དགེ་བཤེས་དགེ་འདུན་ཆོས་འཕེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »དགེ་བཤེས་དགེ་འདུན་ཆོས་འཕེལ།
དགེ་བཤེས་དགེ་འདུན་ཆོས་འཕེལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-06ལྟ་ཀློག (3683)རྩོམ་ཁུངས: བཙན་པོ་ཚང་།པར་འདེབ།

དགེ་བཤེས་དགེ་འདུན་ཆོས་འཕེལ།

 ར་ཧུ་ལ་པཎྜི་ཏའི་དྲན་ཐོ།

             བོད་སྐད་ཀྱི་དགེ་བཤེས་བྱ་བའི་དོན་ནི་དགེ་བའི་བཤེས་གཉེན་(ཆོས་ཀྱི་གྲོགས་པོ)ཞེས་པའི་དོན་རེད། འུ་ཅག་གིས་བསྟན་བཅོས་པ་དང་པཎྜི་ཏ་ཟེར་བའི་ཚབ་ཏུ་བོད་དུ་དེའི་དོན་དུ་འདི་སྤྱོད་པ་ཅི་ཡིན་མ་རྟོགས།  དགེ་བཤེས་ཁོང་གི་མཚན་ནི་དགེ་འདུན་ཆོས་འཕེལ་ཏེ་དོན་ལ་སཾགྷདྷརྨབརྡྷན་བྱ། མདོར་ན་ངས་ཁོང་ལ་ཆོས་འཕེལ་དང་ཡང་ན་དགེ་བཤེས་ཞེས་འབོད་ཀྱི་ཡོད། དོན་དངོས་སུ་ངས་ཁོང་ལ་དགེ་བཤེས་དགེ་བཤེས་ཟེར་འབོད་ཀྱི་ཡོད།  དགེ་བཤེས་ཁོང་ཐོག་མར་སྤྱི་ལོ་༡༩༣༤ལོའི་དབྱར་ཁར་ལྷ་སར་ངོ་ཤེས་ཤིང་། ཁོང་བོད་ཀྱི་དགོན་པ་ཆེ་ཤོས་འབྲས་སྤུངས་དགོན་པའི་པཎྜི་ཏ། དགེ་བཤེས་ཆེན་མོ་ཤེས་རབ་རྒྱ་མཚོའི་དགེ་ཕྲུག་རེད་འདུག དགེ་བཤེས་ཁོང་གཞུང་ལ་ཧ་ཅང་མཁས་པས། ཁོང་གི་དགེ་ཕྲུག་ཀྱང་གཞུང་ཁོ་ན་ལ་མཁས་སྲིད་པ་ཡིན་ནའང་། ངེད་ཀྱི་དགེ་བཤེས་ཁོང་གཞུང་ཁོ་ན་དོན་གཉེར་མཁན་ཞིག་མ་ལགས་ཏེ། ཁོང་སྙན་ངག་སྙན་མོ་འབྲི་མཁན་ཞིག་རེད་འདུག་ལ། འདིའི་སྐོར་མི་འགས་མ་གཏོགས་མི་ཤེས་ནའང་། ཁོང་གི་རི་མོའི་ལག་རྩལ་ཤེས་མཁན་དེ་ལས་མང་བ་ཡོད་པ་རེད། ཁོང་གིས་བོད་ཀྱི་སྲོལ་རྒྱུན་གྱི་ལྷ་བྲིས་བསླབས་མྱོང་འདུག་ཅིང་། དེ་ལ་རྦད་དེ་བྱང་ཆུབ་པར་བྱས་ལ། རི་མོའི་སྒྱུ་རྩལ་གསར་བ་བསླབ་པ་ལའང་ཅང་མི་འགོར། རི་མོ་མཁན་མཁས་པ་ཞིག་ཡིན་གཤིས་ཁོང་གི་ལྷ་སའི་འཚོ་བ་དེ་བདེ་བླག་ཏུ་སྐྱེལ་ཞིང་བཞུགས། སྐུ་དྲག་ཆེ་བཙན་དེ་ཚོས་ཁོང་ལ་རི་མོ་འབྲི་རུ་འཇུག་པའི་ཆེད་དུ་ངོ་བསྟོད་བྱེད་ནའང་། དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་གིས་མི་ཚེ་སྐྱིད་པོ་དེ་ནམ་ཡང་བདམས་གནང་གི་མི་འདུག

     ཁོང་དུས་རབས་འདིའི་མགོར་ཨ་མདོར་སྐུ་འཁྲུངས་ཤིང་། ས་ཆ་དེ་བོད་ཀྱི་བྱང་གི་ཆ་དང་ད་རག་བར་གྱི་དུས་ཕལ་མོ་ཆེར་རྒྱའི་ཁོངས་སུ་བཞུགས་ཤིང་འོངས། ཨ་མདོ་བ་དེ་ཚོ་སྐད་ཀྱི་དབང་དུ་བྱས་ན་བོད་རིགས[ii]་དང་འབྲེལ་བ་ངེས་ཅན་ཡོད་ནའང་། ལྡོང་བྱ་བའི་མིང་གིས་བོད་ཀྱི་ལོ་རྒྱུས་ནང་ལ་ཐོག་མ་ནས་ཧ་ཅང་གྲགས་ཆེ། དེའི་ས་ཆ་གཙོ་བོ་ཤིན་ཅང་ཤར་ཕྱོགས་ཀྱི་རྨ་ཆུའི་རྒྱུད་ཀྱི་གཤོང་ས་ཁག་ཡིན་ཞིང་། དུས་རབས་བཞི་བ་ལྔ་བ་ཙམ་ནས་བཟུང་གདུང་རྒྱུད་འདི་ཧ་ཅང་དར་རྒྱས་ཆེ་བ་དང་གདུང་རྒྱུད་འདིའི་ཁྲོད་དུ་ནང་ཆོས་ཀྱང་ལེགས་པར་དར་ཡོད་པ་རེད། བོད[iii]་ལ་འདི་ལས་ལོ་སུམ་བརྒྱའི་རྗེས་སུ་གཞི་ནས་ནང་ཆོས་དར་མགོ་བཙུགས། རྒྱལ་ས་ལྷ་སར་སྤོས་ཤིང་བོད་མི་དག་གིས་གཟོད་དཔལ་ཡོན་མཐོ་བ་ཞིག་སྦྱང་མགོ་བཙུགས་པ་རེད། ཨ་མདོ་བ་དེ་ཚོ་དེང་སང་གནང་སྐབས་ཀྱང་ཁོང་ཚོའི་དཔའ་མཛངས་དང་། སྐྱེས་སྟོབས་ཀྱི་ཕྱོགས་ནས་བོད་ཁམས་ཡོངས་ལ་རབ་ཏུ་གྲགས་ཡོད། བཀྲ་ཤིས་ལྷུན་པོའི་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཉིད་ཀྱི་དགོན་པའི་ཆེ་བ་སྤེལ་བ་དང་མཁས་པ་སྐྱེད་སྲིང་བྱེད་པའི་སླད་དུ་ཨ་མདོ་ནས་པཎྜི་ཏ་གསུམ་བཞི་ཞིག་རང་དང་ལྷན་དུ་ཁྲིད་འོངས་ཤིང་། དེའི་ཁྲོད་ནས་ད་བར་འཚོ་ཞིང་གཞེས་པ་ནི་བསམ་བློའི་དགེ་བཤེས་གཅིག་པུ་ཡིན། དེ་བཞིན་དུ་དེ་དང་དུས་མཉམ་པའི་ཏཱ་ལའི་བླ་མ་མཆོག་གིས་ཀྱང་ཨ་མདོ་ནས་མཁས་པ་གདན་འདྲེན་ཞུས་འདུག་ལ། དེ་དག་ལས་དགེ་བཤེས་ཤེས་རབ་རྒྱ་མཚོ་ལྷག་ཡོད་པ་རེད། དགེ་བཤེས་ཤེས་རབ་དང་ལྷན་དུ་ངས་བཀའ་མོལ་ཐེངས་མང་ཞུས་མྱོང་། ཁོང་གཞུང་ལ་མཁས་པ་ཙམ་དུ་མ་ཟད། འཛམ་བུ་གླིང་གི་གསར་འགྱུར་ཡང་གང་མང་ཞིག་མཁྱེན་གྱི་འདུག རྒྱ་ནག་ཏུ་མའོ་ཙེ་ཏུང་དང་གུང་ཁྲན་ཏང་གི་རྒྱལ་ཁ་ལ་དགའ་བསུ་ཆེས་ཐོག་མར་ཁོང་གིས་གནངས་ཤིང་། བོད་ཀྱིས་ཀྱང་དུས་རབས་གསར་བའི་བསུ་བ་བྱས་ན་དགོངས་ནས་ཁོང་གིས་སྔོན་མ་ནས་ཕྱག་ལས་གནང་ཞིང་བཞུགས་ཀྱིན་འདུག དུས་དེང་སང་གི་པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མ་གཉིས་ཀ་ཨ་མདོ་ནས་རེད།

འདི་ལས་དགེ་བཤེས་དགེ་འདུན་ཆོས་འཕེལ་འཁྲུངས་སའི་གདུང་རྒྱུད་ལྡོང་ཞེས་པ་དེ་ལ་རང་གི་སྲོལ་རྒྱུན་གྱི་གོམས་སྲོལ་ལེགས་པོ་ཞིག་ཡོད་པ་ཤེས་ཐུབ། ཆོས་ལུགས་ཐམས་ཅད་ལ་བླ་མ་དང་དགོན་པ་ཡོད་པ་རེད། ཁྱིམ་པའི་ཤུལ་བདག་བུ་རབས་ཚ་རྒྱུད་ཡིན་ནའང་། བླ་མའི་ཤུལ་བདག་ཁོང་གི་སློབ་མ་རེད། འདི་ནི་འུ་ཅག་གིས་འཇིག་རྟེན་གསུམ་ལས་བཅོམ་བརླག་མཆོག[iv]་ཟེར་བའི་དཔེ་ནང་བཞིན་ཆགས་ཡོད་པ་རེད། བོད་ལ་བླ་མའི་ཤུལ་བདག་ཁོང་གི་སློབ་མ་མ་ཡིན་པར། དེ་ལས་ལྡོག་སྟེ་ཁོང་གི་སྤྲུལ་སྐུ་ཡིན་པ་རེད། བླ་མ་བྱ་བ་ནི་བོད་སྐད་དུ་སློབ་དཔོན་ནམ་ཡང་ན་གོང་མའི་དོན་རེད། བོད་མི་ཚང་མར་ང་ཚོས་བླ་མ་བླ་མ་ཟེར་བོས་ཏེ་རང་ཉིད་ལ་འཕྱས་གདགས་སུ་འཇུག་པ་རེད། པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མ་གཉིས་སྐུ་མྱ་ངན་ལས་འདས་པའི་ཚེ། ཁོང་གཉིས་ཀྱི་ཡང་སྲིད་གང་དུ་འཁྲུངས་ཡོད་མིན་རྩད་གཅོད་བྱེད་ལ། དེ་ནས་ཁྱེའུ་དེ་བཙལ་ནས་དེ་ཁྲི་ལ་འགོད་པར་བྱེད། ཡང་སྲིད་འབྱོན་པ་ཟེར་བ་འདི་རྦད་དེ་རྫུན་མ་རྫུན་རྐྱང་རེད། ཤུལ་བཞག་གི་ལོངས་སྤྱོད་དང་བསྟུན་ཏེ་ཡང་སྲིད་འདེམས་པའི་བྱ་བ་ཕལ་མོ་ཆེ་མགོ་བསྐོར་རང་དུ་སྣང་། བོད་ལ་འདི་ལྟ་བུའི་བླ་མ་སྟོང་ལ་ཉེ་བ་ཡོད་ཅིང་། ཁོང་ཚོའི་ཤུལ་བདག་དེ་ཡང་སྲིད་ཀྱི་ལམ་ནས་མི་རབས་ནས་མི་རབས་བརྒྱུད་དེ་ཕེབས་འོང་གི་རེད། ཡང་སྲིད་ཀྱི་ལམ་ལུགས་འདི་བོད་ཀྱི་ཆོས་བརྒྱུད་བཞི་ག་སྟེ། རྙིང་མ་བ། བཀད་བརྒྱུད་པ། ས་སྐྱ་བ། དགེ་ལུགས་པ་བཅས་པ་ཚང་མར་དར་འདུག དགེ་བཤེས་དགེ་འདུན་ཆོས་འཕེལ་ཡང་རྙིང་མ་བའི་བླ་མ་ཞིག་གི་ཡང་སྲིད་ཡིན་འདུག་ཅིང་། ཨ་མདོ་ན་ཡོད་པའི་ཁོང་གི་དགོན་པ་དེ་དེ་འདྲ་རྒྱུ་ཅན་ཞིག་མ་ཡིན་ནའང་། ནོར་ལོངས་སྤྱོད་ངེས་ཅན་ཞིག་ཡོད་པར་སྣང་། ཁོང་གིས་སྤྱིར་མི་ཚེ་ལྷོད་ལྷོད་ངང་སྐྱེལ་ཆོག་ནའང་། རིག་པ་ལ་མཉེས་དྲག་པའི་དབང་གིས་ལྷོད་བཞུགས་གནང་མི་འདུག ཐོས་བསམ་ངེས་ཅན་ཞིག་གནང་རྗེས་ཁོང་ལྷ་སར་ཕེབས་འོང་བ་རེད། རྙིང་མ་བ་བོད་ཀྱི་ཆོས་བརྒྱུད་ཆེས་རྙིང་ཤོས་ཡིན་པ་དང་དགེ་ལུགས་པ་ཆོས་བརྒྱུད་གསར་ཤོས་དེ་ཡིན་པ་རེད། ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ། དེ་ནས་བོད་ཀྱི་འབྲས་སྤུངས་དགོན་པ། སེ་ར་དགོན་པ། དགའ་ལྡན་དགོན་པ་དང་བཀྲ་ཤིས་ལྷུན་པོ་ལྟ་བུའི་དགོན་པ་ཆེ་ཁག་དག་ཀྱང་དགེ་ལུགས་པའི་དགོན་པ་རེད་ལ། དགོན་པ་དེ་དག་གི་འཆད་ཉན་གྱི་སྲོལ་ནི་རྣམ་གཞག་དང་ལྡན་པ་ཞིག་འདུག དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས་དགེ་ལུགས་པའི་དགོན་པར་ཞུགས་ཏེ་བསླབ་པ་དོན་དུ་གཉེར་བ་ལ་རྙིང་མ་བ་ཚོས་ཁ་ཟེར་བར་ཐུགས་དོགས་ཁྱོན་ནས་གནང་གི་མི་འདུག ཁོང་དགེ་བཤེས་ཤེས་རབ་རྒྱ་མཚོའི་དགེ་ཕྲུག་ཏུ་གྱུར་ཞིང་། ཁོང་ལ་གྲུབ་མཐའ་དང་མཚན་ཉིད་ཀྱི་འཆད་ཉན་གྱི་རྒྱུན་བསྐྱངས། ཁོང་གི་རི་མོའི་ལག་རྩལ་མི་ཚོས་ཤེས་དུས། ཁོང་བཀུར་བསྟི་བྱེད་མཁན་མང་དུ་ཕྱིན།

     ༡༩༣༤ལོར་ང་ཐེངས་མ་གཉིས་པར་ལྷ་ས་ཕྱིན་དུས། དགེ་བཤེས་ཤེས་རབ་རྒྱ་མཚོའི་ས་ནས་དགེ་འདུན་ཆོས་འཕེལ་མཇལ་ཞིང་ག་ལེར་ཆ་རྒྱུས་ལོན་པར་གྱུར། ཁོང་མཁས་པ་ཡིན་པ་ཙམ་དུ་མ་ཟད། རི་མོ་བའང་ཡིན་པས། ལག་བྲིས་རྙིང་བ་ཁག་དང་རི་མོ་དང་འབྲེལ་བའི་བདག་གི་ཞིབ་འཇུག་ལ་ཕན་ཐོགས་ཆེ་བར་རྟོགས་ནས། ཁོང་གིས་ངའི་ཡིད་འཕྲོག་པར་གྱུར་ལ། ཁོང་གིས་ཀྱང་ང་དང་མཉམ་དུ་རྒྱ་གར་དུ་ཕེབས་ནས་གནས་མཇལ་དང་སློབ་སྦྱོང་ཙག་ཙིག་གནང་ན་དགོངས་ཀྱི་འདུག ངེད་གཉིས་དུས་དེ་ནས་བཟུང་གྲོགས་པོར་གྱུར། སྤྱི་ཟླ་བརྒྱད་པའི་ཟླ་མགོ་ནས་བཟུང་ང་རང་གཙང་ཕྱོགས་ཀྱི་ནང་བའི་དགོན་རྙིང་ཁག་ལ་འགྲོ་དགོས་ཡོད་པས། དགེ་བཤེས་ཁོང་ཡང་ངའི་མཉམ་དུ་ཕེབས། ཁོང་ལ་མཚོན་ན་སྐུ་ངལ་དང་ཉེན་ཁ་དེ་ཙམ་མེད་པ་འདྲ་སྟེ། ཁོང་གི་འཁྲུངས་སའི་ས་ཆ་ནས་ལྷ་སར་ཕེབས་པ་ལ་ཟླ་ནས་ཟླ་བ་འགོར་བ་དང་། ལམ་ཁར་ཇག་རྐུན་གྱིས་རྟག་ཏུ་གཙེས་པར་བྱེད་པའི་རྐྱེན་ཡིན་སྣང་། དེང་སང་ལམ་ཁ་དེ་དང་ཉེན་ཁ་དེ་རྨི་ལམ་ལྟ་བུར་གྱུར་ཡོད་པ་སྟེ། ཨ་མདོ་ནས་ལྷ་ས་བར་གྱི་ཟླ་གཅིག་དང་ཕྱེད་ཀྱི་འགྲུལ་བཞུད་དེ་དེང་སྐབས་ཉིན་གསུམ་བཞི་ཙམ་གྱི་རླངས་འཁོར་ལ་བསྡད་དེ་བདེ་བླག་ངང་འགྲུབ་ཀྱི་ཡོད། ངེད་གཉིས་དགོན་པ་འགའ་ལ་ཕྱིན་ཞིང་། མཐར་བརྒྱ་ཕྲག་བཅུ་གཅིག་པའི་ནང་བཞེངས་པའི་ར་སྒྲེང་དགོན་པར་སོང་། བོད་ལ་མ་གཞི་ནས་ཆར་འབབ་པ་ཧ་ཅང་ཉུང་བས། དུས་དེར་ཐང་ག་རྙིང་བ་ཉི་མར་ལྡེ་ཕྱིར་ཕྱི་ལོགས་སུ་བཀལ་ནས་བཞག་འདུག དགེ་བཤེས་ཀྱིས་དེ་གཟིགས་མ་ཐག སེམས་པ་འཕེར་བྱུང་། རྒྱ་གར་གྱི་སྨྱུ་གུས་བྲིས་པའི་རི་མོ་རེད་འདུག་ལ། རྒྱ་གར་རང་ནས་བསྣམས་འོང་བ་འདྲ། དགེ་བཤེས་ཀྱིས་ལམ་སང་མཚོན་གྱི་བརྡ་ཐབས་དང་བཅས་ཏེ་ཞ་སྨྱུག་གིས་བཤུ་བར་བརྩམས་ནའང་། རིན་པོ་ཆེའི་ཕུང་བོའི་སྟེང་དུ་སྦྲུལ་འདུག་པས། དེས་བར་ཆད་བྱས་སོང་།

     ལྷ་སའི་ལས་ཀ་ཚར་རྗེས་ངེད་གཉིས་རྒྱ་གར་གྱི་ཕྱོགས་སུ་ཆས། ལམ་ཁར་ཚོར་བ་མངར་སྐྱུར་སྣ་ཚོགས་མྱང་ནས་འོངས། ས་ཆ་ལ་ལར་བསུ་མ་བྱེད་ནའང་། ལ་ལར་སུན་གཙེར་ཡང་བྱེད། འོན་ཏེ། ཏཱ་ལའི་པོ་ཏི་རྙིང་བ་དེ་ཚོའི་ཆེད་དུ་སྨྱོན་པ་ལྟ་བུ་གྱུར་ཡོད་པས་སུན་གཙེར་སོགས་ནི་གནད་དོན་ཅང་མ་རེད། སུན་གཙེར་དང་འཕྱ་དམོད་གང་མང་གི་གཞུག་ནས་ཏཱ་ལའི་པོ་ཏི་འདྲ་རྙེད་པར་གྱུར་ན་ནི་དབུགས་ངང་གིས་འབྱིན་པར་འགྱུར། དགེ་བཤེས་ཀྱིས་ལེགས་སྦྱར་མཁྱེན་པ་མ་རེད། ཏཱ་ལའི་པོ་ཏི་དེ་ཚོའི་རིན་ཐང་ཡང་མཁྱེན་པ་མ་རེད། འོན་ཀྱང་། འུ་ཅག་གི་ལྟ་བའི་སྐོར་གྱི་གཞུང་གང་མང་བོད་སྐད་བརྒྱུད་སྦྱངས་མྱོང་བ་དང་། གཞུང་འདི་དག་ད་བར་ལེགས་སྦྱར་དུ་རྩ་བརླག་ཏུ་སོང་ཟིན་པ་དང་དེ་དག་རྒྱ་གར་ལ་ཧ་ཅང་གལ་ཆེན་ཡིན་ཚུལ་ངས་བཤད་པ་གསན་མྱོང་བས། ང་དང་འདྲ་བར་འདི་དག་ལ་ཧ་ཅང་གལ་ཆེན་གནང་གི་འདུག བཀྲ་ཤིས་ལྷུན་པོ་དགོན་པར་ཁོང་གི་ཕ་ཡུལ་གཅིག་པ་བསམ་བློའི་དགེ་བཤེས་མཇལ། ང་རང་གི་རིག་པ་སྨྲ་བའི་རང་གཤིས་དེ་ཧ་ཅང་ཤུགས་ཆེ་བས། སྐད་ཆ་འདི་ལྟ་བུ་ངང་གིས་འབྱུང་བར་བྱེད། བསམ་བློའི་དགེ་བཤེས་ཀྱི་མདུན་དུ་ངས་སའི་གོ་ལ་ཟླུམ་པོ་ཡིན་ཚུལ་གྱི་སྐོར་ཁ་ནས་ཤོར། འུ་ཅག་གི་སྲོལ་རྒྱུན་རྙིང་བ་ཕལ་མོ་ཆེས་འདི་མི་བཞེད་པ་རེད། བསམ་བློའི་དགེ་བཤེས་ཀྱིས་ཁྱོད་ཡོད་པར་སྨྲ་བའི་སངས་རྒྱས་པ་ཞིག་ཡིན་བཞིན་དུ་སངས་རྒྱས་ཀྱི་དགོངས་པ་ལ་རྒྱབ་ཀྱིས་ཕྱོགས་ནས་བཤད་ཀྱིན་འདུག་ཅེས་པའི་རྒོལ་བ་དེ་རིགས་པ་དང་ལྡན་པ་རེད། ཡོད་པར་སྨྲ་བ་དང་མེད་པར་སྨྲ་བ་གཉིས་ལ་མཚུངས་ཆོས་ཞིག་སྒྲུབ་པ་ལ་ང་རང་གྲ་སྒྲིག་ཡིན། དགེ་བཤེས་དགེ་འདུན་ཆོས་འཕེལ་དང་ཀིན་ནོོར་གྱི་དགེ་སློང་ར་དྷུ་བར་ཆོ་ཛེལ་ཡང་མཉམ་དུ་བཞུགས་བཞིན་སྐད་ཆ་འདི་དག་གསན་པར་གྱུར་ཞིང་། དེར་མ་ཟད་ཁོང་གཉིས་ལ་ཤུགས་རྐྱེན་ཐེབས་པར་གྱུར། ར་དྷུ་བར་མཆོག་ང་རང་ཐེངས་དང་བོར་བོད་ལ་ཡོང་དུས་མཇལ་མྱོང་། ཁོ་རང་བོད་ལ་ཕེབས་ནས་ལོ་བཅུའམ་ཅིག་གཅིག་ཙམ་འཆད་ཉན་གནང་ཞིང་བཞུགས་ལ། དེ་ནས་ཕྱིར་ཕ་ཡུལ་དུ་ཕེབས་ནས་འགྲོ་དོན་མཛད་པའི་སྤྲོ་བ་ཧ་ཅང་ཆེན་པོ་མངའ་ནའང་། རྒྱལ་ཁབ་ལ་ཕྱིར་འབྱོར་རྗེས་ཅང་བཞུགས་མི་འདུག

      ངའི་འགྲུལ་བཞུད་ཁྲོད་དུ་ཚོར་བ་མངར་སྐྱུར་ནི་རྒྱུན་དུ་འོང་བ་ཞིག་གདའ། སྐྱུར་མོ་བྱུང་ན་ཆེས་དྲག་པོ་འབྱུང་བ་བཞིན་དུ། ཚོར་བ་མངར་མོ་བྱུང་ནའང་ཧ་ཅང་ཤུགས་ཆེར་འབྱུང་བར་བྱེད། ས་ཆ་ལ་ལར་ངེད་གཉིས་ལ་ཆིབས་རྟ་འདྲ་རེག་པ་དང་། ཁྱིམ་པ་ཚོས་སྙིང་ཐག་པའི་བསུ་མ་བྱེད་ཅིང་། ཡང་སྐབས་ལ་ལར་རྐང་ཐང་གིས་འགྲོ་དགོས་པར་མ་ཟད། ཅ་ལག་དེ་ཚོ་ཁུར་མཁན་སུ་གཅིག་ཀྱང་རེག་གི་མི་འདུག ཁྱིམ་ལ་ལར་ས་ཆ་འདོམས་གཅིག་ཙམ་ཡང་མི་རྙེད་པའི་སྐབས་ཀྱང་འདུག ཡིན་ནའང་། བོད་ཀྱི་འགྲུལ་བཞུད་ཐེངས་གཉིས་པ་ཧ་ཅང་ལང་ལྷོངས་བྱུང་། ཏཱ་ལའི་པོ་ཏི་ཅིག་གཉིས་ལྷག་ངས་མཐོང་ལ། དེ་དག་ལས་ག་ཚོད་ཅིག་པར་བརྒྱབ་ཅིང་། ག་ཚོད་ཅིག་ངས་དངོས་སུ་ལག་པས་བཤུས་པ་རེད། ངས་འདི་ལྟར་རང་ཉིད་ཀྱི་ལས་ཀ་རྒྱུན་བསྐྱངས་ལ། དུས་ཚོད་ནི་ཇི་ལྟར་བཞུར་བའང་ཤེས་ཀྱི་མི་འདུག དགེ་བཤེས་ཁོང་ལ་ཕྱག་ལས་དེ་ཙམ་མེད་ནའང་། ཁོང་གཏན་ནས་ཉོབ་གནང་གི་མི་འདུག ཆ་རྒྱུས་ཅི་ཡང་མེད་པའི་ས་ཆར་ཁོང་ལྟ་བུ་ལེགས་པར་བསླབ་ཅིང་ལེགས་པར་སྤྱད་པའི་དགེ་སློང་ལས་རིམ་གྲོ་གང་མང་ཞིག་བརྙེས་པར་གྱུར། ཤེར་ས་སྐྱ་བརྒྱུད་ངེད་གཉིས་ནེ་པཱལ་བརྒལ་ཏེ་རྒྱ་གར་ལ་ལོག་རྩིས་ཡིན། བོད་དུ་ཚད་མ་རྣམ་འགྲེལ་གྱི་ལེའུ་གསུམ་གྱི་བཤད་པའི་ཚིག་ལེའུར་བྱས་པ་ཡོངས་སུ་རྫོགས་པ་ཁོ་ན་རྙེད་པ་ལས། གཞུང་ཆ་ཚང་བ་གཅིག་ཀྱང་རེག་མ་བྱུང་། བལ་བོར་གུ་རུ་མཱ་ཧི་ལ་(པཎྜི་ཏ་ཧེམརཱཛཤརྨ)ཡི་ཕྱག་ཏུ་ཡོད་པའི་ཚད་མ་རྣམ་འགྲེལ་གྱི་ཏཱ་ལའི་པོ་ཏིའི་པར་རེག་བྱུང་། དེ་དག་ལས་ལྡེབས་གང་མང་ཞིག་རྙིང་ཟད་དུ་གྱུར་འདུག་པས། སྐབས་དེར་དགེ་བཤེས་ཀྱི་མཁྱེན་རྒྱས་ཧ་ཅང་ཐུགས་ཕན་སོས་པར་གྱུར། ལེགས་སྦྱར་གྱི་ཡིག་ཕྲེང་གཅིག་བོད་ཡིག་ཏུ་བསྒྱུར་མ་ཐག་ཁོང་གིས་བོད་འགྱུར་གྱི་ཚིག་ལེའུར་བྱས་པ་དེ་དག་ངག་ཐོག་ནས་སྐྱོར་ཞོར་འབྲི་བར་བྱེད། ང་རང་གིས་ཧ་ཅང་བདེ་བླག་ངང་ལྡེབས་མ་དེ་དག་གོ་རིམ་བཞིན་དུ་བསྒྲིགས་ཐུཔ་པར་གྱུར། ལྡེབས་བཅུ་བརླག་འདུག་ནའང་། ལེགས་འགྲུབ་འདི་ཆུང་ཆུང་མ་རེད། བརླག་པའི་ཆ་དེ་དག་ཀྱང་གཞན་ཞིག་ནས་ལག་སོན་བྱུང་བ་དང་ཁ་ཤས་ཤིག་ངས་བོད་ཡིག་ཏུ་ཐད་ཀར་ལེགས་སྦྱར་དུ་བསྒྱུར་ནས་བསྣན་པར་བྱས། དེ་ནས་ངེད་གཉིས་རྒྱ་གར་ལ་འབྱོར། ཧ་ཅང་ཐག་རིང་གི་རྨ་ཆུའི་གཤོང་ས་ནས་ཕེབས་པའི་པཎྜི་ཏ་དང་དགེ་བཤེས་རི་མོ་བ་ལགས་སངས་རྒྱས་སྐུ་འཁྲུངས་སའི་ས་ཆར་གཟིགས་པར་ཧ་ཅང་ཐུགས་བྲེལ་གནང་གི་འདུག དགེ་བཤེས་ཁོང་གི་ཡུན་རིང་གི་རྨི་ལམ་མངོན་དུ་གྱུར། ངས་ཁོང་ང་དང་མཉམ་དུ་རྒྱ་གར་ས་ཁོངས་ཀྱི་སངས་རྒྱས་ཀྱི་གནས་ཆེན་ཁག་ལ་ཁྲིད། ཁོང་ལ་ལེགས་སྦྱར་བསླབ་མགོ་བཙུགས། འོན་ཀྱང་། དེའི་ཕྱོགས་ལ་ཁོང་ངང་གིས་འཇུག་པ་ཞིག་མི་འདུག ཁོང་གང་དུ་སོང་ནའང་། ཕེབས་ཞོར་དུ་དམིགས་བསལ་གྱིས་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་གནས་ཆེན་ཁག་ཏུ་སྙན་ངག་གི་ལམ་ནས་བསྟོད་རྩོམ་སྦྱོར་ཞིང་། རི་མོ་རེའང་འབྲི་བར་བྱེད། ནག་མོ་ཁོལ་གྱི་བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར[v]་ཡང་བོད་སྐད་དུ་བསྒྱུར་བའི་དབུ་བརྩམས་ནའང་། ཡོངས་སུ་རྫོགས་པར་བསྒྱུར་མ་བྲ།

དེ་ནས་ངའི་གནས་སྟངས་གཏན་འཇགས་མེད་པ་ཞིག་ཏུ་གྱུར་བ་སྟེ། ཡང་བསྐྱར་ཆབ་སྲིད་ཀྱི་བྱ་བའི་ཁྲོད་དུ་ཞུགས་ཞིང་ཀོང་རེ་སི་ལྷན་ཚོགས་ཀྱི་ཁ་གཏད་ཡིན་པའི་ཞིང་བའི་བདེན་པའི་ཨུ་ཚུགས་ཞེས་པའི་མགོ་ཁྲིད་བྱེད་མགོ་བརྩམས། སྤྱི་ལོ་༡༩༣༩ལོའི་ལོ་མགོ་ནས་བཟུང་ང་རང་བཙོན་ལ་ཡར་འཇུག་མར་གློད་བྱེད་པར་བརྩམས་ནའང་། སྐབས་དེའི་རིང་དུ་དགེ་བཤེས་ཁོང་གིས་རྒྱ་གར་གྱི་ས་ཆའི་རྒྱུས་ལོན་པར་གྱུར་ལ། ཚ་བའི་དུས་སུ་རྡོ་རྗེ་གླིང་ལ་ཕེབས་པར་བྱེད་པས་ཁོང་ལ་སེམས་ཁྲལ་བྱེད་དགོས་དོན་མི་འདུག མཁྱེན་རྒྱའི་ཕྱོགས་ནས་བཤད་མ་དགོས་པར་མ་ཟད། རི་མོའི་ལག་རྩལ་དེ་ལྟ་བུས་ཀྱང་གང་དུ་ཕེབས་ནའང་ཐུགས་ངལ་མེད་པར་བཞུགས་ཆོག་པ་ཞིག་ཡོད། ཁོང་རྡོ་རྗེ་གླིང་ལ་བཞུགས་ཞོར་དུ་མི་ཆེ་གེ་མོ་ཞིག་གི་རོགས་པར་བརྟེན་ནས་དཔལ་ལྡན་ནག་པོའི་གླུའི་ལེའུ་འགའ་བོད་སྐད་དུ་བསྒྱུར་གནངས[vi]་ཤིང་། པར་ཡང་བརྒྱབ་འདུག དེ་ནས་རོ་ཡ་རིག་ཚང་དང་ངོ་ཤེས་སུ་གྱུར་བ་དང་། ཁོ་ཕྱི་གླིང་བ་ཡིན་པའི་རྒྱུ་མཚན་གྱིས་ཁོང་ཀུལླུ་ལ་དུས་ཇི་སྙེད་ཅིག་བཞུགས་པ་དེ་སྲིད་དུ་ཁོང་ལ་འཆད་ཉན་བྱས་པ་དེ་ཁོང་ལ་མཚོན་ནས་བཤད་ན་ལེགས་པོ་མེད་པར་མ་ཟད་ང་རང་ཡང་གཞུང་གི་སྐྱོན་མཚང་རྗོད་མཁན་ཞིག་ཡིན་པས་མི་ལེགས། ལོ་གང་མང་ཞིག་གི་རྗེས་ཏེ་སྤྱི་ལོ་༡༩༤༣ལོའི་ཟླ་བཅུ་གཉིས་པའི་ཚེས་༢༣ཉིན་ཁོང་གི་འཕྲིན་ཡིག་ཅིག་འབྱོར་བྱུང་། དེའི་ནང་“ང་རང་ལོ་གཉིས་ཙམ་ལ་གསེར་གླིང་དུ་འཁྱམས་ནས་བསྡད་པ་ཡིན། ཨ་མེ་རི་ཁའི་མགྲོན་ཤོག་ཀྱང་འབྱོར་སོང་ནའང་། དམག་འཁྲུག་གི་རྐྱེན་གྱིས་བསྐྱོད་མ་བཏུབ”་ཅེས་བྲིས་འདུག དགེ་བཤེས་ཁོང་གིས་དེ་དུས་དབྱིན་ཡིག་ལེགས་པོ་སྦྱངས་གནང་འདུག་ལ། ཀུལླུའི་གྲོང་དུ་འབུམ་རམས་པ་རྗོར་ཇི་རོ་ཡ་རིག་གི་ཞིབ་འཇུག་གྱི་ཕྱག་ལས་ལ་མཐུན་འགྱུར་གནང་ཞིང་བཞུགས། སྤྱི་ལོ་༡༩༤༤ལོའི་ཟླ་བཅུ་བར་ང་རང་རྒྱ་གར་དང་ཁ་བྲལ་ཏེ་ཨུ་རུ་སིར་སོང་ནས་ཟླ་བ་བཅོ་ལྔ་ཙམ་བསྡད་དེ། ༡༩༤༥ལོར་རྒྱ་གར་དུ་ལོག་འོངས་དུས། དགེ་བཤེས་ཁོང་བོད་ལ་ལོག་ཕེབས་ཟིན་པ་རྟོགས་བྱུང་།

       བོད་དུ་ཁོང་གིས་སྐུ་ངལ་གང་མང་ཞིག་མྱངས་འདུག ཁོང་སྤྱི་ཚོགས་རིང་ལུགས་པའི་ཕྱོགས་གཏོགས་སུ་གྱུར་ཞིང་། ཁོང་གི་སྨྱུག་གུས་དེ་སྦ་གསང་བྱེད་མི་ནུས། དེའི་སྔོན་གྱི་ལོ་ངོ་ཅིག་གཉིས་ཅིག་གསུམ་ཙམ་གྱི་རིང་ལ་ཁོང་གིས་ཅི་ཞིག་བྲིས་གནང་བ་ཐམས་ཅད་པོ་ལེགས་པོར་མཁྱེན་པར་བྱས་ཏེ། བོད་རྒྱལ་ཁབ་ལ་ཕན་རེ་ཐོགས་ན་བསམས་ནས་ལྷ་སར་ཁོང་གི་ཕྱག་དེབ་འགའ་དཔར་བ་རེད། དེ་བས་ཁོང་གི་དགོངས་ཚུལ་དག་ལས་ཀྱི་སྣེ་མོ་བ་དག་གིས་རྟོགས་པར་གྱུར་ཞིང་། རྒྱ་ནག་ནང་ཁུལ་དུ་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འཐབ་འཁྲུག་བྱེད་བཞིན་པ་རེད། དེ་ནས་དགེ་བཤེས་ཁོང་དམར་བོར[vii]་བསམས་ནས་བཙོན་ལ་བཙུད་ཅིང་། ལྕག་ཚན་གང་མང་གཞུས་པར་གྱུར། དེའི་སྐབས་ཀྱི་ལྷ་སའི་བཙོན་ལས་བྱེད་སྟངས་དེ་དམྱལ་བའི་ལས་སྟངས་ལས་ཀྱང་སྡུག་ཡིན་པ་རེད། བཙོན་པ་དེ་ཚོ་ཉི་འོད་མི་རྒྱག་སའི་ཁང་བའི་ནང་དུ་འཇུག་ཅིང་། དེའི་སྒང་ལ་རྒྱ་མཚོའི་ངོས་ལས་རྐང་ཚད་སྟོང་ཕྲག་ཅིག་གཅིག་ལྷག་གིས་མཐོ་བའི་ས་ཆའི་གནམ་གཤིས་ཀྱི་གྲང་ངར་ཡོད། དགེ་བཤེས་ཁོང་སྐུ་གཟུགས་བདེ་ཐང་ཡིན་ནའང་། གཟུགས་གཞི་ཧ་ཅང་སྐེམ་པོ་ཡོད། གཏམ་འདི་གོ་མ་ཐག་ང་རང་སེམས་པ་ཧ་ཅང་མི་བདེ་བར་གྱུར། སྤྱི་ལོ་༡༩༤༩ལོའི་ལོ་མགོ་ཙམ་ལ་ལྷ་སའི་གཞུང་གི་བློན་ཆེན་ཤོད་ཁང་ཞབས་པད་ཀྱི་སྤུན་ཆུང་བ་ལས་དོན་ཞིག་གི་ཆེད་དུ་རྒྱ་གར་ལ་ཕེབས་འདུག་པས། ཁོང་མཇལ་དུས་ངས་ཁོང་ལ“དགེ་བཤེས་ཁོང་ལྟ་བུའི་མི་རྙེད་ཁག་པོ་རེད། ཁོང་ལ་བོད་ཀྱི་ལོ་རྒྱུས་འབྲི་རུ་ཆུགས། ཁོང་དང་ལྷན་འབྲེལ་ལམ་ལེགས་པོ་གནང་ན་མ་འོངས་པར་ཁྱོད་ཚོར་ཡང་ཕན་ཐོགས་རྒྱུ་རེད། སྤྱི་ཚོགས་རིང་ལུགས་དེ་རྒྱ་ནག་ནས་བོད་དུ་འབྱོར་འོང་བ་ནི་སུས་ཀྱང་ཁོག་གི་མ་རེད། དེའི་སྐབས་སུ་མི་འདིས་ཐུགས་ཕན་སོས་ཀྱི་རེད”་ཅེས་གོ་སྐོན་བློ་འགུག་བྱས་པ་ཡིན།

       སྤྱི་ལོ་༡༩༤༩ལོ་ཕལ་མོ་ཆེ་ང་རང་བོད་དང་ཧ་ཅང་ཐག་ཉེ་བའི་ཀ་བློན་སྦུག་ཏུ་བསྡད་པ་ཡིན། མདའ་དཔོན་ཤོད་ཁང་དང་རྒྱུན་དུ་འཕྲད་ཀྱི་འདུག ཁོང་གིས་“དགེ་བཤེས་ཁོང་ད་བར་བཙོན་ཁང་ལ་མེད”་ཚུལ་གསུངས་ལ། དེར་མ་ཟད་ཁོང་ལ་ལོ་རྒྱུས་འབྲི་རྒྱུ་བཅོལ་འདུག་པའང་རྟོགས། ཡིན་ནའང་། ཁོང་ལྟ་རྟོག་འོག་ལ་ཡོད་པས། ལྷ་ས་ནས་ཕྱི་ལོགས་སུ་ཕེབས་སྐྱོད་གནང་ཆོག་གི་མི་འདུག འབུམ་རམས་པ་རྗོར་ཇི་རོ་ཡ་རིག་ཀྱང་ཀ་བློན་སྦུག་ཏུ་ཡོད་པས། ཁོང་ཡང་ཧ་ཅང་དགའ་བར་གྱུར། འོན་ཀྱང་། ངེད་ཅག་གི་དགའ་སྤྲོ་དེ་རྒྱུན་རིང་ཞིག་ལ་གནས་མ་ཐུབ་སྟེ། ཟླ་འགའི་རྗེས་སུ་རྨད་དུ་བྱུང་བའི་མཁས་པ་དང་རི་མོ་བ། སྙན་ངག་མཁན། སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཁོང་རང་ཉིད་ཀྱི་རེ་བཞག་ཐམས་ཅད་དང་བཅས་ཏེ་དགོང་ལོ་འདི་ཙམ་གཞོན་པའི་དུས་ནས་བཞུད་པར་གྱུར།

དགེ་བཤེས་ཀྱི་ཕྱག་ལས་གནང་བའི་དུས་ད་ནི་བསླེབས་ཟིན་པ་རེད། ཟླ་འགའི་རྗེས་སུ་སྤྱི་ཚོགས་རིང་ལུགས་བོད་ལ་ཐོན་པར་འགྱུར་ཞིང་། དེ་དུས་དགེ་བཤེས་ལགས་ཀྱི་སྨྱུག་གུ་དང་གསུང་ནི་བོད་རྒྱལ་ཁབ་ཀྱི་སྐྱར་གསོན་ལ་ཅི་ཙམ་ཕན་པར་མི་འགྱུར་རམ?

མཆན།

[i] དེང་སང་རྒྱ་གར་སྐད་ཅེས་པ་ལེགས་སྦྱར་མ་ཡིན་པར་ཧིན་དཱིའི་སྐད་རང་དུ་གོ་འགྲོ་བ་ཞིག་ཡོད། ཡུལ་མི་རང་བཞིན་པའི་སྐད་ཡིན་ཞིང་། རྒྱ་གར་གྱི་གཞུང་སྐད། ཨ་མདོ་བ་དག་གིས་ཀློག་དག་པའི་ཕྱིར་ཧིཨིན་དིའི་ཞེས་བཀླག་པར་བྱའོ།།

[ii] དབུས་གཙང་བ་མིན་ནམ་སྙམ།

[iii] དབུས་གཙང་གི་ཕྱོགས་ཟེར་བར་སྣང་།

[iv] འཇིག་རྟེན་གསུམ་ལས་བཅོམ་བརླག་མཆོག་ཟེར་བ་ནི་ཧིན་དུའི་ཁ་དཔེ་ཞིག་སྟེ། མ་ཐུ་རཱ་སྟེ་བཅོམ་བརླག་ནི་ཁྱབ་འཇུག་ནག་པོ་འཁྲུངས་སར་བཞེད་པས་དེ་མཆོག་ཡིན་པར་རློམ་པའི་དོན་སྟོན།

[v] ཟློས་གར་གྱི་མིང་གི་འགྱུར་འདི་ང་རང་གི་སྣང་ངོར་ཚད་དང་ལྡན་པ་ཞིག་ཏུ་མི་སྣང་ཡང་དེ་རྗེས་སུ་ཞུ་བར་བྱ།

[vi] དཔལ་ནག་པོའི་གླུ་ཞེས་པ་ཁོང་གིས་ལེའུ་བཅོ་བརྒྱད་པོ་ཐམས་ཅད་འགྲན་ཟླ་དང་བྲལ་བ་ཞིག་བསྒྱུར་ཟིན་ཞེས་ལེགས་སྦྱར་བང་མཛོད་དུ་དངོས་སུ་གསུངས་ཡོད།

[vii] སྤྱི་ཚོགས་རིང་ལུགས་པའམ་དམར་ཕྱོགས།


རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506117
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།