​ཡིག་རྙིང་མཚམས་སྦྱོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »​ཡིག་རྙིང་མཚམས་སྦྱོར།
​ཡིག་རྙིང་མཚམས་སྦྱོར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-06ལྟ་ཀློག (3487)རྩོམ་ཁུངས: བཙན་པོ་ཚང་།པར་འདེབ།


ཡིག་རྙིང་མཚམས་སྦྱོར། 

སྐྱེས་སར་ཀླུ་སྒྲུབ། 

       སངས་རྒྱས་ཆོས་ལུགས་ཀྱི་ངོས་ནས་བཤད་ན། རྡོ་རྗེ་གདན་ནམ། དེང་སང་ཡོངས་གྲགས་སུ་བྷོ་དྷི་གཱ་ཡ་ཞེས་པའི་གནས་འདི་སངས་རྒྱས་ཤཱཀྱ་མུ་ནེས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གཞན་དོན་སྤངས་པ་ཕུན་ཚོགས་དང། རང་དོན་རྟོགས་པ་ཕུན་ཚོགས་མངོན་དུ་བྱས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སའི་གནས་ཆེན་དེ་ཡིན། མིའི་རིགས་ཀྱི་ལོ་རྒྱུས་ངོས་ནས་བལྟས་ན། གནས་འདི་ཤཱཀྱའི་རིགས་རྒྱུད་ཀྱི་རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱིས་སྔར་ཡོད་བྲམ་ཟེའི་ཆོས་ལུགས་དང་གཅེར་བུ་པའི་ཆོས་ལུགས་ཀྱི་ལེགས་ཆ་བསྡུ་ལེན་བྱས་ཏེ་སངས་རྒྱས་ཆོས་ལུགས་ཟེར་བ་འདི་གསར་བཏོད་བྱེད་ས་དེ་ཡིན་པ་རེད། དེང་སྐབས་ང་ཚོས་ངོས་འཛིན་གསལ་ཤོས་ཐོབ་པ་ཞིག་ནི། སྐྱེ་བ་སྔ་ཕྱི་ཡོད་མེད་དང། རང་རེ་འཛམ་གླིང་འདིའི་སྐྱེས་བུ་ཞིག་གིས་ཐར་བའི་གོ་འཕང་མངོན་དུ་བྱེད་ཐུབ་མིན་སོགས་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་འདོད་ཚུལ་དེ་ཚོར་དོས་སློང་བྱེད་མི་དགོས་པར། སངས་རྒྱས་ཆོས་ལུགས་ཀྱི་རྣམ་ཤེས་ལྟ་བུའི་བྱམས་སྙིང་རྗེའི་བསམ་སྤྱོད་དང། དེ་མཚུངས་བསམ་སྤྱོད་དེའི་རྒྱབ་ལྗོངས་ཀྱི་གཞི་བཅོལ་སའི་ལྟ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འདི་གཉིས་ཀར་བསམ་ཞིབ་ནན་ཏན་བྱས་ན། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཁོང་ནི། འཛམ་གླིང་འདིའི་སྙིང་རྗེའི་སྟོན་པ་དང། རྟེན་འབྲེལ་གྱི་མཚན་ཉིད་རིག་པ་སྨྲ་པའི་སྐྱེས་བུ་རླབས་པོ་ཆེ་ཞིག་ཡིན་པ་རང་བཞིན་གྱིས་གསལ་རྟོགས་ཡོང་ངེས་ཡིན་ལ། དེ་ལྟ་བུའི་སྐྱེས་བུ་ཁྱད་པར་ཅན་དེ་སྤྱིར་ཡུལ་གང་དུ་སྐུ་འཁྲུངས་མིན་དང། ལྷག་པར་རིན་ཐང་གཞལ་དུ་མེད་པའི་ཁོང་གི་ལྟ་སྤྱོད་དེ་ཡུལ་དུས་གནས་སྐབས་གང་འདྲ་ཞིག་ལ། ཚུལ་ཇི་ལྟར་གསལ་བར་མཛད་ཚུལ་ཤེས་དགོས་པ་དེའང། ཆོས་དད་པ་དང། ཁོང་གི་རྗེས་འཇུག་ཡིན་མིན་ཙམ་གྱིས་དབྱེ་བ་འབྱེད་དུ་མེད་པར། ཆུང་ས་གང་ཟག་སྒེར་གཅིག་ནས། ཆེ་ས་སེམས་ཅན་སྤྱིའི་ཆེད་མེད་མི་རུང་བའི་ལྟ་སྤྱོད་རླབས་པོ་ཆེ་འདི་ཉིད་ཅི་ཙམ་གལ་ཆེ་མིན་ཚད་གཞིར་བཟུང་སྟེ་ཁོང་གི་སྐོར་ཤེས་རྟོགས་བྱེད་གོས་པཞིག་རེད།སངས་རྒྱས་ཤཱཀྱ་མུ་ནེས་རང་གི་རྗེས་འཇུག་དགེ་སློང་ཚོར་ཐུགས་རེ་གནང་དོན། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། སྲེག་བཅད་བརྡར་པའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླངས་པར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་ཡོད། ཁོང་གི་གསུང་འདིའི་བབ་ནས་ཤེས་ཐུབ་པ་ཞིག་ནི། སྐབས་དེའི་བྲམ་ཟེའི་ཆོས་ལུགས་པའི་བྱ་སྤྱོད་སྤྱི་དང། ཕྱོགས་མཚུངས་སངས་རྒྱས་ཤཱཀྱ་མུ་ནེ་རང་གི་རྗེས་འཇུག་ཁག་ཅིག་གིས་རང་གི་སྟོན་པ་དང། བླ་མའི་གསུང་དེ་ཉིད་ལས་ལྷག་པའི་ཚད་མ་ཞིག་མེད་ཤག་གིས་བརྟག་པ་གཙོ་བོར་མི་འཛིན་པའི་གནས་ཚུལ་ཡོད་པ་བསྟན་འདུག་པ་མ་ཟད། དེ་ལྟའི་གནས་ཚུལ་འོག་སངས་རྒྱས་ཤཱཀྱ་མུ་ནེ་རང་གི་རྗེས་འཇུག་ཚོས་རང་ཉིད་ཀྱི་དགོངས་པ་གསལ་རྟོགས་ཐུབ་ཀྱི་མེད་པ་དང། ཐུགས་རེ་བཞིན་སློབ་གཉེར་མ་བྱུང་བ་བསྟན་འདུག་སྙམ། གང་ལྟར་དེང་སང་དུས་རབས་ཉེར་གཅིག་པར་གྲགས་པ་འདིའི་ནང་སྐྱེས་བུ་ཕལ་མོ་ཆེ་དང། ལྷག་པར་གང་ཡང་ཞིབ་འཇུག་དང་དཔྱད་གསུམ་དག་པའི་སྒོ་ནས་མཐར་སྐྱེལ་བྱེད་དགོས་ཟེར་མཁན་ཚོས། སངས་རྒྱས་ཤཱཀྱ་མུ་ནེས་གསུང་ཚད་ཁས་ལེན་དགོས་པ་དང། གསུང་ཚད་འདོར་དགོས་པའི་མཐའ་གཉིས་ཀ་སྤངས་ནས། སྙིགས་དོར་བཅུད་ལེན་གྱི་ལམ་དུ་འཇུག་འོས་པ་ཡིན་ལ། དེ་ནི་སངས་རྒྱས་ཤཱཀྱ་མུ་ནེ་ཁོང་རང་གི་ཐུགས་རེ་ངོ་མ་ཡང་ཡིན་པ་རེད། དོན་དངོས་སུ་ང་ཚོས་སངས་རྒྱས་ལས་ལྷག་པ་ཞིག་ཤེས་ཐུབ་པའམ། ཁོང་གི་དགོངས་ཚུལ་ཁག་གཅིག་ཡང་མ་དག་པ་མཐར་སྐྱེལ་ཐུབ་ན། དེ་ནི་སངས་རྒྱས་ཆོས་ལུགས་ལ་ཞབས་འདེགས་ཚད་མཐོན་པོ་ཞིག་ཞུས་པར་ངོས་འཛིན་བྱེད་ཆོག་ལ། མིའི་རིགས་ཀྱི་རྣམ་དཔྱོད་ལ་འཕེལ་རྒྱས་གསར་པ་ཞིག་བྱུང་བར་ཡང་ངོས་འཛིན་བྱེད་ཆོག་པ་ཡིན། གང་ལྟར་ཟླ་བྲལ་གྱི་ལྟ་སྤྱོད་འདི་ཡུལ་གང་ལས་བྱུང་བའི་གནས་གཞི་གཙོ་བོ། གནས་མཆོག་རྡོ་རྗེ་གདན་དང། དེ་ལས་སངས་རྒྱས་ཤཱཀྱ་མུ་ནེས་མཛད་པ་ཅི་བསྟན། རྗེས་འཇུག་བུ་སློབ་རྣམས་ཀྱིས་རྟེན་བཞེངས་ཇི་ལྟར་བྱས་ཚུལ། ལྷག་པར་མིའི་རིགས་ཀྱི་ལོ་རྒྱུས་ནང་འགྲན་ཟླ་བྲལ་བའི་སངས་རྒྱས་ཆོས་ལུགས་རྒྱ་བསྐྱེད་གནང་མཁན་རྒྱལ་པོ་ཨ་ཤོ་ཀས་སངས་རྒྱས་ཀྱི་གནས་གཞི་སྤྱིདང། ལྷག་པར་རྡོ་རྗེ་གདན་དུ་རྟེན་དང་རྟེན་པ་ཆ་ཚང་བ་ཡར་རྒྱས་ཇི་ལྟར་བཏང་ཚུལ་སོགས་ཞིབ་ཅིང་ཁུངས་དག་པར་མཁྱེན་འདོད་ཚེ། ངེས་པར་ཡིག་ཆ་ཁུངས་དག་ཅིག་ལ་གཞི་བཅོལ་ནས་ཤེས་དགོས་པ་ལས། ངག་རྒྱུན་ཐར་ཐོར་དང་རང་བཟོའི་ཚོད་དཔག་ཙམ་གྱིས་ཡོང་ཐབས་མེད། ཡིན་ན་ཡང། སྔར་རྒྱ་གར་སྤྱི་དང། ལྷག་པར་ཡུལ་དབུས་སུ་བསྟན་པ་སྐྱོན་མེད་པར་གནས་སྐབས་སུ་རྒྱ་བོད་ཀྱི་ལོ་པཎ་ཇི་སྙེད་ཅིག་གནས་འདིར་ཕེབས་པ་ལས། རྡོར་གདན་གཅིག་པུའི་སྐོར་ཞིབ་གསལ་གྱིས་བྲིས་པ་དཀོན་པར་སྣང་ལ། ཡང་རེ་གཉིས་ཡོད་པའི་ནང་ནས། རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་ཅེས་པའི་ཡིག་རྙིང་འདི་ལྟ་བུར་མཚོན་ན། བར་ལམ་བོར་བརླགས་ཤོར་ནས་རྙེད་དཀའ་བའི་ཚད་དུ་སླེབས་འདུགམཁས་དབང་དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་པཎ་ཆེན་ར་ཧུ་ལ་བོད་དུ་ཕེབས་སྐབས་སྣར་ཐང་སོགས་ནས་དཔེ་རྙིང་གང་མང་ཞིག་རྒྱ་གར་དུ་བསྣམས་ཕེབས་པའི་ནང་དཔེ་རྙིང་འདི་ཡང་ཚུད་འདུག དགེ་ཆོས་ཀྱི་གནས་ཡིག་དང་གཏམ་རྒྱུད་གསེར་ཐང་གཉིས་ཀྱི་ནང་ཆག་ལོའི་རྡོ་རྗེ་གདན་གྱི་དཀར་ཆག་ཅེས་ཡང་ཡང་བྲིས་པར་མ་ཟད། ད་དུང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་མཛད་པའི་ལམ་ཡིག་ནང་ནས་ཞིབ་ཚགས་ཆེ་ཤོས་ཡིན་རབས་ཀྱི་གདེང་འཇོག་ཆེ་ཙམ་པ་ཞིག་མཛད་འདུག ཡང་པཎ་ཆེན་འོས་སྤྲུལ་གྱིས་རྩོམ་སྒྲིག་བྱས་པའི་ཆག་ལོའི་རྣམ་ཐར་གྱི་དབུར་པཎ་ཆེན་འོས་སྤྲུལ་གྱིས་གླེང་བརྗོད་ཅིག་སྤེལ་བའི་ནང་ཡང། པ་ཊ་ནའི་དཔེ་མཛོད་འདིའི་ནང་ཆག་ལོ་ཙཱ་བས་མཛད་པའི་རྡོ་རྗེ་གདན་གྱི་དཀར་ཆག་ཅེས་པ་དེ་ཡོད་ཚུལ་གསུངས་པ་སོགས་སུ་བརྟག་ཚེ་ཁོང་རྣམ་པས་དངོས་མཇལ་བྱུང་བའི་ཡིག་ཆ་དེ་ཉིད་དཀར་ཆག་འདི་ཡིན་པར་ངེས་པ་དང། འདིའི་མཛད་པ་པོ་ཡང་ཆག་ལོ་ཡིན་པར་ངོས་འཛིན་གནང་བཞིན་པ་རྟོགས་ཐུབ་མོད། འོན་ཀྱང་ད་དུང་ཐེ་ཚོམ་བྱེད་དགོས་པ་ཞིག་ལ། དགེ་ཆོས་དེབ་དཀར་ནང། དེ་ནས་གངྒཱ་བརྒལ་ཏེ་ཕྱི་ཉིན་རྒྱ་གར་དུ་སླེབས་ཞེས་པ་ཞིག་ཆག་ལོའི་ལམ་ཡིག་ནང་གསལ་ཚུལ་བཤད་པ་དེ་ཉིད་འདིར་གཏན་ནས་མི་གསལ་བ་དང། ཡང་གོང་ཞུས་བཞིན་པཎ་ཆེན་འོས་སྤྲུལ་གྱིས་རྩོམ་སྒྲིག་བྱས་པའི་ཆག་ལོ་ཙཱ་བའི་རྣམ་ཐར་(རྣམ་ཐར་དེ་ནི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་ཚ་བུ་དང་དགེ་ཕྲུག་གཉིས་ཀ་ཡིན་པ་དགེ་བསྙེན་ཆོས་དཔལ་དར་དབྱངས་ཀྱིས་མཛད་པ་ཞིག་ཡིན།) ནང་ཁོང་གིས་ལམ་ཡིག་འདི་འདྲ་མཛད་ཚུལ་ཅང་མི་གསལ། ཡིན་ཡང་ཁོང་གིས་མཛད་ཚད་རྣམ་ཐར་དེར་གསལ་ཡོད་པ་དང་གསལ་དགོས་པའི་ངེས་པ་མེད་རུང། དོགས་སློང་བྱེད་གཞི་ཞིག་ཏུ་གྱུར་འདུག རྡོར་གདན་དཀར་ཆག་འདིའི་མཇུག་ཏུ། འདི་དཔེ་ཕྱི་སྒོ་ཆེན་གཅིག་བྱུང་(འདིའི་དོན་་་དཔེ་འདིའི་ཕྱི་མོ་དཔེ་ཚད་སྒོ་ཆེན་བྱས་པ་ཏེ་གནའ་ཤོག་སྒོ་ཆེན་གྱི་ཚད་ལྟ་བུ་ཡོད་པ་ཞིག་ཏུ་བྲིས་ནས་ཡོད་པའི་དོན་དུ་ངེས།) སྟེ་མཛད་པ་པོའི་མིང་བསུབས་ནས་གདའ་འོ། །འོན་ཀྱང་རྡོ་རྗེ་གདན་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་གིས་བྱས་པ་ལ་ཐེ་ཚོམ་མེད་ཅེས་བཀོད་འདུག་པ་ལས་དམིགས་བསལ་ཆག་ལོ་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གང་ཡང་མ་མཐོང། ཡིན་ཡང། ཡིག་ཆ་རང་གི་ངོས་ནས་བསམ་ན། རྡོར་གདན་དཀར་ཆག་དང་ལམ་ཡིག་ཅེས་པ་འདི་དུས་རབས་བཅུ་གཅིག་པའམ། ཡང་ན་དུས་རབས་བཅུ་གཉིས་པའི་མགོ་སྟོད་ཙམ་ལ་བྲིས་པ་ཞིག་ཡིན་པར་ཐེ་ཚོམ་མི་འདུག གལ་ཏེ་ཆག་ལོས་མཛད་པ་ཡིན་ཟེར་རྒྱུ་ཡིན་ན། ཆག་ལོ་ཁོང་ཡུལ་དབུས་སུ་བཞུགས་སྐབས་ཕྱི་ལོ་ ༡༢༢༧ ཙམ་ཡིན་པས་དུས་ཚོད་ཀྱིས་འགྲིག་དཀའ། ཡང་རྡོར་གདན་དཀར་ཆག་འདི་དུས་རབས་བཅུ་གཉིས་པའི་ནང་ངམ་ཡང་ན། དེའི་སྔོན་དུ་བྲིས་པ་ཞིག་ཡིན་པ་ཇི་ལྟར་ཤེས་ཟེར་ན། བཅོམ་ལྡན་རིག་རལ་གྱི་རྡོར་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་ཅེས་པ་དེ་དཔེ་འདིའི་ཞལ་བཤུ་ཙམ་ཡིན་པ་ཧ་ཅང་གསལ། དེས་ན་བཅོམ་ལྡན་རིག་རལ་གྱི་འཁྲུངས་འདས་ལོ་ཚིག་གསལ་བོ་ཞིག་(བཅོམ་ལྡན་རིག་རལ་ནི་བོད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་པ་མ་ཟད། འགྲོ་མགོན་འཕགས་པ་དང་དུས་མཉམ་ཡང་ཡིན་ལ། འགྲོ་མགོན་འཕགས་པའི་མཛད་སྤྱོད་འགའ་ཐུགས་ལ་མ་བབ་སྟབས་འདི་ལྟར་བཀའ་བཀྱོན་ཡང་གནང་འདུག སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་སྒྲིབ།། སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར།། སྙིགས་དུས་དགེ་སྦྱོང་ཆེན་པོའི་ཆ་ལུགས་འཛིན།། འདི་གསུམ་མ་རྟོགས་འཕགས་པ་མིན་པར་གོ།། ཞེས་གསུངས་པར། འཕགས་པས་ལན་ལ། བསྟན་ལ་འཕེལ་འགྲིབ་ཡོང་བ་རྒྱལ་བས་གསུངས།། སེམས་ཅན་བདེ་སྐྱིད་རང་རང་ལས་ལ་རག།། གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད།། འདི་གསུམ་མ་རྟོགས་མཁས་པ་མིན་པར་གོ།། ཞེས་གསུངས་ཚུལ་ལོ་རྒྱུས་ཡིག་ཆ་ཁག་ཏུ་འཁོད་ཡོད།) ད་ཕན་རྙེད་སོན་མ་བྱུང་ཡང། དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་འཁྲུངས་ཞེས་ལོ་རྒྱུས་ཡིག་ཆ་ཁག་ཞལ་གཅིག་མཚུངས་ཡིན་སྟབས། ཁོང་གི་དཔེ་བཤུ་གནང་སའི་མ་ཡིག་དེ་ཁོང་གི་སྐུ་ཚེའི་སྔོན་དང། ཡང་ན་ཁོང་གི་སྐུ་དུས་གང་རུང་ལ་ཡོད་དགོས་པ་སྨོས་ཅི་འཚལ། ཡང་བཅོམ་ལྡན་རིག་རལ་གྱི་རྡོར་གདན་རྣམ་བཤད་ཅེས་པ་འདི་རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་ཅེས་པའི་ཞལ་བཤུ་ཙམ་ཡིན་པ་ཇི་ལྟར་ཤེས་ཟེར་ན། བཅོམ་ལྡན་རིག་རལ་གྱི་སྐུ་ཚེ་ཆ་ཚང་བོད་དུ་བཞུགས་པ་ལས། རྒྱ་གར་དུ་ཕེབས་ཚུལ་གཏན་ནས་མི་གསལ་ཁར། ཁོང་སྣར་ཐང་ཆོས་སྡེར་བཞུགས་ནས་བསྟན་འགྲོའི་བྱ་བ་མང་དུ་མཛད་སྟབས། ཁོང་གི་རྡོར་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་ཅེས་པ་དེའང་རྡོར་གདན་དཀར་ཆག་དང་ལམ་ཡིག་ཅེས་པ་འདི་གཟིགས་རྗེས་སུ་དཔེ་དེ་ཞལ་གསལ་དུ་བཏང་བ་ལྟ་བུ་ཞིག་མཛད་འདུག་སྙམ། དེའང་རྒྱུ་མཚན་ནི། གཅིག་ནས་རྡོར་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་ནང་རྡོར་གདན་དཀར་ཆག་ལས་ལྷག་པ་གང་ཡང་མི་གསལ་བ་དང། གཉིས་ནས་བཅོམ་ལྡན་རིག་རལ་སྤྱིར་འཕགས་ཡུལ་དང་བྱེ་བྲག་ཡུལ་དབུས་སུ་མ་ཕེབས་པར་རྡོར་གདན་རྣམ་བཤད་འདི་ལྟ་བུ་ཞིག་རང་སྟོབས་ཀྱིས་མཛད་དཀའ་བ། གསུམ་ནས་རྡོར་གདན་རྣམ་བཤད་ནང་བཅོམ་ལྡན་རིག་རལ་གནས་འདིར་སླེབས་མྱོང་བའི་ཚིག་ཟིན་གསལ་བོ་གང་ཡང་མེད་སྟབས་གུས་པའི་བསམ་ཚོད་ལ། བཅོམ་ལྡན་རིག་རལ་གྱི་རྡོར་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་ཅེས་པ་དེ། ཡིག་རྙིང་འདིའི་ཞལ་གསལ་དུ་བཏང་བ་ཞིག་ཡིན་པ་གསལ་རྟོགས་ཐུབ་པ་ཞིག་ཡིན་སྙམ། ཡིག་རྙིང་འདིའི་མཛད་པ་པོ་ཡུལ་དབུས་སུ་ཕེབས་པའི་རྟགས་སུ་ལམ་ཡིག་མཛད་པ་དང། དེ་མཚུངས་དཀར་ཆག་ནང་ཁོང་རང་ངོས་སུ་གནས་འདིར་ཕེབས་པའི་གསུང་ཚིག་མང་ཡང་བཅོམ་ལྡན་རིག་རལ་གྱི་རྡོར་གདན་རྣམ་བཤད་ལ་ཚིག་ཟིན་དེ་ལྟར་མེད་སྟབས་རྒྱུ་མཚན་འདི་དག་གི་ཐོག་ནས་བཅོམ་ལྡན་རིག་རལ་གྱི་རྡོར་གདན་རྣམ་བཤད་དེ་ཡིག་རྙིང་འདི་ལས་འཁྲུངས་པར་ངོས་འཛིན་ཞུ་ཆོག་སྙམ། གང་ལྟར་བོད་ཀྱི་ལོ་ཙཱ་བ་རྣམས་དཀའ་སྤྱད་འབད་བརྩོན་ཆེན་པོའི་ངང་རྒྱ་གར་ནང་ཕེབས་ནས་སློབ་གཉེར་དང། ཡིག་སྒྱུར་སོགས་སུ་འབད་པ་བྱས་ཁར། གནས་ཡིག་འདི་ལྟ་བུ་བྲིས་སྟབས་རང་རེའི་དཔེ་འདི་དག་བདག་གཅེས་ལེགས་པོ་བྱས་ཏེ་དཔེ་རྒྱུན་སྤེལ་བ་དང། ལོ་རྒྱུས་ཀྱི་དོན་གནད་སྣ་མང་ངོ་འཕྲོད་ཐབས་ལ་འབད་དགོས་པ་དེ་གལ་ཆེན་ཞིག་ཏུ་མཐོང་ནས། ཕྲན་གྱིས་ལོ་མང་རིང་དཔེ་རྙིང་འདི་འཚོལ་སྒྲུབ་བྱེད་རྒྱུ་གཙིགས་སུ་བཟུང་སྟེ། ཐབས་འཚོལ་བྱས་པ་བརྒྱུད་ཕྱི་ལོ་ ༢༠༠༨ ལོའི་ལོ་མཇུག་ཙམ་ལ་དཔེ་རྙིང་འདི་ལག་སོན་བྱུང། འོན་ཀྱང་དཔེ་རྙིང་འདི་ལག་སོན་བྱུང་བ་གཅིག་པུས་མི་འགྲིག་པར་ད་དུང་དཔེ་རྙིང་འདི་ཉིད་དཔར་འདེབས་སྒོས་མང་ཙམ་འགྲེམས་སྤེལ་བྱེད་འདུན་བྱུང་ཡང། རང་ལ་དཔལ་འབྱོར་ལྡང་ངེས་མེད་སྟབས། དཔལ་༸རྒྱལ་བ་ཀརྨ་པར་སྐྱབས་འཇུག་ཞུས་པར་ཁོང་གིས་རྣམ་དཔྱོད་དང། ལྷག་བསམ་གྱི་ཕྱག་ཟུང་ཡངས་པོའི་སྒོ་ནས་དཔེ་རྙིང་འདི་སྤུས་ཚད་ལེགས་ཤིང་དཔར་གྲངས་གང་མང་ཞིག་འགྲེམས་སྤེལ་གནང་རྒྱུའི་བཀའ་བཟང་ཕེབས་སྟབས་དེ་རིང་གུས་པ་སྤྲོ་སེམས་ཆེན་པོའི་ངང་ནས་དཔེ་རྙིང་འདི་ཁྱེད་རྣམ་པའི་མདུན་སར་བསྲིངས་རྒྱུའི་གོ་སྐབས་བྱུང་བར་མ་ཟད། དེབ་ཀྱི་དབུར་དཔལ་༸རྒྱལ་བ་ཀརྨ་པ་མཆོག་གིས་ཐུགས་བརྩེའི་ཆེད་བརྗོད་གནང་བ་སོགས་བཀའ་དྲིན་ཆེ་བའི་མཛད་བཟང་འདི་དག་ལ་གུས་འདུད་བཅས་དཔལ་༸རྒྱལ་བ་ཀརྨ་པ་མཆོག་དང། གང་གི་ཞབས་འོག་པ་འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་གི་ལས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི། རྡོར་གདན་དཀར་འདི་ཉིད་ཡིག་རྙིང་ཞིག་ཡིན་དབང་གིས། བརྡ་ཆད་ཁ་ཤས་ཤིག་གོ་དཀའ་ཡང། རང་ཤེད་ཀྱིས་བཅོས་མ་ནུས་པར་བཞག་ཡོད། དཔེ་རྙིང་འཚོལ་སྒྲུབ་དང་ཕྱོགས་སྒྲིག་བྱེད་པོ་ཕྲན་སྐྱེས་སར་ཀླུ་སྒྲུབ་ཀྱིས་རང་གི་སྐྱེས་སྐར་ཉིན་(ཟླ་ ༡༡ ཚེས་ ༡)བྲིས་པའོ།།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།   ཨ་བུ་འབྲོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khan བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532632
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།