བོད་ཀྱི་གཏམ་དཔེ་བདམས་བཀོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» གནའ་རྩོམ། »བོད་ཀྱི་གཏམ་དཔེ་བདམས་བཀོད།
བོད་ཀྱི་གཏམ་དཔེ་བདམས་བཀོད།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-08ལྟ་ཀློག (5028)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་གཏམ་དཔེ་བདམས་བཀོད།

བོད་མི་རེའི་ཁ་ན་གླུ་རེ།། གླུ་མི་ཤེས་ཟེར་བ་བོད་མིན།།
མི་ལ་མི་ཁ་མེད་ན་ཤི་བོ་ཡིན།། ཤིང་ལ་དུ་བ་མེད་ན་རུལ་བ་ཡིན།།
འགྲོ་ཤེས་ན་རྨ་བྱ་མི་ཡིས་མི་ཟིན།། བཤད་ཤེས་ན་ཨ་མཚར་ཁ་ཡིས་མི་ཐུབ།།
བྱ་བ་གཅིག་ལ་བྱེད་ཐབས་བརྒྱ།། འགྲོ་ས་གཅིག་ལ་འགྲོ་ལམ་སྟོང་།།
སྐྱིད་ཆེ་བའི་ཉི་མར་དགོད་རྒྱུ་མི་ཡོང་། སྡུག་ཆེ་བའི་ཉི་མར་ངུ་རྒྱུ་མི་ཡོང་།།
སྐད་ཆ་ཉུང་རུང་མགོ་རྔ་ཚང་།། ལུང་བ་ཆུང་རུང་རྩྭ་ཆུ་འཛོམས།།
གཅིག་དང་གཉིས་ཀྱི་མང་ཉུང་ཡོད།། གང་དང་དོ་ཡི་ཡང་ལྗིད་ཡོད།།
མི་ཡིས་རྒྱུ་མཐོང་ན་གནོད་པ་མི་མཐོང་།། ཉ་ཡིས་གཟན་མཐོང་ན་རྙི་རྒྱ་མི་མཐོང་།།
བརྩོན་འགྲུས་ཅན་ལ་ཤེས་བྱས་ཕྱུག། ལེ་ལོ་ཅན་ལ་གཉིད་ཀྱིས་ཕྱུག།
འཇིག་རྟེན་བུ་ལོར་ཕ་ཞིག་དགོས།། ཕ་མེད་ན་རང་ལ་ཤེས་ཞིག་དགོས།།
སྐ་རགས་ལྷམ་སྒྲོག་དོམ་ནི་བྱོས།། རང་གི་གྲོགས་ལ་དོ་ནི་བྱོས།།
སྔོན་ནས་དྲན་ན་བློ་ཡིན།། རྗེས་ནས་དྲན་ན་འགྱོད་ཡིན།།
ཁ་ཁུ་བྱུག་བཞིན་དུ་སྙན།། ཁོག་གཞུ་མོ་བཞིན་དུ་འཁྱོག།
འདོད་པ་ཅན་ལ་རྒྱུ་མ་བསྟེན།། ངན་སེམས་ཅན་ལ་བློ་མ་གཏོད།།
རིང་ཐུང་ཚད་ན་ཤེས།། བདེན་རྫུན་བཤད་ན་ཤེས།།
ལས་རྒྱུའི་བྱ་བ་སྒུག་མི་ཉན།། ཆོད་པའི་བསམ་བློ་འགྱུར་མི་ཉན།།
ཕྱི་ནས་འགྲོ་རོགས་བཟང་ན་ལུས་བདེ།། ནང་ནས་འདུག་རོགས་བཟང་ན་སེམས་བདེ།།
མི་གང་ཡིན་གྱི་ཁར་མ་རྒྱུག། རྟ་གང་ཡིན་གྱི་འཕོངས་མ་ཞོན།།
གཅིག་བཤད་སེམས་ལ་བླངས་ན།། བརྒྱ་བཤད་མདུད་པ་གྲོལ་ཐུབ།།
གོས་གོང་བ་མེད་ན་བཟོ་འཕྲོ་རེད།། གྲི་ཡུ་བ་མེད་ན་རྡུང་འཕྲོ་རེད།། ཚིག་རྔ་མ་མེད་ན་བཤད་འཕྲོ་རེད།།
ན་ས་བོར་རེག་གི་འདུག་དགོས།། དགའ་ས་བོ་བཤད་ཀི་འདུག་དགོས།།

སྙིང་ལ་རུས་པ་ཡོད་ན།། ལྕགས་ལ་འབྲས་བུ་སྨིན།།
དཀར་ནག་གི་དབྱེ་བ་འབྱེད་དགོས།། ཐག་ནག་གི་མདུད་པ་འགྲོལ་དགོས།།
དོན་ཆེན་གཞུག་ལ་མ་བསྐྱུར།། ཚིག་ཆེན་སྔོན་ལ་མ་བཤད།།
དགུན་རྒྱ་སྟག་འདྲ་བོ་མཆོང་ནས་ཡོང་།། དབྱར་ཕ་མ་འདྲ་བོ་འཇབ་ནས་ཡོང་།།
ཉི་མ་ཤར་ན་ས་གཞི་གསལ།། དཔེ་ཆ་བཏོན་ན་ཤེས་རྒྱ་ཆེ།།
དབང་ཤེས་ཀྱིས་མི་ཡི་ཁ་འགུག། གནས་ལུགས་ཀྱིས་མི་ཡི་སེམས་འགུག།
ཁྱོད་དང་འུ་གཉིས་འགྲན་རྒྱུ་མེད།། ཁྱི་དང་སེང་གེ་གཤིབ་རྒྱུ་མེད།།
སྣ་གཅིག་མཁས་དགོས་པར་མ་ཟད་སྣ་མང་རྟོགས་དགོས།། རི་མགོ་མཐོ་དགོས་པར་མ་ཟད་རི་རྒྱུད་ཆེ་དགོས།།
ངང་ཕྲུག་ལ་རྐྱལ་རྩལ་རྫོགས།། རྒོད་ཕྲུག་ལ་གཤོག་རྩལ་རྒྱས།།
ཁ་བགད་རུང་ཁོག་ན་སྡུག་ཡོད།། མིག་ཁྲ་རིལ་མཐའ་ན་ཆུ་ཡོད།།
སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས།། ཆེ་བའི་མི་ལ་མཐོ་བའི་རྟགས་དགོས།།
རང་ལ་རེ་ན་ཚེ་གཅིག། མི་ལ་རེ་ན་ཉིན་གཅིག།
རྒྱ་ཤོག་དཀར་པོའི་ངོས་འཇམ་ངོས་ལ།། ཡི་གེ་ནག་ཆུང་གྲལ་ལ་བཞུགས།།
སྔ་ཚིག་མི་རྟག་རི་བོང་ཡ་ཁ།། ཕྱི་ཚིག་མི་རྟག་དྲེད་མོང་ཕྱི་རྟིང་།།
སྐད་ཆ་བཤད་སྲོལ་རྣམ་པ་སྣ་ཚོགས་ཡོད།། གོ་བ་ལེན་སྲོལ་རྣམ་པ་སྣ་ཚོགས་འཆར།།
དཀར་ནག་ཐེངས་རེར་བརྒྱུད་ན་ཉིན་རེ།། སྔོ་སེར་ཐེངས་རེར་བརྒྱུད་ན་ལོ་རེ།།
བཟང་སློབ་ན་ལོ་གསུམ།། ངན་སློབ་ན་ཉིན་གསུམ།།
གྲོགས་པོས་གྲོགས་པོ་བསླུ་བ་དེ།། དགོད་བཞིན་དགོད་བཞིན་བསླུ་བ་ཡིན།།
ཁྲམ་པས་ཁྲམ་པ་བསླུ་བ་དེ།། ངུ་བཞིན་ངུ་བཞིན་བསླུ་བ་ཡིན།།
མི་རེག་སྟག་གི་ཁར་རེག། མི་འབྱར་འབྲོང་གི་རྭར་འབྱར།།
ཀུན་མཁྱེན་བླ་མ་བརྒྱ་ཡོད་ཀྱང་།། རང་ལ་དད་ས་གཅིག་གིས་ཆོག།
ལོ་ཉི་ཟླའི་ཉི་མ་སྟོང་ཟད།། ཝ་དམར་པོའི་གྲལ་ཁ་རླུང་ཟད།།
ཆུང་དུས་ཁ་ནས་ཟས་བཅད།། ཆེ་དུས་རྒྱབ་ནས་གོས་འཕྲོག།
ཁ་རླངས་པ་ཅན་གྱིས་བོས་མ་མྱོང་།། ལག་དྲི་མ་ཅན་གྱིས་རེག་མ་མྱོང་།།
མི་གོ་བ་ཅན་ལ་བཤད་བདེ།། ཤིང་ཡལ་ག་ཅན་ལ་འགོ་བདེ།།
ཆུ་གཙང་བོ་འཐུང་ནས་ཕོ་བ་མ་རྒྱག་རུང་སྐོམ་སེལ།། ཆོས་དམ་པ་ཉན་ནས་ནང་དོན་མ་གོ་རུང་ཕྱི་མར་ཕན།།
གོང་མའི་ཡན་ན་གོང་མ།། བླ་མའི་ཡན་ན་བླ་མ།།
ཆུ་གཏིང་ན་བཞུར་དལ།། མི་མཁས་ན་ཚིག་དལ།།
རལ་གྲི་བརྡར་ན་ཇེ་རྣོ།། ཀླད་པ་བཀོལ་ན་ཇེ་གསལ།།
ཆུ་ལ་རི་མོ་བྲིས་ན་གཟུགས་མེད།། འཇའ་ལ་ཞགས་པས་འཕངས་ན་ཐོབ་མེད།།
ཁ་གཅིག་རུང་ཁོག་པ་མི་གཅིག། སྔས་གཅིག་རུང་རྨི་ལམ་མི་གཅིག།
བརྩོན་འགྲུས་མེད་པའི་རིག་པ་དེ།། ཡུ་བ་མེད་པའི་སྤུ་གྲི་འདྲ།།
ཆུ་ཕག་ལོ་ལ་རྟ་ཞིག་ཉོས།། རྟ་གསེར་སྒ་མ་བསྟད་ལོ་གསུམ་འགོར།།
སྟག་ལ་འགྲོགས་ན་ནགས་ལ་མཆོང་ནི་ཞིག། རྒོད་པོར་འགྲོགས་ན་དགུང་ལ་འཕུར་ནི་ཞིག།
སེམས་མཐུན་རུང་རྒྱུ་མ་བསྲེ།། ཚིག་མཐུན་རུང་ལུས་མ་བསྲེ།།
ཉེ་རིང་མེད་པའི་གཏམ་ཤོད།། ཡོ་ཟུར་མེད་པའི་ཐིག་རྒྱོབས།།
འཇིག་རྟེན་གཏམ་ལ་ཚར་རྒྱུ་མེད།། ཚར་གི་ཉིན་མོར་འཇིག་ནི་ཡིན།།
དོན་ཆུང་བསྒྲུབ་ན་སེམས་ཞིབ་དགོས།། དོན་ཆེན་བསྒྲུབ་ན་སེམས་ཆུང་དགོས།།
རང་སེམས་ཇ་དང་འོ་མ།། ཁ་ཁོག་ཟྭ་དང་ལྡེ་མིག།
ཁོག་ལ་བཟུང་ན་སྐྲངས་པ་རེད།། ཁ་ལ་ཕུད་ན་རླངས་པ་རེད།།
ལས་ལ་མི་བརྩོན་ཆང་ལ་ཆགས།། སང་གི་བྱ་བ་གནངས་ལ་བཅོལ།།
ས་གཞི་རྒྱ་ཆེ་བ་འབྲུ་དྲུག་གི་གཏེར།། ཤེས་བྱ་རྒྱ་ཆེ་བ་ཡོན་ཏན་གྱི་མཛོད།།
འདོད་ཆགས་བྱའི་གཤོག་པ།། གཏུ་མིག་ཕག་གི་མགོ་བོ།། ཞེ་སྡང་སྦྲུལ་གྱི་རྔ་མ།།
མི་བརྒྱའི་མགོ་ལ་ལྕགས་གཡུག་ནི་ཞིག་དང་། རྟ་བརྒྱའི་མགོ་ལ་སྲབ་སྐོན་ནི་ཞིག་ཡིན་དགོས།
འགྲངས་ན་ལྟོགས་དུས་ཀྱི་སྡུག་མ་བརྗེད།། དྲོས་ན་གྲང་དུས་ཀྱི་སྡུག་མ་བརྗེད།།
སྙན་ངག་མཁན་ལ་ཅི་ཡང་རྒྱན།། མཁས་པས་བཤད་ན་ཅི་ཡང་བདེན།།
མིག་ནད་འབྱུང་རྩ་ལག་ཡིན།། ཕོ་ནད་འབྱུང་རྩ་ཁ་ཡིན།།
ཧ་མ་གོ་ཧ་གོ་རིལ་རིལ་འདི།། དོན་ཉག་ལ་བཀག་ན་རང་ལ་འཁོར།།
བཙན་པོ་བཙན་རུང་ས་སྟེང་།། རི་རབ་མཐོ་རུང་གནམ་འོག།
ཚུར་བཤད་གཏམ་གྱི་དོན་གོ་བ།། ཕར་བཤད་གཏམ་གྱི་སྒྲ་དག་པ།།
ཁྱི་དབྱར་ལ་སྐྲག། བྱི་དགུན་ལ་སྐྲག།

རྟ་ར་རའི་སྤུ་མདོག་ལོག་རུང་།། གསེར་སེར་བོའི་ཁ་མདོག་མི་ལོག།
རྒྱུ་མང་ན་ལུས་མི་ཁོམ།། ཧམ་ཆེ་ན་སེམས་མི་སྐྱིད།།
ཁྱིམ་གཅིག་ན་བུ་སྤུན་མང་བ་དེ།། དགྲ་ནག་པོ་འདུལ་བའི་ཐོ་བ་ཡིན།།
ཁྱིམ་གཅིག་ན་དབང་ཆེན་མང་བ་དེ།། ཁྱིམ་བཟའ་ཚང་འཐོར་བའི་སྔ་ལྟས་ཡིན།།
ཟས་རིག་དུས་རོགས་བརྗེད།། རོགས་རིག་དུས་ཁྲེལ་བརྗེད།།
མི་ཡིས་རྒྱུ་མཐོང་ན་གནོད་པ་མི་མཐོང་།། ཉ་ཡིས་གཟན་མཐོང་ན་རྙི་རྒྱ་མི་མཐོང་།།
ཁྱི་ངན་བཀག་ན་མི་ཁོག། མི་ངན་བཟུང་ན་མི་ཐུབ།།
ཡོད་ན་མེད་ན་མི་ཚེ་ད་ཐེངས།། ཤི་ན་གསོན་ན་སྙིང་གྲོགས་དམ་པ།།
ལྟོ་ཁྱི་མོར་བླུད་ན་སྒོ་སྲུང་རེད།། སྐྱབས་བླ་མར་བཅོལ་ན་ཕྱི་མ་རེད།།
གོ་བ་མེད་པའི་གླིང་རྒན་ལ།། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན།།
རྙིང་བ་མེད་ན་གསར་བ་མེད།། ཕ་མ་མེད་ན་བུ་རྒྱུད་མེད།།
གོས་སྒམ་ན་ཡོད་ན་ལུས་དྲོ།། ཟས་སྣོད་ན་ཡོད་ན་སེམས་སྐྱིད།།
ཁ་རའི་ནང་ནས་རྟ་བརྐུས།། ཁ་ཚིག་བར་ནས་བློ་བརྐུས།།
བོད་ཀྱི་ཡོན་ཏན་བློ་ཐོག་ན་ཡོད།། རྒྱའི་ཡོན་ཏན་ཡིག་ཐོག་ན་ཡོད།།
གནམ་ལ་བརྟེན་ནས་ཁ་མི་སོས།། གཞན་ལ་བརྟེན་ནས་རྒྱབ་མི་ཁེབས།།
གྲོག་མ་འགྲོ་འདུག་མང་ན།། རྐང་ལག་ཐང་ཆུར་འབྱར།།
སྦལ་བ་ལྡིང་ཚད་མཐོ་ན།། བྲང་ཁ་རྡོ་ལ་རྒྱག།
ལོ་བཅོ་བརྒྱད་བུ་མོའི་མྱོས་བུམ་འབུར་དུས།། ཁྱིམ་ཕ་མས་སྒོ་དྲུང་བཀག་ན་དོན་མེད།།
དོན་ཆུང་རུང་མ་བསྒྲུབ་ན་མི་འགྲུབ།། བློ་གསལ་རུང་མ་བསླབ་ན་མི་ཤེས།།
མི་ཤེས་ཤེས་ཁུལ་བྱས་ན་མཚང་ཡིན།། ཤེས་པ་ཁོག་ལ་བཅུག་ན་སྐྱོན་ཡིན།།
ཚེ་ཟད་ནད་པ་སྨན་པས་མི་ཐུབ།། རི་བོ་ཉིལ་ན་ཐག་པས་མི་དོམ།།
ཁྱིམ་མཚེས་བཟང་བོ་རྟ་ཡིས་མི་ཁུག། བཟའ་ཚང་བཟང་བོ་གསེར་གྱིས་མི་ཁུག།
གཏམ་བཟང་ངན་གཉིས་ཀ་མཉན་དགོས།། གོས་ཡག་བཙོག་གཉིས་ཀ་གོན་དགོས།།
ཁ་བཤད་དོན་ལ་འབབ་དགོས།། ཁབ་ཤུལ་སྐུད་པས་བསུམ་དགོས།།
ཁ་འཆམ་ན་སྡེ་བ་བཙན་པོ་ཡིན།། འགྲིག་མཐུན་ན་བཟའ་ཚང་སྐྱིད་པོ་ཡིན།།
ཨ་རིག་གླེན་རུང་མི་རིགས་ཡིན།། བྱེའུ་ཆུང་རུང་བྱ་རིགས་ཡིན།།
དད་པའི་ཨ་ལོང་མེད་ན།། འདྲེན་པའི་ལྕགས་ཀྱུས་མི་ཁུགས།།
ཐམས་ཅད་དགའ་ན་དགེ་བ་ཡིན།། ཕ་མ་དགའ་ན་དྲིན་ལན་ཡིན།།
སེམས་ན་སྡུག་ཡོད་ན་དྭངས་ཐབས་བྱོས།། ངོ་ན་རྡུལ་ཡོད་ན་བཀྲུ་ཐབས་བྱོས།།
ཁྱིམ་ལ་དགོས་པའི་རིན་ཆེན་བཟའ་དཔོན།། མི་ལ་དགོས་པའི་རིན་ཆེན་ཡོན་ཏན།།
གཏམ་ཨ་ཁུས་བཤད་ན་ཉེ་རིང་མེད།། ཟས་ཕ་མས་བགོས་ན་ཆེ་ཆུང་མེད།།
བཤད་ན་དམ་ཆོས་མི་གོ། བསྟན་ན་རྒྱུ་འབྲས་མི་བརྩི།།
འཁོན་སྡུམ་པའི་གཟུ་བ།། གཉེན་འཛིན་པའི་བར་བ།།
བསང་ཕུད་རྒྱུ་མང་ན།། འདྲེས་སེམས་ལ་གནོད།།
མཚན་རྨི་ལམ་འཁྲུག་ན་བཤད་ས།། རྐང་ཚེར་མ་ཟུག་ན་བསྟན་ས།།
རྒྱ་མཚོ་གམ་ནས་བཞག་སྟེ།། ཀོ་གྱོང་མཆི་མས་སྦངས།།
མི་བཟང་འགྲོགས་ན་སྤྱོད་བཟང་།། སྤྱང་ཀིར་འགྲོགས་ན་ཤ་ཟ།།
ལྷུན་པོ་ཟེར་ཡང་རི་རེད།། རྒྱ་མཚོ་ཟེར་ཡང་ཆུ་རེད།།

ཁ་ལས་དགེ་ན་བཟང་མི་དགོས།། སྣང་བ་མཐུན་ན་ཡག་མི་དགོས།།
ཁ་རོག་ལ་སྡོད་དང་ཁ་མཆུ་མེད།། མགོ་ལག་པས་སྐྱོར་དང་རྒྱག་ནི་མེད།།
བློ་བསམ་པ་གཅིག་ལ་མཉམ་འཛིན།། མཚོན་ཡུ་བ་གཅིག་ལ་མཉམ་འཇུ།།
མང་དྲག་ན་རྒྱལ་པོའི་གསུང་ཡིན་རུང་ངན།། བསྟོད་དྲག་ན་མ་གཞི་བཟང་ཡིན་རུང་ངན།།
ཤིང་དྲང་ན་བཀོལ་ས་མང་།། མི་དྲང་ན་མཐུན་གྲོགས་མང་།།
རྣོ་མེད་རལ་གྲི་དབྱུག་པ་འདྲ།། གོམ་མེད་འདོ་བ་གླང་རྒན་འདྲ།།
གཉོམ་སྲོལ་བཤད་ནས་དགྲ་ངོ་མི་ལོན།། མེད་མུག་བཏོན་ནས་འགྲུལ་ངོ་མི་ལོན།།
དམ་པའི་ཆོས་ཀྱི་མགོ་དཀའ།། འཇིག་རྟེན་འཁོར་བའི་མཐའ་དཀའ།།
ཁ་ལག་པ་གཉིས་ཀྱིས་ལས་བཏང་ན།། གཉའ་རྐེད་པ་གཉིས་ཀྱིས་འཁུར་དགོས།།
རྟའི་ཡག་ཚད་ལོ་གཅིག་ལོ་གཉིས་རེད།། མོའི་ཡག་དུས་མོ་ལོ་བཅོ་བརྒྱད་ཡིན།།
མཁས་པ་སྔ་མ་བཟང་།། བསྟན་བཅོས་ཕྱི་མ་བཟང་།།
རྟར་ཤ་ཤེད་རྒྱས་དུས་འདྲོག་རྒྱུ་མང་།། མིར་ནོམ་པ་མང་དུས་དྲན་རྒྱུ་མང་།།
ནད་འབྱུང་རྒྱུ་སླ་ཡང་དྲག་རྒྱུ་དཀའ།། དོན་བཤད་རྒྱུ་སླ་ཡང་བསྒྲུབ་རྒྱུ་དཀའ།།
གཅིག་ལ་མ་འགྲིག་ན་མིའི་སྐྱོན།། ཀུན་ལ་མ་འགྲིག་ན་རང་གི་སྐྱོན།།
སྟོན་ཐོན་དུས་ཁུ་བྱུག་ཡིན་རུང་སྐད་འགག། སད་བརྒྱབས་ན་མེ་ཏོག་ཡིན་རུང་འདབ་གྲོལ།།
ཁ་མང་པོས་བཤད་ན་གོང་ཆེ།། ལག་མང་པོས་ལས་ན་ཤུགས་ཆེ།།
གྱོད་རང་སྟེང་འགྲིག་ན་རྩོད་མེད།། གཉེན་རང་མཐུན་བྱུང་ན་འགྱོད་མེད།།
རང་བཟང་རབས་རོགས་པས་བཤད་དགོས།། ཁྱི་བཟང་རབས་རྐུན་མས་བཤད་དགོས།།
གོམ་པ་མ་སྤོས་གླིང་བཞི་སྐོར་མི་ཐུབ།། ཆུ་ཐིགས་མ་བསགས་རྒྱ་མཚོ་ཆགས་མི་སྲིད།།
ཡ་རབས་མ་རབས་སྤྱོད་པས་ཤེས།། ས་ཆ་གང་ཡིན་སྐད་ཀྱིས་ཤེས།།
རྟ་ཤ་ཤེད་འཛོམས་དུས་འཙོང་དགོས།། མི་མིང་གྲགས་ཆེ་དུས་འཛེམ་དགོས།།
ཁ་དང་བཟའ་སྒྲིག་སྔ་མི་རུང་།། ལག་དང་ལས་ཀ་འཚུབ་མི་རུང་།།
གྲི་ཆུང་ཡོད་རུང་མ་བརྡར་ན་མི་ཆོད།། རིག་པ་རྣོ་ཡང་མ་བསླབ་ན་མི་མཁས།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd6j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530193
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།