ལྡེབས་རིས་ཁག་ཅིག་ངོ་སྤྲོད།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» རོང་བའི་དམངས་སྲོལ། »ལྡེབས་རིས་ཁག་ཅིག་ངོ་སྤྲོད།
ལྡེབས་རིས་ཁག་ཅིག་ངོ་སྤྲོད།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-08ལྟ་ཀློག (859)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།སྒོ་ནང་གྱང་སྟེང་ལྡེབས་རིས་ཁག་ཅིག་ངོ་སྤྲོད།

 རྩོམ་པ་པོ། ཁང་དཀར་བསོད་ནམས་དབང་རྒྱལ།

སོག་པོ་སྟག་འཁྲིད།

  སོག་པོ་སྟག་འཁྲིད་ནི།  རིགས་གསུམ་མགོན་པོ་མཚོན་བྱེད་ཡིན།  དེ་ནི་སོག་པོ་དེ་འཇམ་དཔལ་དབྱངས་དང་།  སྟག་དེ་སྤྱན་རས་གཟིགས།  ལྕགས་ཐག་དེ་ཕྱག་ན་རྡོ་རྗེ་བཅས་ཀྱི་རྣམ་སྤྲུལ་ཡིན་པར་ཤོད་རྒྱུན་དུ་གྲགས།  དེ་སྔ་བླ་བྲང་ཁག་དང་།  སྒེར་པ།  འབྱོར་ལྡན་པ་སོགས་ཀྱི་ཁྱིམ་ཚང་གི་སྒོ་ནང་དུ་བྲི་བ་དེ་ནི་གདོན་བགེགས་བསྲུང་བའི་སྲུང་མ་མཚོན་བར་བྱེད་པ་དེ་རེད།

ཨ་ཙ་ར་གླང་འཁྲིད།

   ཨ་ཙ་ར་གླང་འཁྲིད་ནི།  ཨ་ཙ་ར་ཟེར་བ་རྒྱ་གར་གྱི་མི་རིགས་གྲས་ཡིན་པ་དང་།  གླང་ཆེན་གྱི་ཐོན་ཁུངས་ནི་རྒྱ་གར་ཡིན།  མཐུན་པ་སྤུན་བཞིའི་ནང་གླང་ཆེན་ནི་ཀུན་དགའ་བོ་ཡིན་པ་དང་།  རྫས་བརྒྱད་ནང་གླང་པོ་ཆེ་ནོར་སྐྱོང་ཞེས་ཟེར་བ་གླང་ཆེན་ལ་མཐའི་རྒྱ་མཚོ་ནས་བླངས་པའི་ནོར་བུ་བཀལ་ཏེ་ཨ་ཙ་རས་འཁྲིད་ནས་ཁྱིམ་དུ་སྐྱེལ་བའི་མཚོན་ཚུལ་དེས་ཁྱིམ་དེར་རྒྱུ་ནོར་ཕུན་སུམ་ཚོགས་པོ་ཡོང་བའི་རྟེན་འབྲེལ་མཚོན་བྱེད་ཡིན་པ་ཤོད་རྒྱུན་དུ་གྲགས།

རྣམ་བཅུད་དབང་ལྡན།

   དུས་ཀྱི་འཁོར་ལོའི་སྙིང་པོ་ཡིན།  དེ་ནི་ཧ་ཀྵམལཝརཡཾ་ཞེས་པའི་ཡི་གེ་བདུན་དང་།   ཡི་གེ་གཟུགས་འགྱུར་བའི་རྗེས་སུ་སྣ་ལྡན་ནམ་ཟླ་ཚེས།  ཐིག་ལེ།  སྲོག་གི་ཨ་ཡིག་མཚོན་པར་བྱེད་པའི་ནཱ་ད་བཅས་ཡི་གེ་རྣམ་པ་བཅུ་བརྩེགས་མར་གནས་པ་ཞིག་ཡིན།  ད་ལྟ་འདིར་བཀོད་པ་ནི་ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་དབུ་ཅན་ལྟར་བྲིས་པ་ཞིག་ཡིན་ལཉྫའི་ཡིག་གཟུགས་འབྲི་སྟངས་རྒྱས་བསྡུས་ལས།  ཕྱི་ཤད་མ་ཉུང་གི་ཁྱད་པར་ཅུང་ཟད་རེ་ཡོད།  འདིའི་མཚོན་དོན།  འཇིག་རྟེན་ཁམས་ལ་སྦྱར་ན།  ཡ་ནི་རླུང་གི་ཁམས།  ར་མེའི་ཁམས།  ཝ་ཆུའི་ཁམས།  ལ་སའི་ཁམས་ཏེ།  ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱི་སྙིང་པོའམ་མཚོན་བྱེད་ཡིན།  མ་ནི་འདོད་པའི་ཁམས་དང་།  ཀྵ་ནི་གཟུགས་མེད་ཀྱི་ཁམས་ཏེ་ནང་བཅུད་ཀྱི་སེམས་ཅན་གྱི་ས་བོན་ནམ་མཚོན་བྱེད་ཡིན།  ཧ་ནི་ཐུགས་དཀྱིལ་ཀྱི་ལྷ་རྣམས་མཚོན་བྱེད་ཡིན། སྣ་ལྡན་ཟླ་ཚེས་ནི། སེམས་ཅན་གྱི་སྲོག་དང་།  ཐིག་ལེ་ནི་སེམས་ཅན་གྱི་དྲོད་མཚོན་བྱེད་ཡིན།  ནཱ་ད་ནི་སྲོག་གི་ཨ་ཡིག་ནམ་མཁའ་སྟོང་པའི་ཁམས་མཚོན་བྱེད་ཡིན།  དེའི་ཚོན་མདོག་ནི།  འོག་གི་འབྱུང་བ་རིམ་བརྩེགས་བཞི་ནི་སོ་སོའི་རང་མདོག་སྟེ།  ཡ་ལྗང་ཁུ།  ར་དམར་པོ།  ཝ་དཀར་པོ།  ལ་སེར་པོ།  མ་འདོད་པའི་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན།  ཀྵ་གཟུགས་མཁན་མཚོན་པའི་དཀར་པོ།  ཧ་གཟུགས་མེད་ཁམས་མཚོན་པའི་སྔོན་པོ།  ཟླ་ཚེས་སྣ་ལྡན་ནི་སྲོག་ཟླ་བའི་ཁམས་དཀར་པོ།  ཐིག་ལེ་ནི་དྲོད་ཉི་མའི་ཁམས་དམར་པོ།  ནཱ་ད་ནམ་མཁའི་ཁམས་སྔོན་པོ་ཡིན།   འདི་ན་ཁམས་གསུམ་གྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་ པས་འདི་ཁང་སྟེང་དུ་བཀལ་ན་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་གནོན་ནས་བཀྲ་ཤིས་པར་ བྱེད།  གཟའ་སྐར་ངན་པའི་གནོད་པ་ཐམས་ཅད་བཟློག་ནས་གནོད་པ་སྲུང་།  ཁྱིམ་དུ་བཞག་ན་རྐྱེན་ངན་དང་བར་ཆད་སྲུང་།  དགེ་ཤིང་བཀྲ་ཤིས་པར་བྱེད་པ་སོགས་ཀྱི་ཕན་ཡོན་ཡོད་པར་བརྟེན།  ཕལ་ཆེ་བས་ཁང་སྟེང་དང་།  གཙུག་ལག་ཁང་སོགས་ཀྱི་གྱང་ངོས་སུ་འབྲི་སྲོལ་ཆགས་ཡོད།  དོན་དངོས་ཐོག་འདིས་ནི་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་བསྡུས་ཡོད་ པས་འདིར་ཆ་ཚང་བ་བཤད་མི་ནུས།  ད་ལམ་འདིར་བྲིས་པའི་དགོས་དོན་ཡང་མཐོང་ཐོས་དྲན་པ་ཐམས་ཅད་གནས་སྐབས་བཀྲ་ཤིས་ པར་བྱེད་པ་དང་།  མཐར་ཐུག་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་གྱུར་བའི་ཆེད་དུ་ཡིན།

བཀྲ་ཤིས་རྟགས་བརྒྱད།

གཅིག  གདུགས་ནི་འགྲོ་བའི་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པའོ། །

གཉིས།  གསེར་ཉ་ནི་གཡང་རྣམས་ཉེས་པའི་སྐྱོན་སྤངས་པར་བྱེད་པའི་མཚོན་ཚུལ་ཡིན་ནོ། །

གསུམ།  བུམ་པ་ནི་ཡོན་ཏན་བཅུད་ཀྱིས་རབ་ཏུ་གང་ཞིང་རྣམ་དཀར་བསོད་ནམས་ཀྱི་རྟེན་བྱེད་པ་མཚོན་པའོ། །

བཞི།  པདྨ་ནི་སྲིད་པར་གནས་ཀྱང་སྲིད་པར་མ་ཆགས་པར་ལས་ཉོན་གྱི་དྲི་མས་མ་གོས་པ་མཚོན་པའོ། །

ལྔ།  དུང་དཀར་གཡས་འཁྱིལ་ནི་སྙན་པ་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པའི་ཚངས་པའི་གསུང་དབྱངས་མཚོན་པའོ། །

དྲུག  དཔལ་བེའུ་པ་ཊ་ནི་ཡོན་ཏན་ཐམས་ཅད་རབ་རྫོགས་ཤིང་ཡེ་་ཤེས་ལྔ་ཡི་དཔལ་དང་ལྡན་པའོ། །

བདུན།  རྒྱལ་མཚན་ནི་ཕ་རོལ་བདུད་དང་མུ་སྟེགས་ཕམ་པར་བྱས་ཏེ།  མཚན་དང་དཔེ་བྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་མཚོན་པའོ། །

བརྒྱད།  འཁོར་ལོ་ནི་བརྗོད་བྱ་སྡེ་སྣོད་གསུམ་དང་།  རྗོད་བྱེད་བསླབ་པ་གསུམ་གདུལ་བྱའི་རྒྱུད་ལ་འཕོ་བར་བྱེད་པའི་ཆོས་ཀྱི་འཁོར་ ལོའི་མཚོན་ཚུལ་ཡིན་པའོ། །

གཞན་ཡང་།  འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།  ན་མོ་དབུལ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས།  སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག  གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ།  ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ།  སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ།  ལྗགས་ལ་བཀྲ་ཤིས་པད་མོ་ལོ་འདབ་རྒྱས།  མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ།  ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག   ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ།  བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག   རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ།  དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག   བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག་ཅེས་གསུང་པ་ལགས་སོ།། །།

བཀྲ་ཤིས་རྫས་བརྒྱད།

   དེ་ཡང་སྔོན་བྱོན་འཁོར་ལོས་བསྒྱུར་པའི་རྒྱལ་པོ་སྡེ་ལྔའི་དཔལ་ཡོན་དང་མཚུངས་པར།  རྒྱལ་སྲིད་རིན་ཆེན་སྣ་བདུན་ཉེ་བ་བདུན།  བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད་ལ་སོགས་པའི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་བྱེད་པའི་ཚུལ་འདུལ་བ་ལུང་དང་མདོ་དྲན་པ་ཉེར་བཞག་སོགས་ལས་གསུངས་པའི་རྒྱས་ སྤྲོས་བགྱིས་ན་མཁྱེན་ཅན་རྣམས་དགོངས་བདེ་ཞིང་བྱིན་རླབས་འཇུག་པའི་རྒྱུར་འགྲོ་ཡང་།   ད་ལམ་སྐབས་བབས་འགྲེལ་བཤད་སྙིང་པོ་མདོར་བསྡུས་ཙམ་སྤྲོ་བར་བྱ་བ་ནི།

གཅིག   མེ་ལོང་ནི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་ལ་བརྟེན་ནས་ལུས་ཅན་ཐམས་ཅད་རྒྱལ་བའི་ཡེ་ཤེས་སྒྲིབ་བྲལ་མངོན་གྱུར་གྱིས་རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ།

གཉིས།  གི་ཝང་ནི་དེ་བཞིན་དུ་གཉིས་འཐུང་གི་དབང་པོ་ས་སྲུང་གླང་པོ་ཆེ་ནོར་སྐྱོང་ཞེས་པའང་སྣང་གིས་གི་ཝང་ཕུལ་བས།  ཉོན་མོངས་ཟུག་རྔུའི་ནད་དང་སྡུག་བསྔལ་དག་པའི་སྨན་མཆོག་ཆོས་ཉིད་ཀྱི་དོན་རབ་ཏ་རྟོགས་པ།

གསུམ།  ཞོ་ནི་ཁྱིམ་བདག་བཟང་སྐྱོང་ཞིང་པའི་བུ་མོ་ལེགས་སྐྱེས་མ་ཡང་གསལ་གིས་ཞོ་ཕུལ་བས།  དུག་གསུམ་ཞི་ཞིང་སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རབ་རྟོགས་པ།

བཞི།  རྩྭ་དུརྦ་ནི་བྲམ་ཟེ་ཀུན་རྡ་ལིས་རྩྭ་ཚོང་བཀྲ་ཤིས་ཀྱང་གསལ་རྩྭ་དུརྦ་ཕུལ་བས།  ཉོན་མོངས་སྐྱེ་ཤི་རྒྱུན་ཆད་པའི་རྡོ་རྗེ་སེམས་དཔའི་ཚེ་སྟེ་འཆི་མེད་ཚེ་ཐོབ་པ།

ལྔ།  ཤིང་ཏོག་བིལ་བ་ནི་ཤིང་གི་ལྷ་མོས་ལྷ་ཚངས་པ་ཟེར་བའང་སྣང་ཤིང་ཏོག་བིལ་བ་ཕུལ་བས།  འཇིག་རྟེན་ལས་འདས་པའི་བྱང་ཆེན་སྤྱོད་པའི་རྒྱུ་རྐྱེན་རྣམ་པར་དག་པའི་འབྲས་བུར་སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་གྱི་དོན་ཀུན་འགྲུབ་པ།

དྲུག  དུང་དཀར་གཡས་འཁྱིལ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས་ཐེག་གསུམ་ཆོས་འཁོར་གང་འདུལ་མ་ནོར་བ་ཡོངས་སུ་སྟོན་པ།

བདུན།  ལི་ཁྲི་ནི་ས་ཡི་ལྷ་མོ་བསྟན་མས་བྲམ་ཟེ་སྐར་རྒྱལ་ཟེར་བའང་སྣང་ལི་ཁྲི་ཕུལ་ བས་སྲིད་ཞིའི་དཔལ་འབྱོར་ཀུན་ལ་ཆོས་ཀྱི་རྒྱལ་སྲིད་ཆེན་པོས་དབང་བསྒྱུར་བ།

བརྒྱད།  ཡུངས་དཀར་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བ་ལ་བརྟེན་ནས་བདུད་བགེགས་བར་གཅོད་མཐའ་དག་གི་གཡུལ་ལས་རྒྱལ་བའི་མཐུ་སྟོབས་ལ་དབང་འབྱོར་བའི་བཀྲ་ཤིས་པའི་རྫས་བརྒྱད་པོ་རྣམས་དེ་བཞིན་དུ་བྱིན་གྱིས་བརླབས་པ་ལྟར་དེང་གི་དུས་སུ་ཡང་བཀྲ་ཤིས་ཤིང་བྱིན་རླབས་ཆེ་བས་འཁོར་བ་ཇི་སྲིད་བར་དུ་འགྲོ་བའི་དོན་ཁྱད་པར་ཅན་འགྲུབ་པ་དང་།  མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་མ་མངའ་མཛད་པའི་སླད་དུ་རྫས་འདི་རྣམས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་མཛད་པ་དེ་བཞིན་དུ་བཀྲ་ཤིས་པར་འགྱུར་བ་ཡིན་ནོ།  ཞེས་པ་འདི་ནི་རབ་གནས་དང་གཡང་འགུགས་ཀྱི་རྟེན་འབྲེལ་བཀྲ་ཤིས་མངའ་གསོལ་སོགས་སྐབས་བབས་རྟེན་འབྱུང་ཤིས་བརྗོད་གསུང་རྒྱུན་ཁག་ལ་གཞི་བཅོལ་ནས་བསྒྲིགས་པ་ལགས་སོ།། །།

བོད་ཀྱི་དམངས་སྲོལ་གཅེས་བསྡུས་ལས་བཤུས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5861511
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号