བྱིས་པའི་མནོལ་སྐྲ་ལེན་སྟངས།
རྩོམ་པ་བོ། སོག་མདའ།
བྱིས་པའི་མནོལ་སྐྲ་ལེན་སྐོར་ལ་ཡུལ་ལུང་སོ་སོ་མི་འདྲ་བའི་རྣམས་གྲངས་ལོས་ཡོད་འདོད། འདིར་ངའི་བརྗོད་པར་འདོད་པ་ནི།
ང་རང་གི་ཕ་ཡུལ་ཏུ་མི་རབས་ནས་མི་རབས་ནས་བརྒྱུད་ནས་ཡོང་བའི་དུས་སྟོན་གྱི་རྣམས་གྲངས་དག་ལས་དཔེར་ན་བག་སྟོན་དང་སྦྲ་སྟོན། ཁང་སྟོན།
བརྒྱད་བཅུའི་གྱ་སྟོན།
བྱིས་པའི་མནོལ་སྟོན་སོགས་ལས་སྐབས་སུ་བབས་པ་བྱིས་པའི་མནོལ་སྟོན་གྱི་སྐོར་ཡིན།
མནོལ་སྟོན་ཞེས་པ་བྱིས་པ་ལོ་གསུམ་ལ་བུད་པའི་སྐབས་སུ་ཐོག་དང་པོ།དེའི་སྐབས་སུ་ཏག་ཏག་བོད་ཀྱི་ལོ་སར་ལ་ཁེལ་ཡོད།
བོད་ཀྱི་ལོ་རྩི་སྲོལ་ལྟར་བྱིས་པ་སྐྱེས་ནས་ཟླ་ལྔ་དྲུག་ལས་འགོར་མེད་ཀྱང་།
ལོ་སར་ཐོན་པའི་སྐབས་སུ་ལོ་གཅིག་ལ་བུད་ཚར་བ་རེད།
འདི་ལྟར་ལོ་གསུམ་ལ་བུད་པའི་སྐབས་སུ་མ་གཏོགས་བྱིས་པའི་མགོ་སྐྲའམ་ནོས་སྐྲ་བཞར་བའི་སྲོལ་མེད་ལ།
བྱིས་པ་ལོ་གསུམ་ལ་བུད་པའི་སྐབས་སུ་ནོས་སྐྲ་བཞར་དགོས་པ་དང་།
དེ་ནི་བོད་ཀྱི་ལོ་སར་ཚེས་གཅིག་དང་ཚེས་གསུམ་གང་རུང་ཡིན་དགོས་པ་དང་།
གཞན་ཁྱིམ་ཚང་ནང་ནས་མི་ཞིག་འདས་བཀྲོངས་སོང་བ་སོགས་ཡིན་ན།
ལོ་སར་ཚར་བའི་རྗེས་ཀྱི་ཚེས་ལྔའམ་བཅུ་གསུམ་སོགས་གང་རུང་ལ་ནོས་སྟོན་བྱེད་ངེས་
ཡིན། གལ་སྲིད་ཁྱེད་ཚང་གི་བྱིས་པའི་ནོས་སྟོན་ཚེས་གཅིག་ཉིན་བྱེད་རྒྱུ་ཡིན་ན།
ཉིན་འགའི་སྔོན་ནས་ཨ་ཞང་ཨ་ཁུ་དང་ནང་མི་ཉེ་འབྲེལ་རི་སྡེ་དཀྲིས་གསུམ་བཅས་ལ་བརྡ་ལན་སྟེར་བ་དང་།
ཅུང་དྲ་རྒྱས་པོ་ངང་ནོས་སྟོན་བྱེད་ན་སྦྲ་གུར་སོགས་སྔར་ལས་མང་པོ་ཕུབ་པ་དང་ནམ་རྒྱུན་ལོ་སར་ལས་ལྷག་པའི་མཆོད་བཤམས་དང་གཏེར་ཁ་སོགས་བསྒྲིགས་པ་དང་།
གཏེར་ཁ་འཇོག་སྟངས་ལ་ཡང་གཏེར་མ་ལྔ་འཇོག་དང་བཅུ་འཇོག་སོགས་རྣམས་གྲངས་མི་འདྲ་བ་ཁ་ཤས་ཡོད།
མཆོད་བཤམས་ལ་ཡང་དཀར་གསུམ་མངར་གསུམ་དང་ཟས་རིགས་སྣ་ཚོགས་སོགས་ཀྱི་དམར་ཟས་མེད་པའི་ཟས་རིགས་དག་གི་མཆོད་པ་བཤམས་ལ།
གཏེར་ཁ་ཤ་མར་ཐུད་གསུམ་ཤིང་ཏོག་རིགས་ཀ་ར་ཞིམ་པོ་རིགས་སོགས་ཅི་འཛོམས་གྱི་ཟས་རྣམས་གཏེར་ཁ་ལ་འཇོག་ངེས་ཡིན།
གཏེར་ཁ་དང་ལོ་སར་ཚེས་གཅིག་ཉིན་གྱི་ཞོགས་པར་བུ་རྣམས་ཀྱི་གོས་ལྭ་གསར་བ་གོན་ནས་བསང་གསོལ་དང་རི་མགོ་ལབ་ཙེ་བསྟོད་ཏུ་འགྲོ་བ་དང་།
མ་སྲུ་རྣམས་ཀྱིས་ཟོ་བ་རྒྱབ་ལ་ཁུར་ནས་ཞོགས་པ་སྔ་བོ་ཆུ་ལེན་ཏུ་འགྲོ་བ་སོགས་དང་།
དེ་མིན་བྱིས་པ་རྣམས་སྔ་བོ་ཡར་ལངས་ནས་ཤོ་སྦག་རྒྱག་པ་སོགས་ནམ་རྒྱུན་གྱི་ལོ་སར་རོལ་ལྟར་བྱེད་པ་དང་།
ཉི་ཤར་རྩེ་མོ་རྟེན་འབྲེལ་གྱི་འགོ་མ་ལ་ནང་མི་ལྷན་འཛོམ་དང་ཨ་ཞང་ཨ་ཁུ་རི་སྡེ་
ཕུ་ནུ་གང་འཚམ་འཛོམས་ཡོད་པའི་སྐབས་སུ། བྱིས་པའི་ནོས་སྐྲ་བཞར་ཞིང་།
ནོས་སྐྲ་བཞར་མཁན་དེ་ཡང་ཡིན་གཅིག་མིན་གཉིས་ཕ་མ་གཉིས་གང་རུང་གི་བུ་སྤུན་བྱིས་པའི་ཨ་ཞང་ཞིག་གིས་ནོས་སྐྲ་བཞར་དགོས་ཞིང་།
ཨ་ཞང་དེ་ཡང་ཁ་ལས་རླུང་རྟ་དར་ཞིང་མི་གཞི་ཡག་པ་ཞིག་གིས་ལེན་དགོས།
ནོས་སྐྲ་འཇོག་སྟངས་ལ་ཡང་མི་འདྲ་བའི་རྣམས་གྲངས་དུ་མ་ཡོད།
ལ་ལའི་མགོ་ལ་རལ་བ་འཇོག་པ་དང་ལ་ལའི་ཐོད་པའི་ཐོག་ནས་སྐྲ་དུམ་ཞིག་འཇོག་ལ།
ལ་ལའི་སྐྲ་ཚང་མ་བཞར་བ་ཡང་ཡོད། དེ་ནི་གང་འདོད་ལྟར་རེད།
དེ་ལྟར་ནོལ་སྐྲ་དེ་བཞར་བ་དང་།
ཐོག་དང་པོ་དེ་ཨ་ཞང་དེའི་སྤྱི་གཙུགས་ནས་སྐྲ་ཅུང་ཙམ་བྲེག་ནས་ནོལ་སྐྲ་བཞར་ཞིང་།
ནོལ་སྐྲ་བཞར་ཚར་བའི་རྗེས་སུ་ནོས་སྐྲ་དེ་དང་འཇོ་བུ་ཞིག་དང་ཆོ་རུལ་མིག་བཞི་ཅན་དང་།
དེ་མིན་བྱིས་པ་དང་པོ་སྐྱེས་པའི་སྐབས་སུ་ལྟེ་བ་བཅད་པའི་དུམ་བུ་ཞིག་བཅས།
དེ་ཉིན་གྱི་གོས་གསར་བའི་རྒྱབ་ལ་འདོགས་ཞིང་།
ནོས་སྐྲ་རྒྱབ་ལ་འདོགས་པ་དེ་བྱིས་པ་དེ་སྐྲ་ལོའི་ཁ་གྲངས་ལྟར་ཚེ་ཐག་རིང་ཞིང་རྒྱུ་ནོར་དབང་སྡུད་སྐྲ་གྲངས་ལྟར་རྒྱས་པའི་སྨོན་འདུན་ཡིན་པ་དང་།
འཇོན་འབུ་འདོགས་པ་ཡང་ནད་གདོན་དང་བར་ཆད་འགོགས་པའི་ཆེད་དུ་ཡིན་པ་དང་།
བྱིས་པ་སྐྱེས་པའི་སྐབས་སུ་ལྟེ་བ་བཅད་པའི་དུམ་བུ་ཞིག་རྒྱབ་ལ་འདོགས་པ་ནི་
རྗེས་སུ་བྱིས་པ་ལ་ཁ་ལངས་བའི་སྐབས་སུ་ལྟེ་བ་བཅད་པའི་ལྟེ་བ་སྐམ་པོ་དེ་ཆུ་ནང་ཅུང་སྤངས་ནས་དེ་བྱིས་པ་ཁ་ལངས་པའི་སྐབས་སུ་ན་ཁོལ་དང་ཚ་ལྡུར་སོགས་འཇོག་བྱེད་ཡིན་ལ།
རྒྱབ་ལ་ཆོ་རིལ་མིག་བཞི་འདོགས་པ་ན་བྱིས་པ་གོམ་པ་ཅུང་སྤོ་ཐུབ་པའི་སྐབས་སུ་འགྲོ་འདུག་རྒོད་པའི་བྱིས་མི་འབོར་བའི་ཆེད་དུ་ཆོ་རུལ་གྱི་སྒྲ་གྲགས་ན་བྱིས་པ་གར་ཡོད་ཕ་མའི་ཤེས་པའི་ཆེད་དུ་ཡིན་ལ།
གཞན་བྱིས་པ་ཆུང་ཆུང་རྣམས་ཕོ་རོག་སོགས་བྱ་རིགས་རྗེས་སུ་མི་འདེད་པ་དང་དེ་དག་གི་གནོད་པ་སོགས་འགོག་པའི་ཆེད་དུ་རྒྱབ་ལ་ཆོ་རུལ་འདོགས་པ་ཡིན།
འདི་ལྟར་ཨ་ཞང་གི་ནོས་སྐྲ་བཞར་བ་རེད།
ནོས་སྐྲ་བཞར་བའི་སྐབས་སུ་ཨ་ཞང་དེ་ཡི་འདི་ལྟར་ཁ་གཡང་སྒྲོག་པ་དང་།
བུ་ཆུང་ཚེ་རིང་ལོ་བརྒྱ་ཁྱེད། བསྡད་ས་ནས་ཁ་ལས་དགེ་ཡ།
འགྲོ་བའི་གནས་ནས་འདོད་དོན་འགྲུབ་པ། རྟ་ར་གོང་མ་རྟ་གི་གང་།
ལུག་ར་བར་མ་ལུག་གི་གང་། ནོར་ར་ཞོལ་མ་ནོར་གི་གང་།
མི་བརྒྱའི་མགོ་ནས་གཏམ་བཤད་ལ། རྟ་བརྒྱའི་མགོ་ནས་དུང་འབུད་ལ།
ཁ་ལས་རླུང་རྟ་དར་ཡ།
ཅི་བྱས་བསམ་དོན་འགྲུབ་པ་སོགས་ཀྱི་ཁ་གཡང་གི་སྟོན་བཤད་ཀྱང་མདོར་བསྡུས་ཙམ་ཡོད།
བྱིས་པ་དེ་ལ་གོན་པ་ཁ་ཚང་ཞིག་བཟོས་ཡོད་ལ།
དེ་མིན་ཤ་ཉེ་རིང་རྣམས་ཀྱིས་རྟ་དང་གཡག་ལུག མར་ཕྱུར་བ་ཞོ་འོ་མ་སོགས་སྟེར་ལ།
ཞུན་དང་ཀ་ར་གོ་རེ་སོགས་ཀྱང་སྟེར་སྲོལ་ཡོད།
འདི་ལྟར་ཉིན་དེ་ལ་ཕྱོགས་སོ་སོ་ནས་ཡོང་བའི་ཨ་ཞང་ཨ་ཁུ་དང་རི་སྡེ་ཕུ་ནུ་རྣམས་ཡོང་ཞིང་།
དེ་ནས་དགུང་མོ་སླར་ཡང་རི་སྡེ་ནང་མི་ཕུ་ནུ་རྣམས་འཛོམས་ནས་གླུ་ལེན་གར་རྩེ་སོགས་བྱེད་པའི་སྲོལ་ཡོད།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།
|