ཐང་ཆེན་པོ་མི་འདུག    དེའི་ཕྱིར་ད་ལྟའི་ང་ཚོའི་ཚིགས་བཅད་སྙན་རྩོམ་འདི་དག་གིས་འཛམ་གླིང་རྩོམ་རིག་གི་གར་སྟེགས་སྟེང་ན་གོ་གནས་ཅུང་ཙམ་ཡང་ཟིན་མེད་པ་རེད།

      དེ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཚོན་ན་སྙན་ངག་གིས་གཙོས་རྩོམ་རིག་སྒྱུ་རྩལ་དེ་ཉིད་བརྗོད་དོན་དང་མཚོན་ཐབས་གང་གི་ཆ་ནས་ཀྱང་ཆེས་སྔོན་ཐོན་གྱི་ཚད་དུ་སླེབས་ཤིང་ཡོད་ཚད་ཀྱི་མིག་དཔེ་བལྟ་བྱར་འགྱུར་དོན་ནི།   ཁོ་ཚོར་སྔ་ཕྱིར་སེམས་ཁམས་རིག་པ་དང་མཚན་ཉིད་སྨྲ་བའི་རྩོམ་རིག་པ་གྲགས་ཅན་མང་བོ་བྱུང་ཞིང་རྩོམ་རིག་གི་གྲུབ་མཐའ་སྣ་ཚོགས་དར་བས་ཡིན་ཏེ།  དཔེར་ན།  གནའ་བོའི་ཀེ་རི་སིའི་མཚན་ཉིད་སྨྲ་བ་པོ་ལ་ཐུ་དང་སུའུ་ཀོ་ལ་ཏིའི་སེམས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་བ་དང་།   འཇར་མན་གྱི་ཁང་ཏེའི་མཐའ་དཔྱོད་མཚན་ཉིད་རིག་པ་དང་ཉི་ཚེའི་ཡི་འཕགས་མིའི་མཚན་ཉིད་རིག་པའི་ལྟ་བ།  ཧྥ་རན་སིའི་པོ་ཀོ་སེན་གྱི་ཚེ་སྲོག་མཚན་ཉིད་རིག་པའི་ལྟ་བ་སོགས་དང་།  ཨོ་སི་ཁྲུའི་སེམས་ཁམས་རིག་པ་བ་ཧྥུ་ལོ་དབྱེ་ཏེའི་ཡིད་རྣམ་འབྱེད་ཀྱི་རིག་པ་དང་ཨ་ཏེ་ལིའི་སྒེར་གྱི་སེམས་ཁམས་རིག་པ།  ཧྥ་རན་སིའི་མཚོན་རྟགས་རིང་ལུགས་དང་གཞི་གྲུབ་རིང་ལུགས་སོགས་ཀྱི་ལྟ་བ་དང་བསམ་བློ་དེ་ཉིད་ཡོངས་ཁྱབ་ཀྱི་སྒོ་ནས་རྩོམ་རིག་གི་ཁྱབ་ཁོངས་སུ་བེད་སྤྱད་ཅིང་།  དེའི་ལམ་ནས་རྩོམ་རིག་བརྩམས་ཆོས་འབོར་ཆེན་གསར་རྩོམ་བྱས་ནས་སོ་སོའི་ལྟ་བ་དང་བསམ་བློ་རྒྱས་བཤད་བྱས་ཏེ་འཐུས་ཚང་དང་དར་སྤེལ་དུ་བཏང་བས།  རྩོམ་རིག་ལ་འགྱུར་ལྡོག་དང་ཤུགས་རྐྱེན་ཚད་མེད་ཐེབས་ཏེ་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་མ་ལག་གསར་བ་ཆགས་པ་ནས་བཟུང་ཁོ་ཚོའི་སྒྱུ་རྩལ་རྩོམ་རིག་དབྱར་མཚོ་ལྟར་རྒྱས་ཤིང་།  རིན་ཐང་གི་ཆ་ནས་ཀྱང་འཛམ་གླིང་རྩོམ་རིག་གི་ཚད་མཐོའི་མཚོན་དཔེར་གྱུར་བར་མངོན།  དེ་ལྟ་ན་ང་ཚོས་ཀྱང་བརྩམས་ཆོས་ཀྱི་བརྗོད་བྱ་སྤྱིར་བཏང་ལས་བརྒལ་ཏེ་སྣོད་ཀྱི་འཇིག་རྟེན་ཁམས་ཆེན་པོ་དང་བཅུད་ཀྱི་སེམས་ཅན་མང་བོའི་བདེ་སྡུག་ལེགས་ཉེས་ཀྱི་ཆེད་དུ་བསམ་གཞིག་བཏང་ནས་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་། བརྗོད་བྱར་གྱུར་བའི་རང་བྱུང་ཁམས་ཀྱི་ཆགས་གནས་འཇིག་སྟོངས་བཞིའི་སྣང་ཚུལ་དང་མིའི་རིགས་སོགས་ཚེ་སྲོག་ཡོད་ཚད་ཀྱི་གནས་སྟངས་སྐོར་ལ།  བོད་ཀྱི་མཚན་ཉིད་རིག་པ་བ་ཕྱ་བ་ཆོས་ཀྱི་སེངྒེ་དང་རྗེ་བློ་བཟང་གྲགས་པ་སོགས་ཀྱི་ཚད་མའི་རིགས་ལམ་དང་རྟེན་འབྲེལ་གྱི་ལྟ་བས་དབྱེ་ཞིབ་བྱེད་པ།   བརྩམས་ཆོས་ཀྱི་ལམ་ནས་མིའི་རིགས་ཀྱི་ཤེས་རིག་གི་ཉིང་བཅུད་དུ་གྱུར་བའི་ནང་བསྟན་མཚན་ཉིད་རིག་པའི་ལྟ་བ་ཕྱིར་མཚོན་བྱེད་རྒྱུ་བཅས་ནི་རང་རེའི་སྲོལ་རྒྱུན་སྙན་ངག་འདི་ཉིད་འཛམ་གླིང་རྩོམ་རིག་གི་ཡང་རྩེར་སླེབས་པའི་ཐབས་མཆོག་ཏུ་སྣང་བས།  ད་ལྟའི་སྙན་ངག་པ་རྣམས་ཀྱིས་དེའི་ཕྱོགས་ལ་ཤུགས་ཆེར་གཞོལ་ཏེ་འཛམ་གླིང་རྩོམ་སྟེགས་སྟེང་དུ་བོད་ཀྱི་རྩོམ་རིག་ཅེས་པ་ཅི་འདྲ་ཞིག་ཡིན་པར་ངེས་ཤེས་རྙེད་དུ་འཇུག་དགོས་སོ།།

༣.རྒྱན་ནམ་མཚོན་ཐབས་ཀྱི་ཕྱོགས་ནས་དེ་ལ་དབྱེ་བ་དྲང་བོར་བརྗོད་པ་དང་འཁྱོག་པོར་བརྗོད་པ་གཉིས་སུ་གྲངས་ངེས་པ་ལས།  《རཱ་མ་ཎའི་གཏམ་རྒྱུད་》ཀྱིས་ཕྱི་མའི་མཚོན་ཐབས་སྤྱད་ཡོད་དེ།  གཏམ་རྒྱུད་ཀྱི་བརྗོད་བྱའི་སྣང་བརྙན་དང་བྱུང་རིམ་རེ་རེ་《མེ་ལོང་མའི》ལུགས་ཀྱི་བསྡུས་བརྗོད་དང་ཕུལ་བྱུང་།  རབ་རྟོག   ཉམས་ལྡན།(འུད་བརྗོད་ཤས་ཆེ་བ)ཏིང་ངེ་འཛིན་སོགས་འཁྱོག་བརྗོད་ཀྱི་རྒྱན་སྣ་ཚོགས་ཀྱིས་སྤྲས་ནས་མཚོན་པར་བྱས་འདུག

དཔེར་ན།

གེ་སར་རྡུལ་ཚོགས་ལ་སྲེད་པའི།།

པད་མ་གཞོན་ནུ་བུང་བ་ལ།།

ངོ་འཛུམ་གནག་པར་འདོད་པ་ནི།།

རང་དབང་གསོད་བྱེད་གདུང་བས་ཕྲོགས།།

    ལྟ་བུ་ནི་བརྗོད་འདོད་ཀྱི་དཔེ་ཅན་ལྷ་དབང་གིས་མགྲིན་བཅུར་འཆི་བ་མེད་པའི་དངོས་གྲུབ་མ་བྱིན་པར་གཞན་དབང་དུ་གྱུར་བའི་ཚུལ་སོགས་ལ་བསམ་པར་བྱས་ཏེ།  དེ་དང་ཆ་མཚུངས་པའི་དཔེ་གེ་སར་རྡུལ་ཚོགས་དང་པད་མ་གཞོན་ནུ།  བུང་བ་སོགས་ངག་ཏུ་བརྗོད་པའི་སྒོ་ནས་དཔེ་ཅན་བསྡུས་པའི་ཚུལ་གྱིས་བརྗོད་པས་བསྡུས་བརྗོད་ཀྱི་རྒྱན་དང་།

འཛམ་གླིང་འཛིན་མའི་ཐིག་ལེར་ནི།།

ལྷུན་པོ་སྔོན་མེད་གཉིས་བྱུང་སྟེ།།

འཛིན་མའང་ཁུར་བོ་འདི་ཐེག་པ།།

ཨེ་མ་ཤིན་ཏུ་སྟོབས་དང་ལྡན།།

     ཞེས་འཇིག་རྟེན་འདིའི་སྟེང་དུ་སྔོན་ཆད་བྱུང་མ་མྱོང་བའི་ལྷུན་པོ་གཉིས་ལྟ་བུའི་དགའ་བྱེད་ཕུ་ནུ་གཉིས་བྱུང་ཞིང་།  འཛིན་མའང་དེ་ལྟ་བུའི་ཁུར་ཆེན་འདེགས་ནུས་པ་ནི་ཤིན་ཏུ་ངོ་མཚར་ཞིང་སྟོབས་དང་ལྡན་པ་རེད་ཅེས་འུད་ཆེན་པོའི་ལམ་ནས་དགའ་བྱེད་ཕུ་ནུ་གཉིས་ཀྱི་སྟོབས་ལ་བསྔགས་པས་ཕུལ་བྱུང་གི་རྒྱན་དང་།

བསྔགས་འོས་བསྔགས་པར་མི་བྱེད་པར།།

བདག་ཅག་ཁ་ཡི་ཁང་བཟང་ན།།

བདེ་བར་གནས་པ་དོན་མེད་ཅེས།།

རོ་འཛིན་ཚོགས་འདི་ཅིག་ཅར་སྒྲོག།

      ལྟ་བུས་བསྔགས་འོས་པའི་དབེན་པའི་གནས་མཆོག་འདི་ལྟ་བུར་བསྔགས་བརྗོད་མི་བྱེད་པར་ལོང་གཏམ་སྣ་ཚོགས་འཆད་དེ་དུས་འདའ་བར་བྱེད་ན།  སྨྲ་བྱེད་བདག་ཅག་དུས་ནམ་ཡང་ཁ་ཡི་ཁང་བཟང་ནང་དུ་བདེ་བར་གསོས་པ་དོན་མེད་དུ་གནས་ཞེས་རོ་འཛིན་ཚོགས་ཀྱིས་ཅིག་ཅར་དུ་སྒྲོག་ཅེས་དབེན་གནས་ཀྱི་མཛེས་སྡུག་ལ་བསྔགས་པ་བརྗོད་པའི་ཚུལ་དེ་ཉིད་ལ་སྒྲོ་བཏགས་ཏེ་བརྗོད་པས་རབ་རྟོག་གི་རྒྱན་དང་།

འཛིན་མ་རུས་པའི་གོས་དཀར་ཅན།།

བར་བར་ཁྲག་གི་ལྟེང་ཀ་འཁྱིལ།།

ལ་ལར་ཁྲག་རྒྱུན་དྲོན་མོ་འབབ།།

རྒྱུ་མའི་དོ་ཤལ་ཅན་དེ་དག།

མཆེ་བ་རིང་བོས་ནུ་མ་གཉིས།།

འདྲལ་དོགས་མགྲིན་པ་འདེགས་ཤིང་རྒོད།།།

དྲག་ཤུལ་སྤྱོད་པའི་ས་དེ་ཡིས།།

གཤིན་རྗེའི་གྲོང་ལ་བག་ཡོད་སྦྱིན།།

      ཞེས་འཇིགས་ཤིང་སྐྱི་གཡའ་བར་བྱེད་པའི་སྲིན་པོའི་གྲོང་གི་སྣོད་བཅུད་ཀྱི་བཀོད་པ་རེ་རེ་བཞིན་མི་སྡུག་པ་དང་དྲག་ཤུལ་སོགས་ཡིད་དུ་མི་འོངས་པའི་ཉམས་དང་ལྡན་པར་ཀློག་མཁན་གྱི་མིག་ལམ་དུ་བསྟར་ཡོད་པས་ཉམས་ལྡན་གྱི་རྒྱན་དང་།

རབ་ཏུ་གཉིད་མྱོས་ཟིལ་བ་ནི།།

ངོ་ཚའི་བསེར་བུས་བཅིངས་པ་ཉིད།། ཅེས་དང་།

དེ་མཐོང་རྫི་མའི་སྲེད་ལྡན་གྱིས།།

རང་གི་དགའ་མ་འཁྱུད་པ་བརྗེད།།

      ལྟ་བུ་ནི་ལྷ་ཆེན་གྱིས་མགྲིན་བཅུར་འཆི་མེད་དངོས་གྲུབ་སྟེར་མ་ཐུབ་པས་སྐྱེངས་པར་གྱུར་ཏེ།  གདོང་ནས་དངུལ་ཆུ་འབབ་པའི་ཚུལ་དེ་ཉིད་གཉིད་མྱོས་ཟིལ་བ་སོགས་སེམས་ལྡན་གྱི་ཁྱད་ཆོས་གཉིད་ལོག་པ་སེམས་མེད་ཟིལ་བ་ལ་སྦྱར་བ་དང་།   སི་ཏཱ་ཞེས་པའི་མཛེས་མ་དེ་མཐོང་བའི་ཚེ་མིག་འབྱེད་འཛུམ་མེད་པར་རྫི་མ་རྣམས་ཀྱང་གཡོ་མེད་དུ་གནས་པའི་ངང་ཚུལ་དེ་ཉིད།  རྫི་མའི་སྲེད་ལྡན་སོགས་སེམས་ལྡན་གྱི་ཁྱད་ཆོས་ཆགས་སྲེད་དང་ལྡན་པ་སེམས་མེད་རྫི་མ་ལ་འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲངས་ནས་བཀོད་པས་ཏིང་འཛིན་རྒྱན་གྱིས་སྤྲས་འདུག་ཅིང་། 《མེ་ལོང་མ》རང་ངོས་ཀྱི་ཚད་གཞིའི་སྟེང་ནས་བཤད་ན་རྒྱན་དེ་དག་རེ་རེ་བཞིན་《ར་མ་ཎའི་གཏམ་རྒྱུད་》སྙན་རྩོམ་བཟང་བོར་འགྲུབ་བྱེད་ཀྱི་མཚོན་ཐབས་ལེགས་ཤོས་སུ་གཏོགས་པ་ཡིན།   ད་དུང་དཔེ་གཟུགས་དང་སྒྲ་རྒྱན་སོགས་ཐུན་མོང་བའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པའང་ཤིན་ཏུ་མང་མོད།  ཡིག་ཚོགས་ལ་འཇིགས་ནས་རེ་རེ་བཞིན་འདིར་དཔེ་རུ་མ་བཀོད་ཀྱང་དེའི་སྐོར་ནས་ཅུང་ཟད་གླེང་ན། རང་རེའི་སྲོལ་རྒྱུན་སྙན་ངག་པ་ཚོས་བརྩམས་ཆོས་ཀྱི་ཁྲོད་དུ་གོང་གསལ་གྱི་རྒྱན་དེ་དག་བཀོལ་སྤྱོད་ཆེས་ཆེར་བྱེད་མོད་ཀྱང་།   ཁོ་བོས་ནི་དཔེ་འགོད་དང་འུད་བརྗོད་རྐྱང་རྐྱང་བྱེད་པ་དེ་ཉིད་སྙན་ངག་གི་མཚོན་ཐབས་ལེགས་ཤོས་ཤིག་ཏུ་ཁས་ལེན་མི་ནུས་ཏེ། ང་ཚོས་བུད་མེད་མཛེས་མ་ཞིག་གི་སྣང་བརྙན་བརྗོད་པའི་སྐབས་ནམ་མཁའི་ལྷ་མོདང་པད་མའི་མེ་ཏོགལྟ་བུར་མཛེས་ཞེས་དཔེ་ཡི་ལམ་ནས་སྨྲས་ཚེ་ཀློག་མཁན་“ལྷ་མོ་”དང་“པད་མ་”མཐོང་མ་མྱོང་མཁན་ཞིག་གིས་ཕྱིར་“ལྷ་མོ”དང་“པད་མ་”ཞེས་པ་ཅི་འདྲ་ཞིག་ཡིན་ནམ་ཞེས་དྲིས་ན།  སྙན་ངག་མཁན་པོས་ཡང་བསྐྱར་འགྲེལ་རྩོམ་དགོས་པ་ལས་ཐབས་གཞན་མེད་པ་ཆགས་ཚེ་ཇི་འདྲའི་དཀའ་ཚེགས་ཆེ་ཨང་། དེར་མ་ཟད་ད་དུང་འཚོན་ཐབས་དེ་དག་གནའ་ནས་ད་ལྟའི་བར་དུ་བཀོལ་སྤྱོད་བྱས་དྲགས་པས་རྙིང་བར་གྱུར་འདུག་ཅིང་།   སྒྱུ་རྩལ་གྱི་མཛེས་ཉམས་ཀྱིས་སྟོངས་པའི་སྤྱིར་བཏང་གི་སྐད་ཆ་ལྟ་བུ་ཞིག་ལས་མ་འདས།   དེ་བས།   བུད་མེད་ཀྱི་མཛེས་པའི་ཆ་དེ་བུད་མེད་རང་སྟེང་ན་ཡོད་པས་ཁྱད་གཞི་དང་ཁྱད་ཆོས་གཉིས་ལྷན་དུ་སྦྱར་ཏེ་“དམར་ཆུང་གི་མཆུ་སྒྲོས། གནག་སྣུམ་གྱི་སྐྲ་ལོ། དཀར་འཇམ་གྱི་འོ་འཛིན། མཁྲང་ཟླུམ་གྱི་བརླ་ཤཞེས་དེའི་མཛེས་སྡུག་གི་ཆ་ཤས་རྣམས་རེ་རེ་བཞིན་བགྲངས་ནས་སྒྱུ་རྩལ་རབས་འབྱམས་མ། དཀར་མཛེས་དྲོད་འཇམ་གྱི་བུ་མོ་”ལྟ་བུར་བསྔགས་ཚེ།  དཀའ་ཚེགས་མེད་པར་ཀློག་མཁན་ལ་དངོས་སུ་མཐོང་བ་ལྟ་བུའི་སྒྱུ་རྩལ་གྱི་བདེན་སྣང་སྟེར་ཐུབ་ཅིང་།  ཐ་སྙད་རེ་རེར་སྐད་ཆའི་སྒྱུ་རྩལ་གྱི་ཉིང་བཅུད་དུ་གྱུར་བའི་སྙན་ངག་གི་བྲོ་བ་ལྡན་ལ།   བརྗོད་དོན་གྱི་ངོ་བོར་དོན་དངོས་དང་གསོན་ཉམས་ཀྱི་རང་བཞིན་ལྡན་པས་དོན་གྱི་རོ་ཉམས་ཀྱང་ཕུན་སུམ་ཚོགས་པོ་ཐོན་ཐུབ་པ་ཡིན།   དེ་ཡང་《ཚངས་སྲས་བཞད་སྒྲ་》ལས།  “སྙན་ངག་གི་རྒྱན་ཞེས་བྱ་བ་ནི།   དཔེར་ན། བུད་མེད་གཞོན་ནུ་མ་ཞིག་མགྲོན་དུ་ཆས་པ་ན།  ལུས་མཛེས་བྱེད་ཀྱི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། གཞན་ཡིད་འཕྲོག་པར་བྱེད་པའི་སྒེག་མཛེས་རྨད་དུ་བྱུང་བའི་ཉམས་འདོན་པ་ལྟ་བུ་”ཟེར་བ་ནི་མི་འཐད་དེ།   སྤྱིར་གོས་དང་རྒྱན་གྱི་བྱེད་ལས་དངོས་ནི་མིའི་ལུས་སྟེང་གི་མི་མཛེས་པའི་གནས་རྣམས་སྒྲིབ་པར་བྱེད་དགོས་པ་དེ་ཡིན་པས།  རྒྱལ་བོ་ལང་ཚོས་དྲེགས་གྱུར་ཀྱང་།། རྒྱན་མེད་པ་ན་སྐྱེ་བོས་གླེང་།། ཞེས་པ་ལྟར་ལགས་མོད། འདིར་སྙན་ངག་གི་བརྗོད་བྱ་དང་“རྒྱལ་བོ་གཅེར་རྗེན་དུ་ཕྱུང་བ་”གཉིས་གཏན་ནས་ནས་མི་འདྲ་སྟེ། དེའི་བརྗོད་བྱ་ཡོད་ཚད་“མི་གཅེར་བུ་”བཞིན་མཐོང་མི་བཟོད་པ་ཞིག་མིན་པས་ངེས་པར་དུ་“རྒྱན་”གྱིས་སྒྲིབ་དགོས་དོན་མེད་ཅིང་།  བུད་མེད་ལྟ་བུ་ལ་ཆ་བཞག་ནས་བཤད་ནའང་ལུས་ཀྱིས་ཐེག་མིན་ལ་མི་བལྟ་བར་རྒྱན་སྣ་ཚོགསཏེ། གསེར་དངུལ་ཟངས་ལྕགས་དང་། གཡུ་བྱུར་དང་རྡོའི་རིགས་སྣ་ཚོགས། དེ་བཞིན་གཅན་གཟན་གྱི་ཀོ་ལྤགས་མང་བོས་མགོ་མཇུག་མེད་པར་བརྒྱནནས་ཁྲོམ་དུ་ཞུགས་ཚེ།  གཞན་ཡིད་འཕྲོག་པར་བྱེད་པའི་སྒེག་མཛེས་རྨད་དུ་བྱུང་བའི་ཉམས་འདོན་རྒྱུ་ཕར་ཞོག   རང་གཞན་ལྟད་མོ་བ་མང་བོས་“ཀླ་ཀློ་དང་དུད་འགྲོ་ཟོག་གི་ཆ་བྱེད་རེད་”ཅེས་འཕྱ་སྨོད་དང་དམའ་འབེབས་བྱེད་བཞིན་ཡོད་པ་ད་ལྟའི་ཤོམ་སྟོན་གྱི་བརྙན་འཕྲིན་དག་ལ་བལྟས་ན་ཤེས་ཐུབ་པས།  སྙན་ངག་ལའང་ཐལ་ཆེ་དྲགས་པའི་རྒྱན་མང་བོས་སྤྲས་པར་མི་རིགས། དེས་ན་སྙན་ངག་བུ་མོའི་མཛེས་ཞལ་ལ་“རྒྱན”གྱི་སྐག་ཚོས་ཚོད་མེད་དུ་བྱུགས་ཚེ་སྦྱར་བྱུང་གི་མཛེས་སྡུག་རྫུན་མ་ཞིག་ལས་ལྷན་སྐྱེས་དྭངས་གཙང་གི་བདེན་ཞལ་དངོས་མཇལ་མི་ཐུབ་པ་ཀུན་གྱིས་མཁྱེན་པར་མཛོད་ཅིག   ད་དུང་《མེ་ལོང་མ་》ལས།

དགའ་མ་ཁྱོད་ཀྱི་ནུ་མ་དང་།།

དཔྱི་ཡི་བར་ན་སྐེད་པ་ནི།།

ཡོད་དམ་མེད་ཅེས་བདག་གི་ནི།།

ཐེ་ཚོམ་ད་དུང་བཟློག་མ་གྱུར།།

ཞེས་འཁྱོག་བརྗོད་ཀྱི་རྒྱན་སྣ་ཚོགས་དཔེ་བརྗོད་དང་བཅས་གཏན་འབེབ་བྱས་ཤིང་མཁས་པ་རྣམས་ཀྱང་དེར་དགོངས་པ་བཅོལ་ཏེ།

སྐྱེ་རྒུའི་རིག་སྔགས་མཁན་དེ་དག།

སི་ཏཱའི་མིང་གི་བཟླས་བརྗོད་ཀྱིས།།

འགྲམ་པ་རུས་པའི་འཕྲུལ་འཁོར་ནི།།

དྲལ་བ་ནུ་མའི་ངོས་སུ་འཕྱང་།།

      ལྟ་བུའི་ཧ་ཅང་ཐལ་ཆེ་དྲགས་པའི་འཁྱོག་བརྗོད་རྐྱང་རྐྱང་གི་ལམ་ནས་སྙན་ངག་འབྲི་རྒྱུར་སྙུག་རྩེ་གཞོལ་ཏེ་བརྗོད་བྱའི་སྣང་བརྙན་གྱི་རང་བཞིན་ལས་ཆེས་ཆེར་རིང་དུ་བརྒལ་བའི་འུད་བརྗོད་ཚད་མེད་བྱས་པས།   ཀློག་མཁན་གྱི་སྤྲོ་སྣང་འདྲེན་པའི་སྒྱུ་རྩལ་གྱི་བདེན་སྣང་སྟེར་རྒྱུ་ཕར་ཞོག    དེ་ལས་ལྡོག་སྟེ་བསྟོད་ཡུལ་དང་མི་འཚམ་པའི་བསྟོད་པ་བྱེད་སྟངས་དེས་འུད་ཤོབ་དང་བཅོས་རྫུན་གྱི་སྣང་བ་རྒྱུན་མར་སྟེར་བར་བྱེད།  དཔྱད་བརྗོད་པ་ལ་ལས་“འཁྱོག་པོར་མ་བརྗོད་ན་དངོས་པོ་རྣམས་ཀྱི་གསོན་ཉམས་ལྡན་པའི་ཁྱད་ཆོས་དེ་སྟོན་དཀའ་”ཟེར་བའང་ཤིན་ཏུ་མི་འཐད་དེ།  དེ་ལྟ་ན་ང་ཚོས་འཇིག་རྟེན་འདིར་དྲང་བོའི་བདེན་གཏམ་སྨྲས་པའི་དགོས་པ་མེད་ཅིང་། རང་བཞིན་བརྗོད་པ་སོགས་དྲང་བརྗོད་ཀྱི་རྒྱན་མཐའ་དག་དང་ཇི་བཞིན་བརྗོད་པའི་རྩོམ་ཡིག  དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་།  གསལ་བཤད་རྩོམ་ཡིག  གསར་འགྱུར་རྩོམ་རིག་སོགས་ཀྱིས་དངོས་པོ་རྣམས་ཀྱི་གསོན་ཉམས་ལྡན་པའི་ཁྱད་ཆོས་སྟོན་མི་ཐུབ་པར་ཐལ་ལོ།།

      འདིར་སྔོན་ཆད་ཀྱི་མཁས་པ་མང་བོས་《རཱ་མ་ཎའི་གཏམ་རྒྱུད་》སྲོལ་རྒྱུན་གྱི་སྒྱུ་རྩལ་བརྩམས་ཆོས་ལེགས་ཤོས་སུ་ངོས་འཛིན་དོན་ཡང་ཕལ་ཆེར་དེ་ཉིད་འཁྱོག་བརྗོད་ཀྱི་རྒྱན་སྣ་ཚོགས་ཀྱིས་བཅིངས་པས་ཡིན་ཞིང་། སྐབས་དེའི་མཁས་པ་ཚོར་སྤྱི་ཚོགས་ཀྱི་ཁོར་ཡུག་དང་རིག་གནས་ཀྱི་ཁོར་ཡུག་སོགས་ཀྱི་དབང་གིས་《མེ་ལོང་མའི་》ཤུགས་རྐྱེན་ཐེབས་དྲགས་ཏེ་སྙན་རྩོམ་ཁྲོད་དེའི་དངོས་བསྟན་གྱི་འཁྱོག་བརྗོད་ཀྱི་རྒྱན་དག་ རྒྱུགས་ཆེ་ལ། དྲང་བརྗོད་ལས་འཁྱོག་བརྗོད་ཀྱི་རྒྱན་སྙན་ངག་གི་མཚོན་ཐབས་ལེགས་ཤོས་སུ་ངོས་འཛིན་མཁན་མང་། དེའང་སྐབས་དེ་ཤེད་དུ་རང་རེའི་སྙན་ངག་པ་ཚོའི་ཁྲོད་དུ་འགྲན་རྩོད་ཀྱི་མཐོ་རླབས་འཕྱུར་དང་འཕྱུར་བཞིན་ཡོད་ཅིང་།  ལྟོས་འཇོག་གིས་བཤད་ན་བརྩམས་ཆོས་རྣམས་སྔོན་ཆད་ཀྱི་གླུ་དང་མགུར་གྱི་རྣམ་པ་ལས་བརྗོད་དོན་དང་སྒྱུ་རྩལ་གྱི་ཕྱོགས་གང་ཐད་ནས་འཕོ་འགྱུར་ཆེན་པོ་བྱུང་སྟེ།  འཁྱོག་ བརྗོད་ཀྱི་རྒྱན་བཀོལ་སྤྱོད་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་སོང་ཞིང་ཕྱིས་སུ་སྙུག་ཐོགས་པ་ཕལ་ཆེར་ལ་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་པས། དེ་ནི་ས་པཎ་གྱི་《རོལ་མོའི་བསྟན་བཅོས་》ལས།  “སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ།། འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན།། རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི།། དོན་དེ་རྟོགས་ཀྱང་དེ་ལ་ངོ་མཚར་མེད།།”ཅེས་གསུངས་པ་ལས་མ་འདས།   དེས་ན་ང་ཚོས་ཀྱང་སྔོན་ཆད་ཀྱི་བརྗོད་བྱའི་ངོ་བོ་དང་རང་བཞིན་ལས་བརྒལ་བའི་འཁྱོག་བརྗོད་ཀྱི་བསྟོད་པ་རྩོམ་སྟངས་འདི་རྐྱང་རྐྱང་ལ་ཤི་འཐམ་རོ་འཐམ་བྱས་ནས་མི་འདུག་པར་ཡུལ་ལྗོངས་མཉམ་བསྲེས་དང་ཚོར་འདུ་བརྗེ་སྤོར་ལྟ་བུའི་སྒྱུ་རྩལ་གྱི་མཚོན་ཐབས་གསར་བ་སྤྱད་དེ། བརྗོད་བྱའི་སྣང་བརྙན་གྱི་བདེན་དངོས་རང་བཞིན་གཏིང་ཟབ་ཏུ་མཚོན་ཐུབ་པར་གཞོལ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

        མདོར་ན་ད་ལྟའི་རྩོམ་པ་བོ་རྣམས་ཀྱིས་བོད་མི་རིགས་ཀྱི་མཛེས་དཔྱོད་སེམས་ཁམས་དང་རིག་གནས་སེམས་ཁམས།  ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་དང་མཐུན་པར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལམ་ནས་སྲོལ་རྒྱུན་སྙན་ངག་གི་ལུས་སྣ་མང་དུ་སྤེལ་ཞིང་སྲོག་གི་རིན་ཐང་མཐོ་ཤོས་སུ་བསྙེགས་ཏེ་སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཚོགས་གསར་གཏོད་བྱེད་པ་དང་།  དཔྱད་བརྗོད་པ་དག་གིས་འདིའི་ཐད་ལ་ཞིབ་འཇུག་དང་བགྲོ་གླེང་བྱས་ནས་ཁ་ཕྱོགས་གསར་བར་བསྙེག་པའི་རིག་པའི་གཞུང་ལུགས་གསར་བསྐྲུན་བྱེད་རྒྱུད་བཅས་ནི་རང་རེའི་སྲོལ་རྒྱུན་སྙན་ངག་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གྱི་གནད་དམ་པའོ།།

གསུམ་པ།  མཇུག་གི་དོན།

      ད་ལྟ་སྙན་ངག་གསར་རྙིང་གཉིས་དང་ལྟ་བ་གསར་རྙིང་གཉིས་ཀྱི་འགལ་འཐབ་ཁྲོད་ན་གཟུ་བོར་གནས་པའི་བདེན་དོན་ལྒིང་མཁན་དཀོན་ཞིང་།  ལྷག་པར་དུ་རང་ཚུགས་མི་བརྟན་པའི་གཡམ་རྒྱུག་བྱེད་མཁན་མང་དྲགས་པས།  ང་ཚོའི་སྙན་ངག་གི་ཁོར་ཡུག་འདི་ཉིད་ཁ་རལ་སྣ་རལ་དུ་ཞིག་པའི་འཐབ་ར་ལྟ་བུར་གྱུར་འདུག    དུས་རབས་གསར་བ་ཞིག་གི་སྒོ་ལྒིགས་ཐོག་མར་ཕྱེས་པ་དང་བསྟུན་ཏེ་སྙུ་གུ་ཐོགས་མཁན་མང་བོ་ཞིག་རྩོམ་རིག་གི་གཡུལ་སར་ཧོལ་རྒྱུག་བྱེད་ཀྱིན་ཡོད་མོད་ཀྱང་།   ཆབ་སྲིད་དང་དམག་དོན་ལྟ་བུའི་སྒྱུ་རྩལ་དང་རིག་པའི་གཞུང་ལུགས་ཀྱི་ཕྱོགས་ལ་བློ་སྦྱོང་ཞན་པས་རང་དགར་ཀུ་ཅོ་སྒྲོག་པ་ཙམ་དུ་ཟད།   འདི་ལྟ་བུའི་ཁ་ཚ་དགོས་གཏུགས་ཀྱི་དུས་སྐབས་སུ་དམག་སྤྱི་ལྟ་བུའི་སྙན་ངག་གི་མཁན་པོ་ཚོའང་འཐབ་འཛིང་གིས་ཕམ་དུ་བཅུག་པའམ།   ཡང་ན་རྒྱུ་ནོར་གྱི་ཟིལ་ཤུགས་ཀྱིས་བསླུས་པའི་སྒྱུ་རྩལ་གྱི་ངོ་ལོག་པར་གྱུར་འདུག་པས།   འགྲུལ་བཞུད་ལ་ཕྱོགས་པའི་ལམ་འགྲོ་བ་ང་ཚོས་རྡོག་ཁྲེས་མང་བོ་ཞིག་ཁུར་ཏེ་རྐང་ཐང་དུ་རྒྱལ་ཁམས་འགྲིམ་རྒྱུ་ནི་ཇི་འདྲའི་དཀའ་ཨང་། འོན་ཀྱང་འགྲུལ་བཞུད་པ་ཞིག་གི་སྐྱེ་བ་བླངས་ཕྱིན་དཀའ་ཚེགས་དང་ངལ་དུབ།  འགག་འཕྲང་དང་བསླུ་བྲིད་ཡོད་ཚད་རྨེག་མེད་དུ་བཏང་སྟེ་གཞར་ཡང་མདུན་དུ་བསྐྱོད་རྒྱུ་ནི།  རང་ཉིད་ཀྱིས་བདམས་པའི་ཁ་ཕྱོགས་དངོས་དང་བཟློག་མེད་ཀྱི་འོས་འགན་ཡིན།  དེ་བས། འདིར་བདག་གིས་རང་ཉིད་འཁྱར་འཁྱོར་ངང་མདུན་སྐྱོད་བྱས་པའི་གོ་རིམ་ཁྲོད་ནས་ཁོར་ཡུག་གི་སྣང་ཚུལ་ཁ་ཤས་རྒྱབ་ཏུ་དོར་ཏེ་སྲོལ་རྒྱུན་སྙན་ངག་ལ་གསང་མྱུལ་ཡང་ཡང་བྱས་ཤིང་། དེ་ལས་རྙེད་པའི་བསམ་གཞིག་རིགས་ཤིག་གི་ཁ་དོག་འདི་ལྟར་རྩོམ་རིག་གི་གར་སྟེགས་སྟེང་འཛེམ་མེད་ངང་འགྲེམ་སྟོན་བྱས་པ་ཡིན་པས། སྐྱོན་གྱི་ཕུང་བོ་འབའ་ཞིག་ཏུ་མཐོང་ཚེ་ཤེས་ནས་སྨྲ་བ་དག་ལ་དགག་བཞག་སྤྲོ་བའི་རེ་བ་ཞུ་རྒྱུ་དང་།  ལེགས་པའི་ཆ་ཅུང་ཙམ་ཡོད་ནའང་རང་རེའི་རྩོམ་རིག་འདི་ཉིད་གཟི་བརྗིད་དང་ལྡན་པར་གོང་འཕེལ་དུ་འགྲོ་ཐུབ་པའི་རྒྱུར་བསྔོའོ།།

༢༠༠༣.༤.༡


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་། འབའ་སྣང་གྲོལ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23586858
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།