གཅན་ཚའི་མདའ་རྩེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» རོང་བའི་དམངས་སྲོལ། »གཅན་ཚའི་མདའ་རྩེད།
གཅན་ཚའི་མདའ་རྩེད།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-08ལྟ་ཀློག (5764)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

གཅན་ཚའི་མདའ་རྩེད་སྐོར་ངོ་སྤྲོད་མདོར་བསྡུས།

གཅིག སྐྱ་འཐེན།

   སྐྱ་འཐེན་བྱེད་པའི་དུས་ནི་དབྱར་དགུན་གཉིས་ཡིན་ཞིང་དེ་ལས་ཀྱང་དགུན་ཁ་ཕྱོགས་ཆེ་བ་དང་། མདའ་འཕེན་མཁན་གྱི་ལོ་ཚོད་ནི་ལོ་བཅོ་ལྔ་ནས་ལྔ་བཅུ་ཡས་མས་ཀྱི་སྐྱེས་པ་ཤ་སྟག་ཡིན། དེ་ཡང་ལོ་རེའི་ཧོར་ཟླ་བཅུ་བ་དང་བཅུ་གཅིག་པ་ནས་བཟུང་སོ་ནམ་གྱི་ཁོམ་ལོང་དང་བསྟུན་ནས་སྡེ་བའི་གསར་བུ་གཙོ་བྱས་སྐྱེས་པ་རྣམས་གཞི་གཅིག་ལ་ཚོགས་ཏེ་(མི་བདུན་ ཡན་མ་འཚོགས་ན་གཞུ་བདུང་མི་ཆོག)ས་བདེ་ས་ཡངས་ས་ཞིག་ནས་ཕོ་གསར་གྱི་གོམ་པ་བདུན་ཅུའི་ཡས་མས་ཡོད་པའི་ཕྱོགས་གཉིས་ལ་མདའ་མོ་ཕོག་ཡུལ་གྱི་འབེན་ཏེ། ཞབས་ཆེ་ལ་རྩེ་ཕྲ་བ་ཟུར་གསུམ་ཞིག་ས་འབུར་གྱིས་ཆེད་དུ་ལས་ཤིང་། ས་འབེན་གྱི་དཀྱིལ་ལ་མིག་ལ་ལེན་བདེ་ཕྱིར་མེ་ལོང་གི་ཚབ་ཏུ་ཤོག་བུ་སྦྱར་བ་ལ“དཀར་བོ”ཞེས་ཟེར་བ་དང་། ས་འབེན་གྱི་རྩེ་མོར་ས་ཐོ་ཆུང་ཆུང་ཞིག་འཇོག་པ་ལ“ཐོ་ལི”ཟེར། ཐོ་ལི་དང་ས་འབེན་བར་གྱི་རྩེ་ཕྲ་ས་ནས་ཤིང་ཐུར་མ་ལས་ཅུང་སྦོམ་པ་ཞིག་ཁ་ཐུར་དུ་འཛེར་ནས་སྣེ་མོས་མདའ་ཡི་མཐོ་དམའ་འཇལ་བྱེད་བྱེད་པ་ལ“རྒྱ་མ”ཟེར། འབེན་གྱི་མཐའ་ལ་ཕྱི་ནང་མི་ནོར་བའི་རྟགས་སུ་བལ་སོགས་ལས་བྱས་པའི་རྟགས་འཐེན་པ་ལ་རྩི་ཐག་ཟེར་ཞིང་། དེ་ལྟར་བཟོས་པའི་ས་འབེན་ལ“འབེན་འདྲ”དང་། འཕེན་ཡུལ་གྱི་གནས་དེ་ལ“སྐུགས་ར”ཞེས་བོས་ནས་མདའ་མོ་སྦྱོང་ཡུལ་དང་སྐུགས་ཡུལ་ བྱེད། དེ་ལྟར་ཉིན་ལྔ་དྲུག་ཙམ་དང་བཅུ་ཤས་བར་རང་སྡེ་བ་ནས་འགྲན་ཡ་མེད་པར་གཞུ་བདུང་ མདའ་འཕེན་གྱི་ལས་བྱེད་པ་དེར“མདའ་སྦྱངས”ཟེར། མདའ་སྦྱངས་ཟིན་མཚམས་སུ་སྡེ་བས་གསར་བུ་རྣམས་རྩ་འཛུགས་བྱས་ཏེ་འགྲན་ཡ་རྩེད་ རོགས་འཚོལ་བའི་ཆེད་དུ་སྡེ་བ་གཞན་ལ་མི་རེས་མདའ་ཆ་རེ་དང་སྡེ་གཞུང་ནས་གཞུ་ ཁྱེར་ཏེ་མདའ་འཕེན་དུ་འགྲོ། འགྲོ་ཁར་མདའ་འཕེན་མཁན་རྣམས་སྡེ་བའི་མ་ཎི་ཁང་དུ་འདུས་ནས་བསང་ཕུད་ཅིང་ཤུག་པ་བདུག་པ་དང་། སྡེ་མི་ཀུན་གྱིས་བཀུར་བའི་སྔགས་འཆང་རྒན་པ་ཞིག་ལ་མདའ་མོ་འདེབས་སུ་བཅུག་ ནས“མདའ་དཔོན”ཞེས་དམག་དཔོན་གྱི་ཚབ་ཏུ་མདའ་འཕེན་རྣམས་ཀྱི་མགོ་མ་དང་གཞུ་བདག་ གཉེར་བྱེད་མཁན་དང་།“མདའ་རྔ”ཞེས་མདའ་འཕེན་མཁན་རྣམས་ཀྱི་གཞུག་མ་དང་མདའ་བདག་བྱེད་མཁན་གཉིས་བསྐོ་བཞག་བྱེད། མདའ་དཔོན་ནི་དམག་དཔོན་གྱི་ཚབ་ཡིན་པས་མི་ཁ་ལས་ཅན་དང་དབང་ཐང་ཅན་ཞིག་དང་། མདའ་རྔ་ནི་རྒྱལ་ཕམ་གྱི་ཐག་གཅོད་མཁན་ཡིན་པས་མདའ་མོའི་འཕོང་སྐྱེན་པ་ཞིག་བྱུང་ན་རབ་ཏུ་བརྩིའོ།།

   དེ་ཡང་མདའ་མོ་འདེབས་ཚུལ་ནི་སྡེ་བའི་མདའ་རྩལ་བའི་གྲས་ནས་དབང་བོར་སྐྱོན་མེད་ལ་ལུས་པོ་བདེ་ཐང་ཡིན་པ་དང་། ཁ་ལས་རླུང་རྟ་དང་དབང་ཐང་དར་བའི་མི་བདུན་བདམས་ཏེ། དེ་དག་རེ་རེའི་མདའ་གཅིག་རེ་མཉམ་དུ་བསྡུས་རྗེས། ཆོས་སྐྱོང་སྲུང་མར་འཕྲིན་ལས་བཅོལ་བཞིན་མདའ་དཀྲུག་བརྒྱབ་སྟེ་སྔོན་ལ་མདའ་གྲས་ནས་ཡར་ཡོང་བའི་མདའ་དེའི་བདག་པོ་ནི་མདའ་དཔོན་དང་། དེའི་རྗེས་ཡར་ཡོང་བའི་མདའི་བདག་པོ་ནི་མདའ་རྔར་བརྩི།

    མདའ་འཕེན་མཁན་རྣམས་ལམ་ལ་མ་ཞུགས་གོང་། ཀི་ལྡིར་བྱས་ནས་སྡེ་བའི་གཞི་བདག་སྲུང་མ་དང་ལོ་ལོན་རྒན་གཞོན་ཀུན་ལ་འགྲོ་བརྡ་བརྒྱབ་རྗེས་འགྲོ་བ་དང་།འགྲན་ཡའི་སྡེ་བ་མཐོང་ས་དང་ཐག་ཉེ་ས་ནས་རྐང་བ་སར་བརྡབ་ཞོར་དུ་ཀི་ལྡིར་བྱས་ནས་ཡོང་བརྡ་རྒྱག་པ་དང་ངར་སྐད་བསྒྲགས་ནས་རང་གི་དཔུང་སྟོབས་ངོམ་པར་བྱེད། སྡེ་བ་དེའི་སྐུགས་ར་ནང་དུ་ཐོན་པ་ན་མདའ་དཔོན་སྔོན་མ་བྱས་ནས“འབེན་འདྲ་གཅོག་ པ”ཞེས་ཕ་རོལ་པོས་སྔོན་ནས་ལས་ཡོད་པའི་འབེན་འདྲ་བཤིག་ནས་རྩ་མེད་དུ་གཏོང་བ་དང་། འབེན་འདྲའི་ཆེ་ཆུང་དང་འཁོར་ཕྱོགས། བར་ཐག་རྣམས་རང་གི་མོས་པ་དང་བསྟུན་ནས་སླར་ཡང་གསར་བ་ཞིག་ལས་ཚར་རྗེས། རང་གི་སྡེ་བའི་ཕྱོགས་སུ་ངོས་འཁོར་ཡོད་པའི་འབེན་འདྲ་དེར་རང་གི“མ”ཞེས་བཏགས་ ནས་བསུ་བ་བྱེད་པ་དང་། མདའ་འཕེན་སྐབས་ཀྱང་ཐོག་མར་རང་གི་མའི་སྟེང་དུ་འཕེན་པ་དང་། འགྲོ་ཁ་ས་རུབ་ཀྱང་རང་གི་མའི་སྟེང་དུ་མདའ་མ་འཕངས་པར་མདའ་འཕེན་མཚམས་མི་འཇོག་པའི་སྲོལ་ཡོད། ཁོ་ཚོས་འབེན་འདྲ་བཟོས་ནས་བསུས་ཚར་རྗེས། འགྲན་ཡའི་སྡེ་བ་དེའི་མདའ་འཕེན་མཁན་རྣམས་ཀྱིས་ཀྱང་ཀི་སྒྲ་སྒྲོག་བཞིན་དུ་སྐུགས་རའི་ནང་དུ་ཡོང་བ་དང་། ཕྱོགས་གཉིས་ཀྱིས་ཡང་བསྐྱར་རང་སོ་སོའི་གཞི་བདག་ཡོད་སར་འཁོར་ནས་གཞི་བདག་འབོད་ པའི་ཟོལ་གྱིས་ཀི་ལྡིར་དང་འབྲེལ་ལག་གཡུག་བྱེད་པ་དང་། འགྲན་ཡའི་སྡེ་བ་དེ་ག་འབེན་འདྲའི་གཡོན་དང་འགྲན་འཛུགས་པར་ཡོང་མཁན་རྣམས་འབེན་འདྲའི་གཡས་སུ་ལངས་བསྡད་དེ་མདའ་འཕེན་པ་ལ“མདའ་སྐུགས”ཟེར། མདའ་འཕེན་པའི་ཐོག་མར་འགྲན་འཛུགས་པར་ཡོང་མཁན་གྱི་མདའ་དཔོན་གྱིས་རང་གི་མའི་སྟེང་ཏུ་མདའ་གཅིག་འཕེན་པ་དང་། མདའ་དེ་ངེས་པར་དུ་འབེན་འདྲའི་མགོ་ནས་རྒྱང་འཕེན་བྱེད་དགོས་ཞིང་། དེར“མགོ་མདའ”ཞེས་བཟང་ལྟས་སུ་བརྩི་བ་དང་། མདའ་དཔོན་གྱི་ཐོག་མའི་མདའ་དེ་འབེན་འདྲའི་ངོས་སུ་ཕོག་པའམ་འབེན་འདྲའི་སྟེང་དུའང་མ་སླེབས་ཚེ་ངན་ལྟས་སུ་བརྩི་ལ། ཉིན་དེའི་རྒྱལ་ཕམ་གྱི་སྔོན་དཔག་ཀྱང་དེ་ལས་དཔྱད། དེ་ནས་འགྲན་ཡའི་མདའ་དཔོན་གྱིས་མདའ་གཅིག་འཕེན་པ་སོགས་རེས་མོས་ཀྱིས་མདའ་དཔོན་གཉིས་ཀའི་མདའ་འཕངས་ཚར་རྗེས།“མདའ་སྐེད”དམ“མདའ་བར”ཞེས་མིང་བཏགས་མེད་པའི་མི་རྣམས་འགྲན་ཡ་རེ་རེའི་སྐུགས་ཡར་བུད་ནས་རེས་མོས་ཀྱིས་མདའ་འཕེན་པ་དང་། མཇུག་མཐར་མདའ་རྔ་གཉིས་ཀ་བུད་དེ་རེས་མོས་ཀྱིས་འཕངས་ཚར་རྗེས་མདའ་འཕེན་ཐེངས་གཅིག་རྫོགས་པ་ཡིན་ཞིང་། འབེན་འདྲ་གཞན་དེའི་སྟེང་དུ་འཕེན་དུས་འགྲན་ཡའི་སྡེ་བ་དེའི་མདའ་འཕེན་མཁན་ རྣམས་ཀྱིས་ཁོ་ཚོའི“མ”ཡིན་ཟེར་ནས་སྔོན་ལ་འཕེན་པ་སོགས་གོང་དང་འདྲ། མདའ་སྐུགས་དུས་སྐུགས་ཡར་ཁ་མི་གྲག་པ་དང་མདའ་འཕེན་སྟངས་སོགས་དང་འབྲེལ་བའི་ངན་སྨྲས་ཀྱང་སྣ་ཚོགས་བྱེད་མོད། དེ་རྩེད་མོ་ཞིག་ཏུ་བརྩི་བ་ལས་འཁོན་དུ་འཛིན་མཁན་ནི་ནམ་ཡང་ཡོད་མ་མྱོང་ཞིང་། རང་རང་གི་ཡུལ་ལྷ་གཞི་བདག་སོགས་བོས་ནས་རང་གིས་མདའ་ཕོག་པ་དང་ཕ་རོལ་བོས་མདའ་མི་ཕོག་པའི་སྐྱབས་འཇུག་ཀྱང་ཁ་རོག་ལ་ཞུ་སྲོལ་ཡོད།

གཉིས། འཁོར་ཚུལ།

    ཕྱོགས་གང་གིས་ཀྱང་འབེན་འདྲ་སྟོང་བའི་སྟེང་དུ་མདའ་ཕོག་པའམ་ཡང་ན་གཞན་གྱི་མདའ་ཡི་གོང་ཕྱོགས་ལ་ཕོག་ཚེ། མདའ་ཕོག་མཁན་གྱི་ཕྱོགས་རྣམས་ཀྱིས་ཀི་ལྡིར་དང་འབྲེལ་ས་ལྡིང་གནམ་ལྡིང་གིས་དགའ་བོ་བྱེད་དེ།“མདའ་བསུ”ཞེས་སྔར་ནས་འབེན་གྱི་ཕར་ཕྱོགས་ལ་མདའ་མོ་མ་ཕོག་པ་རྣམས་འཐུ་ཕྱིར་མི་གཉིས་གསུམ་རེ་སོང་ཡོད་པ་ཚོས་མདའ་མོ་འབེན་ལ་ཕོག་པའམ་ཡང་ན་གཞན་ཕྱོགས་ཀྱི་མདའ་མོའི་གོང་ལ་ཕོག་པ་མཐོང་ཚེ་མགྲིན་དབྱངས་གཅིག་གྱུར་གྱིས་ཀི་སིང་སིང་འདེབས་བཞིན་འབེན་འདྲར་གཡས་སྐོར་བརྒྱབ་ནས་མཉམ་གཅིག་ཏུ་འཁོར་ནས་ཡོང་བ་ན། ཚུར་ཕྱོགས་ན་ཡོད་པའི་རང་ཕྱོགས་ཀྱི་མདའ་བ་རྣམས་ཀྱིས་ཀྱང་ཀི་འདེབས་བཞིན་ཕར་ལ་འཁོར་ནས་མདའ་བསུ་དང་སྦྲེལ་རྗེས་ཕྱིར་འཁོར་ཡོང་བ་དང་མཇུག་ཏུ་ལོ་ལོན་དག་གིས་བསུ་མའི་ཚུལ་གྱིས་འཁོར་ནས་སྔོན་ལ་འབུད་དེ། རང་གི་མདའ་གྲངས་ལ་བརྩི་རུང་བ་རེ་རེ་ལ་དེ་ལྟར་བྱེད་དོ།།

   དེ་ཡང་འཁོར་ཕྱོགས་ལ“ཁྲུང་ཁྲུང་བཤར་འདྲ”དང“པད་མ་ཁ་འབྱེད”“གཡུ་འབྲུག་ཁ་སྤྲོད”སོགས་ཡོད་ཅིང་། དམིགས་བསལ་ལ་མདའ་ལོངས་རྗེས་སྦྲུལ་འགྲོས་བྱས་ནས་འཁོར་བ་དང་། མདའ་གཞུག་རྫོགས་ཁའི་ཆེས་མཇུག་མཐའི་མདའ་ཡིས་འབེན་ལ་ཕོག་ན་ལེབ་རྒྱུག་བྱེད་པ་སོགས་ས་གནས་སོ་སོར་འཁོར་ཚུལ་སྣ་ཚོགས་ཡོད་དོ།། འཁོར་བའི་སྐབས་སུ་མདའ་དཔོན་གྱིས་གཞུ་བཟུང་ནས་འབེན་འདྲའི་གཞུག་ནས་འགྱིང་བ་དང་མདའ་མོ་ཕོག་ཟིན་པ་རྣམས་ཀྱིས་ཁུ་ཚུར་བཅངས་ནས་མདའ་དཔོན་གྱི་མཐའ་ནས་ལངས་འདུག་པ་ལས་འཁོར་བའི་སྟངས་སྟབས་མི་བྱེད་པ་དང་། དེ་ལྟར་མདའ་འཕེན་སྐབས་མདའ་ཕོག་ཡོད་པའི་ཕྱོགས་ཀྱིས་འགྲན་ཡའི་རྣ་བར་ཀི་བཏབ་ཆོག་ནའང་། ཕ་རོལ་ཕྱོགས་ཀྱིས་ཕྱིར་རྒོལ་བ་སོགས་བྱས་མི་ཆོག

གསུམ། གྲངས་ཀ་བརྩི་ཚུལ།

   རྩི་ཐག་གི་ནང་དུ་ཕོག་ཚད་མདའ་རུ་བརྩི་བ་དང་། རྒྱ་མ་གཤགས་ཚེ་ས་ཆ་ལ་ལར་མདའ་ལྔ་རུ་བརྩི་སྲོལ་ཡོད། གལ་ཏེ་ཕྱོགས་གཉིས་ཀས་མདའ་མོ་འབེན་ལ་ཕོག་ཚེ་སུ་ཚང་གི་མདའ་རྒྱ་མ་དང་ཐག་ཉེ་ན་དེ་མདའ་རུ་བརྩི་བ་ལས་འོག་མ་རྣམས་མདའ་རུ་མི་བརྩི། དེ་བཞིན་ཐོ་ལི་ཡི་སྟེང་ཕོག་པ་དང་ས་ལ་དྲུད་ནས་འབེན་ལ་ཕོག་པ། ཕོག་རྗེས་མདའ་མགོ་ས་ལ་དྲུད་པ་སོགས་ཀྱང་མདའ་རུ་མི་བརྩིའོ།། དེ་ལྟར་སུ་ཚང་ལ་སྔོན་དུ་མདའ་རུ་བརྩི་རུང་བའི་མདའ་གྲངས་ལྔ་རེ་ལོངས་ཚེ་ཕ་རོལ་བོ་ཚང་ལ་མདའ་བཞི་ལོངས་ཡོད་ཀྱང་དེ་དག་གྲངས་ཀར་བརྩི་རྒྱུ་མེད་པར་ཡང་བསྐྱར་མགོ་བརྩམ་དགོས། གལ་ཏེ་ཐེངས་སྔོན་མར་མདའ་གྲངས་གཅིག་ཀྱང་བརྩི་རྒྱུ་མེད་པར་འབེན་འདྲ་གཅིག་གི་སྟེང་དུ་ཕྱོགས་གཅིག་ཁོ་ན་རུ་མདའ་གྲལ་དུ་འགྲོ་བའི་མདའ་དགུ་ལོངས་བར་བྱས་ཚེ“མ་ བུ་ཁ་སྤྲོད”ཅེས་ཁྱད་དུ་ཐོན་པའི་མིང་གི་ཆོ་ལོ་སྦྱར་ནས་མདའ་གྲངས་བཅུ་རུ་བརྩི་ སྲོལ་ཡོད་པ་དང་།“ལོངས་མདའ”དེ་འབལ་སྐབས་མདའ་སྟེང་དུ་ཁ་བཏགས་དཀྲིས་རྗེས་མདའ་ འཕེན་རྣམས་གཅིག་འཕྲོ་གཅིག་ལ་མཐུད་དེ་ཤེད་ཤུགས་བཀོལ་བའི་ཚུལ་གྱིས་འབལ་སྲོལ་ ཡོད་ལ། མདའ་ཕོག་མཁན་དེར་དཔའ་དར་ཡང་འཐེན་སྲོལ་ཡོད། མདའ་ལྔ་རེ་ལོངས་ནས་མདའ་གཞུག་རྫོགས་སྐབས“མ”བསུ་བའི་སྲོལ་ཡོད་ཅིང་། དེ་ལྟར་སུ་ཚང་གིས་ཕོག་པའི་གྲངས་ཀ་མང་ན་དེ་ལ་རྒྱལ་ཁ་ཐོབ་པ་དང་ཕམ་ཁ་མྱངས་ན“མདའ་བཀལ”ཞེས་ཟེར་བ་དང་། མདའ་བཀལ་ཚེ་འགྲན་ཡའི་སྡེ་བ་ལ་ཤེས་སུ་མི་འཇུག་པར་གློ་བུར་དུ་སྐུགས་ལེན་དུ་འགྲོ་བ་ཡིན། དེ་ལྟར་ཤོམ་ལྭ་མི་གོན་ཞིང་དགོང་མོ་ཞག་འདུག་ཀྱང་མི་བྱེད་པ་ལ“སྐྱ་འཐེན”ཟེར་ ཞིང་། དེ་ནི་ཟླ་ཕྱེད་ལྷག་དང་ཡང་ན་དེ་ལས་མང་བའི་ཡུན་ལ་ངེས་མེད་དུ་བྱེད། མདའ་འཕེན་རྣམས་དགོང་མོ་རང་ཡུལ་དུ་ཐོན་སྐབས་རྒྱལ་ཁ་ཐོབ་ཚེ་རང་སྡེ་རིག་ས་ནས་ ཀི་བཏབ་ནས་སྡེ་མི་རྣམས་ལ་རྒྱལ་བརྡ་རྒྱག་པ་དང་། ཕམ་པའི་སྐབས་ཁ་རོག་གེར་སོ་སོའི་རང་ཁྱིམ་དུ་འགྲོའོ།།

    མདའ་འཕེན་པའི་དུས་ སྐབས་སུ་མདའ་འཕེན་རྣམས་མཚན་མོ་རེ་རེར་སྡེ་བའི་མ་ཎི་ཁང་དུ་ཚོགས་ནས་རྩམ་པའི་རིལ་བུ་སོགས་ལས་ཏེ་བསང་ཕུད་པ་དང་། མདའ་སྟོན་སྐབས་ཀྱི་གླུ་དང་རྩེད་རིགས་སོགས་ཀྱང་རྒན་པ་ལས་སློབ་སྦྱོང་དང་གྲ་སྒྲིག་བྱེད། དེ་ལྟར་དགུན་ཟླ་ཧྲིལ་བོར་སྡེ་བའི་མི་རྣམས་མདའ་རྩེད་ཀྱི་ལས་ལ་ཞུགས་སྐབས་སྡེ་བའི་ནང་མདའ་འཕེན་གྱི་བྱ་བ་འདིར་བཀོད་འདོམས་བྱེད་མཁན་གྱི་མི་གཉིས་གསུམ་རེ་ཆེད་དུ་བསྐོ་ཞིང་། དེ་དུས་མི་སུ་ཡིན་ཡང་རང་འདོད་ལྟར་མདའ་འཕེན་གྱི་གྲས་སུ་མ་ཞུགས་པར་ཕྱོགས་ཡར་མར་དུ་འགྲོ་བར་ཁ་གཡར་ནས་ཆང་འཐུང་བ་དང་ཤོ་རྒྱག་པ་སོགས་བྱས་མི་ཆོག་པ་དང་།(ཤི་ ཆད་བྱུང་ནས་འདུན་ཡོད་མཁན་ཕུད)མདའ་འཕེན་པའི་དོན་འདིར་མི་རྣམས་སྤྲོ་བས་འཇུག་པ་མ་ཟད་རང་གི་སྡེ་བའི་ལ་རྒྱ་གལ་ཆེན་ཞིག་ཏུའང་བརྩི་བས། དུས་སྐབས་འདིར་ཆང་འཐུང་བ་དང་ཤོ་རྒྱག་པ་སོགས་བྱ་ངན་ལས་མཁན་མེད་ལ། སྡེ་བའི་མི་རྣམས་ཁ་མཐུན་གྲོས་མཐུན་ཡོང་བའི་ཚད་ཀྱང་ཇེ་ཆེར་གཏོང་ཐུབ་པས་རྒན་པ་རྣམས་ཀྱིས་མདའ་རྩེད་འདི་ལ་ཧ་ཅང་གིས་དོ་སྣང་བྱེད་བཞིན་ཡོད།

བཞི། མདའ་སྟོན།

     སྐྱ་འཐེན་བྱས་ནས་གང་འཚམས་སོང་རྗེས། སྡེ་བ་ཕྱོགས་གཉིས་ལ་ཁ་མཐུན་གྲོས་འགྲིག་ཡོང་ཚེ་ཕྱོགས་གཉིས་ཀྱི་མདའ་འཕེན་རྣམས་ཀྱིས་སྡེ་བའི་ལོ་ལོན་རྣམས་ལ་ཡར་ཞུ་བྱས་རྗེས་གྲོས་ཐག་བཅད་དེ་ཉི་མ་གསལ་བོར་གཏན་ལ་འཁེལ་རྗེས། མདའ་འཕེན་རྣམས་ཀྱིས་ཤོམ་ལྭ་སོགས་གྱོན་པ་དང་། སྡེ་བའི་མ་ཎི་ཁང་དུ་མཉམ་འཛོམས་གྱིས་ཡང་བསྐྱར་མདའ་དཔོན་མདའ་རྔ་བསྐོ་བའི་དགོས་པ་ཡོད་ཚེ་ཡང་བསྐྱར་བསྐོ་བ་དང་། བསང་མཆོད་སོགས་ཀྱི་འགྲོ་ལུགས་ཀྱང་སྔར་ལྟར་བསྒྲུབས་ཏེ་འགྲན་ཡའི་སྡེ་བར་ཞག་འདུག་བྱེད་རྩིས་ཀྱིས་མདའ་འཕེན་དུ་འགྲོ་ལ། འགྲོ་ཁར་སྡེ་བའི་བྱིས་པ་དང་མ་སྲུ། ལོ་ལོན་བཅས་མདའ་འཕེན་དུ་འགྲོ་མི་ཐུབ་མཁན་སོགས་མ་ལུས་མཉམ་གཅིག་ཏུ་འཛོམས་ནས་ མདའ་འཕེན་རྣམས་ལ་སྐྱེལ་མ་ཞུ་བའི་སྲོལ་ཡོད། མདའ་འཕེན་སྐབས་མདའ་བ་རྣམས་ཀྱི་རྣམ་པ་དང་ཟིལ་ཤུགས་ནི་སྐྱ་འཐེན་ལས་རབ་ཏུ་འགོངས་ཏེ་ཆེས་མཐོ་བའི་ཚད་ལ་སླེབས་ཤིང་། སྐུགས་རའི་ནང་ནས་མདའ་འཕངས་ཚར་བ་ན། མདའ་འཕེན་རེ་རེས་སྐུགས་ཡ་ཁྲིད་ནས་རང་ཁྱིམ་དུ་བཟའ་བཏུང་ལོངས་སྤྱོད་དུ་འགྲོ་བ་དང་། སྔར་གྱི་དགྲ་ལ་བལྟ་བའི་སྐུགས་ཡ་དེ་ད་ལྟ་རང་ཁྱིམ་གྱི་མགྲོན་པོ་གལ་ཆེན་དུ་བརྩིས་ནས“ཤ་ཉེ”ཞེས་བོས་ནས་མགྲོན་དུ་བཀུར་བར་བྱེད་པ་དང་། མནའ་བཅད་ལྟ་བུར་བརྩིས་ནས་ཚེ་གང་ལ་གྲོགས་བྱེད་པའི་སྲོལ་ཡང་སྔོན་ཆད་མང་བོ་འདུག སྐུགས་ཡའི་ཁྱིམ་ཚང་གིས་ཟས་རིགས་གང་ཞིམ་དང་ཤ་ཆང་གང་བཟང་གིས་མགྲོན་པོར་སྣེ་ལེན་བྱེད་པ་དེས་རང་གི་ལྷག་བསམ་མཚོན་པར་བྱེད་ཅིང་། སྐུགས་ཡའི་ཁྱིམ་དུ་བཟའ་བཏུང་ལ་རོལ་ཞིང་ངལ་ཅུང་ཙམ་གསོས་རྗེས་སྡེ་བ་དེ་གའི་སྐྱེས་ཕོ་མོ་ཡོད་ཚད་ཤ་ཉེ་དང་མ་སྲུ་ཤོང་བའི་ཁང་བ་ཞིག་གི་ནང་དུ་འཛོམས་ནས་ཐོག་མར་ཤ་ཉེ་རྣམས་མདའ་དཔོན་དང་མདའ་རྔ་གཙོ་བྱས། དེའི་རྗེས་རྒན་གཞོན་གྱི་གོ་རིམ་ལྟར་རིམ་གྱིས་གྲལ་ལ་འཁོད་རྗེས། གཞི་བ་ཚང་གིས་ལུག་ཤ་ཤ་ཁོག་འགའ་རེ་གསར་བུ་བཞི་རེས་འཁུར་ཡོང་ལ། འཁུར་ཡོང་སྐབས་མ་ཐེག་པའི་ཚུལ་གྱིས་འཁྱར་འཁྱོར་ངང་ཡོང་བ་དང་། གསར་བུ་གཞན་དག་གིས་མཐའ་ནས་བསྐྱོར་བ། ཤ་ཉེ་ཚོའི་གྲལ་ནས་ཀྱང་རྩེ་དགའ་ཅན་འགའ་རེས་ཀྱང་རོགས་བྱེད་ཁུལ་གྱིས་གྲལ་བར་ལ་ འཁུར་ཡོང་པ་དང་། དེའི་རྗེས་ཆང་ཡང་དེ་ལུགས་ཀྱིས་འཁུར་ཡོང་ལ། གཞི་བ་ཚང་གི་མདའ་བ་རེ་རེས་ཤ་ཉེ་རྣམས་ལ“མགྱོ གས་འདྲི”གཏོང་བ་དང་། མགྱོགས་འདྲི་བཏང་ཚར་རྗེས་གཞི་བའི་མདའ་བ་བདུན་ནས་བཅུ་གསུམ་གྱིས་གླུ་རེ་བླངས་ཏེ་ ཤ་ཉེ་རྣམས་ལ་ཆང་སྐལ་སྟེར་བ་དང་། དེའི་རྗེས་གཞི་བའི་ལོ་ལོན་ཞིག་གིས་རྩེད་མཚམས་ཤ་ཉེ་རྣམས་ལ་སྤྲད་པ་ན། ཤ་ཉེ་གྲས་ཀྱི་སྐད་ངག་བདེ་ལ་ལོ་ཚོད་ཅུང་མཐོ་བ་ཞིག་གིས་གླུ་སྒོ་འབྱེད་པ་ཡིན།

   དེ་ལྟར་གླུ་གང་འཚམས་ བླངས་རྗེས་སྡེ་བའི་ལོ་ལོན་ཁ་བདེ་ལྕེ་བདེ་ཞིག་གིས་སྟོན་བཤད་ཀྱི་མགོ་རྩོམ་པར་བྱེད་ཅིང་། ཤ་ཉེ་ཚང་གིས་ཀྱང་དེ་ལུགས་ཀྱིས་ལན་སློག་པར་བྱེད་དེ། སྟོན་བཤད་ལའང་ཇ་བཤད་དང་ཆང་བཤད། གོ་རེའི་བཤད་པ། ཤ་བཤད་སོགས་ཡོད་ཅིང་།(འདིའི་སྐབས་སུ་སྟོན་བཤད་དང་འབྲེལ་བའི་སྡེར་ཁ་བསྒྲིག་ རྒྱུ་བྱུང་ན་ཆེས་བཟང་)མདའ་རྩེད་དང་ཆང་ལ་འབྲེལ་བ་ཡོད་པའི་གླུ་དང་སྟོན་བཤད་མང་བོ་བྱས་ཚར་རྗེས། དེ་གའི་མ་སྲུ་རྣམས་དང་ཤ་ཉེ་རྣམས་ཀྱིས་ཕན་ཚུན་གླུ་དང་རྩེད་རིགས། གླུ་ཤགས་སོགས་འགྲན་རེས་བྱས་ཏེ་རིང་ན་ནམ་གསལ་རག་བར་དང་། ཐུང་ནའང་ནམ་གུང་དཀྱིལ་ཡོལ་རག་བར་དུ་སྡེ་བའི་བལྟ་མཁན་ཀུན་ལ་རྩེད་མོ་སྟོན་པར་བྱེད། དེ་དུས་མ་སྲུ་ཚོས་ཤ་ཉེ་རེ་རེར་གླུ་ཁྲལ་བཞག་ཚེ་ཤ་ཉེ་ཚོས་ཀྱང་ངེས་པར་དུ་མདའ་གླུ་ལེན་པའམ་ཡང་ན་རྩེད་མོ་གཞན་གང་རུང་སྟོན་དགོས་སོ།།

  ཕྱི་ཉིན་ནངས་པར་ཡང་མདའ་རྩལ་འགྲན་དགོས་པ་དང་། མདའ་འཕངས་ཚར་རྗེས་ཤ་ཉེ་རྣམས་ལ་ཆང་འགྱོགས་པ་དང་། ཕན་ཚུན་གླུ་ལེན་པ། མཇུག་མཐར་ཆང་སྐལ་དང་ལམ་བྲོ་བྱིན་ནས་ཕྱོགས་གཅིག་གི་སྟོན་མོ་རྫོགས་པར་བྱེད་ལ། བཀྲ་ཤིས་འཇོག་བཞིན་ལམ་ལ་ཆས་འགྲོ་ཞིང་། ཉིན་འགའི་རྗེས་སུ་སྡེ་བ་གཞན་དེའི་སྟོན་མོ་ཡང་དེ་ལུགས་ཀྱིས་བཤམས་པར་བྱེད་དོ། །


ཙོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506767
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།