སྐྱེ་བ་སྔ་ཕྱི་ཡོད་པ་རིགས་པས་སྒྲུབ་ཚུལ་བཤད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »སྐྱེ་བ་སྔ་ཕྱི་ཡོད་པ་རིགས་པས་སྒྲུབ་ཚུལ་བཤད་པ།
སྐྱེ་བ་སྔ་ཕྱི་ཡོད་པ་རིགས་པས་སྒྲུབ་ཚུལ་བཤད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-10ལྟ་ཀློག (4795)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

སྐྱེ་བ་སྔ་ཕྱི་ཡོད་པ་རིགས་པས་སྒྲུབ་ཚུལ་བཤད་པ།

 རིག་པའི་ཁུ་བྱུག 


             སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་ལ་རིགས་འདྲ་སྔོན་སོང་གིས་བསྒྲུབ་པ་དང་། ཉེར་ལེན་སྔོན་སོང་གིས་བསྒྲུབ་པ། གོམས་པ་སྔོན་སོང་གིས་བསྒྲུབ་པ། མྱོང་བ་སྔོན་སོང་གིས་བསྒྲུབ་པ་སོགས་མང་ལ་ཞིབ་བཤད་ཅུང་ཟད་བྱས་ན་གཤམ་གསལ་ལྟར་རོ། །
 གཅིག རིགས་འདྲ་སྔོན་སོང་གིས་བསྒྲུབ་པ་ནི། མ་ལ་བྱིས་པ་སྐྱེས་མ་ཐག་པའི་དབུགས་འབྱུང་རྔུབ་སོགས་རང་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་ལྟོས་པ་ཡོད་པ་ཡིན་མོད། གལ་སྲིད་དེ་ལྟར་མེད་པར་དེ་དག་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། ཆོས་ཐམས་ཅད་མི་མཐུན་པའི་རྒྱུ་ལས་སྐྱེ་བར་སོང་བས། ཐམས་ཅད་ལས་ཐམས་ཅད་སྐྱེ་བ་སོགས་ཧ་ཅང་ཐལ་བ་དུ་མ་ཞིག་ཁས་ལེན་དགོས་པར་འགྱུར་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པས། “སྐྱེ་བ་ཡོངས་སུ་ལེན་པ་ན།།འབྱུང་རྔུབ་དབང་པོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན།།ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཧ་ཅང་ཐལ་ཕྱིར……”(《ཚད་མ་རྣམ་འགྲེལ》ལས་གསལ།)ཞེས་གསུངས་པ་ལྟར། དེའི་ཕྱིར་དེ་དག་རང་རང་གི་རིགས་འདྲའི་རྒྱུ་ལས་སྐྱེ་བར་འོས་མེད་ཀྱིས་གྲུབ་པས། རྒྱུ་མཚན་དེ་ཉིད་ཀྱིས་ཚེ་སྔ་མ་ཡོད་པར་དཔོག་ནུས་པ་སྟེ། ཚེ་འདིར་སྐྱེས་མ་ཐག་པའི་དབུགས་འབྱུང་རྔུབ་སོགས་ཀྱི་རིགས་འདྲ་སྔ་མ་ཞིག་ཡོད་ན་དེ་ཚེ་སྔ་མའི་གང་ཟག་གི་རྒྱུད་ལ་བཞག་དགོས་པའི་གནད་ཀྱིས་སོ། 
  མདོར་ན་མ་ལ་བུ་སྐྱེས་མ་ཐག་པའི་རིག་པ་ནི་རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ་རིག་པ་ཡིན་པའི་ཕྱིར་ཞེས་སྨྲའོ།། དཔེར་བཞག་ན་ད་ལྟའི་རིག་པ་བཞིན་ནོ།། སློབ་དཔོན་དཔའ་བོས།“སྔ་མའི་བློ་ལས་ཕྱི་མའི་བློ་གྲུབ་ན།།འཇིག་རྟེན་ཕ་རོལ་ཡོད་པར་དེ་ལས་མངོན།།མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི།།དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ།།”ཞེས་གསུངས་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས།“མངལ་གནས་སྔོན་རོལ་བློ་ལ་ནི། །མདུན་རོལ་ཁོ་ནར་འགགས་བློ་ཡོད། །ཡང་ན་བློ་ཕྱིར་དེ་འོག་བཞིན། །”ཞེས་པ་ལྟ་བུའོ། །
  གཉིས། ཉེར་ལེན་སྔོན་སོང་གིས་བསྒྲུབ་པ་ནི། དཔེར་ན་ནས་ཀྱི་མྱུ་གུའི་ཉེར་ལེན་ལ་ནས་ཀྱི་ས་བོན་ཞིག་ངེས་པར་དགོས་པ་ལྟར་རྣམ་ཤེས་ཀྱི་ཉེར་ལེན་ལ་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ངེས་པར་དགོས་པས་སྐྱེ་བ་འདིའི་ཐོག་མའི་རྣམ་ཤེས་ཀྱི་ཉེར་ལེན་ལའང་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ཡོད་དགོས། དེ་ཡོད་ན་སྐྱེ་བ་སྔ་མ་ཡོད་དགོས་པ་སྟེ་རྒྱུ་མཚན་གོང་བཞིན་ནོ། །དཔལ་ལྡན་ཆོས་ཀྱི་གྲགས་པས།“རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །”(《ཚད་མ་རྣམ་འགྲེལ》ལས་གསལ།)ཅེས་གསུངས་པ་ལྟར། དེས་ན་ཚེ་འདིའི་ཐོག་མའི་རྣམ་ཤེས་དེ་རྣམ་ཤེས་སྔ་མའི་ཉེར་ལེན་ལས་བྱུང་བ་ཡིན་པ་ནི་རྣམ་ཤེས་ཡིན་པའི་རྒྱུ་མཚན་གྱིས་རེད། དཔེ་བཞག་ན་རང་གི་རྣམ་ཤེས་བཞིན་ནོ། །སྒྲུབ་བྱེད་ཀྱི་གཏན་ཚིགས་འདིས་ཀྱང་སྐྱེ་བ་སྔ་མ་ཡོད་པར་སྒྲུབ་ནུས་ཏེ། སློབ་དཔོན་ཞི་བ་འཚོས།“དེ་ཕྱིར་ཐོག་མའི་རྣམ་ཤེས་ནི། །རང་གི་ཉེར་ལེན་སྟོབས་ལས་བྱུང་། །རྣམ་ཤེས་ཉིད་སོགས་གཏན་ཚིགས་ཀྱིས། །ད་ལྟ་བ་ཡི་རྣམ་ཤེས་བཞིན། །”ཞེས་གསུངས་པ་ལྟར་རོ། །
  གསུམ། གོམས་པ་སྔོན་སོང་གིས་བསྒྲུབ་པ་ནི། ད་ལྟ་ང་ཚོའི་རང་རྒྱུད་ལ་ཡོད་པའི་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་སོགས་གོམས་པའི་རྗེས་སུ་བྱེད་པར་མྱོང་བས་གྲུབ་པ་སྟེ། ཇི་སྐད་དུ། “གོམས་ལས་འདོད་ཆགས་སོགས་གསལ་བར། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །”ཞེས་གསུངས་པ་ལྟར་རོ། །ང་ཚོའི་བློ་ཐམས་ཅད་སྔ་མ་ཞིག་ལ་གོམས་པའི་རྗེས་སུ་བྱེད་པར་གསུངས་ཏེ། དེ་ལྟར་ཡིན་ན་མ་ལས་སྐྱེས་མ་ཐག་པའི་བྱིས་པའི་རིག་པ་ལ་མཚོན་ན། རིག་པ་དེའི་རང་རྒྱུ་སྔ་མ་སྔོན་དུ་སོང་བ་ཡིན་པ་ནི་རིག་པ་ཡིན་པའི་སྒྲུབ་བྱེད་འཕེན་པ་ཡིན་ཞིང་། དཔེར་ན་ང་ཚོའི་རང་རྒྱུད་ལ་ཡོད་པའི་ཆགས་སྡང་འདི་བཞིན་རེད། སྒྲུབ་བྱེད་ཀྱི་རིགས་པ་འདི་ལ་བལྟས་ན། སྐྱེ་བ་སྔ་མ་ཡོད་པར་དཔོག་ཐུབ་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་གི་དགོངས་པ་རྨ་མེད་པའོ། །
  གཏན་ཚིགས་དེས་མཚོན་པའི་མ་ལས་བུ་བཙས་མ་ཐག་པའི་བྱིས་པས་མའི་ནུ་འོ་འཐུང་ཤེས་པ་སོགས་སྐྱེ་བ་སྔ་མའི་གོམས་ཤུགས་སུ་ཤེས་པར་བྱ་བར་གསུངས་པ་སྟེ། སློབ་དཔོན་དཔའ་བོས། “བློ་ཡིས་མཐུ་སྟོབས་གསལ་བ་མེད་པ་དང་། །དབང་པོ་རྣམས་ཀྱང་བླུན་པོའི་རང་བཞིན་ཅན། །བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །ཁ་ཟས་ཟ་བར་རྩོལ་བ་བྱེད་པ་དང་། །ནུ་ཞོ་འཐུང་བར་རྩོལ་བ་བྱེད་པ་ཡང་། །དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས། །”ཞེས་གསུངས་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས།“བེའུ་ཡང་སྔོན་ཆད་གོམས་བྱས་པས། བྱུང་མ་ཐག་ཏུ་ཟས་འཚོལ་བྱེད། །ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨིན་པ་བཞིན། །”ཞེས་གསུངས་པ་ཁོ་ན་ཉིད་དུ་གནས་ཏེ། ད་ལྟའི་སེམས་ཀྱི་ཉེར་ལེན་ནི་སྐྱེ་བ་སྔ་མའི་སེམས་ཀྱིས་བྱས་པ་དང་། ལུས་ཀྱི་ཉེར་ལེན་ནི་ཕ་མའི་ཁུ་ཁྲག་གིས་བྱས་པ་ཡིན། དེ་གཉིས་ཀྱི་འབྲེལ་བ་ལས་ཚེ་འདིའི་ལུས་དང་སེམས་གཉིས་ཀ་གྲུབ། རྒྱུ་མཚན་དེའི་དབང་གིས་བུ་ཕྲུག་སྐྱེས་མ་ཐག་པ་དང་། བེའུ་ལ་སོགས་པ་རྣམས་དེ་སྔའི་སྐྱེ་བ་གཞན་དུ་ཟས་ཟ་བ་ལ་གོམས་པའི་སྟོབས་ཀྱིས་མ་ལས་སྐྱེས་མ་ཐག་ཏུ་ཟས་ཟ་ཤེས་པ་དང་། མའི་ནུ་འོ་འཐུང་བ་སོགས་བསླབ་མི་དགོས་པར་ཚེ་འདིའི་སེམས་སྟེང་དུ་སྐྱེ་བ་སྔ་མའི་བག་ཆགས་ཤིག་ཡོད་པའི་ཕྱིར་རོ། །
  དགེ་བའི་བཤེས་གཉེན་དོར་ཞི་རིན་པོ་ཆེས་ཀྱང་། “གལ་ཏེ་རྣམ་ཤེས་སྔར་མེད་པ་ཞིག་གསར་དུ་སྐྱེ་བ་ཡིན་ན། སྐྱེས་མ་ཐག་ནས་བསླབ་མ་དགོས་པར་ནུ་མ་འཐུང་ཤེས་པ་དང་། ལང་ཚོ་རྒྱས་དུས་མ་བསླབས་ཀྱང་ཕོ་མོ་ཕན་ཚུན་ཆགས་པ་སྤྱོད་ཤེས་པ་སོགས་སྔོན་གོམས་བག་ཆགས་ཀྱི་མཚན་མ་དེ་རིགས་ཡོད་དོན་མེད་དེ། དཔེར་ན་གསར་དུ་བཟོས་པའི་འཕྲུལ་འཁོར་གྱི་མི་ལ་སྔོན་གོམས་བག་ཆགས་ལས་བྱུང་བའི་རང་བྱུང་གི་བྱ་སྤྱོད་མི་སྲིད་པ་བཞིན་ནོ། །”(《མུན་འཇོམས་ནོར་བུའི་ཕྲེང་བ》ལས་གསལ།)ཞེས་གསུངས་པའི་རིགས་པ་ནི་སུས་ཀྱང་རྒོལ་བར་བྲལ་བའི་གནམ་ལྕགས་ཐོག་མདའ་ལྟ་བུའོ། །
  སྤྱི་ལོ1998ལོའི་ཟླ12པའི་ཚེས8ཉིན་ངས་གློག་བརྙན་ཞིག་ལ་བལྟས་པ་ཡིན། གློག་བརྙན་དེའི་ནང་དོན་ནི་མིའི་རིགས་ཐོག་མར་ཕ་མ་གཉིས་ཀྱི་ཁུ་ཁྲག་ལ་བརྟེན་ནས་མའི་མངལ་དུ་ཇི་ལྟར་ཆགས་པ་ནས་རིམ་པར་འཕེལ་འགྱུར་དང་མཐར་ཕྲུ་གུ་སྐྱེ་བའི་ཚན་རིག་གི་ལྟ་བ་ཁྱབ་བསྒྲག་བྱེད་པའི་གློག་བརྙན་ཞིག་རེད། གློག་བརྙན་ནང་གི་གསལ་བཤད་པ་སྨན་པ་ཚན་རིག་པས། མིའི་རིགས་ཐོག་མར་ཕ་མའི་ཁུ་ཁྲག་ལ་བརྟེན་ནས་ཕྲུ་གུའི་ལུས་དང་རྩ་ཁམས་ཆགས་ཚུལ་སོགས་རིམ་པར་གསལ་བཤད་གོ་ཐག་ཆོད་ཅིག་མཛད་ཀྱང་ཕྲུ་གུའི་རྒྱུད་ཀྱི་ཤེས་པའི་འབྱུང་ཁུངས་ཀྱི་སྐོར་ལྟ་བ་ཐེ་ཚོམ་དུ་གྱུར་པའི་རགས་བཤད་ཚམ་ལས་མ་གསུངས། ཕྱོགས་གཅིག་ནས་བཤད་ན་དེའི་སྐོར་ལ་ཚན་རིག་གིས་གསལ་བཤད་མི་ཐུབ་པའང་འདྲ། གང་ལྟར་དེའི་སྐོར་གསལ་བཤད་མ་གནང་། སྨན་པ་ཚན་རིག་པས་ཀྱང་གསུང་རྒྱུར། ཕྲུ་གུ་སྐྱེ་མ་ཐག་ཏུ་སུས་ཀྱང་སློབ་མི་དགོས་པར་རང་ཤུགས་ཀྱིས་མའི་ནུ་འོ་འཚོལ་བ་དང་རྐང་པས་གོམ་པ་སྤོ་བའི་རྣམ་འགྱུར་རང་བཞིན་དུ་སྟོན་པ་ནི་མིག་སྔར་ཚན་རིག་གིས་གསལ་བཤད་མཛད་ཐབས་མེད་པའི་གནས་ཤིག་ཡིན་ནའང་། གསོ་རིག་སྨྲ་བ་དང་ཚན་རིག་པ་ལ་ལས་ཀྱང་། མི་སྐྱེ་དུས་ཀྱི་རང་བཞིན་དང་རྣམ་འགྱུར་ལ་བལྟས་ན། སྐྱེ་བ་དང་འཕྲལ་སློབ་མི་དགོས་པར་རྒྱུད་ལ་རང་བཞིན་དུ་གནས་པའི་ཚུལ་ནི་གདོད་མའི་བག་ཆགས་ཤིག་རྒྱུད་ལ་ལྷན་ཅིག་ཏུ་གནས་པའི་ལྟ་བ་ཡང་གསུངས་སོ། །དེ་ལྟར་ན་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལས་བསྟན་པའི་སྐྱེ་བ་སྔ་མའི་བག་ཆགས་ཞེས་པ་དང་བཞེད་དགོངས་གཅིག་ཏུ་འགྱུར་བར་སྙམ་མོ། །
  མདོར་ན་དེང་སང་ང་ཚོའི་རྒྱུད་ཀྱི་ཆགས་སྡང་སོགས་ལ་དཔེ་མཚོན་ནས་བཤད་ན། ང་ཚོའི་རྒྱུད་ལ་དད་པ་སོགས་དགེ་བའི་བསམ་པ་ནི་འབད་ཀྱང་མི་སྐྱེ་ཞིང་། སྐབས་རེར་བརྒྱ་ལ་ལན་རེ་དགེ་སེམས་ཅུང་ཙམ་སྐྱེས་ནའང་ཤུགས་ཞན་ཞིང་ཡུན་རིང་པོར་མི་བརྟན་པ་ལྟ་བུ་རེད། འོན་ཀྱང་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་སོགས་ཀྱི་མི་དགེ་བའི་བསམ་པ་ནི་རྒྱུན་པར་གཟབ་གཟབ་བྱས་ནས་བཀག་ཀྱང་མ་ཁེགས་པར་རང་བཞིན་གྱིས་སྐྱེས་ཤིང་། དེ་འདྲའི་ཆགས་སྡང་གི་བསམ་པ་ནི་ཡུན་རིང་ལ་གནས་ཤིང་ཤུགས་དྲག་པོ་སྐྱེ་བ་མྱོང་བས་གྲུབ་པ་ལ་བལྟས་ན། ང་ཚོའི་ཤེས་རྒྱུན་འདི་ནི་སྐྱེ་བ་སྔ་མ་རྣམས་སུ་ཆགས་སྡང་སོགས་ཉོན་མོངས་ལ་གོམས་པ་ལྷག་པར་ཆེ་བ་དང་། དད་པ་སོགས་རྣམ་དཀར་དགེ་བའི་ཕྱོགས་ལ་གོམས་འདྲིས་མེད་པར་ཆེས་གསལ་བར་མཚོན་པ་ཡིན་ནོ། །
  བཞི། མྱོང་བ་སྔོན་སོང་གིས་བསྒྲུབ་པ་ནི། སྐྱེས་བུ་དམ་པ་ལ་ལས་བསམ་གཏན་བསྒོམ་སྟོབས་ཀྱིས་ཚེ་རབས་སྔ་མ་སོགས་དྲན་པ་མང་པོ་ཡོད་ཕྱིར་དེས་ཀྱང་སྐྱེ་བ་སྔ་མ་ཡོད་པར་མཚོན་ཐུབ་པ་རེད། སློབ་དཔོན་དཔའ་བོས།“བསམ་གཏན་གོམས་བྱས་དྲན་དྲན་པ་གསལ་བ་ཡིས། །ཚེ་རབས་སྔ་མ་དྲན་པའང་དེ་ན་ཡོད། །འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོག །ང་བདག་ལས་ཀྱང་མངོན་པར་མི་འགྱུར་རམ། །”ཞེས་གསུངས་པ་ལྟར་དང་། དེ་བཞིན་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་།“ཚེ་རབས་དྲན་པ་སོགས་ཡོད་དང་། །”ཞེས་སོགས་རྒྱ་བོད་ཀྱི་མཁས་པ་གང་མང་གིས་གསུངས་པས་དེ་དག་གི་གསུང་ལས་ཤེས་པར་བྱ་དགོས་སོ།
  གོང་གི་རིགས་པ་བཞི་བོས་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པ་ལ་བལྟས་ན། སྐྱེ་བ་སྔ་མ་ཡོད་པར་གྲུབ་ཅིང་དེ་གྲུབ་ན་སྐྱེ་བ་ཕྱི་མ་ཡོད་པ་ཡང་དོན་ནམ་ཤུགས་ཀྱིས་གྲུབ་པའོ། །
  གསོ་བ་རིག་པའི་དགོངས་པ་ལྟར་ན་ལུས་སེམས་གཉིས་ཀྱི་འབྱུང་བའི་རྒྱུ་ནི་སོ་སོ་བ་ཡིན་ཏེ། 《བཤད་རྒྱུད》ལས།“དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། དཔེར་ན་གཙུབས་ཤིང་དག་ལས་མེ་འབྱུང་མཚུངས། །”ཞེས་གསུངས་ཏེ་མིའི་ལུས་ནི་ཕ་མའི་ཁུ་ཁྲག་ལ་བརྟེན་ནས་བྱུང་བ་དང་། མིའི་རྒྱུད་ཀྱི་ཤེས་པའམ་སེམས་ནི་སྐྱེ་བ་སྔ་མའི་ལས་ཀྱིས་བསྐུལ་བའི་རྣམ་ཤེས་དེ་བར་དོའི་རྣམ་ཤེས་བརྒྱུད་ནས་བྱུང་བ་དང་། ཡང 《བཤད་རྒྱུད》ལས།“ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད། །མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། །རང་གི་སེམས་ལས་དབང་པོ་རྣམ་ཤེས་འབྱུང་། །ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར། །”ཞེས་གསུངས་ཏེ། མིའི་ལུས་སེམས་གཉིས་ལས་ལུས་ནི་ཐོག་མར་ཕ་ཡི་ཁུ་བས་མངལ་དུ་གནས་པའི་སེམས་ཅན་དེའི་ལུས་ཀྱི་རུས་པ་དང་། ཀླད་པ། གཞུང་པ་རྣམས་སྐྱེད་པར་བྱེད་ལ། མའི་ཟླ་མཚན་གྱིས་མངལ་གནས་དེའི་ཤ་དང་། ཁྲག་དང་། དོན་ལྔ་སྣོད་དྲུག་རྣམས་སྐྱེད་པར་བྱེད་ཅིང་། སེམས་ནི་སྐྱེ་བ་སྔ་མའི་ཤེས་རྒྱུན་ལས་བྱུང་བའི་བར་དོའི་རྣམ་པར་ཤེས་པའི་རྒྱུད་ལས་རང་གི་སེམས་ལས་མིག་ལ་སོགས་པའི་དབང་པོ་དང་། རྣམ་པར་ཤེས་པ་ལྔ་པོ་འབྱུང་ཞིང་སྐྱེ་བའི་དགོངས་པ་ལྟར་རོ། །སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ལྟར་ན། མདོ་ལུགས་ཀྱི་སྐྱེ་བ་འདིའི་རྣམ་ཤེས་ཀྱི་རྒྱུན་དང་། གསང་སྔགས་ལུགས་ཀྱི་སྐྱེ་བ་འདིའི་རླུང་སེམས་ཀྱི་རྒྱུན་ནི། སྐྱེ་བ་སྔ་མའི་རྣམ་ཤེས་སམ་རླུང་སེམས་ཀྱི་རྒྱུན་ཡིན་པར་བཞེད་ཅིང་། སྐྱེ་བ་ཕྱི་མའི་རྣམ་ཤེས་སམ་རླུང་སེམས་ཀྱི་རྒྱུན་ནི་སྐྱེ་བ་འདིའི་རྣམ་ཤེས་སམ་རླུང་སེམས་ཀྱི་རྒྱུན་ཞིག་ཡིན་པར་འདོད་དོ། །དེ་ལྟར་སྐྱེ་དངོས་རིག་པའི་དགོངས་པ་ལྟར་ནའང་། དངོས་པོ་ཐམས་ཅད་རང་གི་རྒྱུ་མཐུན་ལས་བྱུང་བ་ལས་རྒྱུ་མི་མཐུན་ལས་འབྱུང་མི་སྲིད་པར་བཞེད་ཅིང་། དེའང་རྒྱུ་ལ་རིང་རྒྱུ་དང་ཉེ་རྒྱུ་དང་། ཡང་ན་རང་རྒྱུ་དང་བརྒྱུད་རྒྱུ་སོགས་ཅི་རིགས་ཡོད་པར་བཞེད་དོ། །ཚན་རིག་གི་ལྟ་བ་དེའི་ཐོག་ནས་བལྟས་ན། མིའི་ལུས་སེམས་གཉིས་ནི་སོ་སོ་རང་རང་གི་རྒྱུ་མཐུན་ལས་བྱུང་བ་ཡིན་པར་མངོན་ཞིང་། དེ་འདྲའི་རྒྱུ་མཐུན་ལས་བྱུང་བའི་སྐྱེ་བ་སྔ་ཕྱི་གྲུབ་ན་དེ་ལ་རྒྱུན་ཞིག་ཡོད་དགོས་ཏེ། རྒྱུན་དེ་གང་འདྲ་ཞིག་ཡིན་སྙམ་ན། དགེ་བའི་བཤེས་གཉེན་དོར་ཞི་རིན་པོ་ཆེས།“རྒྱུན་ནི་དཔེར་ན་ཆུ་བོའི་རྒྱུན་དང་གློག་གི་རྒྱུན་ལྟ་བུ་སྔ་ཕྱི་མུ་མཐུད་དུ་རྒྱུ་བའི་དོན་ཡིན།”ཞེས་གསུངས་ཤིང་། “མི་རྣམས་ཀྱི་སྐྱེ་བ་འདི་ནི། དཔེར་ན་ཆུ་སྐེད་ཀྱི་དུམ་བུ་ཞིག་དང་། གློག་སྐུད་ཀྱི་སྐེད་ཀྱི་དུམ་བུ་ཞིག་དང་འདྲ།  ཆུ་བོ་དང་གློག་གི་རྒྱུན་སྔ་མ་མེད་ན་སྐེད་ཀྱི་རྒྱུན་དེ་ཡང་མེད། སྐེད་ཀྱི་རྒྱུན་དེ་ཡོད་ན་དེའི་རྗེས་ཀྱི་རྒྱུན་ཡང་མེད་མི་སྲིད་པ་བཞིན་དུ། སྐྱེ་བ་སྔ་མའི་རྣམ་ཤེས་ཀྱི་རྒྱུན་མེད་ན་སྐྱེ་བ་འདིའི་རྣམ་ཤེས་ཀྱི་རྒྱུན་ཡང་ཡོད་མི་སྲིད། སྐྱེ་བ་འདིའི་རྣམ་ཤེས་ཀྱི་རྒྱུན་ཡོད་ན། སྐྱེ་བ་ཕྱི་མའི་རྣམ་ཤེས་ཀྱི་རྒྱུན་ཡང་མེད་མི་སྲིད་དོ། །”(《མུན་འཇོམས་ནོར་བུའི་ཕྲེང་བ》ལས་གསལ།)ཞེས་གསུངས་པ་ལྟར་རོ། །
 མདོར་ན་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པ་སྔས་རྒྱས་ཆོས་ལུགས་ཀྱི་གཞུང་དག་ཏུ་མང་པོར་གསུངས་ཤིང་། ཁྱད་པར་དུ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི《ཚད་མ་རྣམ་འགྲེལ》ཞེས་པ་ལས་ཚད་མ་གྲུབ་པའི་ལེའུར་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་འགོད་པ་དང་། སྐྱེ་བ་སྔ་ཕྱི་མེད་པར་འཛིན་པའི་སྒྲུབ་བྱེད་དགག་པ་མདོར་བསྟན་དང་རྒྱས་པར་བཤད་འདུག་པས་དེའི་དགོངས་འགྲེལ་རྒྱ་བོད་ཀྱི་མཁས་པ་དག་གི་གསུང་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་མཛད་པའི《དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ》ཞེས་པར་གཟིགས་པར་འཚལ་ལོ།།



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། ཨ་བུ་འབྲོང་།   


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a70d བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548424
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།