ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར།
ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-06ལྟ་ཀློག (3229)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར།

རྩོམ་པ་བོ། རྔ་བ་ཤེས་རབ།

 ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར། འདི་དྲི་བ་སྟབས་བདེ་བོ་ཞིག་ཡིན་རུང་ལན་འདེབས་རྒྱུ་ལས་སླ་བོ་ཞིག་མིན། འགའ་ཞིག་གིས་ཚན་རིག་ནི་རང་བྱུང་གི་འཇིག་རྟེན་རྟོགས་པར་བྱེད་པའི་ཐབས་ལམ་ཞིག་རེད་ཅེས་ཟེར། འོན་ཀྱང་ལན་དེས་སྤྱི་བམ་ཙམ་ལས་ཚན་རིག་གི་སྡེ་ཚན་ཚང་མ་ལ་ཁྱབ་ཐུབ་ཅིང་ཚན་རིག་ལ་ཚང་དགོས་པའི་ཁྱད་པར་གང་ཡང་སྟོན་ཐུབ་མེད་ལ་ཁྱབ་ཆེ་བའི་སྐྱོན་ཡོད་པ་རེད།
  ཚན་རིག་ཅེས་པ་གང་འདྲ་ཞིག་ལ་གོ་དགོས་པ་ཤེས་པ་ལ་ཚན་རིག་གི་ཁྱད་ཆོས་དམིགས་བསལ་པ་གང་དང་ཅི་ཡོད་ཚང་མ་ངེས་དགོས། དེ་ངེས་ན་གང་ཞིག་ཚན་རིག་ཡིན་དང་གང་ཞིག་ཚན་རིག་མ་ཡིན་པའི་ས་མཚམས་དབྱེ་ཐུབ་ངེས་ཡིན། དེ་ལྟར་ན་དེ་རིང་གི་བགྲོ་གླེང་བརྗོད་གཞི༼ཚན་རིག་ཐོག་གཞིའི་དངོས་པོའི་གནས་ ལུགས་གཏན་ལ་འབེབས་སྟངས༽འདིའི་ཐོག་ནས་ཚན་རིག་གི་ཁྱད་ཆོས་འགའ་ཞིག་ལ་བསམ་གཞིགས་ཤིག་བྱས་ཏེ་ཡང་སྙིང་ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་པ་རོབ་ཙམ་གོ་བ་སྐྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན།

   ཚན་རིག་གི་བྱེད་ཐབས་ཡན་ལག་ལྔ།
  ༡  རྟོག་ཞིབ།
  རྟོག་ཞིབ་ཅེས་པ་སྒོ་ལྔའི་དབང་ཤེས་བརྒྱུད་ནས་བསྡུས་པའི་གནས་ཚུལ་ཞིག་སྟེ། ཚན་རིག་གི་བྱེད་ཐབས་ཡན་ལག་རྣམས་ལ་གོ་རིམ་ངེས་ཅན་ཞིག་མེད་ཀྱང་རྟོག་ཞིབ་འདི་ཚན་རིག་གི་བྱེད་ཐབས་ཀྱི་འགོ་འཛུགས་ས་ཡིན། དཔེར་ན། གྲོང་སྡེའི་ནང་གི་རྒྱུགས་ཆུ་འཐུང་མཁན་ཡུལ་མི་མང་པོ་ལ་ཕོ་བའི་ནད་གཞི་ཞིག་ཕོག་པ་ལྟ་བུ། འདི་ཁྱེད་ཀྱིས་མཐོང་ཐོས་བྱུང་བ་ཆ་བཞག་པ་ཡིན། རྟོག་ཞིབ་ལ་ངེས་པར་མིག་རྗེན་པས་མཐོང་བ་ཞིག་མི་དགོས་པར་འཕྲུལ་ཆས་བརྒྱུད་ནས་རྟོག་ཞིབ་བྱུང་བ་ཡང་ཡོད་ཆོག ཚན་རིག་གི་བྱེད་ཐབས་ནང་དུ་རྟོག་ཞིབ་ལ་རིགས་གཉིས་འབྱེད་ཀྱི་ཡོད། ཁྱད་ཆོས་དང་རྣམ་གྲངས་སོ།།
  ཁྱད་ཆོས་ཀྱིས་རྟོག་ཞིབ་ཅི་ཞིག་བྱུང་བར་འགྲེལ་བཤད་རྒྱག དཔེར་ན། ཧོབ་ལེ་ནས་ལྡི་ལི་བར་ལམ་ཐག་རིང་པོ་ཡོད་ཅེས་པ་ལྟ་བུ། རྣམ་གྲངས་ཀྱིས་རྟོག་ཞིབ་བྱུང་བ་དེར་གྲངས་རིག་ཐོག་ནས་ཚད་འཇལ་བྱེད་པ་ཡིན། དཔེར་ན། ཧོབ་ལེ་ནས་ལྡི་ལི་བར་རྒྱང་ཐག་སྤྱི་ལེ་སྟོང་ཕྲག་གསུམ་འདུག་ཅེས་པ་ལྟ་བུ། རྟོག་ཞིབ་རིགས་གཉིས་ལས་ཕྱི་མ་དེ་ཚད་འཇལ་བྱེད་བདེ་བས་ཚན་རིག་པ་ཚོས་ཁྱད་ཆོས་རྟོག་ཞིབ་བྱུང་བ་དེ་རྣམ་གྲངས་ཐོག་བསྒྱུར་ནས་ཚད་འཇལ་ཐབས་བྱེད་ཀྱི་ཡོད།
  ༢  དྲི་བརྩད།
  རྟོག་ཞིབ་ཀྱིས་ཁྱེད་ལ་ཉམས་ཞིབ་བྱེད་འདོད་པའི་དཀའ་རྙོག་གི་དྲི་བ་སློང་གི་ཡོད། དེ་ནི་དཔེར་ན། འདི་ལ་ཅི་ཞིག་འདུག འདིས་ཇི་ལྟར་ལས་ཀ་བྱེད། འདི་འདྲ་ཞིག་རྒྱུ་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་ཆགས་པ་ཡིན་ནམ། མི་གཞན་གྱིས་འདི་ཇི་ལྟར་རྟོགས་པར་བྱེད། འདི་ལ་ཇི་ལྟར་རྒྱུས་ལོན་མང་དུ་གཏོང་ཐུབ། ཅེས་པ་ལྟ་བུའི་རྟོག་ཞིབ་ལ་བརྟེན་པའི་དཀའ་རྙོག་ཅན་གྱི་དྲི་བ་མང་པོ་ཡོང་བ་དང་། གོང་གི་རྟོག་ཞིབ་དང་སྦྱར་ན། ཡུལ་མི་མང་པོ་ལ་ནད་ཕོག་པ་དེ་རྒྱུགས་ཆུ་འཐུང་བ་ལ་བརྟེན་ནས་བྱུང་བ་ཡིན་ནམ། ལྟ་བུ།
  ༣ ཚོད་གཞག
  ཚོད་གཞག་ནི་རང་གི་རྟོག་ཞིབ་བྱུང་བའི་གནས་ཚུལ་དེའི་རྒྱུ་རྐྱེན་དེ་དང་འདི་ཡིན་སྲིད་ཅེས་ཚོད་དཔག་བྱེད་པ་སྟེ། རྟོག་ཞིབ་ཀྱི་ལམ་ནས་བདེན་དཔང་ལ་གཞི་བཅོལ་བ་དང་ཚོད་ལྟ་བྱེད་རུང་གི་འགྲེལ་བཤད་ཅིག་ཡིན། རྟོག་ཞིབ་བྱུང་བའི་དངོས་པོ་གསེད་དགྲོལ་བྱེད་པར་ཚན་རིག་པ་ཚོས་འགྲེལ་བཤད་མང་པོ་བཟོ་གི་ཡོད། ཚོད་གཞག་ནི་བདེན་དཔང་ལ་གཞི་བཅོལ་ཞིང་རྟག་ཏུ་རྟོག་ཞིབ་དང་བརྟག་དཔྱད་ཀྱི་ཐོག་ནས་ཚོད་ལྟ་བྱ་རུང་ཞིག་ཡིན།
  ཚོད་གཞག་དེ་འཁྲུལ་བར་བསྒྲུབ་རུང་ཞིག་ཡིན་དགོས། དེ་ཡང་ཚན་རིག་པ་གཞན་གྱིས་བརྟག་དཔྱད་ཐོག་ནས་ཁྱེད་ཀྱི་ཚོད་གཞག་དེ་འཁྲུལ་ན་འཁྲུལ་བར་སྒྲུབ་ཐུབ་པ་ཞིག་དགོས། དེ་ལ་དཔེ་ཞིག་བཞག་ན། ཁྱེད་རང་སྔར་སོང་མ་མྱོང་བའི་རྒྱལ་ཁབ་ཅིག་གི་ནང་གསར་དུ་འབྱོར་བ་དང་། ཁྱེད་ལ་རྟོག་ཞིབ་བྱུང་བའི་རྒྱལ་ཁབ་དེའི་ལུག་ཚང་མ་ཁ་དོག་དཀར་པོ་རྐྱང་པ་ཡིན་ན། ཁྱེད་ཀྱིས་རྒྱལ་ཁབ་འདིའི་ལུགས་ཡོད་ཚད་དཀར་པོ་ཡིན་ཞེས་བཤད་སྲིད། དེ་ལ་ཚོད་གཞག་ཟེར། གལ་སྲིད་རྒྱལ་ཁབ་དེའི་ལུག་ནག་པོ་ཞིག་རྟོག་ཞིབ་བྱུང་བ་ཡིན་ན་ཚོད་དཔག་དེ་འཁྲུལ་བ་ཡིན་པ་མི་སུ་འདྲ་ཞིག་ཡིན་ཡང་སྒྲུབ་ཐུབ་པ་ལྟ་བུ་རེད། དེས་ན་ཚོད་བཞག་ལ་ཚོད་ལྟའི་སྒོ་ནས་འཁྲུལ་བར་སྒྲུབ་རུང་ཞིག་དགོས་པ་ཡིན།
  རྟོག་ཞིབ་ལ་བརྟེན་ནས་ཚོད་བཞག་བཟོ་བ་དང་རྣམ་གཞག་འཇོག་པར་རྟགས་དང་རྒྱུ་མཚན་ལ་བརྟེན་པའི་རྗེས་དཔག་གི་གཏན་ཚིགས་བེད་སྤྱོད་གཏོང་གི་ཡོད། རྗེས་དཔག་ནི་རང་གི་འདས་པའི་ཉམས་མྱོང་དང་། རྒྱུ་མཚན་དང་བདེན་དཔང་ལ་གཞི་བཅོལ་ནས་རྟོག་ཞིབ་ལ་འགྲེལ་བཤད་བཟོ་བྱེད་ཡིན། རྗེས་དཔག་གིས་སྔར་ཡོད་པའི་ཤེས་རྒྱ་རྙིང་པ་ལ་གཞི་བཅོལ་ནས་ཤེས་རྒྱ་གསར་པ་སྐྱེད་པར་བྱེད་པར་འདོད་མོད། བརྟག་དཔྱད་བརྒྱུད་ནས་རྟོག་ཞིབ་གསར་པ་ཞིག་བྱུང་ན་རྗེས་དཔག་ཀྱང་འགྱུར་བ་འགྲོ་ཆོག་པ་ལས་ཡུལ་མཐའ་གཅིག་ཏུ་ངེས་པའི་རང་བཞིན་ཅན་ཞིག་མིན། དེར་བརྟེན་རྗེས་དཔག་གིས་རང་ཡུལ་ལ་ཚོད་དཔག་གི་གཏན་འབེབས་ཅིག་བྱེད་པ་མ་གཏོགས་ཡུལ་དངོས་ཡོད་བདེན་པ་དང་དེ་ལས་གཞན་དུ་འདའ་བ་མེད་པའི་ངེས་རྟོགས་བྱེད་ཀྱི་མེད།
  རྗེས་དཔག་གསུམ།
  སྤྱི་ལས་ཁྱད་པར་དཔོག་པའི་རྗེས་དཔག་དང་། ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག རྣམ་བཤད་ཁྱད་པར་ཅན་གྱི་རྗེས་དཔག་གསུམ། སྤྱི་ལས་བྱེ་བྲག་དཔོག་པའི་རྗེས་དཔག་གི་རྟེན་གྱི་བརྗོད་པ་ཡིན་ན། རྒྱུ་མཚན་བདེན་པ་ཡིན་ཚེ་མཐའ་སྡོམ་ངེས་པར་བདེན་པ་ཡིན་དགོས། བྱེ་བྲག་ལས་སྤྱི་དཔོག་པའི་རྗེས་དཔག་གི་རྟེན་གྱི་བརྗོད་པ་ཡིན་ན། རྒྱུ་མཚན་བདེན་པ་ཡིན་ཚེ་མཐའ་སྡོམ་བདེན་པ་ཡིན་ཤས་ཆེ་བ་ལས་ཡིན་པའི་ངེས་པ་མི་སྟོན།
  སྤྱི་ལས་ཁྱད་པར་དཔོག་པའི་རྗེས་དཔག
  སྤྱི་བཏང་གི་བརྗོད་པ་ཞིག་ནས་བདེན་པ་རྐང་གཅིག་གཏན་ལ་འབེབས་པར་ཞུགས་པ་སྟེ། ལྷ་སའི་མི་ཚང་མས་ཆང་འཐུང་། སྐུ་ཞབས་བཀྲ་ཤིས་ལྷ་ས་ནས་རེད། དེར་བརྟེན་སྐུ་ཞབས་བཀྲ་ཤིས་ཀྱིས་ཆང་འཐུང་། ཞེས་པ་ལྟ་བུ། བརྗོད་པ་སྔ་མ་གཉིས་ལ་རྒྱུ་མཚན་ཟེར་ཞིང་། བརྗོད་པ་ཐ་མ་ལ་མཐའ་སྡོམ་ཟེར། འདི་ལ་གལ་སྲིད་བརྗོད་པ་སྔ་མ་གཉིས་བདེན་པ་ཡིན་ན། བརྗོད་པ་ཐ་མ་ངེས་པར་དུ་བདེན་པ་ཡིན། དེའི་ཕྱིར་གལ་ཏེ་མཐའ་སྡོམ་ནོར་བ་ཡིན་ན་དམ་བཅའ་གང་རུང་ཞིག་མི་བདེན་པ་ཆགས་ ཡོད། གཏན་ཚིགས་ཡང་དག་ཡིན་མིན་དེ་གཏན་ཚིགས་འགོད་སྟངས་ལ་རག་ལས་ཀྱི་གཏན་ཚིགས་ཀྱི་ བརྗོད་པའི་ནང་དོན་ནོར་ཡོད་མེད་ལ་ཐུག་མེད། དཔེ་གཞན། བྱས་པ་ཚང་མ་མི་རྟག་པ་ཡིན། སྒྲ་བྱས་པ་ཡིན། དེར་བརྟེན་སྒྲ་མི་རྟག་ཅེས་པ་ལྟར་རོ།།
  ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག
  བདེན་པ་ཁ་ཤས་ནས་ཧ་ཅང་བདེན་སྲིད་པའི་སྤྱིར་བཏང་གི་བརྗོད་པ་ཞིག་གཏན་ལ་འབེབས་པར་ཞུགས་པ་སྟེ། ད་བར་གཟའ་ཉི་མ་ལ་གཞུང་གི་ལས་བྱེད་ཚོར་གུང་གསེང་གཏོང་གི་ཡོད། སང་ཉིན་གཟའ་ཉི་མ་རེད། དེར་བརྟེན་སང་ཉིན་གུང་གསེང་གཏོང་གི་རེད། ཅེས་པ་ལྟ་བུ། འདི་ལ་བརྗོད་པ་སྔ་མ་གཉིས་བདེན་ན་བརྗོད་པ་ཐ་མ་མཐའ་སྡོམ་དེ་ཡང་བདེན་ཤས་ཆེ་བ་ཡིན་གྱི་བདེན་ངེས་པ་མིན་པས་རྒྱུ་མཚན་བདེན་པ་དང་མཐའ་སྡོམ་ནོར་བའི་གནས་སྟངས་ཡོང་སྲིད་པ་ཡིན། ཧུམ་གྱིས་བཞག་པའི་སྲོལ་རྒྱུན་གྱི་དཔེ་བརྗོད་ནི། སྔར་ནས་ད་བར་དུ་ཞོགས་པ་རྟག་པར་ཉི་མ་ཤར་ཕྱོགས་ནས་ཤར་ཡོང་གི་ཡོད། དེར་བརྟེན་སང་ཞོགས་ཀྱང་ཤར་ཕྱོགས་ནས་ཉི་མ་ཤར་ཡོང་གི་རེད། ཅེས་རྒྱུ་མཚན་གཅིག་དང་མཐའ་སྡོམ་གཅིག་གི་ཐོག་ནས་བཤད།
  ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག་ནི་སྤྱི་ལས་ཁྱད་པར་དཔོག་པའི་རྗེས་དཔག་དང་ཁྱད་པར་ཆེན་པོ་ཡོད་པ་ཡིན། ཁྱད་པར་ལས་སྤྱི་དཔོག་དཔོག་པའི་རྗེས་དཔག་ཡག་ཤོས་ཤིག་ཡིན་ན་ཡང་རྒྱུ་མཚན་བདེན་པ་ལ་བརྟེན་ནས་མཐའ་སྡོམ་བདེན་པ་ཡིན་པ་ངེས་གཏན་བྱེད་མི་ཐུབ། མཐའ་སྡོམ་བདེན་ངེས་ཡིན་པ་དེ་ཁྱེད་ཀྱི་ཚོད་དཔག་ཙམ་ལས་མེད་པའི་ཕྱིར།
  རྣམ་གཤད་ཁྱད་པར་འཕགས་པའི་རྗེས་དཔག
  གཉེར་ཚང་ནང་གི་ཕྱུར་བ་བརླགས་འདུག མདང་དགོང་གཉེར་ཚང་ནང་དུ་འབྲད་འབྲད་གཏོང་བའི་སྒྲ་གོ་རྒྱུ་འདུག དེར་བརྟེན་ཕྱུར་བ་དེ་དག་ཙི་ཙི་ཡིས་ཟོས་པ་ཡིན་ངེས། ཞེས་པ་ལྟ་བུ། འདི་སྤྱི་ལས་ཁྱད་པར་དཔོག་ཚུལ་མིན་པ་ནི་རྟེན་གྱིས་བརྗོད་པ་དག་གིས་མཐའ་སྡོམ་ གྱི་བརྗོད་པ་ལ་བདེན་ངེས་པའི་བློ་འདྲེན་མི་ཐུབ་པའི་ཕྱིར་ཏེ། བརླགས་པའི་ཕྱུར་བ་རྣམས་གཡོག་མོས་བརྐུས་ནས་ཙི་ཙི་ལྟར་བཅོས་པ་ཡིན་སྲིད་པའི་ ཕྱིར། འདི་ལ་རྣམ་བཤད་མང་དུ་བྱ་བ་ཡོད་ཀྱང་ཡག་ཤོས་དེ་ཙི་ཙི་ཡིས་ཟོས་ཞེས་པ་དེ་ཡིན་ པས་རྣམ་བཤད་ཁྱད་པར་ཅན་དང་རྣམ་བཤད་ལེགས་ཤོས་སྦྱིན་པའི་རྗེས་དཔག་ཟེར།
  ལྟ་གྲུབ་སྨྲ་བ་ཁག་གཅིག་གིས་རྗེས་དཔག་འདི་དང་ཁྱད་པར་ལས་སྤྱི་དཔོག་པའི་ རྗེས་དཔག་གཉིས་ལ་ཁྱད་པར་མི་འབྱེད་ཀྱང་དོན་དངོས་ཐོག་དེ་གཉིས་ཁ་ཁར་ཡོད་པ་སྟེ། ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག་གི་གཏན་ཚིགས་འདྲེན་ལུགས་འདིས་ལ་རིགས་ གཅིག་གི་དངོས་པོའི་ཁུངས་ནས་སྔར་དཔྱད་ཟིན་པའི་མཚན་གཞིའི་དངོས་པོ་རྣམས་ལ་ བརྟེན་ནས་སྔར་དཔྱད་མ་ཟིན་པའི་དངོས་པོ་དག་གི་རིགས་འདྲའི་ཁྱད་པར་ལ་རྗེས་སུ་ དཔོག་པའི་ཚོད་དཔག་འདྲེན་པར་བྱེད་ཅིང་གཏན་ཚིགས་འདི་ལ་ཁྱད་པར་དེ་མེད་པའི་ ཕྱིར།
  གཏན་ཚིགས་འདི་འཕེལ་འགྱུར་སྨྲ་བའི་ཚན་རིག་པ་གྲགས་ཅན་དྲར་ཝིན་གྱིས་བཀོལ་ སྤྱོད་བཏང་ནས་སྲོག་ཆགས་ཀྱི་སྐྱེ་ཁུངས་གི་རིགས་རྒྱུད་མཆེད་སྟངས་གཏན་འབེབས་ བྱས་ཡོད། ཚན་རིག་ནང་ཡུལ་ལ་མངོན་སུམ་དང་རྗེས་དཔག་གི་ཡུལ་གཉིས་ཀ་འདོད་ཀྱང་མངོན་སུམ་ལ་ དབང་མངོན་མ་གཏོགས་ནང་པ་ལྟར་ཡིད་མངོན་དང་རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་ཟེར་བ་ཞིག་མེད། དབང་མངོན་ལ་བརྟེན་པའི་ཡིད་ཆེས་རྣམས་ཀྱང་རྗེས་དཔག་ལྟར་ཚོད་བཞག་ལྟ་བུར་ལྟ་ དགོས་ཀྱི་ཡོད།
  ལྟ་གྲུབ་སྨྲ་བ་ཧུམ་གྱི་རྩོད་པ།
  ཁྱད་པར་ལས་སྤྱི་དཔོག་པའི་གཏན་ཚིགས་འདི་ལ་སྐྱོན་བརྗོད་གནང་མཁན་ ཚོའི་ནང་ནས་གྲགས་ཆེ་ཤོས་ནི་ཧུམ་ཡིན། ཁོང་གི་རྩོད་པ་ནི། སྒྲུབ་བྱེད་ཚང་མར་སྤྱི་ལས་བྱེ་བྲག་གམ་ཡང་ན་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ ཚིགས་ལ་བརྟེན་དགོས། བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ཀྱི་སྒྲུབ་བྱེད་དུ་སྤྱི་ལས་བྱེ་བྲག་ དཔོག་པའི་གཏན་ཚིགས་འགོད་རྒྱུ་མེད། དེ་བཞིན་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ཀྱི་སྒྲུབ་བྱེད་དུ་བྱེ་བྲག་ལས་ སྤྱི་དཔོག་པའི་གཏན་ཚིགས་བཀོད་ན་སྐོར་བ་འཁོར་བསྡད་ཡོད། དེར་བརྟེན་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ཟེར་བ་དེ་སྒྲུབ་ཐབས་མེད་པ་ ཞིག་རེད། ཅེས་རྩོད་པ་དང་། ཁྱད་པར་ལས་སྤྱི་དཔོག་པ་ནི་རང་བྱུང་ཁམས་ཀྱི་གཅིག་མཚུངས་རང་བཞིན་ལ་བརྟེན་པ་ དང་། རང་བཞིན་དེ་བདེན་པ་ཡིན་པ་ང་ཚོས་སྒྲུབ་མི་ཐུབ། བསྒྲུབ་བྱ་སྒྲུབ་བྱེད་དུ་མ་བཟུང་བར་དེ་ཉིད་བདེན་པའི་སྒྲུབ་བྱེད་དངོས་མྱོང་ གི་དཔང་རྟགས་ཁུངས་བཙན་གང་ཡང་སྟོན་རྒྱུ་མེད། དེས་ན་འཇིག་རྟེན་གྱི་ཁས་ལེན་ཙམ་ལས་རྟེན་གཞི་བཙན་པོ་མེད་པ་དེ་འདྲའི་གཏན་ ཚིགས་འདྲེན་ལུགས་ལ་འཆང་བའི་ང་ཚོའི་གདེང་ཚོད་ནི་རྨོངས་དད་ཙམ་དུ་ཟད་དོ།། ཞེས་རྒྱུ་མཚན་ཁག་ཁ་ཤས་ལ་བརྟེན་ནས་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ཡང་དག་ ཅིག་སྒྲུབ་ཐབས་མེད་པ་དང་། དེ་འཁྲུལ་བ་ཅན་ཡིན་པས་ཚན་རིག་ནང་བཀོལ་བར་སྐྱོན་བརྗོད་ཤུགས་ཆེར་གནང་། ཁོང་གིས། རྟོག་ཞིབ་བེད་སྤྱོད་བྱས་ནས་རྣམ་བཞག་སྒྲུབ་པ་ལ་བྱེ་བྲག་ལས་སྤྱི་དཔོག་པའི་ གཏན་ཚིགས་བེད་སྤྱོད་བྱེད་དགོས་ཀྱི་ཡོད། བྱེ་བྲག་ལས་སྤྱི་དཔོག་པའི་རྗེས་དཔག་གི་གཏན་ཚིགས་ལ་ཡིད་རྟོན་མི་འཕེར་ཚེ་ཚན་ རིག་གི་ཤེས་བྱ་ཇི་ལྟར་སྐྲུན་ཐུབ་བམ། ཞེས་གསུངས་ཡོད།
  ཚན་རིག་གི་ལྟ་གྲུབ་སྨྲ་བ་པོབ་པར་གྱིས་ཧུམ་གྱི་བཤད་པ་ཁས་ལེན་བྱེད་ཀྱི་ཡོད། ཁོང་གིས་བྱེ་བྲག་ལས་སྤྱི་དཔོག་པའི་རྗེས་དཔག་གི་གཏན་ཚིགས་ནི་ཡང་དག་མ་ཡིན་ལ། སྤྱི་ལས་བྱེ་བྲག་དཔོག་པའི་གཏན་ཚིགས་ཀྱི་བརྗོད་པ་འཐད་ལྡན་ཞིག་གིས་རྣམ་བཞག་ ཡང་དག་ཡིན་པ་སྟོན་གྱི་མེད་ཀྱང་དེས་རྣམ་བཞག་གང་ཡང་འཁྲུལ་བ་ཡིན་པ་སྒྲུབ་ཐུབ། ཅེས་བཞད་པ་རེད།
ཧུམ་གྱི་རྩོད་པ་དེས་ཚན་རིག་གི་ལྟ་གྲུབ་སྨྲ་བའི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ ཡོད། ད་ལྟའི་བར་དུ་དེ་ལ་ལན་འདེབས་མཁན་ལྟ་གྲུབ་སྨྲ་བ་མང་ཡང་སྤྱི་མོས་ཀྱི་ལན་དོན་ ལྡན་ཞིག་མེད་པ་རེད། དཔེར་ན་ཁྲིམས་དེ་ཁྲིམས་མཐུན་ཡིན་མིན་བཤད་པ་ལྟར་སྙིང་པོ་མེད་པའི་རྩོད་པ་རེད་ ཟེར་བ་དང་། གཏན་ཚིགས་འདྲེན་ལུགས་དེ་དག་སྐྱེལ་ཐུབ་མིན་བཤད་པ་གོ་རྒྱུ་མེད་ཟེར་བ། འདི་ལ་ལན་ཐོབ་པར་རེ་བ་ནི་ནམ་མཁའི་ཟླ་བ་ཐོབ་རེ་བྱེད་པ་དང་མཚུངས་པར་བཤད་པ་ སོགས་སོ།།
  འོན་ཀྱང་ཚན་རིག་ནང་རྟོག་ཞིབ་ལ་བརྟེན་ནས་རྣམ་གཞག་འཇོག་པར་ཁྱད་པར་ལས་སྤྱི་ དཔོག་པའི་རྗེས་དཔག་བེད་སྤྱོད་བྱེད་ཀྱི་ཡོད་པས་ཚན་རིག་ལ་ཡིད་རྟོན་བྱ་མི་ རིགས་སམ་ཞེ་ན། ཁྱད་པར་ལས་སྤྱི་དཔོག་པའི་རྟགས་ཀྱི་སྦྱོར་བའི་རྟེན་གྱི་བརྗོད་པ་དག་གིས་ སྦྱོར་བ་མཇུག་སྡོམ་ལ་བདེན་པ་ཡིན་པའི་ཁག་ཐེག་མི་བྱེད་ན་ཡང་བདེན་ཤས་ཆེ་བར་ སྟོན་ཐུབ་ཀྱི་ཡོད། དེའི་ཕྱིར་རྗེས་དཔག་འདི་ལ་བརྟེན་པའི་ཚན་རིག་གི་གྲུབ་དོན་རྣམས་ཐག་བཅད་གཏན་ ཁེལ་བ་ཞིག་མིན་ཡང་ཧ་ཅང་ཡིན་ཤས་ཆེ་བར་ལྟ་ཆོག་པ་རེད།
  དེ་ལྟར་རྗེས་དཔག་རྣམས་ཀྱིས་ཚོད་དཔག་ཙམ་ལས་བྱེད་མི་ཐུབ་ན་ཡང་གཏན་ཚིགས་ འདྲེན་ལུགས་འདི་བཀོལ་སྤྱོད་བྱས་ནས་ད་བར་ཚན་རིག་གི་གྲུབ་འབྲས་རྡུལ་ཕྲན་དུམ་ བུར་བཏང་བ་དང་། ཟླ་བའི་ནང་དུ་སྐྱོད་པ། གློག་ཀླད་བཟོས་པ་སོགས་གྲངས་ཀྱིས་མི་ལོངས་པའི་གསར་བཏོད་བྱས་ཡོད།
  སྔོན་དཔག
  ཚོད་བཞག་གིས་གཏན་ཚིགས་བཀོད་པ་གཞི་ལ་བཞག་ནས་སྔོན་དཔག་བྱེད་འཇུག་ གི་ཡོད། དེ་ཡང་ཚོད་བཞག་ལ་བརྟག་དཔྱད་ཐོག་ནས་ཕྱིར་འདོར་བར་བྱ་བའི་འགྲེལ་བཤད་དང་། ཕྱིར་མ་དོར་བར་ཡང་ནས་བསྐྱར་དུ་བརྟག་དཔྱད་བྱས་ཏེ་བཞག་པའི་འགྲེལ་བཤད་ཅིག་སྟེ་ རིགས་གཉིས་ཡོད། ཚོད་བཞག་ཕྱི་མ་འདི་ལ་བརྟེན་ཅིང་སྔར་གྱི་མྱོང་བར་གཞི་བཅོལ་ནས་འདི་བྱས་ན་འདི་ལྟར་འབྱུང་ཞེས་རྗེས་སུ་གང་འབྱུང་རྒྱུ་ཡིན་པ་ཚོད་དཔག་བྱེད་པ་ལ་སྔོན་དཔག་ཟེར། དེ་ལ་གོང་གསལ་རྗེས་དཔག་དང་རྣམ་བཞག་ཅི་རིགས་བཀོལ་ཆོག དཔེར་ན། གལ་སྲིད་རྒྱུགས་ཆུ་དེ་འཐུང་བ་མཚམས་བཞག་ན་ཡུལ་མི་ལ་ཕོ་བའི་ནད་གཞི་ཇེ་ཉུང་དུ་འགྲོ་ངེས་ཞེས་པ་ལྟ་བུ།
  ༤ བརྟག་དཔྱད།
  བརྟག་དཔྱད་ཅེས་པ་ནི་སྔོན་དཔག་བྱས་པ་དེ་བདེན་དང་མི་བདེན་ལག་ལེན་གྱི་ཐོག་ནས་དངོས་སུ་ཚོད་ལྟ་བྱེད་པ་ལ་ཟེར། གལ་སྲིད་བརྟག་དཔྱད་གྱི་གྲུབ་འབྲས་ལས་སྔོན་དཔག་དེ་ནོར་བ་ཡིན་པ་ར་སྤྲོད་བྱུང་ན། སྔར་རྟོག་ཞིབ་བརྒྱུད་ནས་བཟོས་པའི་རྣམ་བཞག་གི་ཆ་ཤས་འགའ་ཞིག་ངེས་པར་ནོར་འཁྲུལ་བྱུང་བ་བསྟན་པ་རེད། དེའི་ཕྱིར་རྣམ་གཞག་གསར་པ་བཟོ་དགོས་ཀྱི་ཡོད། ཕྱིའི་དངོས་པོ་གཏན་ལ་འབེབས་པར་རིགས་པ་བསམ་བློ་བཏང་ནས་སེམས་ཀྱིས་དཔྱད་པ་བྱེད་པ་ནི་འདིའི་སྐབས་ཀྱི་བརྟག་དཔྱད་མིན། དེའི་རིགས་གོང་གི་ཚོད་བཞག་གི་ཁོངས་སུ་འགྲོ་བ་ཡིན།
  བརྟག་དཔྱད་དེ་ལམ་ལྷོངས་ཕྱིན་མེད་ན་བརྟག་དཔྱད་གསར་པ་གོ་སྒྲིག་བྱེད་དགོས། དཀའ་རྙོག་མ་སེལ་གོང་ལ་བརྟག་དཔྱད་ཀྱི་ཐོག་ནས་ཚོད་གཞག་ཁ་ཤས་ནོར་བ་བསྟན་གྱི་ཡོད། བརྟག་དཔྱད་གྱི་གྲུབ་འབྲས་དེ་དག་རྣམ་གྲངས་ཐོག་ཚད་འཇལ་རུང་བ་ཞིག་དགོས། དཔེ་མདོར་བསྡུས་ཤིག་བཞག་ན། རྟོག་ཞིབ། ནས་ཞིང་གཅིག་གི་ནང་གི་ནས་ཀྱི་སྙེ་མ་ཁག་གཅིག་ཁག་གཞན་ལ་ལྟོས་ཏེ་རིང་པོ་སྐྱེས་འདུག ཚོད་གཞག ཚྭ་ལུད་མང་བ་བརྒྱབ་ཡོད་ས་དེ་ཚྭ་ལུད་བརྒྱབ་མེད་ས་ལས་རིང་བ་ཆགས་པ་ཡིན། བརྟག་དཔྱད། ཚོད་གཞག་དེ་ཐིག་མ་ཐིག་གནས་ཚུལ་སྟངས་འཛིན་འོག་བྱེད་དགོས་ཀྱི་ཡོད།
  བརྟག་དཔྱད་འཆར་འགོད་བྱེད་པར་སྡེ་ཁག་གཉིས་བཟོ་དགོས། སྟངས་འཛིན་སྡེ་ཁག་དང་བརྟག་དཔྱད་སྡེ་ཁག་གོ། སྡེ་ཁག་གཉིས་ཀྱི་བར་ལ་ཁྱད་པར་གཅིག་ལས་མེད་པ་བཟོ་དགོས། སྟངས་འཛིན་སྡེ་ཁག་སྐྱོང་ཚུལ་སྤྱིར་བཏང་བ་བྱེད་པ་སྟེ། དེ་ལ་ཉི་འོད་དང་ཆུ་དང་ས་ཙམ་ཐོབ་པར་བྱེད། བརྟག་དཔྱད་སྡེ་ཁག་ལ་དེ་དག་གི་སྟེང་དུ་རང་དབང་གི་འགྱུར་ཚད་སྣོན་དགོས། སྐབས་འདིར་རང་དབང་གི་འགྱུར་ཚད་ནི་ཚྭ་ལུད་ཆགས་ཡོད།
  ཉི་འོད་དང་། ཆུ། ས་བཅས་ལ་བརྟན་པའི་འགྱུར་ཚད་ཟེར། འདི་དག་སྡེ་ཁག་གཉིས་ཀར་ཆ་རྐྱེན་གཅིག་མཚུངས་ཐོག་ལྡན་ཡོད། ཚྭ་ལུད་ལ་རང་དབང་ཅན་གྱི་འགྱུར་ཚད་ཟེར། བརྟག་དཔྱད་བྱེད་པོས་སྡེ་ཁག་བར་མི་འདྲ་བའི་ཁྱད་ཆོས་གཅིག་ཁོ་ན་འཇུག་རྒྱུ་དེ་ཡིན། འདི་ལ་རང་དབང་ཅན་ཟེར་བ་ནི་འགྱུར་བ་གང་འདྲ་གཏོང་མིན་གཞན་ལ་རག་ལས་ཀྱི་མེད་པས་ཡིན། འདི་གཙོ་བོ་རྒྱུ་རྐྱེན་ལ་བརྟག་བྱེད་ཡིན་ཏེ། བརྟག་དཔྱད་བྱེད་པོས་རྒྱུ་རྐྱེན་འདི་དང་འདིས་བྱས་སམ་སྙམ་པའི་དོགས་པ་སྐྱེ་ སའི་གཞི་གང་རུང་ཞིག་ཡར་བཅུག་པ་ཡིན་པས་སོ།།
  ལོ་ཏོག་རིང་ཚད་ལྟ་བུ་ལ་རང་དབང་ཅན་མ་ཡིན་པའི་འགྱུར་ཚད་ཟེར། དེ་ལ་འགྱུར་བ་གཏོང་བར་རྒྱུ་རྐྱེན་གཞན་ལ་འགྱུར་བ་འགྲོ་བ་ལ་རག་ལས་པས་རང་དབང་ཅན་མ་ཡིན་པ་ཟེར། འདི་གཙོ་བོ་འབྲས་བུ་ལ་བརྟག་བྱེད་ཡིན་ཏེ། བརྟག་དཔྱད་ཐོག་ཅི་ཞིག་འཇལ་བ་དང་། བརྟག་དཔྱད་ཀྱི་རིང་ལ་རང་དབང་ཅན་གྱི་འགྱུར་ཚད་ཀྱི་ལྡོག་ལན་ནམ་དེའི་ཤུགས་རྐྱེན་ཅི་ཞིག་ཕྱིར་ཐོན་མིན་ལ་ལྟ་བས་སོ།། སྟངས་འཛིན་སྡེ་ཁག་ནི་རང་དབང་ཅན་གྱི་འགྱུར་ཚད་ཀྱིས་རང་དབང་ཅན་མ་ཡིན་པའི་འགྱུར་ཚད་ཀྱི་སྟེང་དུ་ཤན་ཤུགས་ཅི་ཐེབས་ངོས་འཛིན་བྱེད་པའི་ལྡེ་མིག་ལྟ་བུ་ཆགས་ཡོད།
  དེས་ན་རང་དབང་ཅན་གྱི་འགྱུར་ཚད་ཀྱིས “ངས་ཅི་ཞིག་འགྱུར་བ་བཏང” ཞེས་པའི་དྲི་བ་ལ་ལན་འདེབས་བྱེད་པ་དང་། རང་དབང་ཅན་མ་ཡིན་པའི་འགྱུར་ཚད་ཀྱིས “ངས་ཅི་ཞིག་རྟོག་ཞིབ་བྱུང” ཞེས་པའི་དྲི་བ་ལ་ལན་འདེབས་བྱེད། སྟངས་འཛིན་འགྱུར་ཚད་ཀྱིས “ངས་ཅི་ཞིག་གཅིག་མཚུངས་སུ་ཉར” ཞེས་པའི་དྲི་བ་ལ་ལན་འདེབས་བྱེད་པ་ཡིན།
   རྣམ་གཞག
  
རང་གི་བརྟག་དཔྱད་བྱས་པའི་གྲུབ་འབྲས་དང་ཚན་རིག་པ་གཞན་གྱིས་བརྟག་དཔྱད་མང་པོ་བྱས་པའི་གྲུབ་འབྲས་ཚང་མ་གཅིག་མཚུངས་ཀྱི་ཐོག་ནས་སྔོན་དཔག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་ཡིན་ན། རྣམ་གཞག་བཟོ་དགོས་ཀྱི་ཡོད། རྣམ་གཞག་ནི་བརྟག་དཔྱད་ལན་མང་བྱས་པའི་གྲུབ་དོན་ཡིན་ལ་ཀུན་ཁྱབ་ཁས་ལེན་བྱས་པའི་ཚོད་དཔག་ཅིག་ཀྱང་ཡིན། རྣམ་གཞག་འཇོག་པ་ལ་ངེས་པར་དུ་སྔར་གྱི་རྣམ་གཞག་བདེན་པ་ཁུངས་སྐྱེལ་བྱས་ཟིན་པ་དང་མི་འགལ་བ་ཞིག་དགོས་པ་དང་། དེ་ལ་ངེས་པར་བདེན་དཔང་མང་པོའི་རྒྱབ་སྐྱོར་ཐོབ་དགོས་ལ་འཁྲུལ་བ་སྒྲུབ་རུང་དང་བརྟག་དཔྱད་བྱ་རུང་ཡིན་དགོས།
  གཏན་ཁྲིམས།
  ཚན་རིག་གི་གཏན་ཁྲིམས་ནི་རང་བྱུང་གི་འཇིག་རྟེན་གྱི་གཤིས་ཀར་སྔོན་དཔག་བྱེད་པར་ཚན་རིག་གི་རྣམ་གཞག་དང་འདྲ་བོ་ཡོད་ལ། ཚན་རིག་གི་གཏན་ཁྲིམས་དང་རྣམ་གཞག་གཉིས་པོ་གང་ཡིན་ཡང་རྟོག་ཞིབ་དང་བརྟག་དཔྱད་བྱས་པའི་བདེན་དཔང་གི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་ཞིག་ཡིན། ཚན་རིག་གི་གཏན་ཁྲིམས་ཀྱིས་གནས་སྟངས་ངེས་ཅན་ཞིག་གི་འོག་རང་བྱུང་གི་གཤིས་ཀ་གང་འདྲ་ཞིག་བསྟན་པར་འགྱུར་བའི་ཁྲིམས་ཞིག་རྗོད་ཀྱི་ཡོད། རྣམ་བཞག་གིས་རང་བྱུང་གི་ལས་ཀ་དང་ཁྱད་ཆོས་གང་འདྲ་ཞིག་སྟོན་པའི་འགྲེལ་བཤད་མང་པོ་ཞིག་རྒྱག་པར་བྱེད།
  ཚན་རིག་ནི་རང་བྱུང་གི་འཇིག་རྟེན་ཐོག་ཤེས་རྒྱ་སྐྱེད་པའི་བརྒྱུད་རིམ་ཞིག་ཡིན་ཞིང་ཤེས་རྒྱ་དེ་ནི་རྟོག་ཞིབ་གསར་པ་ལ་བརྟེན་ནས་བརྗེ་བོ་རྒྱག་པ་ཡིན། རྣམ་གཞག་ཅིག་གིས་རྟོག་ཞིབ་ལ་འགྲེལ་བཤད་བརྒྱབ་ཡོད་མེད་ལ་མ་ལྟོས་པར་དེ་ལས་འགྲེལ་བཤད་ལེགས་པ་རྒྱག་ཐུབ་པའི་རྣམ་གཞག་གཞན་འཇོག་པ་ཡིན། ཚན་རིག་པ་ཚོས་ཆོས་ཤིག་གི་གནས་ལུགས་ཆ་ཚང་བ་འགྲེལ་བའི་རྣམ་གཞག་ཆ་ལག་ཚང་བ་ཞིག་མེད་པས་རྣམ་གཞག་རྣམས་ཇེ་ལེགས་དང་ཡར་རྒྱས་ཡང་ཡང་གཏོང་དགོས་པར་འདོད་ཀྱི་ཡོད། གལ་སྲིད་རྣམ་གཞག་དེ་རྟོག་ཞིབ་གསར་པ་ཞིག་གི་ཐོག་ནས་ནོར་བ་བསྟན་པ་ཡིན་ན་བརྟག་དཔྱད་རང་གི་ལམ་ནས་ནོར་བ་ངོས་འཛིན་ཐུབ་པ་དང་དེ་བཅོས་ཐུབ་པ་ཞིག་དགོས་ཀྱི་ཡོད།
  དེས་ན་ཚན་རིག་ཅེས་པ་ནི་རྟོག་ཞིབ་སོགས་ཡན་ལག་ལྔའི་ཞིབ་འཇུག་བརྒྱུད་ནས་གནས་ལུགས་འཚོལ་བར་བྱེད་པའི་རིག་པ་ཞིག་སྟེ། དེའི་ཁྱད་ཆོས་འགའ་ཞིག་བགྲངས་ན། རྟོག་ཞིབ་ལ་བརྟེན་ནས་རྣམ་གཞག་འཇོག་པ་དང་། རྣམ་གཞག་ལ་བརྟེན་ནས་སྔོན་དཔག་བྱེད་པ། སྔོན་དཔག་གི་ཐོག་ལ་ཚོད་ལྟ་ཡང་ཡང་བྱེད་པ། ཚོད་ལྟའི་གྲུབ་འབྲས་ལ་བརྟེན་ནས་རྣམ་གཞག་འཇོག་པ། རྣམ་གཞག་ལ་བརྟེན་ནས་རྣམ་བཤད་ལེགས་པར་བསྐྲུན་པ། རིགས་པ་དང་རྒྱུ་མཚན་ལ་གཞི་འཛིན་པ། རྟོག་ཞིབ་དང་ཉམས་མྱོང་དངོས་བྱུང་ལ་གཞི་བཅོལ་བ། བདེན་དཔང་གི་རྒྱབ་སྐྱོར་གཞིར་བཞག་གིས་གནས་ལུགས་འཚོལ་བ། སྤྱི་ཚོགས་ཅན་ཏེ་གནས་ལུགས་རྙེད་དོན་ཐོག་ཚན་རིག་པ་གཞན་མང་པོར་གོ་བསྡུར་བྱེད་ པ། ལག་བསྟར་གྱི་རྣམ་པ་ཅན་དང་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཅིག་གོ།

    ཐ་སྙད།
  དཔེ་གཞི། དཔེ་རིས་ཀྱི་འགྲེལ་བཤད་དམ་ཡང་ན་མཚོན་དོན་ཞིག
  གཏན་ཁྲིམས། དོན་དངོས་སུ་ཁས་བླངས་ཐོབ་ཅིང་སྔོན་དཔག་བྱ་འོས་དང་འབྲེལ་བ། རྟག་ཏུ་མན་ངག་ལྟ་བུ་ཞིག་ཏུ་བཤད་པ།
  རྟོག་ཞིབ། སྒོ་ལྔའི་དབང་ཤེས་བརྒྱུད་ནས་ཐོབ་པའི་བཞག་པའི་གནས་ཚུལ།
  རྗེས་དཔག རྟོག་ཞིབ་ལ་གཞི་བཅོལ་བའི་ཚོད་དཔག
  ཚན་རིག་གི་གཏན་ཚིགས་འགོད་པ། རྟོག་ཞིབ་ལ་ཚན་རིག་གི་རྒྱུ་མཚན་འཚོལ་བའི་བརྒྱུད་རིམ།
  དཀའ་རྙོགཁྱེད་ཀྱིས་ཚོད་ལྟ་བྱེད་འདོད་པའི་དཀའ་གནད་ཀྱི་དྲི་བ།
  ཚོད་དཔག སྦྱོང་བརྡར་སྤྲོད་པའི་འོལ་ཚོད།
  རང་དབང་ཅན་གྱི་འགྱུར་ཚད། ཁྱེད་ཀྱིས་ཚོད་ལྟ་བྱེད་བཞིན་པའི་འགྱུར་རུང་། དེའི་སྐོར་ཤེས་རྟོགས་མང་དུ་གཏོང་འདོད་ས།
  རང་དབང་ཅན་མ་ཡིན་པའི་འགྱུར་ཚད། ཁྱེད་ཀྱིས་འཇལ་བཞིན་པའི་འགྱུར་རུང་། ལྡོག་ལན། གྲངས་ཐོ་གསོག་བཞིན་པ་དེ་དག
  སྟངས་འཛིན་སྡེ་ཁག རང་དབང་ཅན་གྱི་འགྱུར་ཚད་ཀྱིས་བཟོ་བཅོས་ཤན་ཤུགས་མ་གོས་པའི་སྡེ་ཁག
  ཚན་རིག་གི་བྱེད་ཐབས། ཡན་ལག་ལྔ་སོགས་ཀྱི་སྒོ་ནས་འཇིག་རྟེན་གྱི་དཀའ་རྙོག་ལ་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཞིག
  གྲངས་ཐོ། བརྟག་དཔྱད་ཀྱི་ཐོག་ནས་ཚད་འཇལ་དང་རྟོག་ཞིབ་བྱུང་བའི་རིགས།
  རྣམ་གཞག རང་བྱུང་ཁྲོད་ཀྱི་དངོས་ཡོད་བདེན་པར་གཞི་བཅོལ་བའི་རིགས་པ་དང་མཐུན་པའི་འགྲེལ་བཤད
  རྟོག་ཞིབ་དཔེ། སློབ་གྲྭའི་ར་བའི་ནང་གི་རྩྭ་རྣམས་རློན་པ་རེད།
  རྗེས་དཔག་དཔེ། དེའི་གོང་ལ་ཆར་བ་བརྒྱབ་ཡོད་རེད།
  ཁྱད་ཆོས། མེ་ཏོག་འདི་དཀར་པོ་རེད།
  རྣམ་གྲངས། མེ་ཏོག་འདི་ལ་འདབ་མ་བཞི་འདུག
  རྗེས་དཔག དཔང་རྟགས་ཐོབ་པ་ལས་མཇུག་གི་གཏན་འབེབས་འདྲེན་པའི་བརྒྱུད་རིམ་ཞིག 
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར།   སྤེལ་མཁན།: དགྲ་ཚེ་དོན་ སྤེལ་དུས:2015/11/1
"ཚན་རིག་ནི་རང་བྱུང་གི་འཇིག་རྟེན་རྟོགས་པར་བྱེད་པའི་ཐབས་ལམ་ཞིག་རེད་"ཅེས་ཟེར་ན་མ་འགྲིག་སྟེ། ཚན་རིག་ལ་དབྱེ་ན་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་རིགས་གཉིས་དབྱེ་རྒྱུ་ཡོད་དོ།
cheat husband click married men having affairs
why people cheat in marriage infidelity signs why women cheat
vibramycin pill renova tube tadalafil
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23542092
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།