ཀླུ་སྒྲུབ་དགོངས་རྒྱན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 28 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »ཀླུ་སྒྲུབ་དགོངས་རྒྱན།
ཀླུ་སྒྲུབ་དགོངས་རྒྱན།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-04ལྟ་ཀློག (772)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དབུ་མའི་ཟབ་གནད་སྙིང་པོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།

  རྩོམ་པ་པོ། དགེ་འདུན་ཆོས་འཕེལ།

བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན། །

ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས། །

རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བར་མི་ནུས་ཤཱཀྱའི་སྲས། །

དགེ་ལེགས་ཞི་བསིལ་བདུད་རྩིའི་འབྱུང་གནས་ཐར་པའི་ལམ། །

འདུན་པས་ཕྲ་ཞིབ་མ་ནོར་མཚོན་པ་སྲིད་པའི་མིག །

ཆོས་རྗེ་སྨྲ་བའི་སེང་གེ་མཆོག་ནི་འདིའོ་ཞིས། །

འཕེལ་འགྲིབ་མེད་པར་རིགས་སྨྲ་ཚོགས་ཀྱིས་རྟག་ཏུ་གུས། །

གང་གི་མཁྱེན་པའི་ཉི་མའི་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་མཁའ་དབྱིངས་ནས། །

སྐྱེས་སྦྱངས་ཤེས་རབ་དམན་པ་ཁོ་བོའི་སྙིང་གི་པདྨོའི་དགའ་ཚལ་དུ། །

རིགས་པའི་འོད་ཟེར་ལན་སྟོང་འཁྱིལ་བའི་ལེགས་བཤད་གེ་སར་འཛུམ་པའི་དཔལ། །

སྲིད་གསུམ་མཁས་པའི་བུང་བས་དོན་རྒྱུད་སྦྲང་རྩི་མངར་མོར་ལོངས་སྤྱོད་ཅིག །

    རང་ཅག་གིས་ཡིན་མིན་ཐག་བཅད་པ་ཐམས་ཅད་ཀྱང་། རང་གི་སེམས་ལ་ཇི་ལྟར་ཤར་བ་བཞིན་ཐག་བཅད་པ་ཙམ་ལས། རྩ་བ་གཞན་ཅི་ཡང་མེད། འདིའི་རྒྱུ་མཚན་གྱིས། འདི་ཡོད་དམ་མེད་ཅེས་དྲིས་པ་ན། ཕ་རོལ་པོས་ཡོད་ཅེས་ལན་བཏབ་པ་ཡང་དོན་ལ་ཁྱོད་ཀྱི་སེམས་ལ་འདི་ཡོད་མེད་གང་དུ་ ཤར་ཞེས་དྲིས་པ་ཡིན་ལ། ལན་བཏབ་པ་ཡང་། ངའི་སེམས་ལ་ཡོད་པ་ཡིན་པ་ཤར་ཞེས་སྨོས་པ་ཙམ་ཡིན། དེ་བཞིན་དུ་ལེགས་ཉེས་བཟང་ངན་མཛེས་མི་མཛེས་སོགས་ཅི་དང་ཅི་དྲིས་པ་ཐམས་ཅད་ ཀྱང་། དེན་ལ་ཕ་རོལ་པོའི་བསམ་ཚུལ་གོ་བའི་ཆེད་དུ་དྲིས་པ་ཤ་སྟག་ཡིན་ལ། ཕ་རོལ་པོས་དེ་ལ་ཐག་བཅད་ནས་ལན་བཏབ་པ་ཡང་། དོན་ལ་ཁོ་རང་གི་སེམས་ལ་འཆར་ཚུལ་ལྟར་ཐག་བཅད་པ་ཙམ་ཡིན་གྱི། རྒྱུ་མཚན་གཞན་ནི་ཅི་ཡང་མེད། དེའི་ཕྱིར་གང་ཟག་གཉིས་ཀྱི་བསམ་ཚོད་ཕན་ཚུན་མ་མཐུན་པ་དེ་སྲིད་དུ་ཁོ་རང་གཉིས་ རྩོད་པ་བྱས་པ་ཡིན་ལ། གཉིས་ཀ་ཁ་མཐུན་པའི་ཚེ་ཁ་མཐུན་པའི་དོན་དེ་ག་ཡིན་པ་དང་། ཡོད་པ་དང་། ཤེས་བྱ་དང་། ཚད་མ་ལ་སོགས་པའི་གྲས་སུ་འཇོག་པ་ཡིན་ནོ། །དེ་ལྟར་ཁ་མཐུན་མཁན་ཅི་ཙམ་མང་བ་དེ་ཙམ་དུ་ཁ་མཐུན་པའི་དོན་དེ་འགངས་དང་གནད་ཆེ་ རུ་འགྲོ་ཞིང་། དེ་ལ་ཁ་མི་མཐུན་པའི་ལྟ་བ་གང་ཡིན་ལོག་ལྟ་དང་། འཁྲུལ་ཤེས་སོགས་སུ་བྱེད་པ་ཡིན་ནོ། །

   ཁ་མཐུན་ལུགས་དེ་ཡང་། རེས་འགའ་ནི་ལུང་ཙམ་ཞིག་ལ་ཐུག་ནས་མཐུན་པ་ཡོད། དཔེར་ན་ཁ་ཆེ་གཉིས་ཀྱིས་རྔ་མོང་གི་ཤ་ཟ་ཆོག་མི་ཆོག་ལ་རྩོད་པ་བྱས་པའི་མཐར། གོ་ར་ནང་དུ་རྔ་ཤ་ཟ་བའི་གནང་བ་ཐོག་པ་མཐོང་བའི་ཚེ་གཉིས་ཀ་ཡང་། དེ་ཟ་ཆོག་པའི་སྟེང་དུ་ཁ་མཐུན་པ་བཞིན་ནོ། །རེས་འགའ་ནི། རྩོད་མཁན་གཉིས་ཀྱི་རིགས་པ་ཞིག་ལ་ཐུག་ནས་གཉས་ཀ་ཁ་མཐུན་པ་ཡང་ཡོད་དེ། དཔེར་ན་ལ་ཕར་རྒྱབ་ན་མེ་ཡོད་མེད་རྩོད་པ་ན། ལའི་ཁར་དུ་བ་མཐོང་ནས་གཉིས་ཀ་ཁ་མཐུན་པ་ལྟ་བུ། གང་ལྟར་ཡང་གཉིས་ཀའི་དབང་པོ་མངོན་སུམ་དུ་མཐོང་བ་ན། རྩོད་པ་མེད་པར་ཁ་མཐུན་པ་ནི་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ཡོད་དོ། །

     འོ་ན་ཐམས་ཅད་ཁ་མཐུན་པ་ཞིག་ལ་རྩ་བ་བཅོལ་ནས་ཤེས་བྱའི་རྣམ་གཞག་ཁས་བླངས་པ་མི་བསླུ་ བ་ཡིན་ནམ་སྙམ་ན། དེ་ཡང་མིན་ཏེ། དཔེར་ན་ཡུལ་གཅིག་གི་མི་ཐམས་ཅད་ཀྱི་མིག་ལ་མཁྲིས་ནད་ཀྱིས་སྐྱོན་ཡོད་པའི་ ཕྱོགས་གཅིག་ཏུ་སླེབས་ན། ཡུལ་དེའི་མི་ཐམས་ཅད་ཀྱང་། དུང་དཀར་སེར་པོ་ཡིན་པ་ལས་དཀར་པོ་མེད་པ་མེད་པ་ཁ་མཐུན་མོད་ཀྱི། དེ་ཙམ་གྱིས་དུང་དཀར་སེར་པོ་ཡིན་པར་འཇོག་མི་ནུས་པ་ཡིན་ནོ། །དེ་ལྟར་མི་བརྒྱ་ཕྲག་འགའ་ཞིག་ཁ་མཐུན་པ་ཙམ་གྱིས་ཀྱང་། དོན་དེ་ཡོད་པ་ཐག་མི་ཆོད་ལ། ཁྲི་དང་སྟོང་ཁ་མཐུན་པས་ཀྱང་ཐག་མི་ཆོད། མིའི་འགྲོ་བ་ཐམས་ཅད་ཁ་མཐུན་པས་ཀྱང་ཐག་མི་ཆོད། ཁམས་གསུམ་གྱི་སོ་སྐྱེ་ཐམས་ཅད་ཁ་མཐུན་པས་ཀྱང་ཐག་མི་ཆོད་པ་ཡིན། དེས་ན་རང་ཅག་རྣམས་ཀྱིས་ཡོད་མེད་ཡིན་མིན་གང་ཐག་བཅད་པ་ཐམས་ཅད་ཀྱང་རང་རང་གི་ བློ་ལ་ཤར་ལུགས་བཞིན་དུ་ཐག་བཅད་པ་ཙམ་ཡིན་ལ། དེ་འདྲ་བའི་བློ་ལ་འཆར་ཚུལ་ཕན་ཚུན་མཚུངས་པའི་སོ་སོའི་སྐྱེ་བོ་བརྒྱ་སྟོང་ཕྲག་ དུ་མ་ལྷན་ཅིག་ཏུ་ཚོགས་པ་ན། གང་ཐག་བཅད་པའི་དོན་ནི། རྩ་བ་བརྟན་ཅིང་འགྱུར་དུ་མེད་པ་ཞིག་ཏུ་གྱུར་ནས། དེ་དང་མི་མཐུན་པར་སྨྲ་བ་རྣམས་ལ་སྐུར་འདེབས་དང་། ཆད་ལྟ་སོགས་སུ་དྲིལ་སྒྲོགས་པ་ཡིན་ནོ། །

 དེས་ན་རང་ཅག་གིས་ཡོད་མེས་སྨྲས་པ་རྣམས་ནི་དོན་ལ་རང་རེའི་བློ་ངོ་ལ་འཆར་རྒྱུ་ཡོད་ པའི་གྲས་རྣམས་ཡིན། མེད་པ་དང་མི་སྲིད་ཅེས་སྨྲས་པ་རྣམས་ནི་རང་ཅག་གི་བློ་ངོ་ལ་འཆར་མ་ཐུབ་པའི་གྲས་ རྣམས་ཡིན། ཡོད་མེད་གང་ཡང་མ་ཡིན་པའི་ཆོས་ཉིད་ཀྱང་སྔ་མའི་གྲས་མ་ཡིན་གྱི། ཕྱི་མའི་གྲས་ཡིན། དེ་ལྟར་ཁ་མཐུན་པའི་ཕྱོགས་མང་བ་དེས། ཕྱོགས་ཉུང་ངུ་དར་རྫུན་དུ་གཏོང་བའི་དཔེ་ངོ་མཚར་ཅན་ཞིག་སློབ་དཔོན་ཟླ་བ་གྲགས་ པས་ཀྱང་གསུངས་ཏེ། བཞི་བརྒྱ་པར། དེ་ཉིད་ཕྱིར་ན་འཇིག་རྟེན་ཀུན། །སྨྱོན་པ་ཡིན་ཞེས་ཅིས་མི་འཐད། །ཅེས་པའི་ཐད་ཀྱི་འགྲེལ་བ་ལས། སྔོན་ཡུལ་ཞིག་ན་རྩིས་མཁན་ཞིག་ཡོད་པ། རྒྱལ་པོའི་དྲུང་དུ་སོང་ནས་ད་ལྟའི་ཉིན་བདུན་པ་ལ་ཆར་པ་ཞིག་འབབ་པ་དེའི་ཆུ་ཁ་ལ་ སོང་ཚད་ཀུན་སྨྱོན་པར་འགྱུར་རོ། །ཞེས་སྨྲས་སོ། རྒྱལ་པོས་དེ་ཐོས་ནས་རང་གི་ཆུ་བཏུང་བའི་ཁྲོན་པའི་ཁ་ལེགས་པར་གཡོགས་ནས་ཆར་པའི་ ཆུ་ནང་དུ་མི་འཆོར་བ་བྱས། འབངས་རྣམས་ཀྱིས་ནི་དེ་འདྲ་མ་ནུས་པས་ཐམས་ཅད་ཀྱི་ཁ་ལ་ཆུ་དེ་སོང་བས་ཀུན་ཀྱང་ སྨྱོན་པར་སོང་། རྒྱལ་པོ་གཅིག་པུ་སེམས་རྣལ་དུ་གནས་ནས་བསྡད། དེར་ཡུལ་མི་ཀུན་གྱི་བསམ་ཚུལ་བརྗོད་ཚུལ་དང་། རྒྱལ་པོའི་བསམ་ཚུལ་བརྗོད་ཚུལ་མི་མཐུན་པར་སོང་བས་ཐམས་ཅད་ཀྱི་རྒྱལ་པོ་ལ་ སྨྱོན་པ་ཞེས་སྨོད་པས། མཐར་རྒྱལ་པོ་ཡང་འུ་ཐུག་ནས་ཆུ་དེ་བཏུང་བས་ཀུན་དང་མཐུན་པར་གྱུར་ཏོ། །ཞེས་གསུངས་སོ། ། དེས་ན་རང་ཅག་ཐོག་མ་མེད་པ་ནས་མ་རིག་པའི་སྨྱོ་ཆུ་བཏུང་བཏུང་བའི་སྨྱོན་པ་ཆེན་པོ་ གཅིག་གིས། ཡོད་མེད། ཡིན་མིན་ཐག་བཅད་པ་ལ་ཡིད་བརྟན་ཅི་ཡང་མེད་ཅིང་། སྨྱོན་པ་དེ་འདྲ་བརྒྱ་སྟོང་ཁྲི་འབུམ་ཁ་མཐུན་ཀྱང་ཁུངས་བཙན་དུ་འགྲོ་རྒྱུ་ཅི་ཡང་མེད།གལ་ཏེ་རང་རེས་ཐག་བཅད་པ་ལ་ཡིད་རྟོན་མེད་དུ་ཆུག་ཀྱང་། སངས་རྒྱས་ཀྱིས་ཐག་བཅད་པའི་རྗེས་སུ་འབྲངས་ནས་མི་བསླུ་བ་ཡིན་སྙམ་ན། འོ་ན་སངས་རྒྱས་མི་བསླུ་བར་ཐག་བཅད་མཁན་སུ་ཡིན། དེ་མི་བསླུ་བར་ནི་ཀླུ་སྒྲུབ་ལ་སོགས་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ཐག་བཅད་ དོ་ཟེར་ན། འོ་ན་ཀླུ་སྒྲུབ་མི་བསླུ་བར་སུས་ཐག་བཅད། དེ་ནི་རྗེ་བླ་མས་ཐག་བཅད་དོ་ཟེར་ན། འོ་ན་རྗེ་བླ་མ་མི་བསླུ་བར་སུས་ཤེས། དེ་ནི་ཁོ་བོ་ཅག་གི་བཀའ་དྲིན་མཚུངས་མེད་བླ་མ་དམ་པ་ཆེ་གེ་མོས་ཐག་བཅད་དོ་ཞེ་ན། འོ་ན་ཁྱོད་ཀྱི་བླ་མ་དམ་པ་ལ་བརྟེན་ནས་མི་བསླུ་བ་ནི་ཁྱོད་རང་གི་བློས་ཐག་བཅད་ པར་འདུག་པས། དོན་ལ་སེང་གེའི་དཔང་པོ་ལ་སྟག སྟག་གི་དཔང་པོ་ལ་གཡག དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་བ། བྱི་བའི་དཔང་པོ་ལ་འབུ་བཙུགས་འདུག་པས་ཐམས་ཅད་ཀྱི་དཔང་པོ་མཐར་ཐུག་དེ་འབུ་ལ་ བྱེད་པར་འདུག དེས་ན་གང་ཐག་བཅད་ཚད་ཀྱི་རྩ་བ་མཐར་ཐུག་ཞིབ་ཏུ་བཅད་ཚེ་རང་རང་གི་བློ་ལ་ཐུག་པ་མ་གཏོགས་གཞན་ཅི་ཡང་མི་སྣང་། འོ་ན་རང་གི་བློས་ཐག་བཅད་པ་དེ་ག་རང་ལ་ཡིད་བརྟན་རུང་ངམ་སྙམ་ན། དེ་ཡང་མིན་ཏེ། རང་རེའི་བློ་འདི་ནི་རེས་འགའ་ནོར་བ་འདྲ་བ། རེས་འགའ་ཐིག་པ་འདྲ་བ་མོ་མ་ངན་པའི་མོ་བཞིན་དུ་རྟག་ཏུ་བསླུ་བཞིན་པ་མྱོང་བས་ གྲུབ་པས་སུ་ཞིག་གིས་ཡིད་བརྟན་ཐུབ། སྔ་དྲོ་ཡིན་པ་ཐག་བཅད་པ་མང་པོ་ཕྱི་དྲོ་མིན་པར་ཐག་ཆོད། ཚེ་སྟོད་ལ་ཡིན་ཐག་བཅད་པ་རྣམས། ཚེ་སྨད་ལ་མིན་ཐག་ཆོད་པ་ཡོད། ཁ་ཆེ་འབུམ་ཕྲག་གཅིག་གིས་བདེན་པར་ཐག་བཅད་པ་རྣམས། ནང་པ་འབུམ་ཕྲག་གཅིག་གིས་རྫུན་པར་ཐག་གཅོད། དེ་རེ་རེ་ལ་ཡང་རང་རང་གི་ལུང་དང་རིགས་པ་རྡོ་རྗེ་ལྟ་བུ་བསྒྱུར་དུ་མི་བཏུབ་པ་ རེ་ལ་རྩ་བ་བརྟེན་ས་ཡོད། དེ་རེ་རེས་ཀྱང་རང་རང་གི་སྟོན་པ་དེ་བསླུ་མེད་ཀྱི་སྐྱབས་གནས་མཐར་ཐུག་ཏུ་ཁས་ལེན། འོ་ན་གང་བདེན་པ་སུ་ཞིག་ཐག་གཅོད་དགོས། གལ་ཏེ་མི་མང་ཁ་མཐུན་པ་ཙམ་གྱིས་མི་ཆོག་གིས། ཚད་མའི་སྒོ་ནས་ཐག་གཅོད་དགོས་སོ་ཞེ་ན། འོ་ན་ཚད་མ་བྱ་བ་ཅི་འདྲ་ཞིག་ཡོད། མིག་གིས་ཅེ་རེ་མཐོང་བའི་ཀ་བ་འདི་ཚད་མས་གྲུབ་པ་དང་དེ་ལྟར་མཐོང་བའི་བློ་དེ་ ཚད་མ་ཨེ་ཡིན། ཡིན་ན་བློ་དེ་མི་བསླུ་བ་ཇི་ལྟར་ཐག་གཅོད་དགོས། ཀ་བ་ཡོད་མེད་ཐག་མ་ཆོད་བར་དུ་བློ་འདི་ཚད་མ་ཡིན་མིན་མི་ཤེས། བློ་འདི་ཚད་མ་ཡིན་མིན་ཐག་མ་ཆོད་བར་དུ་ཀ་བ་ཡོད་མེད་མི་ཤེས་པས། ནམ་ཞིག་ན་ཐག་ཆོད། ཀ་བ་ཡོད་པའི་རྒྱུ་མཚན་མིག་གིས་མཐོང་རྒྱུ་ཡོད། ལག་པས་རེག་རྒྱུ་ཡོད། གྲོགས་ཀྱིས་བལྟས་ན་ཡང་མཐོང་རྒྱུ་ཡོད་པའི་རྒྱུ་མཚན་འདི་ཡིན་སྙམ་ན། སྔར་སྨོས་པ་ལྟར་མིག་དང་ལག་པ་གཉིས་ཁ་མཐུན། དེའི་སྟེང་དུ་གྲོགས་པོ་ཡང་ཁ་མཐུན་པས་ཐག་བཅད་པར་འདུག་མོད། དེ་འདྲ་ལ་ཡིད་བརྟན་ཅི་ཞིག་ཡོད། གལ་ཏེ་མིག་འཁྲུལ་སྲིད་ན། དེའི་སྟེང་དུ་ལག་པ་དང་། གྲོགས་པོ་གཉིས་འཁྲུལ་མི་སྲིད་པའི་རྒྱུ་མཚན་ཅི་ཞིག་ཡོད། མཁྲིས་ནད་ཅན་གཉིས་ཀྱིས་དུང་སེར་པོ་མིག་གིས་མཐོང་རྒྱུ་ཡོད། ལག་པས་རེག་རྒྱུའང་ཡོད། གཉིས་ཀ་སེར་པོ་ཡིན་པ་ལ་ཁ་ཡང་མཐུན་མོད། དོན་ལ་ཐམས་ཅད་ནོར་བ་མ་ཡིན་ནམ།དེས་ན། ཡོད་མེད་ཡིན་མིན་གྱི་རྣམ་གཞག་བརྒྱ་ཕྲག་དུ་མ་བྱས་ཏེ་འདི་རྣམས་ཐག་གཅོད་མཁན་ང་ མིན་གྱི། སངས་རྒྱས་ཡིན། ཀླུ་སྒྲུབ་ཡིན། ཤིང་རྟ་ཆེན་པོ་ཡིན་སོགས་གཏམ་རྫིགས་པོ་སྣ་ཚོགས་སྨྲ་མོད་མཐར་གཏུག་ཚེ། སངས་རྒྱས། ཀླུ་སྒྲུབ། ཤིང་རྟ་ཆེན་པོ་སོགས་རང་གི་བློ་འདི་ཙམ་གྱིས་ཐག་བཅད་པར་འདུག་ཅིང་། རང་བློ་འཁྲུལ་བ་མེད་པ་མཁས་པ་སུས་ཀྱང་ཁས་མི་ལེན་པས། ད་ནི་ཐམས་ཅད་ཀྱི་རྩ་བ་རུལ་པ་མ་ཡིན་ནམ།  དེས་ན་འཁོར་བའི་ཡུལ་འདིར་ཇི་སྲིད་གནས་པ་དེ་སྲིད་དུ་ཐག་བཅད་ཚད་ཐམས་ཅད་ཡིད་བརྟན་ མེད་པའི་བློ་འདི་ལ་ཡིད་བརྟན་བྱས་ནས་ཐག་གཅོད་པ་ཙམ་ལས་ཐབས་གཞན་ཅི་ཡང་མེད་པ་ བདེན་མོད་ཀྱི། འདི་ཙམ་ཞིག་གིས་ཆོས་ཉིད་མཐར་ཐུག་གི་ངོ་བོ་དང་། འཇིག་རྟེན་ལས་འདས་པའི་ཆོས་བསམ་ལས་འདས་པ་མིང་དང་བྲལ་བ་ཐམས་ཅད་ལ་རེ་རེ་བཞིན་ བསམ་བློ་བཏང་ཚུལ་རེ་བཟོས། མིང་རེ་རེ་བཏགས་ནས་ཐག་གཅོད་པ་ཧ་ཅང་མ་ཐལ་ལམ།  དེས་ན་ཀུན་རྫོབ་ཀྱི་ཆོས་རྫུན་གྱི་རང་བཞིན་ཅན་འདི་དག་ནི་རྫུན་གྱི་འབྱུང་གནས་སུ་ གྱུར་པའི་རང་བློ་འདིས་ཐག་གཅོད་པ་ཙམ་ཞིག་ལས་འོས་མེད་པ་ཐོག་ཏུ་བབ་མོད། དོན་དམ་པའི་བདེན་པ་འཚོལ་བ་ལ་སྙིང་ནས་བརྩོན་པ་དག་གིས་ནི། རྫུན་མཁན་གྱི་སེམས་འདི་ཐག་རིང་པོ་ལ་མི་སླེབས་པ་འདི་ཐོག་མར་ཤེས་དགོས་ལགས།  མདོར་ན་རང་ཅག་གི་བློ་འདི་འཁྲུལ་པ་མེད་པ་དང་། བསླུ་བ་མེད་པའི་རྒྱུ་མཚན་མཐར་ཐུག་ཞིག་སྟོན་རྒྱུ་ཡོད་ན་འཁྲུལ་མེད། བསླུ་མེད་གཞན་མང་པོ་ཞིག་ཀྱང་འཇོག་ནུས་མོད། རང་བློ་འཁྲུལ་བ་མེད་པའི་རྒྱུ་མཚན་ནི་ཨུ་ཚུགས་དང་། ཡུས་ཆེ་ཙམ་ལས་མེད་ཅིང་། ཟླ་བས་འཇུག་འགྲེལ་དུ། གང་གི་ཕྱིར། བདེན་པ་ཡིན་པ་དེའི་ཕྱིར་བདེན་པ་ཡིན་ནོ། །ཞེས་སྨྲ་བ་དེ་ཙམ་ཞིག་གིས་བདེན་པར་མི་འགྱུར་ལ། གསུངས་པ་བཞིན། མ་འཁྲུལ་བ་ཡིན་པའི་རྒྱུ་མཚན་གྱིས་མ་འཁྲུལ་བ་ཡིན་ཞེས་ཨུ་ཚུགས་གང་ཆེ་བྱས་ཀྱང་མ་འཁྲུལ་བར་ག་ལ་འགྱུར། བླུན་པོ་ཕལ་པའི་བློ་འཁྲུལ་པ་ནི་སྨོས་ཅི་དགོས། བཙུན་པ་སངས་རྒྱས་དབྱངས་ཀྱིས་ཕྱི་དོན་བདེན་གྲུབ་ཏུ་ཐག་བཅད་པ་དེ་ཡང་སློབ་དཔོན་ཐོགས་མེད་ཀྱིས་རྫུན་དུ་བཏང་། སླར་ཡང་ཐོགས་མེད་རང་གིས་ཀུན་བརྟགས་བདེན་མེད་དང་། གཞན་དབང་བདེན་གྲུབ་ཏུ་ཐག་བཅད་པ་དེ་ཡང་། དབུ་མའི་སློབ་དཔོན་དག་གིས་རྫུན་གྱི་ཁོངས་སུ་བཏང་བས་མཁས་པ་དེ་ཚོའི་བློ་ལ་ཡང་ཡིད་བརྟན་མེད་ན་སུའི་བློ་ལ་ཡིད་བརྟན་ཡོད། 

བྱིས་པའི་དུས་ནས་རྒས་ཤིང་འཁོགས་པའི་བར། །

སེམས་ཀྱི་ཁྱེར་སོ་ཅི་ཙམ་བརྗེས་གྱུར་པ། །

རང་གི་མྱོང་བས་དཔྱད་ན་ཤེས་ནུས་པའི། །

ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཅི། ། ཞེས་ཀྱང་སྨྲའོ། །

     འོ་ན་གང་ལའང་ཡིད་བརྟན་མེད་ན་ཅི་ཞིག་བྱེད་དགོས་ཟེར་ན། སྔར་སྨོས་པ་བཞིན་འཇིག་རྟེན་འདིར་ཇི་སྲིད་གནས་པ་དེ་སྲིད་དུ་རྫུན་ལ་ཡིད་ཆེས། རྫུན་ལ་བློ་གཏད། རྫུན་གྱི་སྟེང་དུ་རྣམ་གཞག་སྣ་ཚོགས་བྱེད་ནས་སྡོད་པ་ལས་གཞན་ཅི་བྱེད།འོན་ཀྱང་ད་ལྟར་རང་རེས་གང་མཐོང་བའི་ས་རྡོ་རི་བྲག་འདི་དག་སངས་རྒྱས་ཚེ་ད་དུང་ཡང་ ཁྲ་ལམ་མེར་མཐོང་རྒྱུ་ཡོད་སྙམ་ན་ཤིན་ཏུ་ནོར། རྩྭའི་བྲོ་བ་ཞིམ་པོ་དེ་བོང་བུའི་ལུས་ཀྱི་ནང་དུ་རྣམ་ཤེས་གནས་པ་དེ་སྲིད་དུ་ ཚོར་ནུས་ཀྱི། དེ་ནས་ཐོན་ཚེ་བྲོ་བ་དེ་ཡང་བརླག་ཚར། བྱ་གག་གིས་ནམ་ཚོད་ཟིན་པའི་རིག་པ་དེ་ཡང་བྱ་གག་གི་ལུས་ནས་ཐོན་ན་བརླགས་ཚར། རང་ཅག་ལ་ཡང་། ད་ལྟའི་དབང་པོ་ལྔ་པོ་འདི་ལས་གཞན་པའི་དབང་པོ་ལྷག་པོ་འགའ་བྱུང་ན། ཕྱི་རོལ་གྱི་ཤེས་བྱ་ཐམས་ཅད་ཀྱང་མང་དུ་འགྲོ། མིག་གཉིས་པོ་འདི་ཡང་གཡས་གཡོན་ན་མེད་པར་སྟེང་འོག་ཏུ་བརྩེགས་ཏེ་ཡོད་ན། ཕྱི་རོལ་གྱི་གཟུགས་ཐམས་ཅད་ཀྱང་དབྱིབས་དང་ཁ་དོག་མི་འདྲ་བར་འོང་ངེས།    རང་རེས་ནི་གང་ཐག་བཅད་པ་ཡང་དབང་པོ་ལྔ་པོ་འདི་ལ་བརྟེན་ནས་ཐག་བཅད་པ་ལས་གཞན་ཐབས་ ཅི་ཡང་མེད། དཔྲལ་བ་ན་ཡོད་པའི་མིག་འདི་གཉིས་ཀྱི་ནང་ནས་མ་མཐོང་ན་གཟུགས་མཐོང་བའི་ཐབས་གཞན་མེད། རྣ་བའི་ཨི་ཁུང་ཆུང་ངུ་འདིའི་ནང་དུ་མི་ཤོང་བའི་སྒྲ་གང་ཡང་ཐོས་མི་ནུས་པ་སོགས་ ཡིན། དེས་ན་ནུས་པ་ཞན་པའི་དབང་པོ་འདི་ལྔ་པོའི་སྟེང་དུ། འཁྲུལ་བ་ཅན་གྱི་སེམས་ཀྱང་གྲོགས་སུ་སྦྲན་ནས་ཤེས་བྱ་ཐམས་ཅད་ཚད་འདི་ཙམ་གྱི་ནང་དུ་འདུས་སོ་ཞེས་ཐག་བཅད་ནས། རང་གི་སེམས་ངོར་མ་ཤར་པའི་གནས་ལུགས་ཀྱི་དོན་ལ། མེད་པ་དང་མི་སྲིད་པར་སྨྲས་ནས་བློ་བདེ་སྟེ་སྡོད་པ་ཡང་རྒུད་པ་ཀུན་གྱི་སྒོ་ཡིན། རང་ཅག་གི་དབང་པོའི་ཚད་མ་འདི་དག་གིས་ས་རྒྱ་མི་ཆོད་པ་ནི། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་གསལ་བར་གསུངས་ཏེ། ཇི་སྐད་དུ། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱི་སུ་ལ་ཅི་ཞིག་བྱ། །ཞེས་གསུངས་པ་ལྟ་བུའོ། ། 

    དེས་ན་འཕགས་པའི་ལམ་བསྒོམ་བའི་དོན་སྒོ་མཐར་ཐུག་ནི། སྔར་ཡིད་ལ་མ་ཤར། མིག་གིས་མ་མཐོང་བ་ཞིག་གསར་དུ་ཤེས་པའི་ཆེད་དུ་ཡིན་ལ། རང་ཅག་གིས་ཁས་བླངས་པའི་འཇིག་རྟེན་ལས་འདས་པའི་ཆེད་དུ་ཡིན་ལ། རང་ཅག་གིས་ཁས་བླངས་པའི་འཇིག་རྟེན་ལས་འདས་པའི་ཆོས་སུ་རློམས་པ་འདི་དག་ཐམས་ཅད་ ཀྱང་ཞིབ་ཏུ་བརྟགས་ཚེ། འཇིག་རྟེན་དང་། དེའི་ནང་ནས་མིའི་འགྲོ་བ་ཁོ་ན་ལ་དཔེ་བཀབ་ནས་བཟོས་པ་ཤ་སྟག་ཡིན་པ་དཔེར་ན། རང་ཅག་རིན་པོ་ཆེ་ལ་དགའ་བའི་རྐྱེན་གྱིས་འོག་མིན་གྱི་ས་གཞི་ཁང་ཁྱིམ་སོགས་ཀྱང་ རིན་པོ་ཆེའི་རང་བཞིན་དུ་བྱས། དེ་བཞིན་ལོངས་སྤྱོད་རྫོགས་སྐུའི་མཚན་བཟང་རྣམས་ཀྱང་དོན་ལ་རང་ཅག་མིའི་མིག་ལ་ཡིད་དུ་འོང་བའི་ཆས་རྣམས་ཡིན།ལོངས་སྐུ་དང་། ལྷའི་ཆ་ལུགས་དེ་ཡང་སྔོན་གྱི་རྒྱ་གར་རྒྱལ་པོའི་ཆ་ལུགས་ཡིན་པར་ཞིབ་ཏུ་བརྟགས་ པས་ཤེས། འདི་རྣམས་རང་ཅག་གིས་བློ་བཟོ་ཙམ་མ་ཡིན་པར་མདོ་རྣམས་ལས་གསུངས་མོད་ཀྱང་། དེ་ཡང་དོན་ལ་བློ་ངོར་འཆར་མི་བཏུབ་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་རང་ཅག་ ལ་དྭངས་བ་དང་སྤྲོ་བ་བསྐྱེད་པའི་ཕྱིར་དུ་བློ་ངོར་འཆར་རྒྱུ་ཡོད་པ་ཞིག་ཐབས་ མཁས་ཀྱིས་གསུངས་པ་ཙམ་ཡིན། དཔེར་ན་སངས་རྒྱས་རྒྱ་ནག་ཏུ་བྱོན་པའི་དབང་དུ་བྱས་ན། འོག་མིན་གྱི་ལོངས་སྐུ་དེ་ཡང་། ཨག་ཚོམ་སྣུམ་ལ་རིང་བ། འབྲུག་བེར་སེར་པོ་གྱོན་པ་ཞིག་འོང་ངེས། དེ་བཞིན་སངས་རྒྱས་བོད་དུ་བྱོན་ན། འོག་མིན་ན་གསེར་གྱི་ཇ་མདོང་དཔག་ཚད་ལྔ་བརྒྱ་པ་ཞིག་གི་ནང་དུ་འདོད་འཇོའི་བ་ཡི་ མར་གསར་པ་དང་། དཔག་བསམ་གྱི་ཤིང་གི་ལོ་མ་སྦྱར་བའི་གསོལ་ཇ་སོགས་ཡོད་པ་ཐེ་ཚོམ་མེད། དེས་ན་འདི་ཐམས་ཅད་རང་ཅག་སོ་སོའི་སྐྱེ་བོའི་བསམ་བློ་བཏང་ཚུལ་ཙམ་ཡིན་གྱི། སངས་རྒྱས་རང་གི་སྤྱོད་ཡུལ་དངོས་མ་དེ་ཚོ་ནི། སློབ་དཔོན་ཟླ་བས། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །གསུངས་པ་ལྟར་རང་ཅག་གི་མདུན་དུ་སྨྲ་མི་འོས་པའམ། སྨྲས་ཀྱང་གོ་རྒྱུ་མེད་པ་ཞིག་ཡིན་ངེས། གལ་ཏེ་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྱོགས་ལ་དད་པ་ཕྲན་ཙམ་ཡོད་ན། སངས་རྒྱས་ཀྱིས་བསྐལ་པ་སྐད་ཅིག་དང་རྡུལ་ཕྲ་རབ་འཇིག་རྟེན་དང་མཉམ་པར་མཛད་པ་འདི་ཀུན་ལ་ཡིད་ཆེས་ཅུང་ཟད་དགོས།འོ་ན་རང་ཅག་གི་བློ་འདི་ཚད་མ་ཡིན་ན། རྡུལ་ཕྲ་རབ་གཟུགས་ཀྱི་ཆུང་བའི་མཐར་ཐུག་ཡིན་པར་ཐག་ཆོད། འཇིག་རྟེན་ནི་ཤིན་ཏུ་རྒྱ་ཆེ་བར་ཡང་ཐག་ཆོད། ཆུང་བའི་ནང་དུ་ཆེན་པོ་མི་ཤོང་བར་ཡང་ཐག་ཆོད་པས། སངས་རྒྱས་ཅི་ཙམ་རྫུ་འཕྲུལ་དང་ནུས་པ་ཆེ་ཡང་། ཚད་མས་གྲུབ་པའི་རྣམ་གཞག་གཞིག་པར་ག་ལ་ནུས། གལ་ཏེ་ནུས་ན་སངས་རྒྱས་ཀྱི་ནུས་པས། ཆོས་ཐམས་ཅད་བདེན་གྲུབ་ཏུ་བསྒྱུར་ཨེ་ནུས། སེམས་ཅན་ཐམས་ཅད་སངས་རྒྱས་སུ་བསྒྱུར་ཨེ་ཐུབ། དེ་མི་ཐུབ་པའི་རྒྱུ་མཚན་སེམས་ཅན་སངས་རྒྱས་མིན་པ་དང་། ཆོས་ཐམས་ཅད་བདེན་མེད་ཡིན་པའི་རྒྱུ་མཚན་གྱིས་ཡིན་ན་མ་གཏོགས་གཞན་ཅི་ཕྱིར་ བསྒྱུར་མི་ནུས། གལ་ཏེ་རང་ཅག་གིས་རྡུལ་ཕྲ་རབ་དང་། འཇིག་རྟེན་ལ་ཆེ་ཆུང་མེད་སྨྲས་ན་ཀུན་རྫོབ་ལ་སྐུར་འདེབས་དང་ཆད་ལྟར་འགྲོ་ན། སངས་རྒྱས་ཀྱིས་དངོས་སུ་ཆེ་ཆུང་མེད་པར་མཛད་ཚེ་ཆད་ལྟ་དེ་ག་ལག་ལེན་དུ་བཏབ་པའི་ སྡིག་པ་ཅི་བས་ཀྱང་མི་ཆེའམ། སྤྱིར་ཕྲ་རབ་དང་། འཇིག་རྟེན་ལ་ཆེ་ཆུང་ཡོད་པར་ཐག་བཅད་ནས། སངས་རྒྱས་ཀྱིས་དེ་ལྟར་མཛད་པ་དམིགས་བསལ་ཡིན་སོགས་དམིགས་བསལ་མང་པོ་སྤྱོད་ དགོས་པ་འདི་ནི་དོན་ལ་རང་ཅག་གི་ཚད་མའི་ཁུག་མ་ལ་ཕྱོགས་ཐམས་ཅད་ནས་ཨི་ཁུང་རྡོལ་བའི་རྟགས་ཡང་དག་ཡིན་ནོ། །

  ལེགས་པར་གོ་ན་སངས་རྒྱས་ཀྱིས་ཕྲ་རབ་དང་། འཇིག་རྟེན་ཆེ་ཆུང་མཉམ་པར་མཛད་པ་དེ་སངས་རྒྱས་ཀྱི་ནུས་པ་ཆེ་དྲགས་པའི་རྒྱུ་མཚན་གྱིས་མི་མཉམ་པ་ཞིག་མཉམ་པར་མཛད་པ་མ་ཡིན་གྱི། རང་ཅག་གི་བློ་ངོར་ཆེ་ཆུང་གཉིས་འགལ་བར་མངོན་སུམ་དུ་མཐོང་བའི་རྣམ་རྟོག་གིས་ཐག་བཅད་པ་འདིས་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་འཆིང་མ་ནུས་པའི་རྒྱུ་མཚན་གྱིས་ཡིན་ནམ། སངས་རྒྱས་ཀྱིས་ཆེ་ཆུང་རོ་མཉམ་དུ་གཟིགས་ཤིང་། ཆེ་ཆུང་གཉིས་ཀྱང་དོན་ལ་རོ་མཉམ་ཡིན་པས། ཡིན་པ་ལ་ཡིན་པར་མཛད་པ་མ་གཏོགས་མིན་པ་ཡིན་པར་བསྒྱུར་བའི་རྫུ་འཕྲུལ་བསྟན་པ་ག་ལ་ཡིན། རང་ཅག་གི་རྣམ་པར་རྟོག་པ་ལ། ཡོད་མེད། ཡིན་མིན། ཆེ་ཆུང་། བཟང་ངན་ལ་སོགས་པ་ཐམས་ཅད་ཀྱང་ཕན་ཚུན་འགལ་བ་ཤ་སྟག་ཡིན་པས་ཕྲ་རབ་གྱི་ནང་དུ་ འཇིག་རྟེན་ཤོང་བ་མེད་པ་དེ། ཚད་མའི་མིང་བཏགས་པའི་རང་ཅག་གི་རྣམ་རྟོག་འདི་ཉིད་ཀྱིས་སྤྲུལ་པའི་རྫུ་འཕྲུལ་ཆེན་པོ་ཞིག་ཡིན། དེས་ན་རྫུ་འཕྲུལ་ངོ་ཐོག་སྟོན་མཁན་རང་རེ་ཡིན་གྱི། སངས་རྒྱས་མིན་པར་གོ་དགོས། འཇུག་པའི་མཛད་བྱང་དུ། སློབ་དཔོན་ཟླ་བ་གྲགས་པས། རི་མོའི་བ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པ་སོགས་གསུངས་ལ། གལ་ཏེ་སྣང་བ་འདི་ཚད་གྲུབ་ཡིན་ན། རི་མོའི་བ་ལ་རྒྱུ་མ་དང་། གློ་བ། ནུ་མ་སོགས་མི་སྲིད་པས། དེ་འདྲ་ལས་འོ་མ་དངོས་ཞིག་བཞོ་རྒྱུ་ཡོད་ན་ཟླ་བ་གྲགས་པས་རྟེན་འབྲེལ་ལ་སྐུར་པ་ཆེན་པོ་བཏབ་པ་ཡིན་གྱི། བདེན་གྲུབ་བཟློག་པ་ག་ལ་ཡིན། བཀའ་གདམས་གླེགས་བམ་དུ་ཇོ་བོས་སྐུ་ལུས་ཡོངས་རྫོགས་སཱཙྪའི་སྐོར་ཕོར་ཆུང་ངུ་ཞིག་ གི་ནང་དུ་འཇུག་པ་སོགས་རྫུ་འཕྲུལ་སྣ་ཚོགས་ཞིག་བསྟན་པའི་མཐར། དེ་རིང་འོ་ཅག་གིས་གང་བྱས་པ་འདི་ཀུན། རིགས་པ་སྨྲ་བའི་རྟོག་གེ་བ་རྣམས་ཀྱིས་འགལ་བ་བརྩི། འོ་ན་བརྩི་ན་ཡང་བརྩིར་ཆུག ཆོས་ཀྱི་གནས་ལུགས་འདི་འདྲ་ཞིག་མིན་རེ་ཞེས་རྒྱ་བོད་གཉིས་ཀ་འགྲིམས་ནས་མནའ་ བསྐྱལ་ཡང་ཆོག་སོགས་གསུངས།   དེས་ན་རང་ཅག་གིས་མེད་པ་མིན་ན་ ཡོད་པ་ཡིན་དགོས། ཡོད་པ་མིན་ན་མེད་པ་ཡིན་དགོས། དེ་གཉིས་དངོས་འགལ་ཡིན། དེ་གཉིས་མིན་པ་གང་ཡང་མི་སྲིད་སོགས་དང་། དེ་བཞིན་དུ་ཆུང་བ་ཡིན་ན་ཆེན་པོ་མིན་དགོས། ཆེན་པོ་ཡིན་ན་ཆུང་བ་མིན་དགོས། དེ་གཉིས་ལ་ཁྱད་པར་མེད་ན། རྟེན་འབྲེལ་གྱི་རྣམ་གཞག་ཐམས་ཅད་འཇིག་འགྲོ་སོགས་ངར་སྐད་ཆེན་པོ་བསྒྲགས་ཏེ། ཆོས་ཉིད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་ལྟ་བ་ལ་ཆད་ལྟ་ཆེན་པོ་ཡིན་ནོ་སོགས་ སྨྲ་བ་འདི་ཡང་། རང་ཅག་གི་སེམས་ལ་ཡོད་མེད་གཉིས་ལས་གཞན་འཆར་རྒྱུ་མེད་ཅིང་། རང་རེའི་སེམས་ཀྱིས་ཡོད་མེད་གཉིས་ལས་གཞན་ངོ་མི་ཤེས་པའི་རྒྱུ་མཚན་གྱིས་ཡིན་ ཀྱང་། རང་ཅག་གི་སེམས་ལ་འཆར་མི་ནུས་པའི་རྒྱུ་མཚན་གྱིས་མི་སྲིད་པ་དང་མེད་པར་ག་ལ་གྲུབ། དཔེར་ན། འོ་མ་ལས་གཞན་པའི་མངར་ཆ་གཞན་ཅི་ཡང་རྒྱུས་མེད་པའི་བྱང་ཐང་གི་ཡུལ་ཞིག་ཏུ་སླེབས་ན། མངར་ཆ་ཡིན་ན་འོ་མ་ཡིན་དགོས། འོ་མ་མིན་ན་མངར་ཆ་ཡང་མིན་དགོས་ཞེས་ཨུ་ཚུགས་བྱེད་པར་ངེས་ཤིང་། ཡུལ་དེའི་མི་རྣམས་ཀྱི་སྣང་ངོར་འོ་མ་མིན་པ་དང་། མངར་མོ་ཡིན་པ་གཉིས་དངོས་འགལ་མཐར་ཐུག་ཞིག་ཡིན་ལ། དེ་འདྲ་སྨྲ་མཁན་ཀྱང་ཀུན་རྫོབ་ལ་སྐུར་བ་འདེབས་པའི་ཆད་ལྟ་ཆེན་པོ་ཡིན་ནོ། །དེ་བཞིན་དཔེར་ན། རྣམ་རྒྱལ་དང་ཚེ་རིང་གཉིས་ལས་མི་གཞན་གང་ཡང་ངོ་མི་ཤེས་པ་ཞིག་ཡིན་ན། ཁྱིམ་ཞིག་གི་ནང་དུ་མི་ཡོད་པར་ནི་ཐག་ཆོད། རྣམ་རྒྱལ་མེད་པར་ཐག་ཆོད་ཚེ། མི་དེ་ཚེ་རིང་ཡིན་པར་ཐག་ཆོད། དེ་གཉིས་ལས་གཞན་པའི་མི་ངོ་མི་ཤེས་བའི་རྒྱུ་མཚན་གྱིས། དེ་གཉིས་པོ་གཅིག་མིན་ན་གཅིག་ཡིན་དགོས་ཞེས་ཨུ་ཚུགས་བྱེད་པ་དང་འདྲ། རང་ཅག་གི་སེམས་འདི་ཡོད་མེད་གཉིས་ཀའི་སྟེང་དུ་རེས་མོས་ཀྱི་གནས་པ་མ་གཏོགས། དེ་གཉིས་གང་ཡང་མིན་པ་ཞིག་གི་སྟེང་དུ་གནས་ཐབས་མེད་པར་བདེན། འོན་ཀྱང་དབུ་མའི་ལམ་ནི་ཡོད་མེད་གཉིས་ཀའི་དབུས་དེ་ལ་ཟེར་བ་སངས་རྒྱས་རང་ཉིད་ཀྱིས་ཤིན་ཏུ་གསལ་བར་གསུངས་ཏེ། དཔེར་ན་འོད་སྲུང་གི་ལེའུ་ལས། འོད་སྲུང་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དབུ་མའི་ལམ་བརྗོད་དུ་མེད་པ། བསམ་དུ་མེད་པ་སོགས་གསུངས་ཤིང་། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། ཡོད་དང་མེད་ཅེས་བྱ་བ་རྩོད་པ་སྟེ། །གཙང་དང་མི་གཙང་འདི་ཡང་རྩོད་པ་ཡིན། །རྩོད་པར་གྱུར་པས་སྡུག་བསྔལ་ཞི་མི་འགྱུར། །རྩོད་པ་མེད་པར་གྱུར་པ་སྡུག་བསྔལ་མཐའ། །སོགས་ཤིན་ཏུ་གསལ་བར་གསུངས་ཏེ། འོན་ཀྱང་དེང་སང་གི་མཁས་པ་རྣམས་ཀྱིས། ཡོད་པ་མིན། མེད་པ་མིན་བྱ་པའི་ལུང་ཞིག་རྣ་བས་ཐོས་ཚེ། ཐོག་མར་ལུང་དེ་གསུང་མཁན་སུ་ཡིན་རྩད་གཅོད་བྱེད། གལ་ཏེ་ལུང་དེ་བོས་སྔ་མའི་མཁས་པ་ཞིག་གི་གསུང་ཡིན་འདུག་ན། དེ་འདྲ་ཟེར་མཁན་དེ་ཆད་ལྟ་བ་བླུན་པོ་ཡིན་ཞེས་བརྙས་བཅོས་བྱེད། གལ་ཏེ་ལུང་དེ་སངས་རྒྱས་དང་ཀླུ་སྒྲུབ་སོགས་ཀྱི་གསུང་ཡིན་པར་ངོས་ཟིན་ན། ཡོད་པ་མིན་གསུངས་པ་བདེན་པར་ཡོད་པ་མིན་བྱ་བའི་དོན་ཡིན། མེད་པ་མིན་བྱ་བ་ཀུན་རྫོབ་ཏུ་མེད་པ་མིན་བྱ་པའི་དོན་ཡིན་སོགས་ཚིག་གི་ལྷན་པ་ སྣ་ཚོག་བཏབ་ནས་རང་གི་ཞེ་འདོད་དང་འགྲིགས་པ་ཞིག་བྱེད་དེ།(དོན་ ལ་སངས་རྒྱས་ལ་དགག་པ་བཏབ་ན་མི་ངན་ལྟ་ངན་གྱི་ཐོགས་པ་ལ་འཇིགས། བོད་སྔ་མ་ལ་དགག་པ་བྱེད་ཐུབ་ན། མཁས་པ་དཔའ་བོའི་མིང་ཐོགས་པའི་ཁྱད་པར་དེ་ཙམ་མ་གཏོགས།)ཡོད་ མིན། མེད་མིན། བརྗོད་མིན། སྤྲོས་བྲལ་སོགས་ཀྱི་ཐ་སྙད་ནི། མདོ་དང་རིགས་ཚོགས་དང་། བོད་སྔ་མའི་མཁས་པ་དག་གི་གསུང་རབ་ལ་མང་ཉུང་མི་འདུག །དེས་ན་བོད་སྔ་མའི་མཁས་པ་རྣམས་ཀྱིས། གནས་ལུགས་བརྗོད་དུ་མེད་པ། བསམ་དུ་མེད་པ་སོགས་གསུང་པ་ལ། འགའ་ཞིག་གིས་ནི་བླུན་པོ་དང་། ཆད་ལྟ་བ་ཞེས་དགག་པ་བྱེད། འགའ་ཞིག་གིས་ཅུང་ཟད་གུས་པའི་ཚུལ་དུ་བྱས་ཏེ། བོད་སྔ་མའི་མཁས་གྲུབ་ཁོང་ཚོའི་ཐུགས་ཀྱི་དགོངས་ཚུལ་ལ་ནི་མ་འགྲིགས་པ་ཆེར་མེད་ མོད་ཀྱི། ཁ་ནས་བཤད་པའི་ཚེ་རྗེ་བླ་མ་ལྟ་བུའི་ཞིབ་ཆ་མ་ཐོན་པ་ཙམ་ཡིན་ཟེར། དེ་བདེན་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཐུགས་ཀྱི་དགོངས་ཚུལ་ལ་མ་འགྲིག་པ་མེད་མོད་ ཀྱི། ཞལ་ལས་གསུང་པའི་ཚེ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། ཞེས་དང་། ཡིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཡོད་པ་ཡམིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་སོགས་ཀྱི་ལྷན་པ་མཛེས་པོ་དེ་ཚོ་སྣང་མེད་དུ་བཞག་འདུག་པས། སངས་རྒྱས་ཁོང་ཡང་ཆོས་སྟོན་ཚུལ་ལ་ཞིབ་ཆ་མེད་པ་ཞིག་འདུག  དེས་ན་བོད་སྔ་མ་དང་། སངས་རྒྱས་གཉིས་ཀ་འགོག་ན་ཡང་མཉམ་དུ་ཁོག་ཅིག འཇོག་ན་ཡང་མཉམ་དུ་ཞོག་ཅིག མི་ཁ་སྡང་མི་སྡང་ལ་འཇིགས་ནས་ལྕེ་སྣ་ཚོགས་སུ་བསྒྱུར་ཏེ་མགོ་སྐོར་སྣ་ཚོགས་མི་གཏོང་བར་ཞུ། དེའི་ཕྱིར་དོན་དམ་པའི་དཔྱད་པ་ལྷུར་ལེན་ན་རང་ཅག་གིས་ཐག་བཅད་ཚད་ཐམས་ཅད་རྩ་བ་ནས་ མེད་པའི་བློ་བཟོ་ཤ་སྟག་ཡིན་པ་ལ་ཆ་འཇོག་དགོས། འདི་འདྲ་ལ་བསམ་ཚེ་འཇིགས་པ་ཆེན་པོ་སྐྱེ་བ་དེ་ཡང་སྟོང་ཉིད་ཀྱི་ལྟ་བ་ལ་འཇིགས་ པ་སྐྱེ་པའི་འགོ་ཚུགས་པ་ཡིན། དེ་མིན་རང་ཅག་གིས་བསམ་ཚད་ཀྱི་ཡོད་མེད། ཡིན་མིན། གཙང་བཙོག །བཟང་ངན། སངས་རྒྱས་སེམས་ཅན། མཐོ་རིས་དམྱལ་བ་ལ་སོགས་པ་ཐམས་ཅད་རྟེན་འབྲེལ་བསླུ་བ་མེད་པ་ཡིན་ཞེས་རང་ཆགས་སུ་བཞག་ནས་དེ་ཚོ་འགོག་མི་ཆོག བཀག་ན་ཆད་ལྟར་ལྷུང་སོགས་ཐག་བཅད། དེ་མིན་པའི་བདེན་གྲུབ་བྱ་བ་ཞིག་འགོག་དགོས་ཟེར་བ་འདི་ཚོག་སྐམ་ཁ་ལ་བྱང་བའི་ མཁས་པ་འགའ་ཞིག་གི་ངག་སྒྲོས་ཙམ་ཡིན། ཁོང་ཚོའི་ལུགས་ལྟར་ན། ནམ་རྒྱུན་གྱི་རང་རེའི་རྒྱུད་ཀྱི་ངའོ་སྙམ་པའི་བློ་འདི་ཡང་བདག་འཛིན་མིན་པས་ འགོག་མི་ཆོག དེས་ན་ངར་འཛིན་ལྷན་སྐྱེས་ངོས་འཛིན་ཚུལ་ཡང་། དཔེར་ན། མི་གཅིག་གིས། ཁྱོད་རྐུན་མ་ཡིན་ནོ་ཞེས་བརྗོད་ཚེ་ང་རྐུན་མ་ག་ལ་ཡིན་ཞེས། ང་ཧྲང་ངེ་བ་ཞིག་འཆར་བ་དེ་ངར་འཛིན་ལྷན་སྐྱེས་ཡིན་ཟེར། གལ་ཏེ་ནམ་རྒྱུན་གྱི་ངའོ་སྙམ་པའི་བློ་འདི་ཚད་མ་ཡིན་ན། རྐུན་མ་ཡིན་ནོ་ཞེས་བརྗོད་ཚེ། ངའོ་སྙམ་པའི་བློ་སྐྱེས་པ་དེ་ཡང་། ཚད་མ་ཤུགས་ཆེ་རུ་སོང་བ་ཙམ་ཡིན་གྱི། བདེན་འཛིན་དུ་འགྲོ་དོན་ག་ལ་ཡོད། གལ་ཏེ་བདེན་འཛིན་ཡིན་ན། མི་གཅིག་གིས། སངས་རྒྱས་ནི་སྐྱབས་གནས་མ་ཡིན་ཞེས་བརྗོད་ཚེ། སྐྱབས་གནས་ག་ལ་མིན་སྙམ་པའི་བློ་དེ་ཡང་བདེན་འཛིན་ཅིའི་ཕྱིར་མིན། དེ་བཞིན་འདི་བུམ་པ་མིན་ཞེས་བརྗོད་ཚེ། བུམ་པ་མིན་ན་གཞན་ཅི་ཡིན། བུམ་པ་ཡིན་པར་ཐག་ཆོད་སྙམ་པའི་བློ་དེ་ཡང་། བུམ་པའི་བདེན་འཛིན་ཡིན་གྱི་ཚད་མ་ག་ལ་ཡིན། དེས་ན་ཁོང་ཅག་གི་ལུགས་ལྟར་ན། བློ་ཤུགས་ཆུང་བ་རྣམས་ཚད་མ་དང་། བློ་དེ་ག་རང་ཤུགས་ཆེ་རུ་སོང་ཚེ་རླུང་ལོག་པ་བཞིན་བདེན་འཛིན་དུ་འགྲོ་བར་འདུག་པས་ཡ་མཚན། ལྟ་བ་རྟོགས་པ་ལ་དགག་བྱ་ངོས་ཟིན་པ་གལ་ཆེ་ཞེས་ཀུན་གྱི་ཁ་ལ་རླུང་ལྟར་གྲགས་པ་འདི་བདེན་ན།(རྗེ་བླ་མ་རང་གི་ཞལ་ནས། སྟོང་ཉིད་མ་རྟོགས་བར་དུ། ཡོད་པ་ཙམ་དང་། བདེན་པར་ཡོད་པའི་ཁྱད་པར་ནམ་ཡང་ཕྱེ་མི་སྲིད་ཅིང་། དེ་བཞིན་བདེན་པར་མེད་པ་དང་། མེད་པ་ཙམ་གྱི་ཁྱད་པར་ཡང་འབྱེད་མི་ནུས་ཞེས་གསུངས་ཤིང་།)ཐལ་རང་ལ་ཆོས་ཅན་མཐུན་སྣང་བ་མེད་པའི་རྒྱུ་མཚན་མཐར་ཐུག་ཀྱང་དེ་ཡིན་པར་གསུངས་པས། ལྟ་བ་མ་རྟོགས་གོང་དུ་བདེན་གྲུབ་ཟུར་དུ་ངོས་ཟིན་པ་ག་ལ་སྲིད། དེས་ན་དགག་བྱ་ངོས་འཛིན་ཁུལ་བྱས་པ་དེ་ལ་ཡིད་རྟོག་ག་ལ་ཡོད།  ཡང་འགའ་ཞིག་གིས་བུམ་པ་ཡོད་དོ་སྙམ་པའི་བློ་ཚད་མ་སྐྱེས་པ་ན། དེ་དང་དུས་མཉམ་དུ་བུམ་པ་བདེན་གྲུབ་ཏུ་ཡོད་སྙམ་པའི་བདེན་འཛིན་ཞིག་ཀྱང་སྐྱེས་ མོད་ཀྱི། སོ་སོར་ངོས་ཟིན་པ་དཀའ་སོགས་ཟེར།  འོ་ན་ཚད་མ་བྱ་བ་སངས་རྒྱས་འཐོབ་བྱེད་ཀྱི་རྒྱུ་གཙོ་བོ་དེ་དང་། བདེན་འཛིན་བྱ་བ་ཉེས་པ་ཀུན་གྱི་རྩ་བ་དེ་གཉིས། གཅིག་ལ་གཅིག་འདྲ་ཆེ་པའི་རྒྱུ་མཚན་གྱིས་སོ་སོར་ངོས་མི་ཟིན་པ་ཡ་མཚན་ཆེ། དེ་གཉིས་གཅིག་སླེབས་པ་ལ་གཅིག་ངེས་པར་སླེབས་ན། འགོག་ན་ཡང་མཉམ་དུ་དགག་དགོས་ཀྱི། ཟུར་དུ་ཕྱེ་ག་ལ་ནུས། ནམ་ལངས་སོ་སྙམ་པའི་བློ་དེ་ཡང་ཚད་མ་ཡིན། སྐེ་རགས་བཅིང་ངོ་སྙམ་པའི་བློ་དེ་ཡང་ཚད་མ་ཡིན། དེ་བཞིན་ཇ་འཐུང་། རྩ་མ་པ་ཟ་སོགས་ཀྱི་བློ་ཐམས་ཅད་ཚད་མ་རྐྱང་པ་ཡིན་ན། ཉིན་གང་པོའི་བློ་ཐམས་ཅད་ཀྱི་ནང་ན་འགོག་རྒྱུ་གཅིག་ཀྱང་མི་འདུག་པས། བདེན་འཛིན་ཟེར་བའི་དགག་བྱ་དེ་གང་དུས་སྐྱེ་བ་ཡིན། ཐོག་མ་མེད་པ་ནས་གོམས་པའི་བདེན་འཛིན་གྱི་བློ་དེ་ཉིན་རེ་ལ་ལན་རེ་གཉིས་ལས་ལྷག་མིས་སྐྱེ་ན་ཤིན་ཏུ་ངོ་མཚར། དོན་གང་ལ་ཡང་གོམས་ཆེ་བའི་བློ་དེ་ག་རང་ཐོག་མར་སྐྱེ་བར་དཔེར་ན། རང་གི་ཕ་བྲམ་ཟེ་སློབ་དཔོན་འོང་བར་མཐོང་བ་ན། ཐོག་མར་བདག་གི་ཕ་འོངས་སོ་སྙམ་པའི་བློ་སྐྱེ་བ་ལས། སློབ་དཔོན་འོངས་སོ། བྲམ་ཟེ་འོངས་སོ་སོགས་བློ་ལ་མི་འཆར་ཞེས་ཚད་མའི་བསྟན་བཅོས་ནས་གསུངས་པ་བཞིན་ ཡིན་ལ། རང་ཅག་ལ་ནི་བདེན་འཛིན་གྱི་བློ་འདི་ཐོག་མེད་ནས་གོམས་པ་ཡིན་པས། བུམ་པ་མཐོང་ཚེ་ཐོག་མར་སྐྱེ་བའི་བློ་དེ་ནི། བུམ་པར་བདེན་འཛིན་ཡིན་པར་ཐག་ཆོད། དེའི་ཕྱིར་རིགས་པི་དགག་བྱ་ལ་ཁ་ནས་ཁྱད་ཅི་ཙམ་ཕྱེ་ཡང་དོན་ལ་འགོག་རྒྱུ་དེ། བུམ་པ་འགོག་དགོས། ཀ་བ་འགོག་དགོས། ཡོད་པ་འགོག་དགོས། མེད་པ་འགོག་དགོས་ཀྱང་། བུམ་པ་བཞག་ནས་བུམ་པ་བདེན་གྲུབ་བྱ་བ་ཞིག་ཟུར་དུ་འགོག་རྒྱུ་ག་ལ་ཡོད། ཚུལ་འདི་ནི་སྔ་རབས་པའི་མཁས་པ་རྣམས་སུ་མ་ཟད། དགེ་ལྡན་ཕྱོགས་ཀྱི་མཁས་གྲུབ་ཉམས་མྱོང་ཅན་ཚོས་ཀྱང་གསལ་བར་དགོངས་འདུག་སྟེ། དཔེར་ན་ལྕང་སྐྱ་རིན་པོ་ཆེས། སྣང་བ་ལིང་ལིང་འདི་རང་སོར་བཞག་ནས། དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་འདུག་སྟ། སོགས་མ་མཉེས་པའི་གསུངས་བྱུང་བ་བཞིན། གུང་ཐང་བསྟན་པའི་སྒྲོན་མེད་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་དེ་ཁོ་ན་བཞིན་དུ་གསུངས་སོ། །

  འགའ་ཞིག་གིས། བུམ་པ། ཀ་བ་སོགས་རིགས་པས་དགག་ན་ཐམས་ཅད་མེད་པར་ལྟ་པའི་ཆད་ལྟ་སྐྱེ་སྙམ་ནས་འཇིགས་པ་ནི་དོན་མེད་པའི་སེམས་ཁྲལ་ཏེ། མདུན་ན་མཐོང་བཞིན་པའི་བུམ་པ་འདི་གཏན་ནས་མེད་དོ་སྙམ་པའི་ཆད་ལྟ་ཞིག་སོ་སྐྱེ་རང་ག་བ་ལ་སྐྱེ་བར་ག་ལ་སྲིད། གལ་ཏེ་དེ་འདྲའི་བློ་ཞིག་སྐྱེས་ན་བུམ་པ་མཐོང་རྒྱུ་ཡོད། རེག་རྒྱུ་ཡོད་པ་དངོས་སུ་ཤེས་པས། བུམ་པ་འདི་ང་ལ་སྣང་རྒྱུ་འདུག་ཀྱང་། སྣང་བཞིན་དུ་གཏན་ནས་མེད་དོ་སྙམ་པའི་བློ་རང་ཤུགས་ཀྱིས་སྐྱེས་པས། བློ་དེ་འདྲ་ནི་སྣང་ལ་སྣང་བ་ལྟར་དུ་མེད་པར་འཛིན་པའི་སྣང་སྟོང་གཉིས་ཚོགས་ཀྱི་ དབུ་མའི་ལྟ་བ་དེ་ཡིན་གྱི། ཆད་ལྟ་ག་ལ་ཡིན། མདོར་ན་བུམ་པ་གཏན་ནས་མེད་སྙམ་པ་དང་། མིག་གིས་མངོན་སུམ་དུ་མཐོང་བའི་ཚེ། སྒྱུ་མ་ལྟ་བུའི་བློ་ངང་ངམ་ཤུགས་ཀྱིས་སྐྱེས་པས། ཆད་ལྟར་ལྷུང་བའི་ཉེན་ཅི་ཞིག་ཡོད།

ཡིད་ཀྱིས་མེད་པར་ཐག་ཚོད་ཅིང་། །

མིག་གིས་ཡོད་པར་མཐོང་བའི་ཚེ། །

ཞྭ་སེར་མཁན་པོས་མ་བསླབ་ཀྱང་། །

སྒྱུ་མའི་བློ་ལས་གཞན་ཅི་འབྱུང་། ། ཞེས་ཀྱང་སྨྲས་སོ། །

   དཔེར་ན། གསེར་དང་། ས་རྡོ། རྩི་ཤིང་ལ་སོགས་པ་ཁྱད་མ་ཕྱེ་བར་ཅིག་ཅར་དུ་མེ་ལ་བསྲེགས་ན། ཚིག་པ་རྣམས་ནི་ཚིག །མ་ཚིག་པ་རྣམས་ནི་ཤུལ་དུ་ལུས་པ་ལྟར། རིགས་ཤེས་ཀྱིས་སྣང་བ་ཐམས་ཅད་ཁྱད་མ་ཕྱེ་བར་དགག་ཀྱང་། སྒྱུ་མའི་དངོས་པོ་ཤུལ་དུ་ལུས་རྒྱུ་ཞིག་ཡོད་པ་དེ་ལུས་ནས་སྡོད་ངེས་ཀྱི། དང་པོ་ཉིད་ནས་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ཟུར་དུ་ཕྱེ་ནས། དེ་ལ་རིགས་པས་གནོད་པ་མ་བསྐྱལ་བར་འཇོག་ག་ལ་དགོས། ཐ་སྙད་ཚད་གྲུབ་ཁས་མ་བླངས་ཀྱང་རྟེན་འབྲེལ་ལ་ཡིད་རྟོན་མེད་པར་མི་འགྱུར་བ་ཅི་ཡིན་ཞེ་ན། སྤྱིར་ཚད་མས་གྲུབ་པ་བྱ་བ་འདི་ཀུན་རྫོབ་ཀྱི་སྣང་བ་རགས་པ་རྣམས་ཕྲ་ཞིང་ཞིབ་ཏུ་བཏང་བའི་དགོས་པ་རྒྱ་ཆེན་པོ་འདིའི་ཆེད་དུ་མཁས་པ་རྣམས་ཀྱིས་ཚུལ་གསུམ་གྱི་རིགས་པས་གྲུབ་པ་བྱ་བ་དང་དོན་གཅིག་ཅིང་། དོན་ལ་ཀུན་བརྟགས་ཀྱི་མ་རིག་པའི་ཡུལ་གྱི་ཁྱད་པར་འགའ་ཞིག་དགོས་པ་རྒྱ་ཆེན་པོའི་དོན་དུ་མཁས་པ་རྣམས་ཀྱི་རྟོག་གེའི་རིགས་པས་ཆེས་གསལ་དུ་བཏང་བ་ཞིག་ཏུ་འདུག་ལ། སྤྱིར་ཚད་གྲུབ་བྱ་བ་དང་། ཡིད་ཆེས་པ། བསླུ་མེད། བསྙོན་མེད་སོགས་རྟོག་གེའི་རིགས་པས་སྣོན་པ་བཏབ་མ་བཏབ་ཙམ་གྱི་ཁྱད་པར་ལས། རིགས་དྲུག་ཀུན་གྱི་རྒྱུད་ལ་རང་བྱུང་དུ་ཡོད་པའི་ཀུན་རྫོབ་ཀྱི་རྣམ་ཤེས་འདི་ཁ་ཕྱོགས་བསྒྱུར་ལུགས་ཀྱིས་སྣང་བ་ཙམ་ལས་གཞན་དུ་མེད་ཅིང་། བུ་ཡི་ལག་པ་མེ་དང་འཕྲད་ན་ཨ་ཚ་ཚ་ཟེར་བ་དེ། བསླུ་མེད། བསྙོན་མེད་ཁས་ལེན་སོགས་ཡིན་ལ། ཕ་ཡིས་མེ་ཚ་བ་ཡིན། ལག་པ་ཤ་ཡིན་པས་མེ་ལ་ཐུག་ན་ཅི་ལ་མི་ཚ་སོགས་རྒྱུ་མཚན་དང་སྦྱར་བའི་བཀའ་བཀྱོན་ གནང་བ་དེ་ལུང་རིགས་ཀྱི་ཚད་མས་གྲུབ་ལུགས་ཡིན། དེས་ན་ཇི་སྲིད་ས་རྡོ་རི་བྲག་ལ་སོགས་པའི་སྣང་བ་འདི་དག་མ་ཡལ་བ་དེ་སྲིད་དུ་ མཆོག་གསུམ་རྒྱུ་འབྲས་རྟེན་འབྲེལ་ལ་སོགས་པའི་སྣང་བ་ཡང་ཡལ་བའི་དོན་མེད་ལ། དགོས་པའི་སྣང་བ་སྔོན་དུ་ཡལ་ནས། མི་དགོས་པའི་སྣང་བ་རྗེས་སུ་ལུས་ན་སོ་སོའི་སྐྱེ་བོ་ཆོས་མེད་ཐ་ཤལ་པའི་རང་བཞིན་ལས་འོས་ཅི་ཡོད། ནམ་ཞིག་སྔོན་གྱི་སྔགས་པ་རྒན་པོ་རྣམས་ཀྱི་ཆོས་སྐད་ཆོས་ཟད་བློ་འདས་ཞེས་བརྗོད་པའི་ས་དེར་སླེབས་ཚེ་ས་རྡོ་རྟེན་འབྲེལ་མཆོག་གསུམ་སོགས་བཟང་ངན་བར་མའི་ཀུན་རྫོབ་འདི་དག་རྩ་བ་ནས་ཡལ་ཏེ་འདི་དག་གི་ཚབ་ཏུ། སྐུ་ཐུགས་ཟུང་འཇུག བདེན་གཉིས་ཟུང་འཇུག བཟང་ངན་ཟུང་འཇུག དགེ་སྡིག་ཟུང་འཇུག་སོགས་མང་པོ་ཞིག་ཡོང་རྒྱུ་མེད་དམ་སྙམ། དེའི་ཚེ་ཇི་སྙེད་པ་གཟིགས་པའི་རྣམ་མཁྱེན་གྱི་ཆ་ཤས་བྱེ་བ་འབུམ་ཕྲག་དེ་ཀུན་ཀྱང་ཇི་ལྟ་བ་གཟིགས་པའི་རྣམ་མཁྱེན་གཅིག་གི་ངོ་བོར་སོང་བར་སེམས། སྤྱིར་རང་ཅག་སོ་སོའི་སྐྱེ་བོ་རྣམས་ལ་འདོད་པ་བཞིན་དུ་ཡིད་ཆེས་པ། མི་འདོད་བཞིན་དུ་ཡིད་ཆེས་པ། འོས་མེད་པར་ཡིད་ཆེས་པ་སོགས་ཡིད་ཆེས་དུ་མ་ཞིག་ཡོད་མོད་ཀྱི་རྩ་བ་རང་གི་སྣང་བ་ ལ་རང་ཉིད་ཡིད་ཆེས་པ་ཙམ་ལས་མེད་ཅིང་། ཡིད་ཆེས་པ་བྱ་བ་དེ་རང་དབང་མེད་པར་མྱོང་བའི་སྟོབས་ཀྱིས་སེམས་ཡུལ་ཕྱོགས་རེ་བ་ཞིག་ལ་འཇུག་དགོས་པ་དེ་ཡིན། རྨི་ལམ་དུ་སྣང་ཇི་ལྟ་བ་བཞིན་བདེན་པ་ཚད་གྲུབ་ཏུ་སུས་ཀྱང་ཁས་མི་ལེན་མོད། རྨི་ལམ་དུ་ཤར་བའི་བདེ་སྡུག་འཇིགས་སྐྲག་སོགས་ཀྱི་སྣང་བ་དང་ཚོར་བ་ལ་དབང་མེད་དུ་ཡིད་ཆེས་དགོས་པ། དཔེར་ན། རྨི་ལམ་དུ་བྲག་རི་ཆེན་པོའི་རྩེ་ནས་གཡང་དུ་ལྷུང་བ་ལ་ཚུལ་གསུམ་གྱི་རིགས་པས་དཔྱད་ན་འཆི་བ་ལས་འོས་མེད་ཀྱང་། གཡང་དུ་ལྷུང་། དེ་ནས་ཕྱིར་འོང་། སླར་ནམ་མཁའ་ལ་འཕུར་བ་སོགས་རིགས་པས་དཔྱད་ན་མི་འགྲུབ་པའི་སྣང་བ་དེ་ཀུན་ལ་གཡང་དུ་ལྷུང་ཚེ་འཇིགས་སྐྲག་དང་ནམ་མཁའ་ལ་འཕུར་དུས་དགའ་སྤྲོ་སོགས་སེམས་ཀྱི་ཉམས་མྱོང་སྣ་ཚོགས་བསྙོན་མེད་དུ་འབྱུང་བ་འདི་ཡིན་ཞིང་། མདོར་ན་ཉ་ཆུ་ཡི་ནང་དུ་བག་ཡངས་སུ་གནས་པ་དང་། མི་ཆུ་ཡི་ནང་དུ་ཐིམ་པས་འཇིགས་སྐྲག་གཉིས་ཀ་ཉ་དང་མི་གཉིས་ཀས་དབང་མེད་བསྙོན་མེད་ཡིད་ཆེས་དགོས་པ་ལྟ་བུའོ།  དེས་ན་ཐལ་འགྱུར་བའི་རང་ལུགས་ཐུན་མོང་མ་ཡིན་པ་རང་ངོ་དང་གཞན་ངོའི་ཁས་ལེན་རྒྱུ་ཁྱད་པར་ནི་གཉིས་འཛིན་གྱི་སྣང་བ་མ་ལོག་པའི་སོ་སྐྱེ་རྣམས་ཀྱིས་དབང་མེད་དུ་ཁས་ ལེན་དགོས་པ་འདི་དག་གཞན་ངོའི་ཁས་ལེན་ཡིན་ལ། སོ་སོའི་སྐྱེ་བོའི་སྣང་ཚུལ་བསམ་ཚུལ་གྱི་ཡུལ་དེ་ཀུན་ལས་གཅིག་ཀྱང་ཆོས་ཉིད་རྟོགས་པའི་རྣལ་འབྱོར་པར་རང་གིས་རང་ལུགས་སུ་ཁས་མི་ལེན་པ་ནི། ཐལ་འགྱུར་བས་རང་ཕྱོགས་མི་བྱེད་པའི་དོན་ཡིན་ཞིང་། ཁས་ལེན་མེད་པའི་སྔ་རྒོལ་མཉམ་གཞག་སྨྲ་བྲལ་གྱི་ངང་དུ་བཞུགས་པ་ལ། ཁས་ལེན་ལྡན་གྱི་ཕྱི་རྒོལ་གྱིས་ལུང་རིགས་ཀྱི་སྒོ་ནས་རྩོད་པ་བྱེད་ཚེ་ལན་གང་བཏབ་ཐམས་ཅད་ཁས་ལེན་ཤ་སྟག་དུ་འགྱུར་བས་ཁས་ལེན་མེད་པའི་ལྟ་བ་འདི་ཚིག་དང་སྒྲ་དང་ཁྱད་པར་རྟོག་གེའི་རིགས་པའི་ནང་དུ་ཤོང་པའི་གནས་མེད་པ་ཡིན་ནོ། །

    མདོར་བསྡུས་ན། ས་ཡོད་པར་སྙིང་ཐག་པ་ནས་ཁས་ལེན་ན་རང་ལུགས་ཀྱི་ཁས་ལེན་ཡིན། ས་ཡོད་ཅེས་དབང་མེད་དུ་ཁས་ལེན་ན་གཞན་ངོའི་ཁ་ལེན་ཡིན།   དེ་བཞིན་གཤེགས་པས་བྱང་ཆུབ་ཤིང་ལ་སྤྱན་མི་འཛུམ་པར་བདུན་ཕྲག་གཅིག་བཞུགས་པ་དེ་ཁས་ལེན་མེད་པའི་རང་ལུགས་ཡིན་ལ། ལྟ་བ་དེ་ཉིད་རྟོགས་པའི་ཆེད་དུ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་གཞན་ངོའི་ཁས་ལེན་གྱི་རྣམ་གཞག་ལ་སྙིང་རྗེའི་དབང་གིས་ཞུགས་པ་ཡིན་ཞིང་། གོ་ལུགས་འདི་ཐལ་འགྱུར་བ་ཙམ་དུ་མ་ཟད་བདེན་གཉིས་དྲང་ངེས་ཀྱི་རྣམ་གཞག་འདོད་པའི་གྲུབ་མཐའ་གཞན་ལའང་ཁྱད་པར་མེད་དེ། རྣམ་འགྲེལ་ལས་ཀྱང་། དེ་དེ་ཉིད་དོན་བཏང་སྙོམ་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །ཕྱི་རོལ་སྤྱོད་ལ་འཇོག་པར་མཛད། ཅེས་བཅོམ་ལྡན་འདས་ཀྱིས་ཆོས་འཆད་པ་ན་ཕྱི་དོན་ཡོད་པའི་ཚུལ་ཞལ་གྱིས་བཞེས་ཚུལ་རྒྱ་འགྲེལ་དག་ཏུ་གསལ་བ་ལྟར་རོ། ། མི་རེ་རེ་ལ་རང་ངོ་གཞན་ངོའི་བསམ་ཚུལ་གཉིས། འདོད་ཚུལ་གཉིས། བཤད་ཚུལ་གཉིས་ཡོད་པ་ལ་སངས་རྒྱས་དང་སེམས་ཅན་གྱི་སྣང་ཚུལ་བཤད་ཚུལ་ཐམས་ཅད་ དགོངས་པ་གཅིག་དང་དབྱངས་གཅིག་ཏུ་དྲིལ་བ་ལ་སུ་ཞིག་ཡིད་ཆེས།དེང་སང་གི་ཆོས་གྲྭའི་རྟགས་གསལ་དཀྱུས་མའི་གནོད་པ་ཙམ་ལ་འཇིགས་ན་ནི། ལན་གཞན་གང་ཡང་མི་དགོས་ཀྱི། ཐལ་བ་གང་ཡིན་ལ། ཁས་ལེན་མེད། ཁས་ལེན་མེད་ཅེས་པའི་ལན་འདི་ཙམ་གྱིས་ཀྱང་། ཀྱལ་ཀ་དེ་རྩེད་མོའི་ཚུལ་དུ་བཟློག་པར་ནུས་སོ། །  སོ་སོའི་སྐྱེ་བོའི་རྣམ་རྟོག་ལ་རྩ་བ་གཏད་པའི་ཚུལ་གསུམ་རྟོག་གེའི་རིགས་པ་ནི་རང་ གིས་རང་ཉིད་གཞོམ་པའི་ཐབས་ཙམ་དུ་བྱས་ན་བཟང་མོད། ཁས་ལེན་མེད་པའི་ལྟ་བ་ལ་གནོད་པའི་ལག་ཆ་བྱེད་ན་ཆོས་ཀྱི་དབྱིངས་ལ་འཇུག་པའི་ ཐབས་མེད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་སུ་ཆེས་ཤིན་ཏུ་གསལ་བར་གསུངས་སོ། །

ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །

བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །

གཅིག་གི་རྫུན་ཁུངས་གཅིག་ལ་གཏད་མཐོང་ནས། །

ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

མ་བརྟག་མ་དཔྱད་འཇིག་རྟེན་རྣམ་གཞག་དང་། །

བརྟགས་ཤིང་དཔྱད་པའི་གྲུབ་མཐའི་གཞུང་ལུགས་གཉིས། །

གཅིག་གི་རྩ་བ་གཅིག་ལ་ཐུག་མཐོང་ནས། །

ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

བློ་ལ་སྣང་བ་ཙམ་གྱི་སྒྱུ་མ་དང་། །

དོན་ལ་ཡིན་པར་ངེས་པའི་གཤིས་ལུགས་གཉིས། །

གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་ནས། །

ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

རང་སྐྱོན་རི་བོ་འགེབ་པའི་སྔ་རྒོལ་དང་། །

གཞན་སྐྱོན་ཁབ་ཀྱིས་འཚོལ་པའི་ཕྱི་རྒོལ་གཉིས། །

གཅིག་ལས་གཅིག་རྒྱལ་རེས་སུ་བྱེད་མཐོང་ནས། །

ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།

ཡོད་མཐའ་འགོག་པའི་སྣང་རུང་མ་དམིགས་དང་། །

མེད་མཐའ་སྤོང་བའི་མི་སྣང་མ་དམིགས་གཉིས། །

གཅིག་གི་རྣམ་གཞག་གཅིག་གིས་བཤིག་མཐོང་ནས། །

ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

གྲོགས་པོར་མཚན་མར་ཞེན་པའི་བདེན་འཛིན་དང་། །

གྲོགས་ཀྱི་ཕན་པར་རྟོགས་པའི་ཚད་མ་གཉིས། །

སྲེད་པ་སྐྱེད་ལ་ཁྱད་པར་མི་འདུག་པས། །

ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང་། །

དགྲ་ཡིས་གནོད་པ་ངེས་པའི་ཚད་མ་གཉིས། །

ཞེ་སྡང་སྐྱེད་ལ་ཁྱད་པར་མ་མཐོང་ནས། །

ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།

རྗེས་དཔག་ཚད་མ་མངོན་སུམ་བློ་ལས་སྐྱེས། །

མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད། །

ཕ་ཡི་དཔང་པོ་བུ་ཡིས་བྱས་པ་འདིས། །

ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

རིགས་པས་དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན། །

ཤིང་རྟ་ཆེན་པོ་རིགས་པའི་སྟོབས་ཀྱིས་སྒྲུབ། །

རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲང་། །

རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད། །

ཡང་དག་རིགས་པ་ངེས་དོན་ལུང་ལས་རྙེད། །

དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འབྱེད། །

རིགས་པས་ཤེས་ན་ངེས་དོན་ཅི་ལ་འཚོལ། །

རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད། །

བྱམས་མགོན་ཁྱི་མོར་མཐོང་བའི་ངང་ཚུལ་འདིས། །

མ་བརྟགས་ལྷན་སྐྱེས་བློ་ལ་ཡིད་མ་ཆེས། །

དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུགས་འདིས། །

དཔྱོད་ལྡན་མཁས་པའི་བློ་ལ་ཡིད་མ་ཆེས། །

ཕལ་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས། །

རྒུད་པའི་རྩ་བ་ལྷན་སྐྱེས་བདེན་འཛིན་རྙེད། །

མཁས་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས། །

དེ་ལས་སྡུག་པའི་ཀུན་བརྟགས་བདེན་འཛིན་རྙེད། །

ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པའི། །

རྩོད་པའི་འུར་སྒྲ་སྒྲོག་པའི་འཇིག་རྟེན་འདིར། །

རྟག་ཏུ་ཀུན་མཐོང་ཤེས་བྱ་ཡིན་པར་སྣང་། །

རྒྱུན་དུ་གང་གོམས་ཚད་མ་ཡིན་པར་སྣང་། །

མི་མང་གང་ལ་དགའ་དེ་བདེན་པ་དང་། །

ཁ་མང་གང་ལ་མཐུན་དེ་གྲུབ་མཐར་སྣང་། །

མི་རེའི་ཁོང་ན་མི་མཐུན་ཚད་མ་རེ། །

དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེད། །

ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ། །

དེ་ཡི་རྗེས་འབྲང་མཁས་བླུན་སྟོང་ཕྲག་རེ། །

འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས། །

རང་གི་བདེན་ཁ་རང་ལ་སྦྱིན་པ་འདི། །

རིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཉམས་རེ་དགའ། །

མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲེལ། །

མི་མཐུན་རིགས་དྲུག་འགྲོ་བའི་རྒྱལ་ཁབ་འདིར། །

བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་ཅིང་། །

མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས། །

བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་ཆོད། །

ཤེས་རབ་སྦྱང་པས་མི་ཚེ་ཟད་བྱས་པའི། །

གྲུབ་མཐའ་མཁན་པོའི་བློ་ཡང་འཁྲུལ་གྱུར་ན། །

འཇིག་རྟེན་བླུན་པོའི་རྫུན་གྱི་སྣང་བ་ལ། །

ཐ་སྙད་ཚད་མར་ཡིད་རྟོན་བྱེད་པ་འཁྲུལ། །

མཁོ་ཚད་བཟང་ཚད་སེམས་ཀྱི་འཆར་སྒོ་ཀུན། །

གུད་དུ་ཕྱེ་ནས་ཚད་མར་འདོད་པ་དེས། །

སྒྱུ་མའི་གྲོང་ཁྱེར་ཞིག་པའི་ཐང་སྟོང་དུ། །

མིག་འཕྲུལ་ནོར་བུའི་ཕུང་པོ་སླར་ཡང་རྙེད། །

བཞིན་རས་ཅུང་ཟད་འགྱུར་བས་འགྱུར་བྱེད་ཅིང་། །

མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་བྱེད་པའི། །

མི་བརྟན་འགྱུར་བའི་ཤེས་བྱའི་གཟུགས་བརྙན་འདི། །

ནམ་ཞིག་མཐའ་ལ་གཏད་དུ་ཡལ་བར་ངེས། །

དཔྱད་པ་འདི་ལ་ཐུག་པས་མེད་དམ་སྙམ། །

མྱོང་བ་མངོན་སུམ་ལག་པས་ཡིན་ནམ་སྙམ། །

སྣང་བ་འཁྲུལ་པ་སྲིད་པས་མིན་ནམ་སྙམ། །

ཡོད་པ་རྩ་བ་བཙལ་བས་མེད་དམ་སྙམ། །

མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙམ། །

བདེན་པའི་ས་བོན་བཏབ་ན་རྫུན་པར་ཤེས། །

རྫུན་པའི་འབྲས་བུ་མྱོང་ཚེ་བདེན་པར་སྣང་། །ཞེས་ཀྱང་སྨྲས་སོ། །

      དབུ་མ་པ་ཁས་ལེན་མེད་བྱ་བ་འདི་དབུ་མ་པས་མི་ཚེ་གཅིག་ལ་ཁ་མི་གྲག་བྱ་བའི་དོན་མ་ཡིན་ གྱི། ཟླ་བ་གྲགས་པས་ཀྱང་། འདི་ནཱ་ལེནྡཱའི་དགོན་པ་ཡིན། ང་ཟླ་བ་གྲགས་པ་ཡིན། འདི་ངའི་ཆོས་ཆོས་གོས་ཡིན། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་སོགས་ཀྱི་ཁས་ལེན་མཛད་ངེས་མོད། དོན་དམ་པ་དང་ཀུན་རྫོབ་ལ་དཔྱོད་པའི་སྐབས་གཉིས་སོ་སོར་ཕྱེ་དགོས་ཏེ། དོན་དམ་པ་ལ་དཔྱོད་པའི་སྐབས་སུ་ཁས་ལེན་མེད་ཅེས་སྨྲས་པ་དེ་ག་རང་ཁས་ལེན་ཡིན་སོགས་བརྗོད་པ་ནི།  ང་མནལ་ལམ་དུ་འགྲོ་བས་ཅི་ཡང་མ་སྨྲས་ཞིག་བརྗོད་པ་ན། ཁ་ལ་མ་ཉན་པར་མནལ་དུ་འགྲོ་བས་ཅི་མ་སྨྲ་ཞིག་བརྗོད་པ་དེ་ག་རང་མནལ་དུ་མི་འགྲོ་ བའི་རྟགས་ཡིན་ཞེས་ཀྱལ་ཀ་བྱེད་པ་དང་འདྲ་བས་སྙིང་པོ་ཅི་ལ་ཡོད། སྔོན་ཁྲུང་ཁྲུང་གི་ཁྱུ་ནམ་མཁའ་ལ་འགྲོ་བ་ན་ཁྲུང་ཁྲུང་གི་དེད་དཔོན་གྱིས་རང་རེ་ཁ་མི་གྲག གྲག་ན་གཞན་གྱིས་གསོད་པར་འགྱུར་ཞེས་སྨྲས་པས་ཐམས་ཅད་ཀྱིས་མི་གྲག མི་གྲག མི་གྲང་མི་གྲང་ཞེས་སྒྲ་སྔ་མ་ལས་ཆེ་བར་བསྒྲགས་པ་དེ་དང་འདྲ། མདོར་ན་བསྙུང་གནས་ངག་བཅད་ཀྱི་དམ་བཅའ་དང་། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལ་བཅོམ་ལྡན་འདས་ཀྱིས་གང་དུ་ཡང་ལུང་མ་བསྟན་པ་འདི་དག་ཡོད་སྲིད་ན། ཁས་ལེན་མེད་པའི་ལྟ་བ་ཡང་ཡོད་སྲིད་ལ། གཞན་དུ་ན། སྔོན་མཐའ་སྔོན་རྣམས་ཞུས་པའི་ཚེ། །ཐུབ་པ་ཆེན་པོས་མི་གསུངས་བཞུགས། །ཞེས་བཤད་ཅིང་། ལན་མེད་པ་ནི་ཕམ་པ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་ནོ་ཞེས་འདུག་བ་ལུང་ལས་བཤད་པས། བཅོམ་ལྡན་འདས་ཐམས་ཅད་ནས་ཐམས་ཅད་དུ་ཕམ་པར་གྱུར་པ་འདི་ལྟ་བུའི་རིགས་པ་ལག་ཏུ་ཐོགས་ནས་ང་རྒྱལ་དེ་ཙམ་བྱ་མ་དགོས། འཕགས་པས་ནི། གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུངས་པ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །སྟོན་པ་ཐམས་ཅད་མཁྱེན་པར་ཤེས། ཞེས་ལན་མ་གསུངས་པ་དེ་ག་རང་ལ་བསྔགས་བརྗོད་མཛད་དོ། །

    རང་ལ་གོ་བ་ཡོད་ན་ཁས་ལེན་མེད་པ་དེ་ག་རང་གིས་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་ནུས་ཤིང་། འཕགས་པས་མི་སྨྲ་བའི་བརྟུལ་ཞུགས་ཞེས་ཟབ་མོའི་དོན་གྱི་གནད་ཕར་ཞོག མགོན་མེད་ཟས་བྱིན་གྱིས་བཅོམ་ལྡན་འདས་ལ་གསོལ་པ། སང་བདག་གི་ལྡུམ་རར་གདུགས་ཚོད་གསོལ་བར་ཅི་གནང་ཞེས་ཞུས་པར། བཅོམ་ལྡན་འདས་ཀྱིས་ཅང་མི་གསུངས་པས། དེ་དེ་བཞིན་དུ་གནང་བར་རིག་ནས་སོགས་བཤད་པ་ཙམ་ཡང་མ་མཐོང་བར་ཟད་དོ། །

     དེས་ན་ཁས་ལེན་མེད་ཅེས་བརྗོད་པ་དེ་སྲིད་དོན་དམ་དཔྱོད་པའི་སྐབས་ཡིན་ལ། ཁས་ལེན་མེད་པ་དེ་ཉིད་ཆོས་ཅན་དུ་བྱས་ནས་ཁས་ལེན་ཡིན་མིན་སོགས་དཔྱོད་པ་ཕན་ཆད་ ཀུན་རྫོབ་དཔྱོད་པའི་སྐབས་ཡིན་པས། དེ་ཕན་ཆད་དུ་འཇིག་རྟེན་ན་གང་ཡོད་པ་སྨྲས་པ་དེ་ང་ཡང་ཡོད་པར་སྨྲ། མེད་པར་སྨྲ་བ་དེ་ང་ཡང་མེད་པར་སྨྲ་སོགས་བདེ་བར་གཤེགས་པ་རང་ཉིད་ཀྱིས་གསུངས་པ་འདི་ལས་ཐབས་གཞན་ཅི་ཡོད། ཉག་སྐེད་བུ་ལོང་མའི་མདུན་དུ་ཁྱོད་རང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་བྱ་བ་ཁས་ལེན་ཡིན། བུ་ལོང་མས་འོ་ན་ཁྱོད་ཀྱིས་རང་ལུགས་ས་ཁས་ལེན་པ་ཡིན་ནམ། ངའི་ངོ་སྲུང་ཙམ་ཡིན་ཞེས་དྲིས་ཚེ་ངོ་སྲུང་གཏན་ནས་མ་ཡིན་གྱི། ཁོ་བོ་རང་གི་ལུགས་ཡིན་ཞེས་བརྗོད་པ་ལས་ཐབས་གཞན་མེད་མོད། ཁས་ལེན་དེ་འདྲ་བུ་ལོང་མ་ལ་འཇིགས་ནས་དབང་མེད་དུ་ཁས་བླངས་པ་ལས། སེམས་ཀྱི་སྟེང་ན་ཡིད་ཆེས་ཅུང་ཟད་ཀྱང་མེད་པ་བཞིན་དུ། མེ་ཡིས་ཚིག ཆུ་ཡིས་གྲང་། རླུང་གིས་བསྐྱོད་པ་སོགས་བུ་ལོང་མ་དང་འདྲ་བས། ཕྱི་རོལ་གྱི་ནུས་པ་འདི་དག་དབང་མེད་དུ་ཁས་ལེན་དགོས་པར་བདེན་མོད། རང་ལུགས་ལ་ཁས་ལེན་མི་དགོས་པའི་ཁྱད་པར་ཕྱེད་དགོས། འདི་སྐོར་རྗེ་བླ་མས་རེད་མདའ་པའི་དྲིས་ལན་དུ་ཤིན་ཏུ་གསལ་བས་གཟུ་བོར་གནས་ནས་དེར་བལྟ་བར་འཚལ། མདོར་ན་ད་ལྟའི་བསམ་ཚུལ་འདིའི་དབང་དུ་བྱས་པས་བསམ་མནོ་ཐམས་ཅད་ལ་ཆགས་སྡང་རྨོངས་གསུམ་གྱི་རྩ་བར་མ་གྱུར་པ་གཅིག་ཀྱང་མི་སྣང་ཞིང་། གལ་སྲིད་རང་ཅག་གི་ནམ་རྒྱུན་གྱི་བློ་འདིའི་ཁྲོད་ན་ཡང་དག་པའི་རིགས་པ་ཞིག་ཡོད་ཚེ། འཁོར་བ་ཐོག་མ་མེད་པ་ནས་བསྐལ་པ་གྲངས་མེད་ཀྱི་བར་དུ་གོམས་ཀྱང་ད་དུང་ཡར་སྐྱེད་འདི་ཙམ་ལས་མེད་པ་ངོ་མཚར། བྱི་ལ་དང་ཁྱི་སོགས་རང་རང་གིས་གང་མྱོང་བའི་རྣམ་རྟོག་གི་སྣང་བ་དེ་ཀུན་བྱི་ལ་ དང་ཁྱི་ཡི་སྐད་དབྱངས་ཀྱི་རྣམ་འགྱུར་གསུམ་བཞི་ལས་མེད་པ་དེའི་ནང་དུ་བསྡུས་ནས་བརྗོད་པ་མ་གཏོགས་ཐབས་གཞན་མེད་པ་བཞིན་དུ་རང་ཅག་སོ་སོའི་སྐྱེ་བོ་དག་དབང་ཐོབ་ པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟོས་ན་ཁྱི་དང་བྱི་ལའི་ཚོད་ཙམ་དུ་ཡང་མ་སླེབས་པ་དག་གི་རྣམ་རྟོག་གི་བུ་ག་ཆུང་ངུ་འདིར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ གཟིགས་པའི་མཐའ་དང་བྲལ་པའི་ཆོས་དབྱིངས་ནམ་མཁའ་ཆེན་པོ་དེ་མེད་དགག མ་ཡིན་དགག་སོགས་ཀྱི་གཟུགས་སུ་བཀོད་པར་ག་ལ་ནུས།

ཁས་ལེན་མེད་པ་དེ་ཉིད་ཁས་ལེན་ཡིན་ནོ་བྱ་བ་དང་། གོང་དུ་སྨྲས་པ་ལྟར་ཀ་ར་ལ་རྒྱུས་མེད་པའི་བྱང་འབྲོག་གི་ཡུལ་དུ་ལོ་དང་འོ་མ་མིན་པའི་ཀ་ར་བྱ་བའི་མངར་བ་དེ་ཉིད་འོ་མ་ཡིན་ངེས་སོ་ཞེས་ཨུ་ཚུགས་བྱེད་པ་དང་འདྲ་སྟེ། མེ་ལོང་གི་ཆེ་ཆུང་ལ་དཔགས་པའི་གཟུགས་བརྙན་གྱི་རྒྱ་ཁྱོན་ཡང་དེ་ཙམ་ལས་མེད་པ་ལ་དེའི་ནང་དུ་མ་ཚུད་པ་ཐམས་ཅད་རིགས་པའི་དགག་བྱ་ཤ་སྟག་ཏུ་འདོད་པ་ནི་ཟབ་མོའི་ ཆོས་ཐམས་ཅད་ལ་གོ་བ་རྣལ་མ་སྐྱེ་བའི་གེགས་སུ་ཤེས་པར་བྱའོ། །

 གཞན་ཡང་ཡིད་ལ་ཁས་ལེན་མེད་པར་ཐག་ཆོད་ཅིང་ཁ་ནས་རྣམ་གཞག་སྣ་ཚོགས་ཁས་ལེན་པའི་སྔ་ རྒོལ་གྱི་དམ་བཅའ་དེ་ཁ་ཞེ་མི་མཐུན་པའི་རྫུན་དུ་འགྱུར་ན། ཡིད་ལ་བདེན་འཛིན་གྲ་ཟུར་མ་ཉམས་པའི་ཕྱི་རྒོལ་གྱིས་ཆོས་ཐམས་ཅད་བདེན་མེད་དུ་ གྲུབ་ཡང་རྫུན་དུ་འགྱུར་བ་མ་ཡིན་ནམ། དེས་ན་ཐབས་ལ་མཁས་པའི་སྤྱོད་པ་ཕྲ་མོ་ཚམ་ལ་ཡང་རང་དང་བསམ་ཚོད་རིགས་མི་མཐུན་ པའི་མི་དྲག་ཞན་གང་རུང་དང་འཕྲད་ཚེ། ཕྱི་རོལ་ལུས་ངག་གི་རྣམ་འགྱུར་དང་། ནང་སེམས་གྱི་བསམ་ཚུལ་ཐ་དད་དགོས་ན། སོ་སོའི་སྐྱེ་བོའི་རྣམ་པར་རྟོག་པ་རྣམས། བྱང་ཆུབ་སེམས་དཔའི་ས་རིམ་པ་བཅུའི་རྒྱབ་དུ་བསྐྱུར་བའི་སངས་རྒྱས་བཅོམ་ལྡན་འདས་ལ་རང་གི་དགོངས་ཚོད་དང་གདུལ་བྱ་ལ་ཁྲིད་ཚོད་ཀྱི་ཁྱད་པར་གཉིས་ཡོད་པ་ལྟ་ཅི་སྨོས། དེས་ན་ཡང་དག་པའི་ལྟ་བ་ལ་ཡང་། སྨྲ་བསམ་བྲཇོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་དང་། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་རྣལ་འབྱོར་པ་རང་གི་བསམ་ཚུལ་ཞིག་དང་། ཡོད་པ་མིན་ན་མེད་པ་ཡིན་དགོས། མེད་པ་མིན་ན་ཡོད་པ་ཡིན་དགོས། ཞེས་ཆོས་ཀྱི་དབྱིངས་སོགས་ཅི་འདྲ་ཞིག་ཡིན་ཀྱང་ཡོད་མེད་གཉིས་ཀའི་མངའ་འབངས་སུ་འདུ་དགོས་སོགས་མཁས་པའི་སྙན་གྲགས་བ་དན་དཀར་པོ་སྲིད་མཐའི་བར་དུ་སྒྲོགས་པ་དག་ཀྱང་མེད་དུ་མི་རུང་བ་ལགས་མོད། ཆོས་ཀྱི་དབྱིངས་དང་། མཁས་པའི་སྙན་པ། མ་བཅོས་པའི་གཤིས་དང་། རྟོག་པའི་རིགས་པ། མི་གསལ་བའི་སྤྲོད་བྲལ། གསལ་བའི་མཐའ་བཞི་སོགས་རང་རང་གིས་ཇི་ལྟར་སྨྲས་པ་བཞིན་འདམ་ག་བྱ་བར་ཟད་དོ། །

     སྤྱིར་སྐད་ཅིག་བསྐལ་པ། ཕྲ་པའི་རྡུལ་འཇིག་རྟེན་གྱི་ཁམས་སུ་བསྒྱུར་བ་སོགས་མཐར་ཐུག་གི་གོ་འཕང་དུ་སླེབས་ཚེ་རྣམ་གཞག་ཐམས་ཅད་ཅིག་ཅར་དུ་འདྲེས།བུ་ཡི་འོད་གསལ་སྣང་བ་ཁྲ་ལམ་མེ་བ་དང་ཕན་ཚུན་ལྟོས་དགོས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་འདི་དང་། གཞི་ཡི་འོད་གསལ། གཅིག་དང་ཐ་དད། ཡོད་པ་དང་མེད་པ་སོགས་ཐམས་ཅད་ཨ་མ་ཕག་མོ་ཞལ་གཉིས་མའི་སྐུ་གཅིག་ཏུ་གྱུར་པ་དེ་འདྲ་དེ་མཐར་ཐུག་གི་འོད་གསལ་མ་བུ་གཉིས་ཕྱིར་མི་ལྡོག་པའི་ཚུལ་དུ་མཇལ་བ་སྟེ་ ཐར་པའི་གོ་འཕང་བྱ་བ་ཡང་དེ་ཡིན་ནོ། །

     ཆོས་གྲྭའི་རིགས་ལམ་གྱི་དབང་དུ་བྱས་ཚེ། རི་རབ་དཔག་ཚད་བརྒྱད་ཁྲིད་ཚད་དང་ལྡན་པར་ཐལ། བྱས་པ་ལ། འདོད། ཕྲ་རབ་ཕྱོགས་དང་བྲལ་བར་ཐལ། བྱ་བ་ལའང་། འདོད། འོ་ན་རྡུལ་གཅིག་ཡུལ་ལ་མཐས་གཏུགས་འཇིག་རྟེན་གྱི། སོགས་ཕྲ་རབ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་ཐམས་ཅད་འཇུག་པར་མཛད་པ་མ་ཡིན་པར་ཐལ། དཔག་ཚད་བརྒྱད་ཁྲིའི་ཚད་ལྡན་གྱི་གཟིགས་ཕྱོགས་ཆ་བྲལ་བའི་རྡུལ་གྱི་ཁོངས་སུ་མི་ཤོང་པའི་ཕྱིར། ཞེས་ཐལ་བ་འཕངས་ཚེ། དེའི་ལན། ད་ལྟ་ཡོངས་གྲགས་མདིགས་བསལ་བྱ་བ་དེ་ཡིན། འདི་འདྲ་དམིགས་བསལ་དུ་བྱས་ཆོག་ན་ཡོད་པ་མ་ཡིན་ན་མེད་པ་ཡིན་པར་ཐལ། དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ཕྱིར་སོགས་ཀྱི་རིགས་པ་ལའང་དམིགས་བསལ་ཀྱི་ལན་བཏབ་ན་མི་འགྲིག་པའི་རྒྱུ་མཚན་ཅི་ལ་ཡོད། མདོར་ན་ཐེག་པ་ཆེན་པོ་ལ་མོས་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་གནས་ལའང་མོས་དགོས་པ་ཡིན། གཞན་དུ་ན་ཤིན་ཏུ་ཚ་བ་བསྐལ་པའི་མེ་དཔུང་གི་དབུས་དང་། ཉི་མའི་གདན་གྱི་འོག་ཏུ་ཤིན་ཏུ་བསིལ་བའི་ཟླ་བ་དང་པདྨའི་གདན་དྭངས་པ་དང་། ཤིན་ཏུ་ཁྲོས་པའི་མཚོན་ཆ་གདེངས་ཤིང་། ཤིན་ཏུ་ཆགས་པའི་ཡུམ་ལ་འཁྱུད་པ་སོགས་འདི་དག་རྟོག་གེའི་རིགས་པས་དཔྱད་ན་འགལ་འདུ་ཤ་སྟག་ཏུ་མཐོང་བས། དེ་དག་རྣམ་པ་སྟོན་ཚུལ་ཙམ་ཡིན་ནོ་ཞེས། དོན་ལ་ཐང་ཀའི་སྟེང་གི་རི་མོ་དང་ཁྱད་མེད་པར་བྱེད་དགོས་པ་ཙམ་བྱུང་འདུག་ཀྱང་། ཡུལ་དང་། ཡུལ་ཅན། འདོད་ཆགས། ཞེ་སྡང་། ཚ་བ། གྲང་བ། གཙང་དང་དམེ་བ་སོགས་གཉིས་མེད་གཅིག་ཏུ་འདྲེས་པའི་ཟུང་འཇུག་ཡེ་ཤེས་ཆེན་པོའི་ སྐུའམ། ལུས་སེམས་ངོ་བོ་གཅིག་ཏུ་འདྲེས་པ་དེ་ཟུང་འཇུག་གི་སྐུ་ཡིན་པར་ཤེས་པར་བྱའོ། །

     གཟུགས་ཀྱི་སྐུ་གཉིས་གཞན་དོན་དུ་བསྟན་ཅིང་མཚན་དང་དཔེ་བྱད་ཀྱང་གཙོ་བོར་གཞན་ཡིད་ལ་ དང་བ་བསྐྱེད་པའི་ཆེད་ཁོ་ན་ཡིན་ན། ཚོགས་གཉིས་ཀྱི་ལག་རྗེས་མཐར་ཐུག་གྲུབ་པའི་མཚན་དཔེ་ཡོངས་རྗོགས་ཀྱི་སྐུ་ལ་ཕག་ ཞལ་དང་། སེངྒེའི་ཞལ་སོགས་འོང་བ་ཅི་ལ་སྲིད།དེས་ ན། སྤྱིར་ཐེག་པ་ཆེན་པོ། ཡང་སྒོས་སུ་རྡོ་རྗེའི་ཐེག་པ་ཐམས་ཅད་ལ་བླ་མ་སངས་རྒྱས་སུ་བལྟ་བའི་རིགས་པ་འདི་ ནས་བཟུང་རང་ཉིད་རྡོ་རྗེ་འཆང་དུ་བསྒོམ་པ་དང་ལུས་དཀྱིལ་འཁོར་ཡོངས་རྫོགས་གྲུབ་ པར་ཡིད་ཆེས་པའི་བར་འདི་དག ད་ལྟའི་ཚད་མ་འདི་འགོ་མཇུག་ལྡོག་པའི་ཆེད་ཁོ་ན་ཡིན་ལ། ཤ་ལྔ་བདུད་རྩི་ལྔ་སངས་རྒྱས་ལ་མཆོད་པ་འབུལ་བ་སོགས་འདི་ཀུན་ཀྱང་ཐ་མལ་པའི་རྣམ་ རྟོག་རྣམས་རྟོག་གེའི་རིགས་པ་དང་ལྷན་ཅིག་དུ་ཐལ་བ་རྡུལ་དུ་བརླག་པའི་དོན་དུ་ གསུངས་པ་ཡིན་གྱི། གཞན་དུ་ན་མཆོད་ཡུལ་དམ་པ་ལ་མི་གཙང་བ་འབུལ་བ་འདི། སྤྱིར་ཚད་མ། སྒོས་སུ་རྟོག་གེའི་རིགས་པ། ཡང་སྒོས་སུ་ཡུལ་གྱི་ཁྲིམས་ཚུན་ཆད་དང་ཡང་འགལ་བས། ཕོ་བྲང་ཞི་བ་འོད་ཀྱིས། མི་གཙང་འདམ་གྱིས་དེ་བཞིན་གཤེགས་པར་མཆོད། །རོ་མྱག་འདམ་དུ་འགྲོ་བ་སྙིང་རེ་རྗེ། །གསུངས་པ་ལྟར་མ་ཡིན་ནམ། མདོར་ན། མི་གཙང་བ་གཙང་བར་བྱེད་པ། མི་རིགས་པ་རིགས་པར་བྱེད་པ་སོགས་ཐ་མལ་བའི་རྣམ་རྟོག་ལྡོག་པའི་ཕྱིར་གསུངས་པ་ཤ་ སྟག་ཡིན་པ་ཤེས་དགོས་ཤིང་། ནམ་ཞིག་ན་ས་སངས་རྒྱས་སྤྱན་མ། སངས་རྒྱས་སྤྱན་མ་ས། གཙོ་བོ་འཁོར། འཁོར་གཙོ་བོ་ཡིན་པ་སོགས་བླ་ན་མེད་པའི་འགལ་འདུ་ཆེན་པོའི་གོ་འཕང་ཞིག་རྙེད་རྒྱུ་ཡོད་པར་སྣང་།མདོར་ན་རང་ཅག་སྐྱོན་ཐམས་ཅད་ཀྱི་གཙོ་བོ་གཅིག་ནི། ཀུན་རྫོབ་དོན་དམ་གྱི་རྣམ་གཞག་ཐམས་ཅད་རང་ཅག་གི་ཁ་ན་བཤད་བདེ་བ། སེམས་ལ་ཤར་ཐུབ་པ་ཞིག་མ་བྱུང་གི་བར་དུ་ཨུ་ཚུགས་མཐར་སྐྱེལ་བྱེད་ཅིང་། ལྷག་པར་ཁ་ནས་བཤད་བདེ་བ་ཞིག་གཙོར་བྱས་ཏེ་རྣམ་ཤེས་དེ་འདྲ་ཞིག་བྱུང་ཚེ་ལུང་དང་རིགས་པས་རྙེད་པའི་དོན་མཐར་ཐུག་ཞིག་རྙེད་པར་རློམས་མོད། དོན་ལ་ཤ་ལ་དགའ་བས་ཤ་རྙེད་པ་དང་། ཆང་ལ་དགའ་བས་ཆང་རྙེད་པ་ལྟར་རང་གི་རྣམ་རྟོག་དང་རྗེས་སུ་མཐུན་པའི་ཡུལ་རྙེད་པ་ཙམ་ཡིན་གྱི། རྒྱལ་བ་སྲས་བཅས་ཀྱི་སྤྱོད་ཡུལ་ཟབ་མོ་དེ་རྙེད་པ་ག་ལ་ཡིན།དོན་གྱི་དབང་དུ་གཟིགས་ནས། སོ་སོའི་སྐྱེ་བོའི་བློ་འདི་དགག་ཕྱོགས་དང་། མིན་ཕྱོགས། མེད་ཕྱོགས་ནས་མཐར་ཐུག་གི་གཤིས་དང་ངོ་སྤྲོད་པ་ལས། སྒྲུབ་ཕྱོགས། ཡིན་ཕྱོགས། ཡོད་ཕྱོགས་ནས་གནས་ལུགས་དང་མཇལ་བའི་ཐབས་མེད་པར་གཟིགས་ནས་གཞན་གྱི་ཁས་ཅི་བླངས་པ་ཐམས་ཅད་ཐལ་འགྱུར་གྱིས་ལྡོག་ཅིང་། རང་ལུགས་སུ་ཁས་ལེན་ཅི་ཡང་མེད་པའི་དེ་བཞིན་གཤེགས་པས་བསྟན་པའི་སྙིང་པོ་དམ་ པའི་ཆོས་གནས་མེད་པ། ཡུལ་མེད་པ་འདི་ཉིད་གསལ་བར་མཛད་པ་ཡིནདེའི་ཕྱིར་ཡང་དག་པའི་ལམ་གྱི་གེགས་གཙོ་བོ་ནི་རྣམ་རྟོག་བྱ་བ་འདི་ཡིན་པས་སློབ་དཔོན་ཆོས་ཀྱི་གྲགས་པ་ཀྱང་། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །སོགས་གསུངས་ཤིང་། ཕྱོགས་ཀྱི་གླང་པོས། རྟོག་པའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །བདེ་གཤེགས་ལམ་ནས་ཆོས་ཁྲིད་ཉམས་པར་གྱུར། །བྱ་བའི་དོན་འགྲེལ་བའི་སླད་དུ། རྣམ་འགྲེལ་དུ། ཆོས་དང་ཆོས་ཅན་རྣམ་གཞག་དང་། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དུ་ནི་མ་བརྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ན་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱི་བྱས་པ་ཡིན། །སོགས་གསུངས་སོ། །

     དོན་དམ་པར་མེད་པས་མེད་གོ་མི་ཆོད། ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་བྱ་བ་འདི། དོན་ལ་འཕགས་པའི་ཡེ་ཤེས་ཀྱིས་མི་རྙེད་པས། མི་རྙེད་པའི་གོ་མ་ཆོད། སོ་སྐྱེའི་རྣམ་རྟོག་གིས་རྙེད་པས་རྙེད་གོ་ཆོད་བྱ་བ་ཡིན་འདུག་ལ། རང་བཞིན་གྱིས་གྲུབ་པ་དོན་དམ་པར་མེད། རི་བོང་རྭ་དོན་དམ་པར་མེད་སོགས། སྟོང་གཞི་ཆོས་ཅན་གཏན་ནས་མི་སྲིད་པའི་རིགས་འདི་འདྲ་མ་གཏོགས་ནམ་ཡང་དོན་དམ་དུ་མེད་པས་མེད་གོ་ཆོད་པ་མི་རྙེད་ན། མེད་གོ་མི་ཆོད་པ་ཙམ་དུ་མ་ཟད་ཀྱིས། ཡོད་གོ་ཆོད་པར་འདུག རི་བོང་རྭ་དོན་དམ་པར་མེད་ཅེས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ཚེ། ཀུན་རྫོབ་ཏུ་ཡོད་པ་ཤུགས་ལ་གོ་ཞིང་། གཞན་དུ་ན་རི་བོང་རྭ་དོན་དམ་པར་མེད་ཅེས་པ་དང་རི་བོང་རྭ་མེད་ཅེས་པ་གཉིས་ལ་ ཚིག་གི་ནུས་པའི་ཁྱད་པར་ཅི་ཡོད། འདི་ལ་དགོངས་ནས། བདག་ལས་སྐྱེ་བར་དོན་དམ་པར་མེད་དེ། ཞེས་གྲངས་ཅན་འགོག་པའི་རིགས་པའི་སྐབས་སུ་དོན་དམ་པའི་ཁྱད་པར་སྦྱར་བ་ལ་བདེན་པ་གཉིས་ལས་ཉམས་པའི་མུ་སྟེགས་ནི། བདེན་པ་གཉིས་ཆར་དུ་དགག་པར་བྱ་བ་ཡིན་པས། དོན་དམ་པའི་ཁྱད་པར་སྦྱར་མི་དགོས་སོ་ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས་པ་ལྟར། བདེན་པ་གཉིས་ཆར་དུ་མེད་པའི་རི་བོང་རྭ་དགག་པ་ན་དོན་དམ་པའི་ཁྱད་པར་སྦྱར་གལ་ དགོས། རི་བོང་རྭ་དོན་དམ་དུ་མེད་པ་དང་། དེ་རྟོགས་པའི་བློ་གཉིས་སྟོང་ཉིད་དང་སྟོང་ཉིད་རྟོགས་པའི་བློ་ཡིན་ནམ་མིན། རི་བོང་རྭ་གཏན་ནས་མེད་པར་རྟོགས་པའི་བློ་དེས་རི་བོང་རྭ་དཀར་པོ། ནག་པོ་སོགས་ཡོད་པའི་སྒྲོ་འདོགས་ཤུགས་ཀྱིས་ཆོད་པས་རི་བོང་དྭ་བདེན་གྲུབ་ཡོད་ པའི་སྒྲོ་འདོགས་ཀྱང་ཆོད་པ་ཡིན།

ཉོན་མོངས་ལམ་གྱི་དགག་བྱ་བྱས་དུས་ངོ་སྐལ་གྱི་སྤང་བྱ་དེ་གཏན་ནས་མེད་པར་བྱེད་པས་དོན་དམ་པའི་ཁྱད་པར་སྦྱར་མི་དགོས་སོ། །ཞེས་སྨྲ་བ་ཡང་རི་བོང་གི་མགོ་ལ་རྣོ་ཞིང་ཤིན་ཏུ་རིང་བའི་རྭ་ནག་པོ་ཞིག་མེད་ཅེས་སྨྲ་བའི་ཚེ། རྣོ་ཞིང་རིང་བ་ལ་སོགས་པའི་ཁྱད་པར་སྦྱར་ཆོག་ལ། དེའི་མགོ་ལ་བདེན་གྲུབ་གྱི་རྭ་མེད་དོ་ཞེས་དོན་དམ་པའི་ཁྱད་པར་སྦྱར་མི་ཆོག་ པའི་དོན་ཅི་ཡིན་ཞེས་དྲི་བ་བྱའོ། །

     ལམ་གྱི་དགག་བྱ་བྱ་བ་ཉོན་མོངས་ཅན་གྱི་སེམས་སྔ་མ་སྔ་མའི་འཛིན་སྟངས་རྣམས་ཕྱི་མ་ཕྱི་མས་འཇིག་པར་བྱེད་པ་འདི་ཙམ་ཞིག་ལས་འོས་མེད་ལ། དེ་ལ་དོན་དམ་པའི་ཁྱད་པར་སྦྱོར་མི་དགོས་ན། རིགས་པའི་དགག་བྱ་ལའང་ཅི་ལ་སྦྱོར་དགོས།མདོར་ན་བདེན་འཛིན་ནང་དུ་ཡོད་པ་དང་། བདེན་འཛིན་མདུན་ན་མཐོང་བཞིན་པ་འདི་བཞག་ནས་གཞན་ཞིག་དགག་པ་ནི་རྗེ་ལྕང་སྐྱ་ རིན་པོ་ཆེས། སྣང་བ་ལིང་ལིང་འདི་རང་སོར་བཞག་ནས། །དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་འདུག་སྟེ། །ཞེས་གསུངས་པ་ལས་མ་འདས་པའོ། ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་ལ། རྗེ་འཇམ་དབྱངས་བཞད་པས་ཐལ་རང་གཉིས་ཀའི་ལྟ་བའི་ཁྱད་པར་དྲིས་ཚེ། གཟིམ་ཁང་གི་ཀ་བ་ཞིག་ལ་ཕྱག་མཛུབ་བཙུགས་ནས་རང་རྒྱུད་པའི་ལུགས་ལ་ཤིང་ཧྲང་ཧྲང་པོ་འདི་ཀ་བ་ཡིན། ཐལ་འགྱུར་བའི་ལུགས་ལ་འདི་ཀ་བའི་གདགས་གཞི་ཡིན་གྱི་དེའི་སྟེང་དུ་མིང་རྐྱང་བཏགས་ཡོད་ཙམ་གྱི་ཀ་བ་ཞིག་ཡོད་ཀྱི་གསུངས་པ་དང་། ཨ་རིག་དགེ་བཤེས་ཆེན་མོ་ཝ་མང་པཎྜི་ཏན་མཇལ་བར། ཁྱོད་པོ་ཏི་ལྔ་ལས་ཅི་ལ་མཁས་ཞེས་གསུངས། དབུ་མ་ལ་སྦྱངས་པ་ཆེ་ཙམ་ཡིན་ཞེས་ཞུས་པས། འོ་ན། ཐལ་འགྱུར་བའི་ལུངགས་ལ་འདི་ཅི་ཡིན་གསུང་ནས་མདུན་ན་ཅོག་ཙེ་ཞིག་འདུག་པ་ལ་ཕྱག་ མཛུབ་ཀེར་ཀེར་མཛད། དེ་ཅོག་ཙེ་ལགས་ཞུས་པས། ཅོག་ཙེ་མ་ཡིན་པར་ཐལ། ཅོག་ཙེའི་གདགས་གཞི་ཡིན་པའི་ཕྱིར་གསུངས་པར་ལན་ཅི་ཡང་མ་རྙེད་པར་ལུས་ཞེས་ གསུངས་པ་འདི་གཉིས་ངེས་པར་ཐལ་རང་གི་ལྟ་བའི་གནད་ཡིན་པར་འདུག་ཅིང་། དེ་ལྟར་ན་མདུན་ན་གནས་པའི་ཤིང་གྲུ་བཞི་འདི་ཅོག་ཙེ་ཡིན་པར་འཛིན་པ་དེ་ཐལ་ འགྱུར་བའི་ལུགས་ཀྱི་བདེན་འཛིན་དང་། རང་རྒྱུད་པའི་ལུགས་ཀྱི་ཐ་སྙད་ཚད་མར་ཤེས་པར་བྱ་ལ། དེ་བཞིན་མདུན་ན་གནས་པའི་ཤིང་གྲུ་བཞི་འདི་ཅོག་ཙེ་ཡིན་པ་དེ་ཐལ་འགྱུར་བའི་ལུགས་ཀྱི་གཞན་ངོའི་ཁས་ལེན་དང་། རང་རྒྱུད་པའི་ལུགས་ཀྱི་རང་དབང་གི་ཁས་ལེན་དུ་ཤེས་པར་བྱ་ཞིང་། དེ་བཞིན་མདུན་ན་གནས་པ་འདི་གྲུ་བཞི་ཡིན་མིན་དྲིས་ཚེ་ཡང་། འདི་གྲུ་བཞིའི་གདགས་གཞི་ཡིན་གྱི་གྲུ་བཞི་མ་ཡིན།  དེས་ན་མདུན་ན་གནས་པ་འདི་ཡང་མདུན་ན་གནས་པའི་གདགས་གཞི་ཡིན་གྱི་མདུན་ན་གནས་པ་དེ་མ་ ཡིན་ཞེས་མཐར་གདགས་གཞི་ཕྱི་མ་ཕྱི་མས་སྔ་མ་སྔ་མ་བསླུས་ནས་འདི་ཡིན་གྱི་ཁས་ལེན་ ཅི་ཡང་མེད་པའི་གདགས་གཞི་གདགས་ཆོས་ཐམས་ཅད་ཀྱིས་སྟོང་པས་བཟང་པོ་སྤྲོས་བྲལ་ དང་། ངན་པ་མེད་དགག་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་སོང་བས། གནས་གཅིག་ལ་སླེབས་པ་དེ་འཁོར་བའི་རྩ་བ་ཆོད་པའི་ལམ་གྱི་འགག་མདོ་དེ་ཡིན་པར་སྣང་ཞིང་། སླར་ཡང་མདུན་ན་གནས་པ་དེ་ཤིང་གྲུ་བཞིར་འདུག་གྲུ་བཞི་དེ་ཅོག་ཙེ་རུ་འདུག ཅོག་ཙེའི་སྟེང་ན་བུམ་པ་འདུག་སོགས་ཐ་མལ་པའི་བློ་མ་བསྒྱུར་བའི་འཇིག་རྟེན་ཕལ་པ་ཐམས་ཅད་ཀྱང་ཁ་མཐུན་ལ། འོན་ཀྱང་གྲུབ་མཐས་བློ་བསྒྱུར་མ་བསྒྱུར་བྱ་བ་འདི་གཉིས་ཀྱིས་མཚམས་ཤིན་ཏུ་ དབྱེ་དཀའ་སྟེ། རྣམ་པ་གཅིག་ཏུ་ན། པ་སངས་བྱ་བ་ཀུན་ལ་བཟང་། །སོགས་ཀྱི་རྗེས་སུ་འབྲང་བས་ཡི་གེ་ཙམ་ཡང་མི་ཤེས་པའི་ཕལ་པ་དེ་དག་ཀྱང་གྲུབ་ མཐས་བློ་བསྒྱུར་བ་ཤ་སྟག་ཡིན་ལ། ཆོས་ཀྱི་གནས་ལུགས་ལ་བསམས་ནས་གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གྱི་ས་མཚམས་དབྱེ་ ན་ཡང་། རྗེ་བླ་མས་ཇི་སྐད་གསུངས་པ་ལྟར། རྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་དབུ་མ་པ་རྣམས་རང་བཞིན་མེད་པར་འདོད་ཅིང་། གཞན་པ་རྣམས་རྒྱུ་མཚན་དེ་ཉིད་ཀྱིས་རང་བཞིན་ཡོད་པར་འདོད་པས་གཉིས་ཀ་ཡང་གྲུབ་ མཐའ་ཡིན་མིན་གྱི་ཁྱད་པར་ཅི་ཡང་མི་སྣང་ཞིང་། མདོར་ན་རྗེས་དཔག་ལ་བརྟེན་པ་ཐམས་ཅད་གྲུབ་མཐའ་དང་། མངོན་སུམ་ལ་བརྟེན་པ་ཐམས་ཅད་ཕལ་པ་རང་བཞིན་པའི་བློ་ཡིན་པ་ཙམ་གྱིས་ཤན་འབྱེད་ན་མ་གཏོགས་འབྱེད་ཆོས་ཅི་ཡང་མ་མཐོང་། དེ་ལྟར་བྱས་ཚེ་ངའོ་སྙམ་པའི་ཡུལ་གྱི་ང་དེ་ལྷན་སྐྱེས་མ་རིག་པས་བཏགས་པའི་བདག་དང་། བདག་དེ་ཉིད་ཁྱད་པར་གསུམ་ལྡན་ཡིན་པར་སོགས་ཀུན་བརྟགས་ཀྱི་མ་རིག་པས་བཏགས་པའི་ ཡུལ་དུ་བྱེད་དགོས་མོད་ཀྱང་། མིང་གི་བཏགས་པ་ལ་མ་ལྟོས་པ་རང་ངོས་ནས་གྲུབ་པར་འཛིན་པ་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་ངང་གིས་འབྱུང་བའི་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་ཚུལ་དང་། བདེན་པར་མེད་ཀྱང་རང་བཞིན་གྱིས་ཡོད་པར་འཛིན་པ་དེ་སློབ་དཔོན་ལེགས་ལྡན་འབྱེད་ ཀྱིས་གསར་དུ་བཟོས་པའི་གྲུབ་མཐས་བློ་བསྒྱུར་བའི་ཀུན་བརྟགས་ཀྱི་མ་རིག་པ་ཡིན་ པའི་ཁྱད་པར་འདི་གཉིས་སུ་ཞིག་གིས་ཕྱེ་བར་ནུས།  གཤང་གཅི་གང་དགར་འདོར་ཆོག་པར་འཛིན་པའི་བྱིས་པའི་བསམ་པ་དེ་ལྷན་སྐྱེས་ཀྱི་བློ་དང་། ནམ་ཞིག་བཤང་གཅི་གདན་གྱི་སྟེང་དུ་བཏང་མི་ཆོག་པར་འཛིན་པ་དེ་ཕ་མ་གཉིས་ཀྱི་གྲུབ་མཐས་བསྒྱུར་བའི་བློ་མིན་ནམ། མདོར་ན་འཇིག་རྟེན་འདིར་སྐྱེ་བ་ཐམས་ཅད་ཀྱང་ནང་པའི་གྲུབ་མཐའ་བཞི། ཕྱི་རོལ་བའི་གྲུབ་མཐའ་དྲུག་ཅུ་སོགས་ཀྱིས་བློ་མ་བསྒྱུར་བ་ནི་ཡོད་སྲིད་མོད་ཀྱི། རང་ཉིད་རང་གི་གྲུབ་མཐས་ཡིད་མ་བསྒྱུར་བ་ནི་གཅིག་ཀྱང་མེད་དེ། ཕ་མ་གཉིས་སོགས་སྐལ་མཉམ་གྱི་འགྲོ་བ་དག་གི་ལུང་དང་། རང་གི་རིགས་པ་ཟུང་དུ་མ་འབྲེལ་བ་ཤེས་བྱ་རྣམས་འདི་དང་འདི་ཡིན་ཞེས་སྨྲ་བ་སུ་ཡང་མི་སྲིད་པས་སོ། །

ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་ཀྱང་ཀུན་རྫོབ་ཀྱི་རྩ་བ་འཇོག་པའི་གཞི་ འདི་ཙམ་ཞིག་ལས་མ་གཟིགས་པས། འཇིག་རྟེན་ལ་གྲགས་པ་ཞིག་ཀུན་རྫོབ་ཀྱི་རྣམ་བཞག་ཏུ་བཞེད་དོ། ། དེས་ན་རང་གིས་བསྙོན་དུ་མེད་པའི་སྣང་བ་འདི་དག མི་ལ་མིའི་སྣང་བ་བསྙོན་དུ་མེད། འདྲེ་ལ་འདྲེའི་སྣང་བ་བསྙོན་དུ་མེད། ཁྱི་ལ་ཁྱིའི་སྣང་བ་བསྙོན་དུ་མེད་པ་སོགས་ཡིན་མོད་ཀྱི། འདྲེ་ཡི་སྣང་བར་གྲུབ་པའི་ཁང་པ་དང་། མི་ཡི་སྣང་བར་གྲུབ་པའི་ཁང་པ་གཉིས་ཀ་ཚད་མས་གྲུབ་ཅིང་། སྣང་དེ་གཉིས་གང་ལས་བྱུང་བའི་གཞི་འདྲེ་ཁང་མི་ཁང་གང་ཡང་མ་ཡིན་པའི་ཁང་པ་འདྲེ་དང་མི་གཉིས་ཀས་མ་མཐོང་བ་ཞིག་ཡོད་པར་འདོད་པ་ནི། གྲངས་ཅན་པའི་སྤྱི་རྟག་དངོས་ཀྱི་འདོད་ཚུལ་དང་ཁྱད་ཅི་ཡང་མེད་ལ། སེམས་ཙམ་པའི་གྲུབ་མཐའ་དང་ཡང་ཅུང་ཟད་ཉེ་མོད། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་བལྟ་བྱ་ཐུན་མོང་བའི་སྣང་བ་གང་ལས་འབྱུང་བའི་ གཞི་དེ་ལ་བརླན་གཤེར་ཕོར་པ་གང་ཡོད་པར་མི་སྨྲ་ཡི། རྩ་བ་གཅིག་གང་ལས་རིགས་དྲུག་གི་རྣམ་ཤེས་ཐ་དད་དུ་འབྱུང་བའི་ཀུན་གཞིའི་རྣམ་པར་ ཤེས་པའི་ངང་དུ་གནས་པའི་བག་ཆགས་ཀྱི་ནུས་པ་སད་ཚུལ་ཙམ་ཞིག་དུ་བཞེད་དོ། །

རྣམ་སྨིན་ལུས་དྲུག་ལྡན་པའི་རིགས་དྲུག་ལ། །

སྣང་བ་རྣམ་དྲུག་འབྱུང་བ་སྨོན་ཅི་དགོས། །

དབང་པོ་དྲུག་ལྡན་མི་ཡི་ལུས་ལ་ཡང་། །ཅེས་ཀྱང་སྨྲའོ། །

     མདོར་ན་རང་ཅག་ཐ་མལ་པ་རྣམས་ལ་སྣང་ཞིང་། ཤིང་རྟ་རྣམ་བདུན་གྱི་རིགས་པས་དུམ་བུ་སྟོང་དུ་བཤིགས་ཀྱང་ལྡོག་དུ་མེད་པའི་སྣང་བ་འདི་ཀུན་ཤེས་སྒྲིབ་ཁོ་རང་ངམ་ཁོ་ཡི་ནུས་པ་ཞིག་ཡིན་པར་སྣང་། འདིའི་རྒྱུ་མཚན་གྱིས་རང་ཅག་གིས་རྩིག་པའི་ཕ་རོལ་གྱི་གཟུགས་མི་མཐོང་བ་ཡིན་ལ། སངས་རྒྱས་ཀྱིས་རྩིག་པའི་ཕ་རོལ་གྱི་གཟུགས་གཟིགས་པ་ཡིན་པས། སྣང་བའི་རྣམ་གཞག་འདི་ཀུན་རིགས་ངོར་ཡོངས་རྫོགས་པར་ཞིག་པ་ན་ཉོན་སྒྲིབ་སྤངས་པ་དང་། སྣང་ངོར་ཡོངས་སུ་རྫོགས་པར་ཞིག་པ་ཤེས་སྒྲིབ་སྤངས་པ་ཡིན་ནོ་ཞེས་སློབ་དཔོན་ཟླ་བ་གྲགས་པ་ནི་སྒྲིབ་གཉིས་ཟད་པའི་སངས་རྒྱས་ལ་དེ་ལྟར་མེད་པར་སྣང་ངོ་། །

   ཅོག་ཙེ་སྙིང་ཐག་པ་ནས་མཐོང་བ་ཉོན་སྒྲིབ་དང་། མིག་གིས་ཡོད་པར་མཐོང་བ་ཙམ་ཤེས་སྒྲིབ་སྟེ། སྒྱུ་མའི་ལྟད་མོ་བ་རྣམས་ཀྱིས་སྒྱུ་མའི་བུད་མེད་ལ་ཆགས་ཚུལ་དེ་ཉོན་སྒྲིབ་གྱི་དཔེ་དང་། སྒྱུ་མ་མཁན་རང་གིས་སྒྱུ་མའི་བུད་མེད་ལ་ཆགས་ཚུལ་དེ་ཤེས་སྒྲིབ་ཀྱི་དཔེ་རུ་ཞི་བ་ལྷས་གསུངས་སོ། ། གཅིག་ཡིན་ན་གཅིག་ཤོས་མེད་དགོས་སོགས་ཀྱི་རྟོག་པའི་དྲ་བ་འདི་དག་རྣམ་པར་བསལ་ཅིང་བཅད་པའི་ཕ་རོལ་ན། གཅིག་དང་ཐ་དད་གཉིས་ཀ་གཅིག་ཏུ་འདུས་པས། བསམ་པའི་ཡུལ་ལས་འདས་པས་ཟབ་ཅིང་། གཅིག་དང་ཐ་དད་ཀུན་ལ་ཁྱབ་པའི་རྒྱ་ཆེ་བའི་སྐུ་སྟེ་རྣམ་པ་མངའ་བ། མཆོག་དམན་གདུལ་བྱའི་བློ་ངོར་ཀུན་ཏུ་བཟང་པོའི་གསུང་གི་འོད་ཟེར་དག་ཀུན་ནས་འཕྲོ་བ་ཞིག་ཡོད་པར་ངེས་པས་དེ་ལ་ཕྱག་འཚལ་ལོ། ། གནད་ཀ་མཐར་ཐུག་ནི་རང་བཞིན་མེད་པར་རྟོགས་ཚེ་ས་རྡོ་རི་བྲག་རྣམས་རང་ལ་སྣང་ཚུལ་དང་གཞན་ལ་སྣང་ཚུལ་གཉིས་ཤིན་ཏུ་ཐ་དད་དུ་སོང་བས་གཞན་གྱིས་རྡོ་ཞིག་བརྗོད་པ་དེ་དོན་ལ་བདེན་གྲུབ་ཀྱི་རྡོ་བརྗོད་པ་ཡིན་ཞིང་། རང་གིས་ཡིན་ཞེས་ཁས་བླངས་པ་དེ་རང་བཞིན་གྱིས་མ་གྲུབ་པའི་རྡོ་བརྗོད་པ་ཡིན་པས། རང་བཞིན་གྱིས་མ་གྲུབ་ན་རྡོ་མིན་དགོས་པ་དང་། རྡོ་ཡིན་ན་རང་བཞིན་གྱིས་མ་གྲུབ་དགོས་པའི་བསམ་མནོ་བཏང་ཚུལ་གཉིས་གཞི་གཅིག་གི་ སྟེང་དུ་ནམ་ཡང་བརྡ་འཕྲོད་པ་མེད་པས། ཐལ་འགྱུར་བ་དང་དངོས་སྨྲ་བ་གཉིས་ལ་ཆོས་ཅན་མཐུན་སྣང་བ་མེད་པ་ཡིན་ཞིང་། བརྡ་འཕྲོད་ཚེ་ཡང་རྒྱལ་བོ་སྐུ་ཚེ་རིང་བར་ཤོག ཅེས་ཕན་ཚུན་གྱི་ཡུལ་རྒྱུས་མེད་པའི་རྒྱ་དཀར་ནག་གཉིས་ཀའི་མི་གཉིས་ཀྱིས་ལྷན་གཅིག་དུ་བརྗོད་ཆེ་རྒྱ་ནག་པོའི་ཚིག་གི་བརྗོད་བྱ་ནི་སྐྲ་དང་སྨྲ་ར་རིང་ཞིང་གོས་ནག་གོན་པའི་རྒྱལ་པོ་དེ་ཡིན་ལ། རྒྱ་དཀར་པོའི་ཚིག་གི་བརྗོད་བྱ་ནི་སྐྲ་སྨྲ་ར་མེད་ཅིང་རས་དཀར་གྱོན་པའི་རྒྱལ་པོ་དེ་ཡིན་གྱི། རྒྱལ་པོ་བྱ་བའི་ཚིག་གཉིས་ཀྱང་གཅིག་དུ་སོང་ལ། གཅིག་གིས་གཅིག་ལ་རྩོད་ལན་བྱེད་པ་ཡང་མ་དགོས་པས་ཕན་ཚུན་བརྡ་འཕྲོད་པ་ཙམ་ཡིན་ནོ། །

     དོན་ལ་ཁས་ལེན་བྱ་བ་འདི་ཡིད་དང་ངག་གིས་ཁས་བླངས་ནའང་འདྲ་བས་རང་ལ་འཆར་ཚུལ་ཇི་ལྟ་བ་བཞིན་ཏུ་ཁས་བླངས་པའམ་ཡིད་ཆེས་ནས་རང་ལུགས་སུ་ཁས་ལེན་པ་ཡིན་ལ། སྣང་ཚུལ་ང་གནས་ཚུལ་མི་མཐུན་པ་ཁས་ལེན་པ་དེ་གཞན་ངོར་ཁས་ལེན་པ་ཡིན་ཞིང་། སྣང་བ་དེ་ཀའི་སྟེང་དུ་སྣང་བའི་བདེན་བཞི་སྣང་བའི་ལམ་ལྔ་ཁས་ལེན་པ་སོགས་དོན་ལ་ འཁྲུལ་སྣང་ཁས་ལེན་པ་ཡིན་མོད་ཀྱི། འཁྲུལ་སྣང་གི་རིམ་པ་འདི་ལ་མ་བརྟེན་པར་མཐར་ཐུག་གི་གནས་སུ་བགྲོད་པའི་ལམ་མེད་ པས། ཞེས་དང་། ཞི་བ་ལྷས། སྡུག་བསྔལ་ཉེ་བར་ཞི་དོན་དུ། །འབྲས་བུའི་རྨོངས་པ་བཟློག་མི་བྱ། །ཞེས་གསུངས་ལ། གོ་ཆོད་པའི་འབྲས་བུའི་རྨོངས་པ་དེ་ནི་གོང་གི་གཟིངས་དང་དོན་གཅིག་པར་སྣང་ལ། འཁོར་བའི་ཆུ་བོའི་ཕ་རོལ་གྱི་འགྲམ་དུ་སླེབས་ཚེ་འཁོར་བ་དང་ལྷན་ཅིག་ཏུ་སྤང་བར་གསུངས་སོ། །

     ཐེམ་སྐས་འོག་མ་ལ་བརྟེན་ནས། ཐེམ་སྐས་གཉིས་པ་ལ་འཛེགས། དེ་ལ་བརྟེན་ཅིང་དེ་སྤངས་ནས། །ཐེམ་སྐས་གསུམ་པ་ལ་འཛེགས་པ་སོགས་གསུམ་གྱི་བགྲོད་ཚུལ་འདི་འདྲ་ཡིན་གྱི། བྱིས་པའི་རྣམ་རྟོག་གི་རང་བཞིན་མ་བརྗེ་བར། དར་མ་དང་རྒན་པོའི་གནས་སྐབས་སུ་འཕོ་ཚུལ་ཡང་མེད་ན། སོ་སོའི་སྐྱེ་བོའི་རྣམ་རྟོག་གི་སྣང་ཚུལ་མ་བརྗེ་བར། སངས་རྒྱས་ཀྱི་ས་ལ་འཕོ་ཚུལ་དེ་ལས་ཀྱང་ག་ལ་ཡོད། དངོས་སྨྲ་བས་རང་བཞིན་མེད་ན་རྒྱུ་འབྲས་མི་འཐད་ཅེས་ཐལ་འགྱུར་བལ་ཐལ་བ་འཕངས་པ་ལ། རང་བཞིན་མེད་པ་ཡིན་ཀྱང་མེད་པ་མ་ཡིན་པའི་སྐྱོན་མེད་དོ་ཞེས་ཐལ་འགྱུར་བས་ལན་ འདེབས་སོ་བྱ་བ་འདི་ཕྱི་རབས་པའི་ལུགས་དང་། རང་ལུགས་ལ་རང་བཞིན་ཡོད་མེད་དང་ཡིན་མིན་ལ་སོགས་པ་གང་དུ་ཡང་ཁས་མི་ལེན་པས་སྐྱོན་མེད་དོ་ཞེས་ལན་འདབས་དགོས་པ་འདི་སྔ་རབས་པའི་ལུགས་ཡིན་ནོ། །

མདོར་ན་ཐུན་མོང་མ་ཡིན་པའི་དབུ་མའི་ཁྱད་ཆོས་གཙོ་བོ་གཅིག་ནི། དངོས་སྨྲ་བ་རྣམས་ཡོད་པ་འགོག་པའི་རིགས་པ་དེ་ཉིད་ཀྱིས་མེད་པ་ཡིན་པར་སྒྲུབ། མེད་པ་འགོག་པའི་རིགས་པ་དེ་ཉིད་ཀྱིས་ཡོད་པར་སྒྲུབ་པར་སོགས་ཕྱོགས་སྔ་མ་བཀག་ ཚེ་རང་ཕྱོགས་ཕྱི་མར་སྒྲུབ་པ་ལས་འོས་མེད་པ་དགོངས་པ་ཡིན་ལ། ཐལ་འགྱུར་བ་ནི། གཞན་གྱི་ཕྱོགས་མ་ལུས་པ་འགོག་པ་མ་ཟད་རང་གི་ཕྱོགས་ཀྱང་དེ་དང་མཐུན་པའི་རིགས་པ་ དེ་ཉིད་ཀྱིས་བཀག་པས། རེ་ཞིག་སོང་ལ་འགྲོ་བ་མིན། །ཞེས་སོང་བ་ལ་འགྲོ་བ་བཀག་པ་ན། འོ་ན་མ་སོང་བ་ལ་འགྲོ་བ་ཡོད་དམ་སྙམ་ཚེ། མ་སོང་བ་ལའང་འགྲོ་བ་མེད། །ཅེས་དང་། འོ་ན་དེ་གཉིས་ལས་གཞན་དུ་འགྲོ་བ་ཡོད་དམ་སྙམ་ཚེ། སོང་དང་མ་སོང་མ་གཏོགས་པ། །གོམ་པ་ཤེས་པར་མི་འགྱུར་རོ། །ཞེས་དེ་ཡང་བཀག་པ་སོགས་ཡིན་ནོ། ། མཉམ་གཞག་གི་སྐབས་སུ་ཅི་ཡང་མེད་པ་རེད། རྗེས་ཐོབ་ཀྱི་སྣང་བ་དང་འབྲེལ་ཚེ་མཉམ་གཞག་གི་སྐབས་ཅིར་ཡང་མེད་པ་དང་། རྗེས་ཐོབ་ཏུ་ཅིང་ཡང་སྣང་བ་གཉིས་ཟུང་དུ་འབྲེལ་བའི་དོན་ཡིན་ལ། དེ་ནི་དོན་དམ་པར་ཅིར་ཡང་མ་གྲུབ་པ་དང་། ཐ་སྙད་དུ་ཅིར་ཡང་གྲུབ་པའི་དོན་དུ་ཤེས་པར་བྱའོ། །

     བོད་སྔ་མས། རང་བཞིན་མེད་པ་གང་ཟག་གི་བདག་མེད་དང་། མཐའ་བཞི་སྤྲོད་བྲལ་ཆོས་ཀྱི་བདག་མེད་དུ་འདོད། ཕྱི་རབས་པའི་ལུགས་ལྟར་ན། བདག་མེད་གཉིས་སྟོང་གཞི་ཆོས་ཅན་ཀྱི་སྒོ་ནས་འབྱེད་དགོས་པས། བུམ་པ་རང་བཞིན་མེད་པ་བུམ་པའི་སྟོང་ཉིད། ཀ་བ་རང་བཞིན་མེད་པ་ཀ་བའི་སྟོང་ཉིད་དུ་འདོད་པ་ལྟར། ང་དང་ང་ཡི་བ་རང་བཞིན་མེད་པ་གང་ཟག་གི་བདག་མེད་དང་། བུམ་པ་རང་བཞིན་མེད་པ་ཆོས་ཀྱི་བདག་མེད་ཡིན་པར་ཤེས་པར་བྱ་ལ། བོད་སྔ་མའི་ལུགས་ལྟར་ན། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་གཉིས་ལ་མཐོ་དམན་གྱི་ཁྱད་པར་ཤིན་ ཏུ་ཆེ་ཞིང་། བདེན་པ་ཡོད་སྙམ་པའི་དཀྱུས་མའི་རྣམ་རྟོག་འདིའི་འགལ་ཟླའི་སྟེང་དུ་གནས་པ་དེ་ གང་ཟག་གི་བདག་མེད་ལ་བློ་འཇོག་ཚུལ་ཡིན་ལ། དེ་ཡང་དོན་ལ་ཀུན་རྫོབ་ཀྱི་སྣང་བ་ལས་མ་འདས་པས་ཀུན་རྫོབ་གྱི་སྣང་བ་བློ་ཡི་ ཡུལ་དུ་བྱེད་ནུས་པ་ཕྲ་བའི་མཐར་ཐུག་ནི། ཡང་ན་ཡོད་པ། ཡང་ན་མེད་པ། ཡང་ན་གཉིས་ཀ་ཡིན་པ། ཡང་ན་གཉིས་ཀ་མ་ཡིན་པ་འདི་བཞི་ལས་འདའ་བ་མེད་པས་བཞི་ཆར་དུ་མེད་པ་དེ་ཉིད་རྣམ་ གྲངས་མ་ཡིན་པའི་དོན་དམ་མམ། ཡང་ན་ཀུན་རྫོབ་མ་ཡིན་པའི་དོན་དམ་བྱ་བ་དེ། མདོར་བསྡུ་ན། བརྗོད་དུ་མེད་པའི་དོན་དམ་བྱ་བ་ཡིན་ནོ། །

སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་དང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། དེ་ཚེ་དམ་ཆོས་ཡུལ་མེད་པ། །ཞེས་དང་། སངས་རྒྱས་བསྟན་པ་གནས་མེད་པ། །སོགས་དེ་བཞིན་གཤེགས་པས་བསྟན་པའི་ཆེ་བ་ལ་མུ་སྟེགས་གཞན་དང་མི་འདྲ་བར་འཁོར་ བའི་རྣམ་རྟོག་གི་ཡུལ་དུ་གྱུར་པའི་ཡོད་མེད་སོགས་གང་གི་སྟེང་དུ་ཡང་། དེ་དག་དང་ཤིན་ཏུ་མཛའ་ཞིང་འདྲེས་པའི་རྣམ་རྟོག་གི་གྲུབ་མཐའ་འཇོག་པའི་ཐབས་མི་ མཛད་པར། རྣམ་རྟོག་གི་ར་བ་འདི་ལས་འདས་པའི་ཐབས་སྟོན་པ་ཡིན་ལ། གཞན་དག་གི་ཟབ་མོའི་དོན་ཇི་ལྟར་འཆར་བ་སྐད་བྱེད་ཀྱང་། དོན་ལ་ལྷན་སྐྱེས་ཀྱི་བློ་འདི་ཉིད་ལ་མངོན་སུམ་དང་རྗེས་དཔག་གི་རིགས་པས་བརྒྱན་ ཏེ་རྩ་བ་བརྟན་དུ་བཏང་བ་ཙམ་ཡིན་ལ། རྗེ་བླ་མས་ཀྱང་། ཁྱོད་ཀྱི་བསྟན་ལ་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བར་བསྟེན་བྱས་ཀྱང་། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། བདག་ཏུ་འཛིན་པ་བརྟན་ཕྱིར་རོ། །ཞེས་གསུངས་པ་ཡང་དགོས་པའི་མཐིལ་འདི་ཡིན་པར་སྣང་། བརྗོད་དུ་མེད་ཅེས་བརྗོད་པ་དེ་ཉིད་བརྗོད་པ་ཡིན་ནོ་སོགས་སོ་སྐྱེ་ཐུན་མོང་གི་ རྣམ་རྟོག་ཁ་མཐུན་པའི་རྩོད་པཁའི་འདི་དག་ནི། སེར་པོ་སྣང་བ་གང་ཡིན་དེ་ཉིད་དུང་ཡིན་ནོ་ཞེས། རྨི་ལམ་དུ་རྨི་ལམ་རྨིས་པ་དང་འདི་རྫུན་པ་ཡིན་ནོ་སྙམ་པའི་བློ་གཉིས་ཀ་ཡང་ མཁྲིས་ནད་དང་གཉིད་ཀྱིས་བསླད་པ་འདྲ་མོད། ཇི་སྲིད་མཁྲིས་ནད་ལས་ཐར་བ་དང་གཉིད་མ་སད་པ་དེ་སྲིད་གཅིག་བདེན་པ་གཅིག་མི་ བདེན་པའི་རྣམ་གཞག་གོ་འོག་ཏུ་དབང་མེད་དུ་འཛུད་དགོས་པ་འདི་མ་རིག་པའི་སྐྱོན། རྟེན་འབྱུང་གི་ཡོན་ཏན་གཉིས་ཀ་ཡིན་པར་ཤེས་པར་བྱའོ། །

     སྤྱིར་ཁ་ནས་གྲག་ཚད་ཁས་ལེན་དུ་བྱ་ན། སྔ་རྒོལ་ཁ་མ་གྲག་པར། ཕྱི་རྒོལ་གྱིས་རྒོལ་བའི་དོན་མི་སྲིད་པས། ཁས་ལེན་མེད་པ་མི་སྲིད་ན་ནི་དགག་དགོས་པའི་དོན་ཡང་མེད་ལ། ཡོད་ན་ནི་ཁས་ལེན་མེད་པར་བྱ་བ་དང་། ངག་མི་སྨྲ་བྱ་བ་སོགས་ཁས་ལེན་དང་ངག་ཡིན་མོད། ཁས་ལེན་མེད་བཞིན་པ་དེ་ག་ཁས་ལེན་ཡིན། ཁས་ལེན་མེད་པ་དེ་ཉིད་ལྟག་ཆོད་ཡིན་ནོ་ཞེས་རྩོད་པ་འདི་ཐལ་འགྱུར་བ་དང་། དངོས་སྨྲ་བར་དུ་འབྱུང་བ་ལས་འོས་མེད་ལ། དོན་ལ་རང་བཞིན་མེད་ཅེས་པའི་ཚིག་དེ་ཉིད་ཀྱང་། དངོས་སྨྲ་བའི་ངོར་རང་བཞིན་ཡིན་པས་ལྟག་ཆོད་དུ་སོང་བས། རང་བཞིན་ཀུ་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །ཅེས་རྒོལ་བར་བྱེད་པ་དང་ཁྱད་མེད་ལ། གལ་ཏེ་ཁས་ལེན་མེད་ན་ནི། །ཁས་ལེན་མེད་པར་ཁས་ལེན་ཅི། །ཞེས་རྒོལ་ན་ཡང་སྔ་མ་དང་འདྲ་བས། །སློབ་དཔོན་ཀླུ་སྒྲུབ་གྱིས། ཁས་ལེན་མེད་པ་ག་ལ་ཡིན་པ། །དེ་ནི་ཁྱོད་ཀྱི་ཁས་ལེན་ཉིད། །དུང་དཀར་སེར་པོ་གང་ཡིན་པ། །དེ་ནི་ཁྱོད་ཀྱི་ཁས་ལེན་ཉིད། །ཅེས་གསུངས་པར་སྣང་། དེས་ན་ཁས་ལེན་གྱི་མཚན་ཉིད་ནི། ཚིག་གང་ཞིག་བརྗོད་བྱའི་དོན་ལ་སྨྲ་བ་པོ་རང་ཉིད་སྙིང་ནས་ཡིད་ཆེས་པ་བྱ་བ་ཞིག་དགོས་པ་ཡིན་ལ། འདི་འདྲའི་རྣམ་གཞག་འདོད་ན། བདེ་བར་གཤེགས་པས་དྲང་དོན་གསུངས་པ་དང་། སྐྱེ་བོ་ཕལ་པས་རྫུན་བཤད་པ་སོགས་ཀྱང་འོང་བའི་གནས་མེད་ལ། ལར་སྣང་ཚུལ། གནས་ཚུལ། བཤད་ཚུལ། བསམ་ཚུལ། དགོངས་ཚུལ་མི་མཐུན་པ་འདི་དག་གི་ཁྱད་མ་ཕྱེད་པར་དམ་པའི་ཆོས་ལ་མོས་པ་ཙམ་ཡང་ འབྱུང་དཀའ་བར་སྣང་། དེའི་ཕྱིར་མདོ་ལས། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །བྱ་བ་འདི། གལ་ཏེ་རང་རང་སོ་སོས་ཐག་ཆོད་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །བྱ་བ་དང་དོན་གཅིག་ཏུ་སྣང་། ཚད་མའི་སྐྱེས་བུ་སྔོན་དུ་བསྒྲུབས་ནས་དེའི་ལུང་གི་རྗེས་སུ་འབྲང་བ་གཞན་གྱི་ལུགས་དང་། བསྟན་པ་ལུང་ཚད་མར་བསྒྲུབས་ནས་སྟོན་པ་ཚད་མའི་སྐྱེས་བུ་སྒྲུབ་པ་རིགས་པའི་རྒྱལ་པོའི་བཞེས་པ་སྟེ། རྗེས་སུ་འབྲང་མི་འབྲང་ཡང་གཞལ་བྱའི་གནས་གསུམ་པ་ཤིན་ཏུ་ལྐོག་གྱུར་དོན་ཁོ་ནའི་དབང་དུ་བྱེད་པ་ཡིན་ལ། དེའི་རྗེས་སུ་འབྲང་ན་མི་བསླུ་བྱ་བ་ཡང་། སྤྱིར་བསླུ་མི་བསླུ་བྱ་བ། དེའི་རྗེས་སུ་འབྲང་ན་ཕན་པ་དང་གནོད་པ་འབྱུང་བའི་དོན་ཙམ་ཡིན་པས། དེ་བཞིན་གཤེགས་པས་འདི་བྱ་ན་བཟང་། མ་བྱས་ན་ངན་སོགས་ཐམས་ཅད་ཀྱི་རྗེས་སུ་འབྲང་ན་བསླུ་བ་མེད་པ་དེ། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་ཟ་བྱེད་པ། །དེ་ཡི་སྟོང་པ་ཉིད་བསྟན་ནས། །ཐབས་དེ་ཁོ་ནས་ཡིད་ཆེས་བྱ། །ཞེས་དང་། གཙོ་བོའི་དོན་ལ་མི་བསླུ་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་དོན་གྱི་གཙོ་བོའི་ཆོས་ཀྱི་གནས་ལུགས་བསྟན་པ་ལ་མི་བསླུ་བའི་ཕྱིར། དོན་ཕལ་པ་མངོན་མཐོའི་ཀུན་རྫོབ་ཀྱི་རྣམ་གཞག་བསྟན་པ་ལའང་བསླུ་བ་མེད་པའམ་རྗེས་ སུ་འབྲང་ན་ཕན་པ་འབའ་ཞིག་འབྱུང་གི་གནོད་པ་ཅུང་ཟད་ཀྱང་མི་འབྱུང་བས། ཚུལ་འདི་བུ་ཆུང་མ་ཡི་རྗེས་སུ་འབྲང་ཚུལ་གྱི་དཔེ་ལྟར་ཡིན་ལ། འབྲང་ཚུལ་དེ་ཡང་མས་ཕྱི་རོལ་དུ་སོང་ན་སྟག་ཡོད། དེ་ལས་ཐག་རིང་དུ་སོང་ན་རྣ་མཆོག་གཅོད་སོགས་ལ་དྲང་ངེས་གང་ཡིན་གྱི་དཔྱད་པ་བྱ་ མ་དགོས་ཀྱི། ཕྱི་རོལ་དུ་མི་འགྲོ་བ་ཞིག་མ་ཡིན། ངག་ལ་ཡིད་ཆེས་ཏེ་ཉན་དགོས་པ་ཡིན་ནོ། །

     དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས། འཆོལ་མ་མནའ་མས་གཟུགས་བརྙན་བཞིན་དུ་བྱས། །ཁྱིམ་པས་སྨད་པའི་ཤམ་ཐབས་མཐོ་བར་མཛད། །ཆུ་ལ་བརྒལ་ཞིང་ཅོ་འདྲི་བྱས་པ་ན། །མཐང་གོས་ལོང་བུའི་གོང་དུ་ཕབ་པར་མཛད། །བདེ་བར་གཤེགས་པའི་ཐབས་ལམ་མཁས་པ་འདི་ནི་ཆོས་འདུལ་བའི་སྤྱོད་པ་ཕྲ་མོ་ནས་ བཟུང་སྟེ། ཆོས་ཀྱི་གནས་ལུགས་མཐར་ཐུག་གི་བར་དུ་རིགས་བསྒྲེ་དགོས་ཏེ། འཇིག་རྟེན་དང་སྒོ་བསྟུན་དགོས་པའི་བཞེད་པ་གཅིག་དང་། སྟོན་པ་རང་གི་དགོངས་པ་གཅིག་བཅད་གཉིས་གཉིས་ཡོད་པར་ཤེས་པར་བྱ་ལ། བདེར་གཤེགས་རང་གི་དགོངས་པ་ལ་ནི་དྲུག་སྡེ་དག་གི་ཤམ་ཐབས་པུས་མོ་གོང་ཙམ་དུ་ཡར་ བརྗེས་པ་དང་། རྟིང་པའི་བར་དུ་མར་ཕབ་པ་གཉིས་ལ་ཁྱད་ཡོད་པའི་ཚོད་མི་འདུག་ཀྱང་མཉན་ཡོད་ཀྱི་ ཁྱིམ་པ་ཕོ་མོ་རྣམས་ཀྱི་ངོར། དེ་དག་གི་སྣང་བ་དང་མཐུན་པའི་ཤམ་ཐབས་མཐོ་དམན་གྱི་ཚད་ཞིག་མཛད་པ་ཡིན་ལ། ནམ་མཁར་མཐའ་མེད་ཀྱང་དཀྱིལ་འཁོར། འཁོར་བར་ཐོག་མ་མེད་ཀྱང་མཐའ་མ་ཡོད་གསུངས་པ་སོགས་ཀྱང་སྲིད་གསུམ་འཁོར་བ་མཉན་ ཡོད་ཀྱི་གྲོང་ཁྱེར་ཆེན་པོའི་སོ་སྐྱེ་ཁྱིམ་པ་རྣམས་ཀྱི་བསམ་པ་ལ་གང་འཚམས་པ་ཞིག་གསུངས་པར་སྣང་། ཇི་སྲིད་ཀུན་རྫོབ་ཀྱི་སྣང་བ་མ་འགག་པ་དེ་སྲིད་དང་། ཇི་སྲིད་རྣམ་ཤེས་ཀྱི་རྟེན་མ་བརྗེ་བར་དེ་སྲིད་དུ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ཀྱང་། སྔར་གང་ཁས་བླངས་པ་དེ་དབང་མེད་དུ་ཁས་ལེན་དགོས་པ་འདི་ལ་རིགས་པས་སྒྲུབ་བྱེད་ ཀྱིས་འབད་པ་བྱ་མ་དགོས། གལ་སྲིད་ཁས་མ་བླངས་ཀྱང་། མཐོང་བ་དང་ཐོས་པ་དང་། མྱོང་བ་ཁོ་རང་གི་མངོན་སུམ་དུ་གྱུར་བ་དེ་ལ། རིགས་པས་དགག་སྒྲུབ་གྱི་དོན་མ་དགོས། ཀུན་རྫོབ་ཁས་མ་བླངས་པས་ཆད་ལྟར་ལྷུང་བའི་ཉེན་ཡོད་ན། མིག་དང་རྣ་བའི་སྣང་བ་དེ་ག་ཡོད་མེད་ཀྱི་དགག་སྒྲུབ་བྱ་བར་ཟད་མོད། བྱ་མི་དགོས་ཏེ། ཁ་ནས་ཐམས་ཅད་མེད་ཅེས་པའི་ཚིག་ཙམ་སྨྲས་ཀྱང་། སེམས་ཀྱི་འཛིན་ཚུལ་ལ་ཅི་ཡང་མི་གནོད་པས་དེ་ཙམ་ལ་དགག་སྒྲུབ་དོ་གལ་ཆེན་པོ་དེ་ཙམ་དགོས་པའི་རྒྱུ་མཚད་མི་སྣང་། དེ་ལས་དེ་འདྲ་བའི་ཁས་ལེན་མེད་པའི་སྐྱེས་བུ་དེ་ལ་ཕ་གི་ཅི་ཡིན་ཞེས་དྲིས་ཚེ། རི་ཡིན། ཤིང་ཡིན། མི་ཡིན་སོགས་སྨྲས་ངེས་པས། རིགས་པ་དུ་མའི་སྒོ་ནས་ཁས་ལེན་དུ་འཇུགཔ་འི་ཐབས་གཞན་མ་དགོས། སྒྱུ་མ་མཁན་གྱིས་སྒྱུ་མའི་གླང་པོ་སྤྲུལ་པ་ན། ལྟད་མོ་མཁན་རྣམས་ཀྱིས་ཀྱང་གླང་པོ་དངོས་སུ་མཐོང་། སྒྱུ་མ་མཁས་གྱིས་ཀྱང་གླང་པོ་མིན་པ་ཞིག་གླང་པོ་དངོས་སུ་མཐོང་བའི་ཆེད་དུ་ སྒྱུར་མ་སྟོན་པ་ཡིན་པས། ལྟད་མོ་བ་རྣམས་ཀྱིས་སྒྱུ་མ་མཁན་ལ་འདི་གླང་པོ་དངོས་ཡིན་ནམ་ཞེས་དྲིས་ཚེ་ཡིན་ ཞེས་བརྗོད་དགོས་པ་དེ་སྒྱུ་མ་མཁན་གྱིས་གླང་ཆེན་གཞན་ངོར་ཁས་ལེན་པ་ཡིན། མདོར་ན་དྲང་དོན་ངེས་དོན་གྱི་རྣམ་གཞག་ཁས་མི་ལེན་ན་གཞན་ངོར་ཁས་ལེན་པ་དང་རང་ངོར་ཁས་ལེན་པའི་རྣམ་གཞག་ཀྱང་ཁྱད་ཕྱེ་མི་ནུས་ལ། དབུ་མའི་བསྟན་བཅོས་འདི་ཙམ་ཞིག་དབུ་མའི་རང་ལུགས་མིན་ན་སུའི་ལུགས་ཡིན་ཞེས་དགག་པ་མཛད་པ་ནི། དགོངས་འགྲེལ། ལང་གཤེགས་སོགས་མདོ་མང་པོ་འདི་ཙམ་ཞིག་ཏུ་ཕྱི་དོན་མེད་པའི་ཀུན་གཞི་དང་། གཟུང་འཛིན་གཉིས་སྟོང་གི་དེ་ཉིད་མཐར་ཐུག་རིགས་པ་བརྒྱ་ཕྲག་གི་སྒོ་ནས་ཡང་ནས་ཡང་དུ་གསུངས་པ་འདི་ཉིད། གསུངས་པ་པོ་བཅོམ་ལྡན་འདས་ཀྱི་རང་ལུགས་མིན་ན་གཞན་སུ་ཞིག་གི་ལུགས་ཡིན་ཞེས་སྨྲ་བ་དང་འདྲ། དེའི་ཕྱིར་གཞན་ངོར་ཁས་ལེན་པ་འདི་ལ་དངོས་སུ་གནོད་བྱེད་ཀྱི་རིགས་པ་དག་ནི་དོན་ལ་ཉག་ སྐེད་བུ་ལོང་མ་ལ་འཁོར་བསྒྱུར་ཡིན་ཞེས་བརྗོད་པའི་ཚིག་དེ་ཁྱོད་ཀྱིས་ངོ་ཙམ་ཁས་ བླངས་པ་ཡིན་ཞེས་སྨྲས་ན་གསོད་པའི་འཇིགས་པ་འོང་བ་དང་ཤིན་ཏུ་འདྲ། དེས་ན་ཉག་སྐེད་བུ་ལོང་མའི་མདུན་དུ་གཞན་ངོར་ཁས་བླངས་པ་དེ་རང་ངོ་ཁས་བླངས་ཡིན་ ཞེས་སྨྲས་ན་མ་གཏོགས་ཐབས་གཞན་མེད་ལ། ཚུལ་འདི་རྗེ་བླ་མས་རེད་མདའ་བའི་དྲིས་ལན་དུ་གསལ་བར་གསུངས།གཞན་ ངོར་ཁས་བླངས་པའི་རྣམ་གཞན་འདི་མེད་ན། སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་སངས་རྒྱས་དང་། ཐམས་ཅད་མ་དག་ཟག་བཅས་སུ་ཤར་བའི་སོ་སྐྱེ་གཉིས་ཀྱི་བར་དུ་ཆོས་ཚིག་གཅིག་སྨྲ་ བའི་སྐལ་བ་ག་ལ་ཡོང་།ཀུན་ རྫོབ་དཔྱོད་པ་དང་། དོན་དམ་དཔྱོད་པའི་སྐབས་ཀྱི་ཁྱད་པར་འབྱེད་པ་ནི། དོན་ལ་རང་བཞིན་ནམ་གནས་ལུགས་ཀྱིས་གྲུབ་མ་གྲུབ་ལ་བློ་ཁ་ཕྱོགས་པའི་བསམ་བློ་དེ་ ནི་མཐར་ཐུག་ལ་དཔྱོད་པའི་སྐབས་སུ་འཇོག་པ་ཙམ་ལས་འོས་མེད་ལ། དེ་ལྟར་ན་དངོས་སྨྲ་བའི་གྲུབ་མཐའ་ཕར་ཞོག །གྲུབ་མཐས་བློ་མ་བསྒྱུར་བའི་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་། གསེར་རྙེད་ན་སྒྱུ་མ་ཙམ་གྱི་གསེར་རྙེད་པའི་གོ་མི་ཆོད་པར། བློས་བཏགས་པ་ཙམ་མ་ཡིན་པར། རང་ངོས་ནས་གྲུབ་པའི་གསེར་ཞིག་རྙེད་དགོས་པ་འདི་ཉིད། གསེར་སྲེད་པ་སྐྱེད་པའི་རྩ་བ་ཡང་ཡིན་ཞིང་བདེན་འཛིན་མ་རིག་པ་ཉོན་མོངས་ཀྱི་རྩ་ བ་གཞན་གཉིས་ཀྱི་རྩ་བར་གསུངས་པ་ཡང་འདི་ལ་ཐུག་པས། དེས་རྙེད་པའི་གསེར་དེ་ཡང་མཐར་ཐུག་གམ་རང་བཞིན་ལ་དཔྱོད་པའི་རིགས་པས་རྙེད་པ་ལས་མ་འདས་སོ། །

    རང་ངོ་གཞན་ངོའི་ཁས་ལེན་གྱི་ཁྱད་མི་འདོད་པའི་ལྟ་བ་འདི་བསམ་བློ་མཐར་གཏུག་ཚེ། སངས་རྒྱས་ལ་གང་སྣང་སེམས་ཅན་ལ་སྣང་། སངས་རྒྱས་ཀྱིས་གང་ཤེས་སེམས་ཅན་གྱིས་ཤེས་བྱ་བ་དང་ཁྱད་ཅི་ཡང་མི་འདུག །འདི་འདྲ་བྱས་ཚེ་བྱང་ཆུབ་སེམས་དཔའ་ཤུགས་འཆང་གི་རྫུ་འཕྲུལ་གྱིས་རྒྱལ་བའི་གཙུག་ཏོར་གྱི་རྩེ་མ་མཐོང་བྱ་བའི་ལུང་དེ་ཙམ་ལའང་སུ་ཞིག་ཡིད་ཆེས་པར་ནུས། དོན་ལ་ཆོས་ལ་མོས་པ་ཡོད་ན་བསམ་གྱིས་མི་ཁྱབ་པའི་གནས་ལ་མོས་པ་ཡོད་དགོས་ལ། བསམ་བློས་དྲན་མ་ནུས་པའམ་དཔྱད་མ་ནུས་པ་ཐམས་ཅད་མེད་དོ་ཞེས་སྨྲ་བ་ནི། ཁོ་བོས། མ་མཐོང་ཕྱིར་ན་མེད་པ་མིན། །བྱ་བའི་དགག་ཡུལ་གྱི་ཆད་ལྟ་དེ་དང་ཕྱོགས་མཐུན་པར་སེམས།མེ་ མེད་པ་དུ་བ་ཡོད་ན་ཚད་མས་གྲུབ་དགོས། དེས་ན་མིག་གིས་མཐོང་དགོས། དེ་ན་ངའི་མིག་གིས་མཐོང་དགོས། དེ་འདྲ་ནམ་ཡང་མཐོང་མ་མྱོང་བ་དེའི་ཕྱིར་མེ་ཡོད་ལ་དུ་ཡོད་ཀྱིས་ཁྱབ་པ་གྲུབ་བོ་ བྱ་བའི་རིགས་པ་འདི་རྣམས་དོན་ལ་ཤེས་བྱའི་གནས་ལུགས་ཀུན་ཏུ་བཟང་པོའི་སྣང་བ་དཀར་དམར་འོད་ཟེར་འབུམ་དུ་འཕརོ་བའི་བདེ་སྡུག་བཟང་ངན་གྱི་རྣམ་འགྱུར་སྟོང་དུ་བཏོན་པ་དེ་ཉིད་རིགས་པའི་བུ་ག་ཆུང་ངུ་གཅིག་གི་ནང་དུ་བཙུད་ནས་དཔྱད་པ་བཡེད་པའི་ལུགས་སུ་སྣང་།

འཇུག་འགྲེལ་ལས། ཀུན་རྫོབ་བཟློག་པའི་ཕྱུར་དུ་ཚེགས་ཆེ་བྱ་བ་ལ། རྗེ་བླ་མས་ཀྱང་། འདི་བཟློག་པའི་ཕྱིར་དུ་ལམ་སྒོམ་པའི་དཀའ་སྤྱད་མི་དགོས་པ་ཞེས་འགྲེལ་པས། ལམ་སྒོམ་པའི་དཀའ་སྤྱད་མཐར་ཕྱིན་པའི་ཚེ་སྣང་བ་འདི་ཀུན་བཟློག་པ་ཞིག་གོ་ནུས། དེའི་ཕྱིར་ཀུན་རྫོབ་ཀྱི་རྣམ་གཞག་ཁས་ལེན་པ་ནི་མདོར་ན་དབང་མེད་དུ་ཁས་ལེན་པ་ ཡིན་ལ། དབང་མེད་དུ་ཁས་ལེན་དགོས་པའི་རྒྱུ་མཚན་ཡང་ལྷན་སྐྱེས་ཀྱི་མ་རིག་པ་ལས་སྐྱེ་ བའི་སྣང་བ་འདི་དབང་མེད་དུ་ཤར་བ་ན། ཀུན་བརྟགས་ཀྱི་མ་རིག་པ་ལ་རྩ་བར་བརྟེན་པའི་བཟང་ངན། ཡོད་མེད་ལ་སོགས་པའི་རྣམ་གཞག་ཀྱང་དབང་མེད་དུ་བྱ་དགོས་ཤིང་། དེ་ལ་བརྟེན་པ་ཁམས་གསུམ་འཁོར་བ་འདིར་ཡང་དབང་མེད་དུ་སྡོད་དགོས་པ་འདི་བྱུང་འདུག་པས། དབང་མེད་བྱ་བ་དབང་མེད་རང་ལ་གོ་དགོས་སོ། ། དེས་ན་དབང་མེད་དུ་ཁས་ལེན་དགོས་བྱ་བའི་སྐྱོ་བ་སྐྱེ་འོས་ཡིན་གྱི། དགའ་བ་སྐྱེ་བའི་ཡུལ་ཞིག་མིན་པས། འཇུག་འགྲེལ་ལས། ཁོ་བོ་ཅག་འཇིག་རྟེན་གྱི་ཀུན་རྫོབ་བཟློག་པར་བྱ་བའི་ཕྱིར་དུ་ཤིན་ཏུ་ཚེགས་ཆེ་བར་གནས་བྱ་བ་ནས། འཇིག་རྟེན་གྱིས་གནོད་པར་མི་འགྱུར་ན་ངས་ཀྱང་ཁྱོད་ལ་གྲོགས་བྱའོ་ཞེས་གསུངས་སོ། །

     སྟོབས་ཆེ་བས་གནོད་མི་གནོད་འདི་ལ། ཞི་བ་ལྷས་ནི། གོང་མ་གོང་མ་རྣམས་ཀྱི་གནོད། །ཅེས་ཀུན་རྫོབ་དཔྱོད་པའི་རིགས་པ་ལ་དོན་དམ་དཔྱོད་པའི་རིགས་པས་གནོད་པ་དང་། དོན་དམ་དཔྱོད་པའི་རིགས་པ་ལའང་། རྣལ་འབྱོར་པའི་བློའི་རིམ་པ་བཞིན་གོང་མ་གོང་མས། འོག་མ་འོག་མ་ལ་གནོད་པར་གསུངས་ལ། དབང་མེད་པ་ཙམ་དང་ཤུགས་ཆེ་བ་ཙམ་གྱིས་གནོད་དགོས་ན་ནི། ཉོན་མོངས་དུག་ལྔ་དང་། ལྷག་པར་མ་རིག་པ་ལས་ཤུགས་ཆེ་བ་སོ་སྐྱེའི་རྒྱུད་ལ་མི་སྲིད་པས། འདི་དག་གི་རྗེས་སུ་འབྲང་པའི་རྟོག་པའི་ཞེན་ཡུལ་ཐམས་ཅད་འཐད་ལྡན་དུ་ཁས་ལེན་དགོས་པར་འགྱུར་མོད། བློ་འོག་མ་འོག་མས་གོང་མ་ལ་མི་གནོད་པའི་དཔེར་བརྗོད་དུ། ཞི་བ་ལྷས། གཞན་དུ་བུད་མེད་མི་གཙང་བར། །ངེས་རྟོགས་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་ཐལ་བ་འཕང་བར་མཛད་དོ། ། དེས་ན་དངོས་པོར་སྨྲ་བ་རྣམས་ཀྱིས་ཀྱང་རིགས་པའི་དཔྱད་པ་བཅུག་ནས་ཕྱི་རོལ་པའི་དོན་ ལ་སོགས་པའི་ཀུན་རྫོབ་པ་རྣམས་བཀག་པ་ན། རིགས་པ་དེས་མི་རྙེད་པ་ཡིན་གྱི་ཁེགས་པ་ནི་མ་ཡིན་ནོ་ཞེས་ཕྱི་དོན་སོགས་གྲུབ་ མཐའ་དེ་དང་དེའི་ལུགས་ཀྱི་རིགས་ཤེས་ཀྱི་ངོར་མ་རྙེད་པ་མེད་པའི་དོན་དུ་མ་སོང་ ཞིང་། བདེན་གྲུབ་དང་རང་མཚན་གྱི་གྲུབ་པ་སོགས་ཐལ་འགྱུར་བའི་ལུགས་ཀྱི་རིགས་ཤེས་དེའི་ ངོར་མ་རྙེད་པས་ཡོད་པར་ཁེགས་པར་གསུངས་པ་ཤིན་ཏུ་ངོ་མཚར།

འདི་ ལྟར་འདོད་ཚེ་ཇོ་ནང་བའི་གཞན་སྟོང་དེ་ཡང་མཁས་པ་རྣམས་ཀྱི་རྟོག་པས་མཐའ་བཟུང་བ་ ལྟར་དུ་བྱེད་ན། ཀུན་རྫོབ་པའི་ཆོས་ཀྱི་ཁོངས་སུ་འདུག་པ་ཞིག་ཡིན་འདུག་མོད། ཡོད་མེད་ལ་སོགས་ཡུལ་ཅན་གྱི་རྟོག་པ་འདི་དག་གིས་མ་རྙེད་པ་ཙམ་གྱིས་མེད་པར་ རྙེད་པ་ག་ལ་ཡིན།མདོར་ ན་འཇིག་རྟེན་ཐ་སྙད་ཀྱི་དབང་དུ་བྱས་ཚེ་མ་རྙེད་པའམ་གཏན་ནས་མ་རྙེད་པ་ཞིག་མེད་ པའི་དོན་དུ་འཇོག་ན་མ་གཏོགས། ཡོད་མེད་ཀྱི་ས་མཚམས་མེད་ལ། མ་རྙེད་པ་དེ་ག་རང་ལ་མེད་པའི་མཐར་ཐུག་པའི་དོན་དུ་ཡིད་ཆེས་ན་ཆོས་ཀྱི་གནས་ལུགས་ལ་འཇུག་པའི་གོ་སྐབས་ཀྱང་མེད་དོ། །

     སྣང་རུང་མ་དམིགས་པ་མེད་པའི་སྒྲུབ་བྱེད་མཐར་ཐུག་ཡིན་མོད། ཇི་ཙམ་ཞིག་སྣང་དུ་རུང་ལ་ཇི་ཙམ་ཞིག་སྣང་དུ་མི་རིང་བའི་ས་མཚམས་ནི་སུ་ལ་ཡང་རྒྱུས་མེད་པའི་མངོན་ཤེས་ཅན་གཅིག་གིས་ཁང་པའི་ནང་དེར་ཤ་ཟ་མ་མཐོང་ཞིང་། དེའི་ཕྱིར་སྣང་རུང་མ་དམིགས་པས་ཤ་ཟ་མེད་པར་གྲུབ། དེ་ལས་ཀྱང་མངོན་ཤེས་ཆེ་བ་ས་ཐོབ་འཕགས་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་ས་ཡི་ཁྱོན་ལ། སའི་རྡུལ་དང་གྲངས་མཉམ་པའི་སེམས་ཅན་རྣམས་གཟིགས་པར་མདོ་ལས་གསུངས་པ་ལྟར་ན། མངོན་ཤེས་སམ། བློའི་རྟོགས་རིམ་གྱི་ཁྱད་པར་བཞིན་འདི་ཙམ་ཞིག་སྣང་དུ་རུང་། འདི་ཙམ་ཞིག་སྣང་དུ་མི་རུང་བྱ་བའི་ཁྱད་པར་རིམ་བཞིན་ཏུ་ཕྱེ་དགོས་པ་ཡིན་གྱི། སོ་སྐྱེ་ཕལ་པ་འབུམ་ཕྲག་དུ་མ་ཁ་གཅིག་ཏུ་མཐུན་པའི་སྣང་རུང་མ་དམིགས་པ་དེ་ནི་སྣང་རུང་མ་དམིགས་པའི་ཆ་ཤས་ཙམ་ཡིན་ལ། དེའི་ཕྱིར་དེས་བསྒྲུབ་པའི་མེད་པ་ཡང་མེད་པའི་ཕྱོགས་གཅིག་ཙམ་ཡིན་པར་ཤེས་པར་བྱའོ། །

     དགག་བྱ་ལ་བདེན་གྲུབ་གྱི་ཁྱད་པར་མ་སྦྱར་བར་བཀག་ན་ཆད་ལྟར་འསགྱུར་ཚེ་བདེན་གྲུབ་ལ་ ཡང་རང་བཞིན་གྱི་ཁྱད་པར་མ་སྦྱར་བར་བཀག་ན་ཆད་ལྟར་འགྱུར་ངེས་ལ། ཐོག་མ་མེད་པ་ནས་ད་ལྟའི་བར་ད་དུང་ཡང་བདེན་གྲུབ་གྱི་ཁྱད་པར་སྦྱར་མ་ཐུབ་པར། བདེན་གྲུབ་གྱི་ཁྱད་པར་ཞིག་གསར་དུ་སྦྱར་ནས་དེ་འགོག་པ་འདིར། འབེན་ངོས་ཟིན་ནས་མདའ་འཕང་བ་མ་ཡིན་གྱི། འབེན་གཞན་ཞིག་གསར་དུ་བཙུགས་ནས་མདའ་འཕང་པ་ཡིན་ནོ། །ཐོག་མ་ནས་ད་ལྟའི་བར་བུམ་པ་ལ་བདེན་གྲུབ་གྱི་ཁྱད་པར་སྦྱར་མ་ཤེས་ན་ད་ནི་བསླབ་ ཀྱང་སུ་ཞིག་གིས་སྦྱོར་བར་ནུས། དོན་དམ་བདེན་པ་ཡང་ཀུན་རྫོབ་ཏུ་ཡོད་པ་ཡིན་གྱི། དོན་དམ་པར་མེད། དོན་དམ་ཡིན་ལུགས་ཀྱི་གཞི་མ་གྲུབ། དོན་དམ་པ་ཡང་དོན་དམ་པ་མ་ཡིན་པའི་ཚུལ་དུ་གཞི་གྲུབ། དོན་ནི་ཀུན་རྫོབ་ཏུ་གྲུབ། དེ་ཡང་བློ་ངོར་གྲུབ་བྱ་བ་ཡིན་ཅིང་། འཕྲལ་རྒྱུ་འཁྲུལ་རྒྱུས་མ་བསླད་པའི་བློ་སྐྱོན་མེད་འདི་ཙམ་ཞིག་གི་ངོར་གྲུབ་པ་ ཙམ་ལས་ཤེས་བྱ་འཇོག་པའི་རྣམ་གཞག་གང་ཡང་མ་གཟིགས་པས་རྒྱ་བོད་སྔ་ཕྱིའི་མཁས་པ་ ཐམས་ཅད་འདི་ཙམ་ཞིག་ཏུ་ཀུན་རྫོབ་འཇོག་པའི་གཞི་བཞེད་པ་ལ་མ་མཐུན་པ་སུ་ཡང་མེད། ། མདོར་ན་རིགས་པས་ཁེགས་ཀྱང་ད་དུང་ཁས་ལེན་དགོས་པ་ཞིག་ལ་ཡིད་མ་ཆེས་ན་སྤྱིར་དབུ་མའི་ལུགས་དང་། ཡང་སྒོས་སུ་ཐལ་འགྱུར་བའི་ལུགས་སུ་མི་རུང་། རིགས་པས་དགག་པ་ཐམས་ཅད་ལ་དགག་བྱའི་ཚད་ཀྱང་རིགས་པ་རང་གིས་ཐུབ་པ་ཡིན་པས་རི་བོང་རྭ་མེད་དུ་རྟོགས་པའི་བློས་རི་བོང་གི་མགོ་ཁེགས་སུ་མི་རུང་སོགས་ཀྱི་ཞིབ་ཆ་རྣམས་དགོས་པ་ཤིན་ཏུ་ཆུང་བར་སྣང་། རང་གི་རང་ལུགས་ཀྱི་གྲུབ་མཐའ་ལ་འགལ་འདུ་སྒྲིག་པ་ཞིག་མེད་པར་འདོད་ན་ཡང་། རྒྱུ་ལ་འབྲས་བུ་གནས་ཀྱང་མ་མཐོང་ཞེས་གྲངས་ཅན་པས་སྨྲ་བ་དང་གཟུང་འཛིན་ངོ་བོ་གཅིག་ཀྱང་ཕྱི་རོལ་དོན་དུ་སྣང་ཞེས་སེམས་ཙམ་པས་བརྗོད་པ་དང་། དཔྱད་ན་མེད་ཀྱང་མ་བརྟགས་བློ་ངོར་ཡོད་ཅེས་དབུ་མ་པས་བཤད་པ་སོགས་ཀྱང་སྒྲས་བར་དུ་ཆོད་པའི་ཚིག་འདི་རྣམས་འགལ་བ་འདུ་བའི་ཕྱིར་དུ་གྲུབ་མཐའ་བརྗོད་པ་ཤ་སྟག་ཡིན་ལ། འགལ་འདུ་བྱ་བ་ལ་དོན་གཉིས་ལས། གཅིག་ནི་འགལ་བ་གཉིས་ཕྱོགས་གཅིག་ཏུ་མི་འགྲིགས་བཞིན་དུ་བསྒྲིགས་པ་དེ་ཡིན་ལ། གཅིག་ནི་འགལ་ངེས་པ་གཉིས་མི་འགལ་བར་ཕྱོགས་གཅིག་ཏུ་མཐུན་པར་བསྒྲིགས་པ་དེ་ཡིན་པས། དེ་ཡང་འགལ་འདུ་ཡིན་ལ། ཕྱི་མ་འདིའི་ལུགས་སུ་བྱས་ནས་མེད་པ་མིན་ཀྱང་ཡོད་པ་ཡིན་མི་དགོས་བྱ་བའི་འགལ་འདུ་དང་། ཡོད་པ་མིན་ཀྱང་པ་མ་ཡིན་སོགས་ཀྱི་འགལ་འདུ་འདི་ཀུན་དབུ་མ་པ་ལ་བྱུང་བ་ཡིན་ཞིང་། འགལ་འདུ་འདི་ཀུན་འཇིག་རྟེན་ཕལ་པའི་ངོར་འགལ་འདུ་ཡིན་པར་མ་ཟད། འགལ་འདུ་ཡིན་པར་དབུ་མ་པས་ཀྱང་ངེས་པར་ཁས་ལེན་དགོས་མོད་ཀྱི། དེ་དག་གི་ངོར་ཁས་བླངས་པ་ཙམ་ཡིན་ལ། གཞན་ལུགས་སུ་ཁས་བླངས་པ་ཙམ་ཡིན་ཞིང་། དེ་ཡང་ཀུན་རྫོབ་ཏུ་ཁས་བླངས་པ་བྱ་བ་དང་དོན་གཅིག་གོ། །

     རྗེའི་དགོངས་ལུགས་ནི། གཟུགས་སོགས་དབང་ཤེས་ལ་ཡོད་པར་སྣང་ལ། ཇི་ལྟར་སྣང་བའི་ཡོད་པ་དེ་གཏན་ནས་མེད་པ་ནི་རང་མཚན་ཐ་སྙད་དུ་མི་བཞེད་པའི་དོན་ཡིན།རིགས་ཤེས་ཀྱིས་བཀག་པས་མེད་པར་འཛིན་ལུགས་དང་། རིགས་པ་གཞན་གྱིས་བཀག་པས་མེད་པར་འཛིན་ལུགས་གཉིས་ཀ་ལ་འདྲ། རང་བཞིན་མེད་ན་གཏན་ནས་མེད་སྙམ་པའི་བློ་དེས་མེད་པ་ཡང་མེད་པར་ཤེས་པས་ཆད་ལྟར་ལྷུང་བའི་གནས་མེད་ལ། རྒྱུ་འབྲས་རྟེན་འབྲེལ་སོགས་མེད་སྙམ་པའི་བློ་དེ་མེད་པར་བསྒྲུབས་པའི་རིགས་པ་གཞན་ཞིག་ལ་བརྟེན་ནས་སྐྱེ་བ་ཡིན་པ་ཟླ་བ་གྲགས་པས་གསུངས་པ་ལྟར། ཀུན་རྫོབ་ཀྱི་ཕྱོགས་འགའ་ཞིག་ཡོད་པར་བཞག་ནས་ཕྱོགས་འགའ་ཞིག་མེད་པར་འདོད་པར་སོང་བས་ཆད་ལྟ་ཡིན། མེད་པ་འདི་ཀུན་རྫོབ་ཀྱི་ཁོངས་སུ་འདུས་པ་ཤེས་ན་མཐའ་བཞི་སྤྲོས་བྲལ་གྱི་མེད་ རྒྱུའི་ནང་དུ་མེད་པ་ཁོ་རང་འོང་བ་ཡིན་པས་ཡོད་མེད་ཀྱི་ཕྱོགས་གཉིས་དང་བྲལ་བ་ བདེ་བར་གཤེགས་པའི་ལུང་བསྟན་ལས། དེ་མིང་ཀླུ་ཞེས་བོད་པ་དེ། །ཡོད་དང་མེད་པའི་ཕྱོགས་འཇིག་ནས། །བྱ་བའི་སློབ་དཔོན་དེ་དང་། དེའི་ལུགས་ལ་མོས་པ་སྐྱེ་བའི་སྒོར་སྣང་ངོ་། ། ལར་ཆོས་ཀྱི་དབྱིངས་དང་བསམ་གྱིས་མི་ཁྱབ་པ་འདི་མ་རྙེད་པ་ནི་ཡོད་པ་ལ་ཡིད་ཆེས་དྲགས་པའི་སྐྱོན་མ་ཡིན་གྱི། མེད་པ་ལ་ཡིད་མ་ཆེས་དྲགས་པའི་སྐྱོན་ཡིན་འདུག རིས་མཐུན་སོ་སོ་སྐྱེ་བོ་རྣམས་ཀྱིས་ནམ་ཡང་མ་རྙེད་པ་དེ་ཀུན་ཡོད་པའི་ཁོངས་སུ་ ཡོད་པར་འདུག དེས་ན་སྟོབས་བཅུ། མ་འདྲེས་པ་བཞི། སྐུ་ཐུགས་ཟུང་འཇུག་སོགས་ཀྱི་ཡོན་ཏན་དེ་ཀུན་ཀྱང་རང་ཅག་གི་མེད་པ་འདིའི་ཁོངས་སུ་ཡོད་པར་སྣང་ངོ་། །

     ཡོད་པའི་འཇིག་རྟེན་འདིའི་ཕྱི་རོལ་མེད་པ་བྱ་བ་ཞིག་གིས་བསྡམས་ཡོད་པར་འདུག་ཅིང་། མེ་མེད་ན་དུ་བ་མེད་པའི་ཁྱབ་པ་སོགས་ཀྱང་། དོན་ལ་ཡོད་པ་མེད་པའི་ལྕགས་སྒྲོག་གིས་བཅིངས་ཡོད་པར་འདུག་པས་མེད་མཐའ་འགོག་པ་འདི་རིགས་པ་ཐམའ་ཅད་ཀྱི་ཕྲ་བའི་མཐར་ཐུག་ཏུ་སྣང་། དེའི་རྒྱུ་མཚན་ཡང་འཇིག་རྟེན་གྱི་སྣང་བའི་མཐར་ཐུག་དང་རིགས་པའི་མཐར་ཐུག་ཐམས་ ཅད། མཐར་ཐུག་ས་དེ། དོན་ལ་མེད་པ་ཞིག་ལ་ཐུག་འདུག་ཅིང་། དེ་ཡང་དོན་ལ་མ་རྙེད་པ་ཞིག་ལ་ཐུག་འདུག་པས། དེ་ལས་བརྒལ་མ་ནུས། དེ་བཞིན་གཤེགས་པས་གྲངས་མེད་གསུམ་གྱི་རིང་ལ་ཕ་རོལ་ཏུ་ཕྱིན་པའི་ཡུལ་དེ་མཐོང་བར་ག་ལ་ནུས། །

དེ་ལ་ཀུན་མཁྱེན་གོ་རམས་པའི་བཞེད་པ་ནི་མདོར་བསྡུས་ན་བདེན་པར་མེད་པ་རྟོགས་པའི་དགྲ་བཅོམ་པ་དང་། བདེན་པར་མེད་པ་ཡང་མ་ཡིན་སོགས་མཚན་མེད་བཞི་རྟོགས་ན་ཐེག་ཆེན་གྱི་གོ་འཕང་ཐོབ་པར་གསུངས་མོད། གངས་རིའི་ཁྲོད་འདིར་ཆད་ལྟ་ལ་དབུ་མ་སྨྲ་བ་གཅིག་བྱེད་པའི་ཆད་ལྟ་དེ། བདེན་མེད་དུ་འཛིན་པ་དེ་ག་རང་དུ་གསུངས་པས། ཆད་ལྟ་ལ་བརྟེན་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ངོ་མཚར། །

       སྤྱིར་མདོ་རྒྱུད་བསྟན་བཅོས་ཀྱི་གཞུང་གང་ལ་དཔྱད་ཀྱང་ཉོན་སྒྲིབ་འདི་ལྟ་བའི་སྒོ་ནས་སྤངས་པ་ཞིག་དང་། ཤེས་བྱའི་སྒྲིབ་པ་ནི་ཐབས་ཀྱི་སྒོ་ནས་སྤོང་དགོས་པ་ཞིག་ཏུ་སྣང་བས། ཉོན་ཤེས་ཀྱི་སྒྲིབ་པ་ལ་འཛིན་སྟངས་ཀྱིས་ཁྱད་པར་ཕྱེ་བ་ནི་རྨོངས་པའི་གཏམ་དུ་སྣང་ངོ་། །  མ་དག་པའི་སྣང་བ་ཐམས་ཅད་ཟད་པའི་སངས་རྒྱས་ཀྱིས་མ་དག་པ་ཐམས་ཅད་གཟིགས་ཞེས་མཁས་པ་ཀུན་གྱིས་ཁས་ལེན་པ་འདི་ལ་ཡང་རང་ངོར་གཟིགས་པ་དང་གཞན་ངོར་གཟིགས་པའི་རྣམ་གཞག་མ་ཕྱེད་ན་ག་ལ་འཐད། གོ་སླ་བའི་དཔེ་ཅུང་ཟད་དགོད་པར་བྱ་སྟེ། མིང་བཏགས་པའི་སྔ་རྒོལ་གྱིས་དུང་གི་ཁ་དོག་དཀར་པོ་ཡིན་གྱི་སེར་པོ་མིན་པར་ཁས་བླངས་པ་ལ། མཁྲིས་ནད་ཅན་གྱི་ཕྱི་རྒོལ་གྱིས་རྒོལ་བར་བྱས་ཚེ། མདུན་ན་མཐོང་བའི་ཁ་དོན་དེ་ཆོས་ཅན། དུང་གི་ཁ་དོག་མ་ཡིན་པར་ཐལ། སེར་པོ་མ་ཡིན་པའི་ཕྱིར་ཞེས་ཐལ་འགྱུར་འཕེན་པ་ཡིན་ཅིང་། གལ་ཏེ་ཁོ་ཡིས་བཀོད་པའི་ཁྱབ་ཕྱོགས་དང་། དེའི་ལྡོག་དོན་གྱི་བསྒྲུབ་བྱ་ཡང་ཁས་མ་བླངས་ན་མཁྲིས་ནད་ཡོད་མེད་ཀྱི་མི་དེ་གཉིས་དུང་གི་སྟེང་དུ་དཔྱད་པའི་གནས་མེད་ལ། ཁས་བླངས་ཚེ་གཞན་ལུགས་ཀྱི་དུང་སེར་པོ་དདང་། དུང་གི་ཁ་དོན་ཡིན་ན་སེར་པོ་ཡིན་པས་ཁྱབ་པ་དང་། སེར་པོ་མིན་པ་དུང་གི་ཁ་དོན་མིན་པར་གྲུབ་པ་སོགས་ཁོ་རང་གི་རྣམ་གཞག་ཐམས་ཅད་ཁས་ བླངས་ནས། གཟོད་དུང་མི་རྟག་པ་དང་། བདེན་མེད། སྒྱུ་མ་སོགས་ཀྱི་རྣམ་གཞག་ཀྱང་། མཁྲིས་ནད་ཅན་གྱི་མི་ལ་བཤད་དུ་ཡོད་པའི་ཚུལ་ལུགས་འདི་ཁོ་ན་བཞིན་དུ་བདེ་བར་ གཤེགས་པས་སོ་སྐྱེ་ཕལ་པ་རྣམས་རྗེས་སུ་འཛིན་པ་ཡིན་ནོ་ཞེས་ཤེས་པར་བྱོའོ། །

     དེས་ན་མཁྲིས་ནད་ཡོད་མེད་ཀྱི་མི་དེ་གཉིས་ལ་ཆོས་དང་ཆོས་ཅན་མཐུན་སྣང་དུ་འབྱུང་མི་སྲིད་མོད་ཀྱི། བསམ་བློ་རགས་པ་ཞིག་གི་ངང་ནས་དུང་བྱ་བ་ཙམ་ཕན་ཚུན་བརྡ་འཕྲོད་པ་ཡིན་ལ། རྩ་བ་དེའི་སྟེང་ནས་དུང་གི་ཁྱད་ཆོས་རྣམས་ཀྱང་བརྡ་སྤྲོད་དགོས་པ་ཡིན་ནོ། །གཞན་དུ་ན་མཁྲིས་ནད་ཅན་ལ་དུང་བྱ་བ་འདི་དོན་ལ་ཁ་དོག་དཀར་པོ་ཡིན་ཞེས་བརྡ་སྤྲོད་པ་ཡང་ཤིན་ཏུ་དཀའ་སྟེ། ཁོ་ལ་དུང་ཞེས་བརྗོད་པའི་ཚེ། ཁོའི་བློ་ངོར་ཤར་བའི་དུང་དེ་དུང་སེར་པོ་ཞིག་ལས་མེད། རྫུན་གྱི་དུང་སེར་པོ་དེ་ཁྱད་གཞི་བྱས་ནས། དུང་དཀར་པོ་མིག་གིས་མ་མཐོང་ཡང་ཡིད་ཀྱིས་མཐོང་བའི་རིགས་པ་རྣམས་ལ་ཉན་པ་ལས་ཐབས་གཞན་མི་སྲིད་པ་ཡིན་ནོ། །

ཐལ་འགྱུར་བ་ལ་རང་ལུགས་མེད་ཅེས་པའི་ལན་དུ་ཀླུ་སྒྲུབ་ལུང་དེ་སྙེད་ཀླུ་སྒྲུབ་ཀྱི་ལུང་མིན་ན་སུ་ཡི་ལུང་ཡིན་ཞེས་གསུངས་པ་ནི་བདག་ཡོད་པ་སྟོན་པ་དང་། ཕྱི་དོནད་ང་། མཐར་ཐུག་ཐེག་པ་གསུམ་བདེན་པར་གྲུབ་པ་སོགས་གསུངས་པའི་མདོ་འདི་ཙམ་ཞིག་བཅོམ་ལྡན་འདས་ཀྱི་ལུང་མིན་ན་སུ་ཞིག་གི་ལུང་ཡིན་ནོ་ཞེས་རྒོལ་བ་ལ་ཁྱད་ཅུང་ཟད་མེད། དོན་དམ་པར་བདེན་པ་འགོག་པ་ཡང་ཐ་སྙད་དུ་ཡིན་ཞེས་ཆེས་ཤིན་ཏུ་གསལ་བར་གསུངས་པས། མུ་བཞིའི་སྐྱེ་བ་འགོག་པ་ཡང་ཐ་སྙད་དུ་བྱ་དགོས་ལ། ལར་ཐ་སྙད་དུ་བདེན་པར་འཛིན་པའི་བསམ་མནོ་ཕྲ་ཞིང་ཕྒར་བ་འདི་ཀུན་མ་བཀག་གི་བར་དུ་དོན་དམ་པར་བདེན་པར་འཛིན་པའི་བསམ་བློ་སྣ་གཅིག་ཀྱང་ཁེགས་པར་ག་ལ་ནུས། ། བདག་གཞན་ལས་མ་ཡིན་པའི་སྐྱེ་བ་ཙམ་ཞིག་ཁས་བླངས་པས་དབུ་མ་པར་འགྱུར་ན། གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་བདེན་གྲུབ་ཙམ་ཞིག་ཁས་བླངས་པ་ཡང་དབུ་མ་པར་ཅིའི་ཕྱིར་མི་འགྱུར། དེས་ན་མཐའ་བཞིའི་རིགས་པའི་སྒོ་ནས་དཔྱད་དུ་མི་བཟོད་ཀྱང་སྐྱོན་མེད་པའི་བུམ་པ་དང་ཀ་བ་ཡོད་ན་རིགས་པ་དེའི་སྒོ་ནས་དཔྱད་དུ་མི་བཟོད་ཅིང་། སྐྱོན་མེད་པའི་བདེན་གྲུབ་ཀྱང་ཡོད་དགོས་པ་ལ་ཇི་ལྟར་བསྙོན། དེས་ན་དཔྱད་བཟོད་པ་དང་མི་བཟོད་པའི་ས་མཚམས་ཞིག་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ ན་སྤྱི་གཙོ་བོ་དང་། ཤེས་རིག་གི་སྐྱེས་བུ་སོགས་གྲངས་ཅན་པའི་རིགས་པས་དཔྱད་བཟོད་པ་ཡིན། བུམ་པ་བདེན་གྲུབ་སོགས་མདོ་སྡེ་པ་དང་། ཕྱི་དོན་མེད་པ་སོགས་སེམས་ཙམ་པའི་རིགས་པས་དཔྱད་བཟོད་པ་ཡིན་པས། དེ་དག་གིས་དཔྱད་བཟོད་ལ་དཔྱད་བཟོད་ཀྱི་རྩ་འཇོག་མེད་པར་ཀུན་གཞི་མེད་པ་དང་། ཕྱི་དོན་ཡོད་པ་སོགས་ཀྱི་རྣམ་གཞག་འདི་ཀུན་ཚེགས་ཆེ་བའི་སྒོ་ནས་སྒྲུབ་པ་དང་། དེས་ན་ཐ་སྙད་དུ་གྲུབ་བྱ་བ་འཇིག་རྟེན་རྒན་པོ་གྲུབ་མཐས་བློ་མ་བསྒྱུར་བའི་ངོར་མ་བྱས་ན། དེ་རྣམས་ལས་སྦྱངས་པ་དང་ཤེས་རབ་ཆེ་བའི་བྱེ་སྨྲ། མདོ་སྡེ་པ། སེམས་ཙམ་པ་སོགས་ལ་གྲགས་པ་དེ་ལ་མི་བྱེད་ན་སུ་ཞིག་གི་ངོར་བྱེད་པ་ཡིན། འཇིག་རྟེན་འདིར་རྣམ་དཔྱོད་ལྡན་པ་སུ་ལ་ཡང་མ་བསླབ་པར་ཤེས་པ་མེད་ལ། བསླབས་ནས་ཤེས་པ་ཐམས་ཐད་གྲུབ་མཐའ་བློ་བསྒྱུར་བ་ཤ་སྟག་ཡིན་པས་གྲུབ་མཐས་མ་ བསྒྱུར་བའི་བའི་བློ་དེ་ཁྱི་དང་བྱི་ལ་སོགས་ཀྱི་རྒྱུད་ལ་ཅུང་ཟད་ཙམ་ཡོད་ན་མ་ གཏོགས་གཞན་གར་ཡང་མི་རྙེད་པར་ངེས་སོ། །

  སྐྱེ་བ་སྔ་ཕྱི་མེད་སྙམ་པ་རྒྱང་འཕེན་པས་བློ་བསྒྱུར་བ་ཡིན་ཅིང་། ཤི་ནས་སླར་ཡང་སྐྱེ་རྒྱུ་ཡོད་སྙམ་པ་དེ་ལས་གཞན་པའི་གྲུབ་མཐའ་དག་གིས་བློ་བསྒྱུར་བ་ཡིན་པས། ད་ནི་ང་སྐྱེས་སོ། །མཐར་ནི་ཤི་བར་འགྱུར་ཞེས་བསམ་པ་འདི་ཙམ་ཞིག་ལས་གྲུབ་མཐས་མ་བསྒྱུར་བའི་བློ་གང་ཞིག་ཡོད། མུ་བཞིའི་སྐྱེ་བ་ཁེགས་པས་སྐྱེ་བ་ཙམ་ད་དུང་མ་ཁེགས་ན་མུ་བཞིའི་སྐྱེ་བར་འགོག་ཚུལ་ དེ་ཀུན་རྫོབ་ཏུ་ཡིན་པས་སྐྱེ་བ་བཞི་ལས་ད་དུང་སྐྱེ་བ་ལྔ་པ་ཡོད་ན་སྐྱེ་བ་ བཞིའི་ཁ་ཚོད་བཅད་ནས་འགོག་དགོས་པའི་དོན་མེད་པའི་ཕྱིར་རོ། ། སྐྱེ་བ་བདེན་གྲུབ་དང་། སྐྱེ་བ་ཙམ། བུམ་པ་བདེན་གྲུབ་དང་། བུམ་པ་ཙམ་སོགས་ཀྱི་བར་དུ་ཡོད་མེད་ཀྱི་ཁྱད་པར་འབྱེད་པའི་ལུགས་ལ་བདེན་གྲུབ་བདེན་གྲུབ་དང་བདེན་གྲུབ་ཙམ་གྱི་བར་དུ་ཡང་ཡོད་མེད་ཀྱི་ཁྱད་པར་ཕྱེ་ན་ཅི་ལ་མི་ཆོག སྐྱེ་བ་ཙམ་དང་། ཡོད་པ་ཙམ་གཏན་ནས་མི་འགོག་ན། ཤེས་སྒྲིབ་ཙམ། ཉོན་སྒྲིབ་ཙམ་ཡང་གཏན་ནས་མི་འགོག་པར་ངེས་པས། འཇིག་རྟེན་རང་ག་བའི་བསམ་མནོ་དག་གི་ནང་ན་འགོག་རྒྱུ་ཅུང་ཟད་ཀྱང་མ་རྙེད་པར་ མཐོང་འདུག་པའི་ཕྱིར་རོ། ཁྱོད་ཀྱིས་སྐྱེ་བ་གང་གི་ཡིན་པར་འགྱུར། བྱ་བ། སྐྱེ་བ་ཙམ་ལ་བྱེད་པར་དངོས་སྨྲ་བ་ཁྱོད་ཀྱི་འདོད་པའི་སྐྱེ་བ་དེ་མཐའ་བཞིའི་ སྐྱེ་བ་གང་གི་ཡིན་པར་འགྱུར་བྱ་བའི་དོན་དུ་འགྲེལ་མོད། དེ་ཉིད་སྐབས་ཀྱི་རིགས་པས་འཇིག་རྟེན་བླུན་པོའི་བློ་མི་ལ་མི་གནོད་ཅིང་། མཁས་པ་གྲུབ་མཐའ་སྨྲ་བའི་རིགས་པ་ལ་གནོད་བྱ་བ་འདི། ཉིན་མོ་སྣང་བ་མཐོང་ཞིང་མཚན་མོ་མུན་པར་མི་མཐོང་བས་མིའི་མིག་ཤེས་ལ་རིགས་པས་ གནོད་ཀྱང་། དེ་ལས་གོ་ལྡོག་པར་མཐོང་བའི་འུག་པའི་མིག་ཤེས་ལ་མི་གནོད་བྱ་བ་དང་ཁྱད་ཅི་ཡང་མི་འདུག ། མདོར་ན་བློའི་ཁྱད་པར་གོང་མ་རྣམས་ཀྱིས་འོག་མ་རྣམས་ལ་མི་གནོད་པར་བཤད་པའི་ལུགས་འདི་ལྟར་ན་མཐོང་སྤང་ཉོན་མོངས་རྣམས་མཐོང་སྤང་ཉོན་མོངས་རྣམས་མཐོང་ལམ་གྱིས་གཞོམ་ ནུས་པ་དང་། སྒོམ་སྤང་ས་དགུའི་སྤང་བྱ་རྣམས་གཉེན་པོས་འཇོམས་ནུས་པ་འདི་དག་ལ་ཡང་གོ་བ་རྣལ་ མ་སྐྱེ་བའི་སྐབས་མེད་ལ། བྱེ་བྲག་སྨྲ་བའི་ལྟ་གྲུབ་ཐུན་མོང་མ་ཡིན་པ་རྣམས་ཀྱང་མདོ་སྡེ་པས་མ་རྙེད་པ་ཙམ་ ཡིན་གྱི་མེད་པར་རྙེད་པ་མིན། སེམས་ཙམ་པའི་ཀུན་གཞི་དེ་ཡང་དབུ་མ་པས་མ་རྙེད་པ་ཙམ་ཡིན་གྱི། མེད་པར་རྙེད་པ་མིན་སོགས་ཀྱི་རྣམ་གཞག་ཅི་འདོད་འདོད་དུ་བཞག་ཆོག་པར་ཟད་དོ། །

     མ་རྙེད་པ་དང་མེད་པར་རྙེད་པ་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཕྱེ་བའི་སྐད་བྱེད་པ་ལ་ནི། མིག་ཤེས་ཀྱིས་སྒྲ་ནམ་ཡང་ཚོར་བ་མ་ཡིན་པས་དེས་སྒྲ་རྙེད་མ་རྙེད་ཀྱི་ཐ་སྙད་ཀྱང་ནམ་ཡང་བྱར་མེད་ལ། དེ་བཞིན་རྣ་ཤེས་སོགས་ལ་ཡང་མཚུངས་ཤིང་། མིག་ཤེས་ཀྱིས་སྒྲ་མ་ཐོས་ཙམ་གྱིས་སྒྲ་མ་རྙེད་པའི་དོན་ཡིན་ན། ས་དང་རྡོ་སོགས་ཀྱིས་ཀྱང་གཟུགས་སྒྲ་ལ་སོགས་པ་དང་བདེན་གྲུབ་སོགས་ཅི་ཡང་མ་ རྙེད་པས་དེ་དག་བྱང་ཆུབ་མཆོག་གི་མཐར་ཐུག་ལ་སླེབས་ཟིན་པར་འགྱུར་རོ། ། གཞན་ཡང་ལུགས་འདི་ལྟར་བྱེད་ཚེ་ལོག་ཤེས་ཀྱིས་ཚད་མ་ལ་མི་གནོད། ཚད་མས་ལོག་ཤེས་ལ་མི་གནོད་བྱ་བ་ཞིག་ཀྱང་སྨྲ་ནུས་ཏེ། དུ་ལྡན་ལ་ལ་མེ་མེད་པར་འཛིན་པ་དེ་སྲིད་དུ་ལོག་ཤེས་དེ་ཉིད་ཀྱིས་མེ་མ་རྙེད་པ་ཡིན་གྱི་མེ་མེད་པར་རྙེད་པ་མིན་སོགས་ཀྱི་ཞིབ་ཆ་སྨྲ་ནུས་པའི་ཕྱིར་རོ། ། བློས་ཁྱད་པར་ཕྱེ་ན་འདི་འདྲ་ཞིག་ཡོད་ན་དོན་དམ་དཔྱོད་པའི་རིགས་པས་རྙེད་དགོས། འདི་འདྲ་ཞིག་ཡོད་ན་ཀུན་རྫོབ་དཔྱོད་པའི་རིགས་པས་རྙེད་དགོས། དེ་གཉིས་ཡུལ་ཐ་དད་ཡིན། གཅིག་གིས་མ་རྙེད་པས་གཅིག་གིས་རྙེད་པ་ལ་མི་གནོད་ཟེར་ན། བདེན་གྲུབ་ཀྱང་ཡོད་ན་མ་རིག་པས་རྙེད་དགོས་ལ། དེས་རྙེད་ཀྱང་རྙེད་པས། དེས་རྙེད་པ་ལ་རིགས་པ་གཞན་སུ་ཞིག་གིས་གནོད་པར་ནུས། ཕུགས་ཀྱི་འཁྲུལ་རྒྱུས་བསླད་པའི་རྣམ་ཤེས་ཚོགས་དྲུག་གིས་རྙེད་པ་རྣམས་ཡོད་པ་ ཁོངས་སུ་བཞག་ནས་ཕུགས་ཀྱི་འཁྲུལ་རྒྱུའི་མཐར་ཐུག་མ་རིག་པ་རང་གིས་རྙེད་པ་རྣམས་ མེད་པའི་ཁོངས་སུ་བཞག་པ་ཡ་མཚན། མ་རྙེད་པ་དང་མེད་པར་རྙེད་པའི་ཁྱད་པར་ཕྱེ་ནས་ད་དུང་མེད་དགག་ལ་རྩིས་སུ་བྱེད་པ་རྣམས་དགག་བྱ་བཀག་པ་ཙམ་མེད་དགག་ཏུ་བྱེད་ནུས་པའི་སྐབས་མེད་ལ། དགག་བྱ་བཀག་པ་ཙམ་དེ་མ་རྙེད་པ་དང་མེད་པར་རྙེད་པ་གཉིས་གང་ཡིན་ཞིབ་ཏུ་བསམ་པར་བྱའོ། །

     ཡོད་ན་རྙེད་མཁན་གྱི་བློ་འདི་འདྲ་ཞིག་གིས་རྙེད་དགོས་ཞེས། ཡུལ་མི་འདྲ་བ་རེ་རེས་བློ་མི་འདྲ་བ་རེ་རེར་ཁ་སྤྲོད་དུ་བྱས་ནས་གཅིག་གིས་གཅིག་ལ་མི་གནོད་པའི་རྣམ་གཞག་འདིའི་ལུགས་ལྟར་ན། བདེན་གྲུབ་ཡོད་ན་བདེན་འཛིན་གྱིས་རྙེད་དགོས་ཤིང་། དེས་རྙེད་པ་ཡང་ཡིན་པས། དེ་ལ་དོན་དམ་དཔྱོད་པའི་རིགས་པས་སུམ་འབྱིན་པར་ག་ལ་ནུས། མིག་ཤེས་ཀྱིས་རྙེད་པ་རྣམས་ལ་རྣ་ཤེས་ཀྱིས་རྙེད་པ་རྣམས་ཀྱིས་གནོད་པ་མེད་པར་བཤད་མོད། བདེན་འཛིན་གྱིས་རྙེད་པ་རྣམས་ལ་རིགས་ཤེས་ཀྱིས་གནོད་པ་འོང་བའི་དོན་ཅི་ལ་ཡོད། དེ་གཉིས་ཡུལ་ཡང་ཐ་དད། རྙེད་མཁན་ཡང་ཐ་དད་པས། གཅིག་གིས་རྙེད་པ་དེ་གཅིག་གིས་མ་རྙེད་པ་ཡིན་གྱི། གཅིག་གིས་གཅིག་ལ་གནོད་པའི་ནུས་པ་ཅུང་ཟད་ཀྱང་ག་ལ་སྲིད། ཀུན་རྫོབ་པའི་རིགས་པ་དང་། དོན་དམ་པའི་རིགས་པ་ནི་ཤིན་ཏུ་ཐ་དད་པས་གཅིག་གིས་མི་གནོད་པ་ཡིན་སྙམ་ན། བདེན་འཛིན་དང་། དོན་དམ་དཔྱོད་པའི་རིགས་ཤེས་གཉིས་དེ་ལས་ཀྱང་ཤིན་ཏུ་ཐ་དད་པས། གཅིག་གི་ཡུལ་ལ་གཅིག་གིས་མི་གནོད་པར་སྣང་། དོན་ལ་ཀུན་རྫོབ་ཏུ་ཡང་མ་རྙེད། དོན་དམ་དུ་ཡང་མ་རྙེད་ན་མེད་པས་ཁྱབ་ཅིང་། དེ་གཉིས་གང་རུང་ཞིག་ ཏུ་རྙེད་ན་ཡོད་པའི་ཁོངས་སུ་འདུ་པར་འདོད་པ་ནི་ཚོགས་དྲུག་གི་རྣམ་ཤེས་གང་གིས་ཀྱང་མ་རྙེད་ན་མེད་པ་དང་། དེ་དག་གིས་རྙེད་ཚད་ཀུན་ཡོད་པར་འདོད་པའི་བསམ་མནོ་དེ་ཡིན་ལ། བསམ་མནོ་འདི་དགག་པར་དགོངས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། མིག་དང་རྣ་བ་སོགས་ཕར་ཞོག ཡིད་ཀྱང་ཚད་མ་མིན་ཞེས་གསུངས་སོ། །དོན་ལ་ཀུན་རྫོབ་བདེན་པ་སྙིང་ཐག་པ་དང་བདེན་གྲུབ་ལ་སྙིང་ཐག་པ་ནས་ཡིད་ཆེས་པ་གཉིས་ལ་ཁྱད་པར་ཡོད་མེད་སློབ་དཔོན་ཀླུ་སྒྲུབ་དུ་དུང་བཞུགས་ཡོད་ན་དྲིས་ནས་ཤེས་པར་ནུས། བཟའ་བཏུང་ལ་བརྟེན་ནས་ཆགས་སྡང་སྐྱེ་བ་དག་བཟའ་བཏུང་བདེན་གྲུབ་ཏུ་ཞེན་པའི་བློ་ལ་བརྟེན་ནས་ཆགས་སྡང་སྐྱེ་བ་གཏོགས་ཆགས་སྡང་འབྱུང་བའི་གནས་མེད་ལ། ཀུན་རྫོབ་ཏུ་ཡོད་བྱ་བ་དེ་བདེན་འཛིན་གྱི་ངོར་ཡོད་པ་བྱ་བ་ཙམ་ལ་མི་བྱ་བར། དེ་ལས་གཞན་པའི་བློ་གཙང་མ། ཡང་དག་པ། ཐ་སྙད་པའི་ཤེས་པ་ཀུན་རྫོབ་པའི་རིགས་པ་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ནའང་ཡོད་པ་ཞིག་ཏུ་བྱེད་པ་འདི་ཐོག་མ་མེད་པའི་མ་རིག་པས་གང་འཐད་པར་བཟུང་ བ་འདི་དག་འཐད་པ་དང་། མི་འཐད་པར་བཟུང་བ་འདི་དག་མི་འཐད་པ་ཞིག་ལྟ་བའི་སྙིང་པོ་དེ་ལ་བཅོལ་བར་སྣང་ངོ་། །

   འབྱུང་བ་བཞི་ཙམ་ཞིག་ལམ་བགྲོད་པའི་རྟེན་ཡིན་པར་ཁས་ལེན་པ་དེ་དག་གི་ལུགས་ལ་དེ་དག་ཆགས་སྡང་རྨོངས་སོགས་སྐྱེད་པའི་རྒྱུ་ཡིན་པ་ཡང་ལྡོག་ཏུ་མེད་པས། ས་ལ་མ་བརྟེན་པར་ཡེ་ཤེས་སྐྱེ་བའི་ཐབས་མེད་པ་དང་། དེ་ལ་མ་བརྟེན་པ་ཉོན་མོངས་སྐྱེ་བའི་ཐབས་མེད་པ་གཉིས་གང་ལ་མ་བརྟེན་པར་སངས་ རྒྱས་པའི་དབུ་མ་པའི་ལུགས་ལས་ཆེས་ཤིན་ཏུ་ཕྱི་རོལ་དུ་གྱུར་པ་ཡིན་ནོ། ། ཡོད་དམ་མེད་པའི་ཕྱོགས་འཇིག་པ་ཞེས། བཅོམ་ལྡན་འདས་ཀྱིས་ལུང་དུ་བསྟན་པའི་ཀླུ་སྒྲུབ་ཀྱི་ལྟ་བ་དེ་ཡོད་པ་བདེན་པར་ཡོད་པ་དང་། མེད་པ་དོན་དམ་པར་མེད་པར་བྱས་ནས་དོན་ལ་འཇིག་རྟེན་གྱི་ཡོད་པ་དང་མེད་པ་གཉིས་ཀྱི་ཁོངས་སུ་སླར་ཡང་འདུ་བར་བྱེད་པ་འདིས་ཀླུ་སྒྲུབ་ཀྱི་བསྟན་པའི་སྙིང་པོ་བཤིག་པ་ཡིན་ནམ་བཟུང་བ་ཡིན་པ་ཀོ་བོས་ཆ་མ་འཚལ་ཏོ། །

     ཤིན་ཏུ་མདོར་བསྡུས་ན། རང་བློ་འདིའི་རྣམ་གཞག་འཇོག་ཚུལ་ལ་ཅུང་ཟད་ཡིད་ཆེས་པའི་ལྟ་བ་དེ་རང་རྒྱུད་དང་། འདིས་འཇོག་ཚུལ་ཐམས་ཅད་བཤིག་པ་དེ་ཐལ་འགྱུར་བ་ཡིན།གཞན་དུ་ན་བཅོམ་ལྡན་འདས་ཀྱིས་གཟུགས་མེད་དོ། །ཚོར་བ་མེད་དོ་ཞེས་པ་ནས་རྣམ་མཁྱེན་མེད་དོ་ཞེས་པའི་བར་གྱི་ཚིག་དེ་དག་གསུངས་པའི་དགོས་པ་ག་ལ་ཡོད། ཐལ་རང་གི་ལྟ་བའི་ཁྱད་པར་གྱི་རྩ་བ་ཡང་རང་རྒྱུད་ལ་རང་ལུགས་སུ་ཁས་ལེན་ཡོད། དོན་དམ་པར་ཡོད། བདེན་མེད་ཀྱང་ཡོད་པར་འདོད་པས་བདེན་གཉིས་ཟུང་འཇུག་གི་ཁས་ལེན་དུ་གྱུར་པ་ཡིན་ལ། ཐལ་འགྱུར་བ་ལ་ནི་ཇོ་ཙམ་བདེན་མེད་དུ་མཐོང་བ་དེ་ཙམ་དུ་ཀུན་རྫོབ་ཀྱི་ཕྱོགས་རྣམས་སྒྱུ་མ་བཞིན་དུ་གྱུར་པས་བྱང་ཆུབ་སེམས་དཔའི་ས་བཅུའི་རྣམ་གཞག་དང་། ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་སོགས་ཚད་མས་དཔྱད་ན་ཤིན་ཏུ་མ་གྲུབ་པ་འདི་དག་ཀྱང་ཁས་ལེན་པའི་སྐབས་ཡོད་པ་ཡིན་ནོ། ། དེས་ན་ཇི་སྲིད་འཇིག་རྟེན་གྱི་རིགས་པ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཡོད་པ་དེ་སྲིད་དུ་ འཇིག་རྟེན་ལས་འདས་པའི་དོན་ལ་ཡིད་ཆེས་ཡོད་པ་ནམ་ཡང་མི་སྲིད་དེ། ཟླ་བ་གྲགས་པས། འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པ་དང་ནམ་ཡང་མཚུངས་པར་མི་རིགས་སོ། ཞེས་གསུངས་པ་ལྟར་ རོ། །

    འཇིག་རྟེན་གྱི་རིགས་པ་ལ་ཡིད་ཆེས་དགོས་ན་ལམ་བསྒོམ་པ་དོན་མེད་པར་འགྱུར་བའི་རྒྱུ་མཚན་དུ་བཅོམ་ལྡན་འདས་ཀྱིས་མིག་དང་རྣ་བ་སོགས་ནས་འཕགས་པའི་ལམ་བྱ་བའི་དབང་པོ་གཞན་ཞིག་ཡོད་པར་གསུངས་པས་ཚོགས་དྲུག་གི་རྣམ་ཤེས་འདི་དག་གི་སྟེང་ནས་འཁོར་བ་ ཐོག་མ་མེད་པ་ནས་རྣམ་གཞག་ཐམས་ཅད་གཏན་ལ་ཕབ་ཟིན་པས་ད་དུང་རྣམ་གཞག་འདི་ལ་རྩིས་ སུ་བྱེད་དགོས་ན་སྟོང་ཉིད་ལ་མོས་པའི་དགོས་པ་ཅི་ཞིག་ཡོད། གཟུགས་སོགས་སྣང་བའི་ཆ་ལ་རིགས་པས་མི་གནོད་པ་དང་། དེའི་རྒྱུ་མཐར་ཐུག་ཏུ་གྱུར་པའི་བདེན་འཛིན་མ་རིག་པའི་ཞེན་ཡུལ་ལ་རིགས་པས་གནོད་པ་ཡོད་པའི་ཁྱད་ཕྱེ་བ་ནི་ཞིབ་ཏུ་རྩད་བཅད་ན་མ་རིག་པའི་ཞེན་ཡུལ་རྣམས་འཐད་ལྡན་དུ་ཡོད་པའི་ལུགས་ལས་འདའ་བ་མེད་ཅིང་། སྟོང་ཉིད་རྟོགས་ཟིན་པ་དག་ལ་དགག་བྱའི་གཟུགས་དང་། དགག་མི་དགོས་པའི་གཟུགས་གཉིས་ཀྱི་ཁྱད་པར་བཏོན་ཀྱང་འོས། གོ་ཡང་ངེས་པ་ཡིན་མོད། གཟུགས་བདེན་གྲུབ་དང་། གཟུགས་ཡོད་པ་གཉིས་བློ་རེ་རེ་མཉམ་དུ་འདྲེས་པས་ཐ་མལ་པ་རྣམས་ལ་འདི་ཙམ་བཀག་ནས་འདི་ཙམ་ཤུལ་དུ་བཞག་རྒྱུ་ཡིན་སོགས་ཀྱི་རྣམ་གཞག་བྱས་པ་ནི་སྒྱུ་མའི་གླང་ཆེན་གྱི་སྣ་ཤུལ་དུ་བཞག་རྐང་ལག་དགག་པར་བྱེད་པ་དང་ཁྱད་ཅི་ལ་ཡོད། དོན་དམ་པར་ཡོད་མེད་དཔྱོད་པ་ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་དུ་མིན་ཞེས་གསུངས་ པའི་ཞུགས་ལྟར་ན། མཐའ་བཞིའི་སྐྱེ་བ་ཡོད་མེད་དཔྱོད་པ་ཡང་ཀུན་རྫོབ་ཏུ་ཡིན་གྱི། དོན་དམ་དུ་མ་ཡིན་པས། དེ་བཞིའི་ཁོངས་སུ་མ་འདུས་པའི་སྐྱེ་བ་ཙམ་ཞིག་ཀུན་རྫོབ་ཏུ་རྙེད། དོན་དམ་དུ་མ་རྙེད་པས། ཀུན་རྫོབ་ཏུ་ཇི་ཙམ་དཔྱད་ཀྱང་མ་རྙེད་པས་མ་རྙེད་པའི་གོ་མ་ཆོད་ཅིང་། དོན་དམ་པར་མ་རྙེད་པས་མ་རྙེད་པའི་གོ་ཆོད་པ་འདི་དག་གི་བསམ་མནོ་ནི། དོན་དམ་པའི་རྣམ་གཞག་གི་ཕྱི་མོ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ལ་ཡིད་ཆེས་པ་ཡིན་ནོ། །

     མུ་བཞིའི་སྐྱེ་བ་འགོག་པ་ཀུན་རྫོབ་ཀྱི་ལུགས་སུ་བྱ་དགོས་ཚེ། སྐྱེ་བ་བྱ་བ་ལ་མུ་བཞིའི་སྐྱེ་བ་ཁ་ཚོན་མ་ཆོད་ན་མུ་བཞིའམ་མཐའ་བཞིར་བྱས་ནས་འགོག་པའི་དོན་མེད། གནས་ལུགས་ལ་ཡོད་པ་མ་ཡིན་མེད་པ་མ་ཡིན་སོགས་མཐའ་བཞིའི་སྤྲོས་བྲལ་དུ་བཤད་པ་དང་། རང་བཞིན་མེད་བྱ་བའི་ཚིག་གཅིག་གི་ནང་དུ་བསྡུས་ནས་བཤད་པ་གཉིས་དོན་ལ་ལྟ་བ་རྟོགས་ཟིན་པའི་མི་ཞིག་ལ་ཁྱད་པར་མེད་པར་མི་སྣང་ནའང་། ལས་དང་པོ་བ་རྣམས་ཀྱིས་བདེན་པར་མེད་བྱ་བའི་གོ་ལུགས་དེ་བུམ་པ་མེད་བྱ་བའི་གོ་ལུགས་དང་ཁྱད་པར་མེད་ཅིང་། གོ་ལུགས་དེའི་དབང་དུ་བྱས་ཚེ་བུམ་མེད་རྟོགས་པའི་བློ་དེས་སྐད་ཅིག་གཉིས་པར་བུམ་པའི་དགག་གཞི་བློ་ལ་འཆར་བ་ལས་འོས་མེད་པས། མཉམ་གཞག་གི་སྐབས་ན་ཀུན་རྫོབ་ཀྱི་སྣང་བ་མ་བྲལ་བར་བྱེད་དགོས་པ་འདི་བདེན་གཉིས་ ཟུང་འཇུག་གི་དོན་ཡིན་ན་ཡ་ཆ།སོ་ སྐྱེའི་བློ་ངོར་སྣང་བའི་བདེན་པ་འདི་ལས་གཞན་པའི་བདེན་གྲུབ་ཞིག་གསར་དུ་འཚོལ་དགོས་ན་མ་རིག་པ་འདི་ལས་གཞན་པའི་མ་རིག་པ་དང་། ཞེ་སྡང་། འདོད་ཆགས་འདི་ལས་གཞན་པའི་དགག་བྱའི་ཆགས་སྡང་ཞིག་ཀྱང་འབད་པའི་སྒོ་ནས་བཙལ་དགོས་པར་ངེས། བུམ་པ་ཡོད་དོ་སྙམ་པའི་བློ་བདེན་འཛིན་མ་ཡིན་གྱི། ཚད་མ་ཡིན་སྙམ་པའི་ལུགས་ལ་རང་བཞིན་མེད་པ་ཡོད་དོ་སྙམ་པའི་བློའི་ཡུལ་ཡང་སྐྱོན་ མེད་དུ་གྲུབ་པར་ངེས་མོད། བུམ་ཡོད་འཛིན་པ་དང་། བདེན་པར་ཡོད་འཛིན་པ་གཉིས་ཁྱད་པར་ཕྱེ་དགོས་པ་བཞིན་དུ། སྟོང་ཉིད་བདེན་འཛིན་དང་། སྟོང་ཉིད་ཡོད་ཙམ་གཉིས་ལ་ཁྱད་པར་ཕྱེ་དགོས་པ་ལ། སྟོང་ཉིད་མ་རྟོགས་པའི་གང་ཟག་གིས་ནི་སྟོང་ཉིད་ལ་རྒྱུས་མེད་ལ། དེ་བདེན་གྲུབ་ཡིན་མིན་ཀྱང་ཁྱད་པར་ཕྱེ་མི་ནུས། རྟོགས་པའི་གང་ཟག་གིས་ནི་སྟོང་ཉིད་བློ་ལ་ནམ་ཤར་བ་ན་མེད་དགག་གི་ཚུལ་དུ་ཤར་བས་ ཁྱད་པར་འབྱེད་མི་ནུས་པས་ཁྱད་པར་འབྱེད་མཁས་སུ་ཞིག་ཡོང་།རང་ བཞིན་གྱིས་སྟོང་པ་ཅུང་ཟད་ཀྱང་མེད་པས་རང་བཞིན་གྱིས་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མིན་ནོ་ཞེས་པ་འདི་འཇིག་རྟེན་གྱི་བཞད་གད་ཆེ་བའི་རྒྱུ་ཡིན་པར་ངེས་མོད། གོང་མ་ཆེན་པོ་འཇིག་རྟེན་གྱི་རྒྱལ་པོ་མིན་བྱ་བ་དང་། བཙུན་མོ་མི་གཙང་བ་ཡིན་བྱ་བ་ལ་དེ་ལས་ཀྱང་བཞད་གད་ཆེ་ཞིང་། དོན་གྱི་དབང་དུ་གཟིགས་ནས་ཞི་བ་ལྷས། གཞན་དུ་བུད་མེད་མི་གཙང་བར། །ངེས་རྟོགས་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་གསུངས་སོ། །

     དེས་ན་འཇིག་རྟེན་གྱིས་མི་གནོད་པ་ཤ་སྟག་ཁས་ལེན་དགོས་ན་འཇིག་རྟེན་གྱི་བསམ་པའི་ མཐར་ཐུག་བདན་འཛིན་ཡིན་པས། དེས་མི་གནོད་པ་ཞིག་ཁས་ལེན་དགོས་ཀྱི། གཟུགས་སྒྲ་སོགས་དབང་ཤེས་ཐ་མལ་པ་རྣམས་ཀྱི་ཡུལ་ཙམ་ཞིག་ཡོད་པར་ཁས་བླངས་པས་ཅི་ལ་ཕན། རིགས་ཤེས་ཀྱིས་ཀུན་རྫོབ་བདེན་པ་ལ་མི་གནོད། ཀུན་རྫོབ་པའི་རིགས་པས་དོན་དམ་བདེན་པ་ལ་མི་གནོད། དེ་གཉིས་ཀྱི་ཡུལ་ཐ་དད་པ། བསམ་ཚུལ་ཐ་དད་པ་ཡིན་སོགས་ཀྱི་ལུགས་འདི་ལྟར་བསམས་ཚེ་སྨིག་རྒྱུ་ཆུ་ཡིན་པར་མཐོང་བའི་བླུན་པོའི་རིགས་པ་དེས། སྨིག་རྒྱུ་སྨིག་རྒྱུ་ཡིན་པ་མཐོང་བའི་མཁས་པའི་རིགས་པ་ལ་མི་གནོད་པ་ཞིག་འོང་ངེས་ལ། མིག་ལྡན་མིག་ལྡན་གྱི་ས་ན་ལྡན། ལོང་བ་ལོང་བའི་ས་ན་ལྡན་བྱ་བ་འདི་ཡུལ་གྱི་གནས་ལུགས་འཚོལ་བའི་རིགས་པ་མ་ཡིན་གྱི་རང་གི་སྣང་ཚུལ་ཙམ་འཚོལ་བའི་རིགས་པ་ཡིན་  ནོ། །

     སློབ་དཔོན་ཟླ་བ་ནི་དོན་དམ་པ་འཆད་པ་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་བཤིག ཀུན་རྫོབ་བཤད་པའི་ཚེ་དོན་དམ་པའི་བདེན་པ་བཏང་སྙོམས་སུ་བཞག་ནས་འཇིག་རྟེན་གྱི་ རིགས་པ་སྟོབས་གང་ཆེ་བ་རྣམས་ཀྱི་རྗེས་སུ་འབྲང་བ་ཙམ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་ཐམས་ཅད་འཇིག་རྟེན་པའི་ རིགས་པའི་ཁོངས་སུ་བསྡུས་ནས་གཏན་ལ་ཕབ་ནུས་ན་དབུ་མའི་ལམ་འཚོལ་དགོས་པའི་དོན་ཅི་ཞིག་ཡོད། ཀུན་རྫོབ་ཏུ་ཡོད་པ་མ་ཡིན། དོན་དམ་པར་མེད་པ་མ་ཡིན་བྱ་བ་གཉིས་ཀྱི་དབུས་ནས་དབུ་མའི་ལམ་འཚོལ་བ་ནི། རྫ་མ་མ་ཆག་པ་མ་ཡིན། འོན་ཀྱང་མེད་པ་མ་ཡིན་བྱ་བའི་གོ་བ་དང་ཤིན་ཏུ་འདྲ་ལ། འཇིག་རྟེན་གྱི་སྣང་བ་ལ་ཡང་ཤིན་ཏུ་མཐུན་ཚབས་ཆེ་བ་ཡིན། བདེན་ གཉིས་ཟུང་འཇུག་བྱ་བ་འདི་འཕགས་པའི་ཡེ་ཤེས་དང་འཇིག་རྟེན་ཕལ་པའི་རྣམ་རྟོག་ གཉིས་འགལ་མེད་ཟུང་དུ་འཇུག་པའི་དུས་གཅིག་སྲིད་ན་དེ་དུས་འོང་བར་ངེས་ཀྱི་གཞན་ དུ་ནམ་ཡང་སྲིད་པའི་སྐབས་མེད་དོ། །

     མཁས་པ་རྣམ་རིག་པ་རྣམས་ཀྱི་ཕྱི་རོལ་གྱི་དོན་མ་རྙེད་པ་ཡིན་གྱི་མེད་པར་རྙེད་པ་མིན་ན། དེ་ལས་མཁས་པའི་དབུ་མ་བ་རྣམས་ཀྱིས་ཀྱང་བདེན་གྲུབ་མ་རྙེད་པ་ཡིན་གྱི་མེད་པར་ རྙེད་པ་ག་ལ་ཡིན། རྒྱ་ཁབ་བོར་བའི་ཚེ་བཙལ་བ་ན། གར་ཡང་མ་རྙེད་པའི་བློ་དེས་རྒྱ་ཁབ་མེད་པར་འཛིན་པ་དང་། སླར་རྒྱ་ཁབ་རྙེད་པའི་ཚེ་རྒྱ་ཁབ་ཡོད་པར་འཛིན་པའི་བློ་དེས་སྔར་གྱི་མེད་པར་འཛིན་པའི་བློ་དེ་ལ་ཡུལ་ཐ་དད་ཡིན་ཕྱིར་གནོད་པའི་སྐབས་མེད་ན། རྒྱ་ཁབ་ཀྱི་རང་བཞིན་དེ་རེས་འགའ་ཡོད་པའི་ཁོངས་སུ་སོང་། རེས་འགའ་མེད་པའི་ཁོངས་སུ་སོང་། དེ་གཉིས་ལས་གཞན་པ་གང་ཡང་མེད་པས། མཐའ་བཞི། མུ་བཞི་སོགས་སུ་ཁ་ཚོན་བཅད་ནས་འགོག་པའི་དོན་ཅི་ཡང་མེད། བདེན་གྲུབ་ཏུ་འཛིན་པའི་བློ་དང་། བདེན་མེད་དུ་འཛིན་པའི་བློ་གཉིས་དེ་ལས་ཀྱང་ཡུལ་ཤིན་ཏུ་ཐ་དད་པས་གཅིག་གི་ཡུལ་ལ་གཅིག་གིས་གནོད་དགོས་པའི་དོན་ག་ལ་ཡོད། གལ་ཏེ་སྟོབས་ཆེ་ཆུང་གི་ཁྱད་པར་གྱིས་གནོད་དོ་ཞེ་ན། ཆགས་ལྡན་གྱི་སྐྱེས་བུས་བུད་མེད་གཙང་བར་འཛིན་པའི་བློ་དེས། དགྲ་བཅོམ་པས་བུད་མེད་མི་གཙང་བར་མཐོང་བའི་བློ་དེ་ལ་ཡང་ཅིའི་ཕྱིར་མི་གནོད། སྟོབས་ཆེ་ཆུང་བྱ་བ་ནི་ཐ་མལ་པའི་རྣམ་རྟོག་ཁོ་ན་ལ་བརྟེན་ནས་འཇོག་པ་ཡིན་ལ། དེ་ཡང་ཀུན་རྫོབ་ལ་བརྟེན་ནས་འཇོག་དགོས་པས། སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལྟར་ན། སྟབས་ཆེ་བའི་འདོད་ཆགས་ཀྱི་ཡུལ་དུ་གྱུར་པའི་ཡིད་དུ་འོང་བ་དང་། སྟོབས་ཆེ་བའི་ཞེ་སྡང་གི་ཡུལ་དུ་གྱུར་པའི་ཡིད་དུ་མི་འོང་བ། ཤིན་ཏུ་སྟོབས་ཆེ་བའི་བདེན་འཛིན་གྱི་ཡུལ་དུ་གྱུར་པའི་ས་རྡོ་རི་བྲག་སོགས་སངས་རྒྱས་མན་ཆད་དུད་འགྲོ་ཡན་ཆད་ཀྱིས་རང་ལུགས་སུ་ཁས་ལེན་པའམ་གཞན་ལུགས་སུ་ཁས་ལེན་པ་གང་རུང་ལས་ཁས་ལེན་པའི་ཐབས་མ་མཆིས་པས། མར་མེ་ཇི་ཙམ་གསལ་བ་དེ་ཤི་བ་ན་མུན་པ་དེ་ཙམ་ནག་པའི་རྣམ་གཞག་འདི་ཤིན་ཏུ་བདེན་མོད། ཤེས་བྱའི་གནས་ལུགས་འདི་ལ་མེ་དང་ཆུ་འགལ། ཚ་བ་དང་གྲང་བ་འགལ། ལྕི་བ་དང་ཡང་བ་འགལ་སོགས་ཀྱི་འགལ་བའི་རྣམ་གཞག་འདི་ཙམ་ཞིག་ཡོད་བཞིན་པའི་སྟེང་དུ་ཀུན་རྫོབ་དང་དོན་དམ་མི་འགལ་བྱ་བ་འདི་བདེན་གཉིས་གང་གི་དཔྱོད་ལུགས་བྱེད་ན་ཡང་ཐར་པའི་གོ་སྐབས་ག་ལ་ཡོད། བྱིས་པའི་དུས་ཀྱི་རྣམ་ཤེས་དང་། རྒན་པོའི་དུས་ཀྱི་རྣམ་ཤེས་གཉིས་ཀྱིས་བཞེད་ལུགས་ཀྱང་ཤིན་ཏུ་འགལ་བར། ཐམས་ཅད་ལ་རྒྱུས་ཡོད་ན། འཕགས་པའི་གཞལ་བྱ་དང་སོ་སྐྱེའི་བསམ་ཚུལ་གཉིས་ཕན་ཚུན་འགལ་བ་མེད་པ་ཤིན་ཏུ་ངོ་མཚར་ཆེ། མདོར་ན་བདེན་གཉིས་བྱ་བ་དེ་ཕལ་པའི་ངོར་བདེན་པ་ཞིག་དང་། འཕགས་པའི་ངོར་བདེན་པ་བྱ་བ་ཞིག་ཏུ་མ་གོ་བར། ཕལ་པའི་གང་བདེན་པ་དེའི་ནང་དུ་འཕགས་པའི་གཟིགས་ཚུལ་ཐམས་ཅད་བསྲེས་པ་ན། བསམ་གྱིས་མི་ཁྱབ་པའི་གནས་ལ་ཡིད་ཆེས་ཅུང་ཟད་ཙམ་ཡོང་བའི་སྐལ་བ་མེད་ལ། བསམ་གྱིས་ཁྱབ་པའི་གནས་ལ་ཇི་སྲིད་སྡོད་པ་དེ་སྲིད་དུ་འཇིག་རྟེན་ལས་ཅུང་ཟད་ཀྱང་མ་འདས་པར་ཤེས་པར་བྱའོ། ། མདོར་ན་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་གྲུབ་མཐའི་བསམ་མནོ་དེ་འཇིག་རྟེན་ཕལ་པའི་བསམ་མནོ་དང་མི་མཐུན་པ་ཤ་སྟག་ཞིག་ཡིད་པ་ལ། གྲུབ་མ་ཐའ་མཐོ་ཤོས་ཐལ་འགྱུར་བའི་བསམ་ནོ་མཐར་ཐུག་དེ་འཇིག་རྟེན་ཕལ་པའི་བསམ་ཚུལ་དང་ཁྱད་པར་མེད་པ་ཨེ་ཡོང་། དོན་དམ་དོན་དམ་གྱི་ས་ན་ལྡན། ཀུན་རྫོབ་ཀུན་རྫོབ་ཀྱི་ས་ན་ལྡན་བྱ་ལབ་འདིའི་གོ་བ་མཐར་ཐུག་ནི་ཆུ་ཆུའི་ས་ན་རླན་ཞིང་གཤེར་བ་ཡིན། རྡོ་རྡོའི་ས་ན་སྲ་ཞིང་མཁྲེགས་པ་ཡིན་བྱ་བ་དང་ཁྱད་ཅི་ཡང་མེད་ཅིང་། སྲ་མཁྲེགས་དང་རླན་གཤེར་འགལ་མེད་ཟུང་འཇུག་ཏུ་འདོད་པ་འདིའི་ལུགས་ལྟར་ན། རྡོ་ཆུའི་ནང་དུ་སྐམ་པོ་དང་། ཆུ་རྡོ་ཡི་སྟེང་དུ་རྟག་ཏུ་བརླན་པ་ཡོད་བྱ་བ་འགལ་མེད་ཀྱི་རྣམ་གཞག་དེ་ག་རང་དུ་འདུག་ལ། དེ་ལྟར་བྱས་ཚེ་འཇིག་རྟེན་ཐམས་ཅད་ལ་ཁྱབ་པའི་མ་རིག་པ་དེ་ཐམས་ཅད་ལ་ཁྱབ་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་མཉམ་དུ་འགྲོགས་པས་དེ་གཉིས་ཀྱང་འགལ་བ་མེད། ཐལ་འགྱུར་བའི་རིགས་པའི་རྩ་བ་གཅིག་ནི། མིག་དང་རྣ་བས་སྣང་ཚུལ་མ་མཐུན་པ་དང་། སྣ་དང་ལྕེ་ཡིས་སྣང་ཚུལ་མ་མཐུན་པ་དང་། མཐར་ཐུག་ཡིད་ཀྱིས་བསམ་ཚུལ་ཀྱང་ཕན་ཚུན་འགོ་མ་འཕྲོད་པ་ཞིག་གི་སྟེང་ནས་རྣམ་ ཤེས་ཐམས་ཅད་ལས་འདས་པའི་ལམ་གཞན་ཞིག་ཏུ་འཁྲིད་པར་སྣང་ལ། བསམ་ཚུལ་དྲན་ཚུལ་འདི་ཀུན་གཅིག་གིས་གཅིག་ལ་མི་གནོད་པས་ཐ་སྙད་པའི་ཤེས་པ་ཚད་མར་བྱས་ཚེ། ཤིགད་ང་། བྱི་བ། བྱི་ལ། ཁྱི་དང་མི་སོགས་ཀྱི་བསམ་ཚུལ་ཐམས་ཅད་ལ་ཁྱད་པར་ཕྱེ་བའི་དོན་ཅུང་ཟད་ཀྱང་མེད་པས། དེ་ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཤ་སྟག་ཡིན་ལ། དེ་དག་གིས་སྣང་ཚུལ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཡང་། གཅིག་གི་སྣང་བ་ལ་གཅིག་གིས་གནོད་པ་ཤ་སྟག་ཡིན་པས་ཀུན་རྫོབ་བདེན་པ་བྱ་བ་ཞིག་ མི་སྲིད་པར་འགྱུར་རོ། མི་ཡི་སྣང་བས་ཡི་དྭགས་ཀྱི་སྣང་བར་མི་གནོད་པ་དང་། དེ་བཞིན་ཡི་དྭགས་ཀྱི་སྣང་བས་ལྷ་ཡི་སྣང་བ་ལ་མི་གནོད་ན་ནི་སངས་རྒྱས་ཀྱི་སྣང་ བས་སེམས་ཅན་གྱི་སྣང་བ་ལ་ཡང་གནོད་པའི་སྐབས་ཅུང་ཟད་ཀྱང་མེད་པས་མ་དག་པའི་སྣང་བ་འདི་ཀུན་རྟག་ཏུ་རང་སོར་གནས་པ་ཡིན་ནོ། །

      ཚིག་རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་རང་བཞིན་མེད་པ་འགོག་མི་ནུས་པར་གསུངས་པ་འདི་ཡང་། དོན་ལ་རང་ལུགས་སུ་ཁས་ལེན་དང་བྲལ་བའི་ལྟ་བ་ཡིན་ལ། རང་བཞིན་མེད་པ་ཉིད་ལོག་ན། རང་བཞིན་ཉིད་དུ་གྲུབ་པར་འགྱུར། །བྱ་བ་ཡང་ཐལ་འགྱུར་ཡིན་གྱི་རང་རྒྱུད་དུ་ཁས་ཞེན་པ་མིན་ལ། འདི་དང་། གཞན་ཡང་། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །བྱ་བ་སོགས་ཀྱང་དགག་བྱ་ཅུང་ཟད་ཅིག་ཡོད་ན་དེ་དགག་པས་སྟོང་པ་དང་། དེ་འགོག་བྱེད་ཀྱི་རིགས་པ་སོགས་ཀྱང་ཅུང་ཟད་ཞིག་ཡོད་པར་གསུངས་པའི་ཐལ་འགྱུར་ཡིན་ལ། རིགས་པ་འདིའི་དབང་དུ་བྱས་ཚེ། དགག་བྱ་བདེན་གྲུབ་ཞིག་ཡོད་ན་འགོག་བྱེད་བདེན་གྲུབ་ཞིག་དགོས་པ་དང་། དགག་བྱ་ཡོད་ཙམ་ཞིག་ཡིན་ན། འགོག་བྱེད་ཀྱང་ཡོད་ཙམ་ཞིག་དགོས་པ་དང་། དགག་བྱ་གཏན་ནས་མེད་ན། འགོག་བྱེད་ཀྱང་གནཏ་ནས་མེད་དགོས་པའི་དབུ་མའི་ལུགས་ཀྱི་གྲུབ་མཐའི་གཞུང་འཛུགས་པར་སྣང་ངོ་། །

མདོར་ན་གཞན་གྱི་ཕྱོགས་སམ་འཇིག་རྟེན་པའི་ཕྱོགས་བཤིག་པ་ལ་ཡོད་མེད་ཀྱི་ཕྱོགས་གཉིས་ པོ་འདི་བཤིག་པ་ལས་གཞན་མེད་ཅིང་། སངས་རྒྱས་ཀྱིས་ཀྱང་། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ཞེས་གསུངས་པ། ས་གསེར་དུ་མེད་པའི་མེད་ཕྱོགས་དང་། ས་ས་རུ་ཡོད་པའི་ཡོད་ཕྱོགས་གཉིས་ཀའི་གོ་ཆོད་པའི་བདེན་གཉིས་ཟུང་འཇུག་གི་གོ་ལུགས་འདི་འདྲ་འདོད་པ་ནི། དོན་ལ་བླུན་པོའི་མཐར་ཐུག་འཇུག་གི་གོ་ལུགས་འདི་འདྲ་འདོད་པ་མནོ་དང་། མཁས་ པའི་མཐར་ཐུག་པའི་སངས་རྒྱས་ཀྱི་མཁྱེན་ལུགས་གཉིས་འགལ་མེད་ཟུང་འཇུག་ཏུ་ཁས་ བླངས་པ་ཡིན་ལ། དེ་འདྲ་བྱེད་ཚེ་མ་རིག་པ་དང་རིགས་ཤེས་གཉིས་ཀྱི་ཡུལ་ཡང་འགལ་མེད་ཟུང་འཇུག་ཏུ་ཁས་བླངས་ན་ཅི་ལ་མི་ཆོག  སྣང་བའི་དོན་གོ་བས་མུན་པ་ཤིན་ཏུ་ཁ་དོག་ནག་པར་ཤེས། དགེ་བའི་དོན་གོ་བས་སྡིག་པ་ཤིན་ཏུ་ཉེས་པར་ཤེས་པས། འདི་དག་སྣང་མུན་ཟུང་འཇུག་དང་། དགེ་སྡིག་ཟུང་འཇུག་གི་རྣམ་གཞག་ཏུ་བྱེད་དགོས་ན་འགལ་བ་ཐམས་ཅད་ལ་ཟུང་དུ་མི་འཇུག་པ་གཅིག་ཀྱང་ཡོད་པར་མི་སྣང་། བདེན་པ་ཡོད་པ་དངོས་པོ་སོགས་ཀྱི་སྒྲ་འདི་ཀུན་འཇིག་རྟེན་ཕལ་པ་གཅིག་གིས་གཅིག་ལ་སྨྲས་པ་ན་ཚིག་མཐུན་པ་ཙམ་གྱིས་དོན་གོ་བར་རློམ་ལ། དོན་དམ་དུ་མེད་ཀྱང་ཡོད་བྱ་བ་འདི་སངས་རྒྱས་ཀྱིས་སེམས་ཅན་ལ་གསུངས་ན་དོན་གོ་རྒྱུ་ཕར་ཞོག ཐལ་འགྱུར་བའི་ལྟ་བ་ལ་གོ་བ་ཅུང་ཟད་རྙེད་པ་ཞིག་གིས་ཀྱང་བརྗོད་ན་རང་ལུགས་བཞིན་གྱི་ངེས་པ་སྐྱེ་བའི་སྐབས་མེད། ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་འཐད་པར་འཇོག་པའི་ལུགས་འདིས། ཁ་གྲག་མི་ཤེས་པའི་བྱི་ལ་དང་། བྱི་བ་སོགས་སྣང་ཆུང་དུ་བསྐྱུར། དེ་དག་ལས་ཅུང་ཟད་ཁྱད་དུ་འཕགས་པའི་བྱིས་པ་དང་བླུན་པོ་སོགས་ཀྱང་སྣང་ཆུང་དུ་བོར་ནས། བར་ན་སྡོད་པའི་ཧ་ཅང་མཁས་པ་ཐལ་འགྱུར་བ་བཞིན་གྲུང་པོ་ཡང་མ་ཡིན་པ། ཕལ་པ་བཞིན་བླུན་པོ་ཡང་མ་ཡིན་པ། དེ་དག་གི་བསམ་ཚུལ་རྣམས་ལ་འཇོག་པར་སྣང་ངོ་། །

རང་བཞིན་གྱི་རྣམ་པར་སྟོང་པ་མཉམ་གཞག་གི་སྐབས་སུ་སུན་འབྱིན་པ་སུ་ཡང་མེད་ཀྱི། སུན་འབྱིན་ན་ཡང་རྗེས་ཐོབ་ཀྱི་སྐབས་སུ་སུན་འབྱིན་དགོས་པ་ཡིན་ལ། བདེན་གཉིས་ཟུང་འཇུག་ཏུ་འདོད་པའི་ལུགས་འདི་ལྟར་ན། རྣམ་གཞག་འདི་བྱ་བ་ཤིན་ཏུ་དཀའ་མོད། བདེན་མེད་སྔོན་དུ་རྟོགས་ནས། བདེན་མེད་དེ་ཉིད་བདེན་གྲུབ་ཡིན་ནོ་བྱ་བའི་བསམ་མནོ་ཞིག་ད་དུང་བསྐྱེད་རྒྱུ་ཡོད་ན་སྟོང་ཉིད་རྟོགས་པའི་ཕན་ཡོན་ཅི་ཞིག་ཡོད། གལ་སྲིད་བཟང་རྟོག་ངན་རྟོག་གི་ཁྱད་པར་ཕྱེ་བ་ནི་མཛེས་པ་ལ་མཛེས་པར་འཛིན་པ་བཟང་རྟོག་དང་། མཛེས་པ་ལ་མི་མཛེས་པར་འཛིན་པ་ངན་རྟོག་ཡིན་པ་ལས་འོས་མེད་ལ། བདེན་པ་བདེན་གྲུབ་ཏུ་འཛིན་པ་བཟང་རྟོག་དང་། བདེན་གྲུབ་སྒྱུ་མར་འཛིན་པ་ངན་རྟོག་ཏུ་བྱེད་མ་དགོས་པ་དེ་ཡ་ཆ། མདོར་ན་བདེན་གཉིས་འགལ་མེད་དུ་འདོད་པ་འདི་སངས་རྒྱས་ནས་སེམས་ཅན་གྱི་བར་གྱི་བསམ་མནོ་ཐམས་ཅད་འགལ་མེད་དུ་འདོད་པའི་ལུགས་ཡིན་ནོ། །

     རྗེ་ཡི་བཞིན་པ་མཐར་ཐུག་ནི། རང་ལུགས་སུ་ཁས་ལེན་བྱ་བའི་ཐ་སྙད་ལ་སྣང་ཆུང་དུ་མཛད་ནས། རང་རྒྱུད་དུ་ཁས་ལེན་བྱ་བ་དང་། རང་དབང་དུ་ཁས་ལེན་བྱ་བ་གཉིས་དོན་གཅིག་པར་མཛད་ཅིང་། དེའི་དོན་མཐར་ཐུག་རང་དང་གཞན་བྱ་བ་དེ་གང་ཟག་ལ་མི་བྱེད་པར། དེའི་བཞེད་པ་ནི་དངོས་པོ་རང་གི་གནས་ཚུལ་ཞིག་ལ་བྱེད་པར་འདུག་པས། དངོས་པོ་རང་གི་སྡོད་ལུགས་ཀྱི་གྲུབ་པར་ཁས་ལེན་པ་དེ་རང་རྒྱུད་དང་། སྡོད་ལུགས་ཀྱིས་མ་གྲུབ་པར་ཁས་ལེན་པ་དེ་ཐལ་འགྱུར་དུ་བྱེད་པར་འདུག  རང་ལུགས་དང་གཞན་ལུགས་བྱ་བ་དེ་འཇིག་རྟེན་ཕལ་པའི་རྒྱབ་འདྲེ་དང་འདྲ་བར་བྱས་ནས་རྒྱབ་འདྲེ་བྱེད་མཁན་གྱི་མི་གཉིས་ཁ་མཐུན་པ་ཙམ་ཞིག་ལ་རྣམ་གཞག་ཀུན་གྱི་རྩ་བ་ བརྟེན་པར་སྣང་མོད། ལར་འཇིག་རྟེན་ལས་འདས་པའི་ས་ལ་བགྲོད་པ་བྱ་བ་དེ་འཞིག་རྟེན་པའི་བསམ་པ་དང་ བརྗོད་པ་ལས་འདས་པ་ཞིག་ཡིན་ངེས་ལ། དེ་ལྟར་ན་འཇིག་རྟེན་ཐམས་ཅད་དང་ཁ་མི་མཐུན་པ། བསམ་པ་མི་མཐུན་པའི་ཕྱོགས་གཅིག་ནས་འཕགས་པའི་ས་ལ་བགྲོད་དགོས་པ་ཡིན་པས། འཕགས་པའི་དགོངས་པ་མཐོ། སེམས་ཅན་གྱི་བསམ་པ་དམན་བྱ་བའི་རྣམ་གཞག་འདི་ཀུན་ཁས་མ་བླངས་ན་མ་གཏོགས་རང་ལུགས་སུ་ཁས་ལེན་པ་དང་། གཞན་ལུགས་སུ་ཁས་ལེན་པ་འདི་ཡང་མི་འོང་བར་སྣང་། སྤྱིར་རྨོངས་པ་རྣམས་ལ་རྨོངས་པའི་བསམ་པ་དང་མཐུན་པའི་གཏམ་ཞིག་མ་བརྗོད་པར་ཕན་ཚུན་བརྡ་འཕྲོད་པའི་སྐབས་མེད་ལ། དེ་ལྟར་བརྡ་འཕྲོད་པའི་རྐྱེན་དེ་ཉིད་ཤེས་བྱ་ཐམས་ཅད་ཀྱི་རྩ་བར་བཟུང་བ་ཤིན་ཏུ་ངོ་མཚར། དོན་གྱི་དབང་དུ་གཟིགས་ནས་ཟླ་བ་གྲགས་པས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །བཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་གཏོགས་པར། །འཇིག་རྟེན་བཟུང་བར་ནུས་མ་ཡིན། །ཞེས་ཀླ་ཀློ་ལ་ཀླ་ཀློའི་སྐད་ཀྱིས་བརྡ་སྤྲོད་པ་མ་གཏོགས་ཐབས་གཞན་མེད་པ་དེ་ བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་ལས་ཇི་ལྟར་འདས་ཀྱང་འཇིག་རྟེན་པ་དང་ལྷན་ཅིག་ཏུ་དམ་པའི་ཆོས་ཀྱི་བཀའ་བགྲོ་མཛད་པ་ན་འཇིག་རྟེན་བའི་རྣམ་གཞག་དེ་ག་རང་སོར་བཞག་པར་མཛད་ནས་གསུངས་པ་མ་གཏོཊ་ཐབས་གཞན་མེད་དོ། །

རྗེས་སུ་དཔག་པ་འབྱུང་བ་མི་རིགས་སོ་སོགས་ཀྱི་རྗེས་སུ་དཔག་པ་བྱ་བ་དེ། ད་ལྟ་བོད་ན་ཡོངས་སུ་གྲགས་པའི་སྦྱོར་བ་བྱ་བ་དེ་ཡིན་ལ། སྦྱོར་ངག་བཀོད་ཚེ་ཐམས་ཅད་རང་རྒྱུད་མད་རང་ལུགས་སུ་ཁས་ལེན་དགོས་པ་ཡིན་པས་རྟགས་ཆོས་དོན་གསུམ་རང་ལུགས་སུ་ཁས་ལེན་དགོས་ལ། གཞན་གྲགས་ཀྱི་གཏན་ཚིགས་བྱ་བ་དང་ཐལ་འགྱུར་བྱ་བ་གཉིས་ལ་ཁྱད་ཅི་ཡང་མེད་པས། གཞན་ལ་གྲགས་པའི་རྣམ་གཞག་ཙམ་གྱིས་གཞན་གྱི་འཐད་པ་སུན་འབྱིན་པ་ཙམ་ཡིན་པས། ཆོས་ཅན་མཐུན་སྣང་བ་མེད་ན་རང་རྒྱུད་ཀྱི་སྦྱོར་བ་མི་འབྱུང་ངོ་བྱ་བ་དང་ཁྱད་མེད་པས། རང་ལུགས་རང་རྒྱུད་དུ་ཞལ་གྱིས་མི་བཞེས་པའི་ཟླ་བའི་ལུགས་ལ་སུན་འབྱིན་ནུས་པའི་སྐབས་མེད་ལ། སློབ་དཔོན་ཟླ་བ་ནི། རྒོལ་སྔ་ཕྱི་གཉིས་ཀྱིས་བུམ་པ་བྱ་བ་ཡང་མཐུན་གྲུབ་ཏུ་མི་རུང་། དེ་བཞིན་ཆོས་དང་གཏན་ཚིགས་ཀྱང་མཐུན་གྲུབ་ཡོད་པ་མེད་མོད། ཕ་རོལ་པོའི་འདོད་པ་སུན་འབྱིན་ནུས་པའི་ཐལ་འགྱུར་ཙམ་འགོད་ནུས་པར་དགོངས་སོ། །

     ཕ་རོལ་པོའི་ཡོད་པ་ཁས་བླངས་ན་རང་ལུགས་ལ་མེད་པར་ཁས་ལེན་དགོས། མེད་པ་ཁས་བླངས་ན། རང་ལུགས་ལ་ཡོད་པ་ཁས་ལེན་དགོས་ལ། དེ་གཉིས་ཀ་ཡང་མཐའ་གཉིས་ཀྱི་ཁས་ལེན་ཡིན་པས་དབུ་མ་བ་ཡིན་ན་རང་རྒྱུད་བྱ་མི་རིགས་པར་གསུངས་སོ། ། ཀུན་རྫོབ་གྱི་རྣམ་གཞག་རང་ལུགས་སུ་ཁས་ལེན་པ་རང་རྒྱུད་པ་དང་། གཞན་ལུགས་སུ་ཁས་ལེན་པ་ཐལ་འགྱུར་པ་ཡིན་པས། ལུགས་ཕྱི་མ་དེ་ལ་འཇིག་རྟེན་དང་ཐུན་མོང་དུ་ཁས་ལེན་པ་བྱ་བའི་ཆོས་ཅི་ཡང་མེད་པ་ དེ་ཉིད་ཆོས་ཅན་མཐུན་སྣང་བ་མེད་པའི་དོན་ཡིན། ནོར་ཐམས་ཅད་ཀྱི་རྩ་བ་སྣང་བ་ཙམ་ཞིག་ལ་ཀུན་རྫོབ་བདེན་པ་ཡིན་བྱ་བ་འདི་ཡིན་ལ། ལུགས་འདི་ལྟར་བྱས་ཚེ་ཐལ་འགྱུར་བལ་གང་སྣང་བ་ཙམ་དེ་ཕལ་པ་ལ་ཡང་སྣང་བ་ཡིན་པས་ཆོས་ཅན་མཐུན་སྣང་བ་མེད་པའི་དོན་མེད་ཀྱང་། སྣང་བ་ཐམས་ཅད་དང་རྟོག་པ་ཐམས་ཅད་བདེན་སྣང་དང་བདེན་འཛིན་ཡིན་པས་ཆོས་ཅན་མཐུན་སྣང་བ་ཡང་འོང་བའི་སྐབས་མེད་པ་ཡིན། དགག་བྱ་ནི་འགོག་བྱེད་ཀྱི་རིགས་པ་རང་གི་ངོས་ཟིན་པ་ཡིན་གྱི། བློ་གཞན་ཞིག་གི་ངོས་ཟིན་པ་ག་ལ་ཡིན། ཀ་བ་གཏན་མེད་དུ་འཛིན་པའི་ཆད་ལྟའམ་དབུ་མའི་ཏིང་ངེ་འཛིན་དེ་ལས་སླར་ལངས་ཚེ་ཀ་བ་མིག་གིས་མཐོང་རྒྱུ་ཡང་ཡོད། ལག་པས་རེག་རྒྱུ་ཡང་ཡོད། དེར་མ་ཟད་གདུང་མ་འདེགས་པའི་དོན་བྱེད་ནུས་པ་ཡང་ཡིན་པ་སོགས་ཤེས་བྱའི་སྒྲིབ་པས་བསླད་པའི་སྣང་བ་ཀུན་སྔ་མ་བཞིན་དུ་རང་སོར་གནས་པ་དེ་ལ་ཡིད་མ་ཆེས་ཀྱང་ཁས་ལེན་དགོས་པ་ཐལ་འགྱུར་བའི་ཀུན་རྫོབ་པའི་ལུགས་ཡིན་ནོ། ། འཁོར་བའི་རྩ་བར་འགྱུར་བའི་མ་རིག་པས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་ད་དུང་མ་སྦྱར་བར། དགག་བྱ་ཙམ་བཟུང་བ་ཡིན་ན་འཇིག་རྟེན་འཁོར་བར་འཁྱམས་པའི་དོན་མེད་ལ། མ་རིག་པས་མ་སྦྱར་བའི་ཁྱད་པར་ཞིག་གསར་དུ་སྦྱོར་དགོས་ན་ཀུན་བཏགས་ཀྱི་དགག་བྱ་ལས་གཞན་ཅི་ཞིག་འོང་། འཇིག་རྟེན་པའི་བློས་འཛིན་ལུགས་ནི། གཟུགས་ཡོད། གཟུགས་བདེན་པ་ཡོད། གཟུགས་བདེན་གྲུབ་ཡོད། གཟུགས་ངོ་ཐོག་ཡོད་བྱ་བ་འདི་ཙམ་ཡིན་ལ་བློས་ཕུགས་ཀྱི་གཏད་སོ་དེ་མ་དགག་པར། གཞན་ཞིག་བཙལ་ནས་དགག་པ་དེ། མ་རིག་པ་དང་། དེས་སྐྱེ་བའི་གཉིས་སྣང་འཁྲུལ་བའི་སྣང་བ་ལ་སྙིང་ནས་ཡིད་ཆེས་པའི་ལུགས་སུ་སྣང་།ཡིན་ ཚུལ་དཔྱོད་པའི་རིགས་པ་བྱ་བ་དེ་ཡང་། འདིའི་ཁ་དོག་སེར་པོ་ཡིན་ནམ། འདི་གསེར་ཡིན་ནམ། གསེར་ཡག་པོ་ཡིན་ནམ། འདི་གང་ནས་བྱུང་། ངས་མཐོང་བ་ཙམ་མ་གཏོགས་ཁོ་རང་གསེར་ཡིན་ནམ། བདེན་པ་ཡིན་ནམ། བདེན་གྲུབ་ཡིན་ནམ་སོགས་ཀྱི་དཔྱད་པ་འདི་དག་ཙམ་ལས་གཞན་ཅི་ཡང་རྙེད་རྒྱུ་མེད་ལ། འདི་ཀུན་སོ་སོའི་སྐྱེ་བོའི་ཡོན་ཏན་གྱི་སྦྱངས་པ་ཆེ་ཆུང་གི་ཁྱད་པར་ཙམ་ལས་དོན་ལ་འཇིག་རྟེན་ཕལ་པའི་བློ་ཤ་སྟག་ཡིན་པས་ཞིབ་ཏུ་བསམས་ན་ཤེས་པར་ནུས། བུམ་པ་བུམ་པ་ཡིན་ལུགས་དཔྱོད་པའི་རིགས་པས་མ་རྙེད་ན། བུམ་པ་བུམ་པ་ཡིན་པར་རྙེད་པའི་བློ་ཞིག་འཇིག་རྟེན་འདིར་ག་ལ་རྙེད། ཡིན་ལུགས་མེད་པའི་ཡིན་ཚུལ་ཞིབ་རིགས་པ་སྨྲ་བ་སུས་ཀྱང་འདོད་པའི་གོ་སྐབས་མེད་ལ། མདོར་ན་ཡིན་ལུགས་བཙལ་བྱ་བ་དེ་ཁོ་རང་ཁོ་རང་ཡིན་ཚུལ་ཞིག་བཙལ་བ་ཡིན་ལ། ཡིན་ཚུལ་གཏན་ནས་མ་རྙེད་པར། ད་དུང་ཡིན་ཡིན་ཞེས་ཨུ་ཚུགས་བྱེད་པ་འདི་འདྲ་ལ་དབུ་མའི་ལྟ་བས་དགོས་པ་ཅི་ཞིག་ཡོད། ཡིན་ན་ཡིན་ཚུལ་ཞིག་དགོས། དམིན་ན་མིན་ཚུལ་ཞིག་དགོས་པ་ལ་ཡིན་ཚུལ་མིན་ཚུལ་རྙེད་རྒྱུ་མེད་པར་ཐག་བཅད་ནས། ཡིན་མིན་གྱི་རྣམ་གཞག་ཐམས་ཅད་འཐད་ལྡན་དུ་ཁས་ལེན་པ་དེ་དབུ་མའི་རིགས་པ་ཐམས་ཅད་ཀྱི་ནུས་པ་འཇོམས་པར་བྱེད་པ་སྟེ། རེ་ཞིག་སོང་ལ་འགྲོ་བ་མིན། །མ་སོང་བ་ལའང་འགྲོ་བ་མིན། །སོང་དང་མ་སོང་མ་གཏོགས་པར། །གོམ་པ་ཤེས་པར་མི་འགྱུར་རོ། །ཞེས་གསུངས་པར། མཐའ་བཞི་བོ་དེ་གང་གི་ཡང་ཁོངས་སུ་མ་འདུས་པའི་ཡིན་ཚུལ་མེད་པའི་གོམ་པ་འདོད་ ཅིང་། དེ་ནི་དོན་ལ་འགྲོ་ཚུལ་མེད་པའི་འགྲོ་བ་ཁས་ལེན་པ་དེ་ཀླུ་སྒྲུབ་ཡབ་སྲས་ཀྱི་རིགས་པ་ཐམས་ཅད་ཆུད་ཟོས་སུ་བཏང་བའི་ལུགས་ཡིན་ནོ། །

     ཡིན་ཚུལ་མིན་ཚུལ་འགོག་པའི་དོན་ཡིན་པ་ཡང་བློ་དམན་དག་གིས་ཀྱང་ཤེས་པར་ནུས། བཅོམ་ལྡན་འདས་ལ་སྣང་བའི་འབུམ་ཆ་གཅིག་ཙམ་ཡང་རང་ཅག་ལ་མི་སྣང་། བཅོམ་ལྡན་འདས་ཀྱིས་གཟིགས་པའི་འབུམ་ཆ་གཅིག་རང་ཅག་གིས་མི་ཤེས་པས། ཤིན་ཏུ་བླུན་པོ་ལམ་ཆུང་བ་དང་། བཅོམ་ལྡན་འདས་གཉིས་དམ་པའི་ཆོས་ཀྱི་བཀའ་མཆིད་མཛད་པ་ན་བཅོམ་ལྡན་འདས་ཀྱིས་ཐལ་ འགྱུར་བའི་ལུགས་མཛད་པ་ལས་རང་རྒྱུད་དུ་ཞལ་གྱིས་བཞེས་པའི་གོ་སྐབས་མེད་པ་ཡིན་ནོ། །

བདེན་གཉིས་འགལ་མེད་ཟུང་འཇུག་གི་ལམ་འདིར་མདོར་བསྡུས་ན། སངས་རྒྱས་དང་སེམས་ཅན་གཉིས་རྟོགས་པ་གཉིས་འགལ་མེད་གཅིག་ཏུ་འདྲེས་པའི་ལུགས་སུ་ སྣང་ལ། འདི་འདྲ་ལ་ཡིད་ཆེས་ན་འཁོར་འདས་བྱ་བ་ཚིག་ཙམ་ལ་ཡང་ཡིད་ཆེས་པའི་སྐབས་མེད་པ་ཡིན། ཆོས་ཅན་མཐུན་སྣང་བ་མེད་པའི་ལུགས་ལ་ཆོས་ཅན་ཙམ་ཡང་རང་ལུགས་ཀྱི་ཚད་མས་མ་གྲུབ་ཅིང་། གཞན་ལུགས་ཀྱི་ཚད་མས་གྲུབ་པ་ཚད་མས་གྲུབ་པའི་གོ་མི་ཆོད་པ་ཡིན་པས་རྟགས་ཆོས་དང་བསྒྲུབ་བྱ་སོགས་ཚད་མས་གྲུབ་པ་ནི་དེ་ལས་ཀྱང་ག་ལ་འཐད། ཕྱི་རབས་ཀྱི་མཁས་པ་རྣམས་ཆོས་ཅན་མཐུན་སྣང་བ་མེད་བྱ་བ་དེ་ཆོས་ཅན་ཟུར་དུ་ཕྱེ་ནས་མཐུན་སྣང་མེད་ལུགས་ཤིག་ཀྱང་གསར་དུ་བཟོ། ལུགས་དེའི་དབང་དུ་བྱས་པའི་རྟགས་དང་བསྒྲུབ་བྱ་སོགས་མཐུན་སྣང་དུ་ཡོད་པ་ཞིག་མཛད་མོད། ཀུན་རྫོབ་བདེན་པ་དེ་མིན་དབུ་མའི་གཞུང་ལ་འབད་པ་དུ་མས་སྦྱངས་ནས་ཅི་ཡང་མ་སྦྱངས་པའི་བླུན་པོ་རྣམས་དང་ཀུན་བརྟགས་ཀྱི་གྲུབ་མཐའ་ལ་བྱང་བའི་སོ་སྐྱེས་མཁས་པ་རྣམས་ཀྱི་བདམ་ཚུལ་མཐོང་ཚུལ་དྲན་ཚུལ་ཐམས་ཅད་དང་ཁྱད་པར་ཅི་ཡང་མེད་པའི་གོ་བ་རྣལ་མ་ཞིག་ད་དུང་དོན་དུ་གཉེར་བ་དེ་དག་ལ་ཆོས་ཅན་ཡང་མཐུན་སྣང་བ་ཡོད། བསམ་ཚུལ་ཡང་མཐུན་སྣང་བ་ཡོད། དྲན་ཚུལ་ཡང་མཐུན་སྣང་བ་ཡོད། སངས་རྒྱས་ཀྱི་སར་བགྲོད་པ་ལ་ཕལ་པའི་སྣང་བ་དང་ཐུན་མོང་མ་ཡིན་པ་ཞིག་གི་ལམ་ནས་འགྲོ་དགོས་པ་ཡིན་ལ། དོན་གྱི་དབང་དུ་གཟིགས་ནས་སློབ་དཔོན་ཟླ་བས། ཐོག་མ་ཁོ་ན་ཉིད་དུ་ཆོས་ཅན་མཐུན་སྣང་བ་བྱ་བ་འདི་དགག་པར་མཛད་དོ། །

བུམ་པ་མེད་པའི་མེད་དགག་དང་། ཆོས་ཐམས་ཅད་དང་། དེའི་སྟེང་དུ་མེད་པ་ཡང་མེད་པའི་མེད་དགག་འདི་གཉིས་མཚུངས་པའི་སྐབས་མེད་དེ། སྔ་མ་ལ་བུམ་པ་མེད་ཀྱང་ས་ཕྱོགས་ཡོད་སྙམ་པ་ལྟ་བུའི་མ་ཡིན་དགག་གི་དྲི་མ་མི་འབྱུང་བའི་སྐབས་མེད་ལ། ཡོད་པ་དང་མེད་པ་གཉིས་ཀ་མེད་པར་འཛིན་པའི་བློ་དེ་ལ་ནི་བློའམ་ཀུན་རྫོབ་ཀྱི་ དམིགས་པ་ལ་ཡོད་མེད་གཉིས་ལས་གཞན་ཅི་ཡང་མི་སྲིད་པས་བློ་ངོར་དེ་ཡང་བསྒྲུབ་པའི་རྣམ་པ་གཞན་མ་བྱུང་བས་ཐར་པ་ཞི་བའི་ཕྱོགས་སུ་བློ་ཁ་ཕྱོགས་པའི་སེམས་ཞིག་ཅིས་ཀྱང་ཡིན་པར་ངེས་ཏེ། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་ག ། བློ་ཡི་མདུན་ན་མི་གནས་པར། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རང་ཏུ་ཞི། །ཞེས་གསུངས་ཤིང་། སྐབས་འདིར་བཤད་པའི་བློ་ཡང་སློབ་དབོན་རང་ཉིད་ཀྱིས་གོང་དུ། བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་ཤིན་ཏུ་གསལ་བར་གསུངས། ཟླ་བས་ཀྱང་། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས། ཞེས་བཤད། དོན་དེར་ལེགས་པར་དགོངས་ནས་ཕྱག་ན་པདྨོ་དགེ་འདུན་རྒྱ་མཚོས་ཀྱང་། མེད་དགག་བྱ་བ་རྭ་ཅན་ཞིག་མེད་པ་མ་ཡིན་གྱི་ཁྱེད་ཅག་གི་འདོད་པའི་སྤྲོས་བྲལ་དེ་ག་རང་ཡིན་ཞེས་དྲང་ངེས་ཀྱི་འགྲེལ་པའི་མཇུག་ཏུ་གསུངས། དེས་ན་སློབ་དཔོན་ཆེན་པོ་འདི་ལྟ་བུ་དག་གི་གསུངས་ལ་བཅས་བཅོས་མ་བྱས་ན་ཀུན་རྫོབ་བྱ་བ་བློ་ཡི་མིང་དང་། དེའི་ངོར་བདེན་པ་ཀུན་རྫོབ་ཀྱི་བདེན་པ་བྱ་པའི་ཀུན་རྫོབ་ཀྱི་བདེན་པ་བྱ་བའི་ དོན་ཡིན་པར་འདུག །ཚད་མ་རང་རྒྱུད་དུ་ཁས་ལེན་ན་ཕ་རོལ་པོའི་བསམ་པ་དེ་ཡང་རང་ལུགས་སུ་ཁས་ལེན་པ་ལས་ཐབས་གཞན་མེད་ལ། ཐལ་འགྱུར་བྱེད་ཚེ་ཕ་རོལ་པོ་ལ་འགལ་བར་ངོ་འཕྲོད་པ་ཙམ་ཞིག་ལས་གཞན་ཅི་ཡང་མི་ དགོས་པས། དེ་ཁོ་ན་ཉིད་གསུངས་པའི་སྐབས་སུ་སངས་རྒྱས་ཀྱི་གསུངས་ལུགས་ཀྱང་འདི་ལས་གཞན་མེད་ཅིང་། ཐལ་འགྱུར་བའི་གཞན་ལུགས་ཀྱང་འདི་ལས་གཞན་ཅི་ཡང་མེད་ལ། རང་ལུགས་བྱ་བའི་ཚིག་གི་སྒོ་ནས་རྟོག་གེའི་རིགས་པ་འཕེན་པ་འདོད་མོད། གཞན་ལུགས་ཐམས་ཅད་སུམ་འབྱིན་པར་འདོད་པའི་ཞུགས་འདི་ལ་རང་ལུགས་བྱ་བའི་མིང་ཙམ་ཞིག་ཤེས་བྱའི་སྒྲིབ་པའི་ནུས་པས་དབང་མེད་དུ་ཁས་ལེན་དགོས་པ་ལས་ཁྱེད་ཅག་གི་འདོད་པའི་རང་ལུགས་དེ་དང་ག་ལ་འདྲ། རིགས་པ་འདི་འདྲ་ལ་རྟོག་གེའི་ཕྱོགས་ནས་ཀྱལ་ཀ་བྱས་པ་འོང་སྲིད་པས། བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་ང་དང་རྩོད། ང་འཇིག་རྟེན་དང་མི་རྩོད་ཅེས་གསུངས་སོ། །འཇིག་རྟེན་གྱིས་རྩོད་ལུགས་དེ་རྟགས་ཆོས་དོན་གསུམ་བཅོམ་ལྡན་འདས་དང་མཐུན་སྣང་དུ་གྲུབ་པའི་སྒོ་ནས་རྩོད་པ་མ་ཡིན་གྱི། ཁོ་རང་གི་བསམ་ཚུལ་སྣང་ཚུལ་དྲན་ཚུལ་ཀུན་དང་མི་འགལ་བར། ཤེས་བྱའམ་ཤེས་པར་བྱ་བ་དགོས་པའམ་གོང་ནས་གོང་དུ་ཤེས་པར་བྱ་དགོས་པ་ཐམས་ཅད་ཀྱི་རྣམ་གཞག་རྩོལ་མེད་གཏན་ལ་ཕབ་དགོས་པ་ཡིན་ལ། སྣང་བ་འདི་ཀུན་སྐྱོན་མེད་ཚད་མའི་ཡུལ་ཡིན་ན་འདི་ལས་གཞན་པའི་ལམ་རྙེད་པའི་དོན་དུ་ཐོས་བསམ་སྒོམ་གསུམ་གྱིས་འབད་པ་བྱེད་པའི་དོན་ཅི་ལ་དགོས།

ལར་ཚད་མ་བྱ་བ་དེ་བྱི་བས་ཐམས་ཅད་བརྐུ་བྱ་ཡིན་པར་མཐོང་བ་དང་། བྱི་ལས་བྱི་བ་ཐམས་ཅད་གསོད་བྱ་ཡིན་པར་མཐོང་བ་དང་། མིས་གཉིས་ཀའི་བྱ་བ་མི་རིགས་པར་མཐོང་བ་འདི་འདྲ་ལས་གཞན་པའི་ཚད་མ་ཅི་འདྲ་ཞིག་ཡོད། མིག་གི་ཤེས་པས་སྒྲ་མ་རྙེད་པ་ཡིན་གྱི། སྒྲ་མེད་པར་རྙེད་པ་མིན་ཞེས་གསུངས་པ་ལ་བལྟས་ན། དོན་དམ་དཔྱོད་པའི་བློ་མིག་ཤེས་དང་། ཀུན་རྫོབ་དཔྱོད་པའི་བློ་རྣ་ཤེས་དང་དཔེ་སྦྱར་ཏེ་དེ་གཉིས་གཅིག་གི་ཡུལ་གཅིག་ གིས་མ་རྙེད་པ་དང་། ཡུལ་དེ་གཉིས་རང་རང་སོ་སོའི་ཡུལ་ཅན་གྱི་ངོར་ཡོད་པས་བདེན་གཉིས་འགལ་མེད་ཟུང་དུ་འཇུག་པའི་རིགས་པ་ལ་ཕན་པའི་ཐབས་མཛད་སྣང་མོད། དོན་དཔྱོད་པའི་རིགས་པས་དཔྱོད་ལུགས་དེ་མིག་གི་ཤེས་པས་སྒྲ་དཔྱོད་ལུགས་སུ་འདུག་པས་དེས་འཚོལ་ལུགས་དང་པོ་ནས་ནོར་ན་མེད་པ་རྙེད་པའི་གོ་མི་ཆོད་པ་སྲིད་ཀྱང་། འཚོལ་ལུགས་མ་ནོར་ན། དེས་མ་རྙེད་པས་མེད་པར་རྙེད་པ་ཅི་ལ་མིན།  དོན་དམ་དུ་དཔྱོད་པ་ཡང་ཐ་སྙད་ཀྱི་ཤེས་པ་ཡིན་པ་མ་གཏོགས་མི་སྲིད་ལ། དེ་ལྟར་རྗེ་བླ་མ་རང་གིས་ཀྱང་ཞལ་གྱིས་བཞེས་པས། དེས་མ་རྙེད་པས་མེད་པའི་གོ་མི་ཆོད་པའི་ཡོད་པ་ཞིག་དོན་དམ་དཔྱོད་པའི་རིགས་པ་བྱ་བ་ཞིག་གིས་རྙེད་པ་ཡ་ཆ། མཐའ་བཞི་སྤྲོས་བྲལ་ལ་ཡིད་མི་ཆེས་པའི་ལུགས་ལ་ཁས་ལེན་མེད་པ་དེ་ཁས་ལེན་ཡིན། དོན་དམ་པར་མེད་པ་དེ་ཡོད་པ་ཡིན་སོགས་ཀྱི་དཔྱད་པ་བྱར་ཡོད་ཅིང་། བསྟན་པའི་སྙིང་པོ་སྤྲོས་བྲལ་ལ་ཡིད་ཆེས་པ་དག་གིས་ནི་འཇིག་རྟེན་དཀྱུས་མའི་རིགས་པ་དག་གི་ཕན་གནོད་ཅི་བྱུང་ཡང་མ་དགའ་མ་སྐྲག་པ་ཞིག་འོང་ངེས་པ་ཡིན། རིགས་པ་དཀྱུས་མ་འདི་དག་ལ་ཆ་འཇོག་བྱས་ཚེ། སངས་རྒྱས་ཀྱི་ཞབས་མཐོང་རྒྱུ་ཡོད་པ་ལ་གཙུག་ཏོར་མི་མཐོང་བ་ཡང་ཤིན་ཏུ་འགལ། ལོངས་སྐུ་གསར་དུ་འཁྲུངས་པ་ལ་ནམ་ཡང་འཆི་བ་མེད་པ་སོགས་ཀྱང་འགལ་བའི་མཐར་ཐུག་ ཡིན་པས། མདོར་ན་འཇིག་རྟེན་པའི་བསམ་མནོ་འདིས་ཕ་རོལ་ཏུ་ཅུང་ཟད་ཀྱང་འགྲོ་མི་ནུས་པར། ཚུལ་གསུམ་གྱི་རིགས་པ་སོགས་ཆེན་པོ་རྣམས་ཀྱིས་རྩིས་སུ་མཛད་པའི་རྣམ་རྟོག་གི་གོ་རིམ་འདི་དག་ལ་ཆ་འཇོག་བྱེད་ན། སྟོང་ཕྱོགས་ཀྱི་དོན་མཐར་ཐུག་མི་རྙེད་པ་ལྟ་ཅི། ཀུན་རྫོབ་པའི་བྱང་ཆུབ་ཕྱོགས་ཀྱི་དོན་རྣམས་ཀྱང་རྙེད་པའི་གོ་སྐབས་ག་ལ་ཡོད། དོན་ལ་འཇིག་རྟེན་གྱི་སྣང་བའདི་དག་རིགས་པ་སྒྲ་རྟོག་ཀུན་ལ་གཏིང་ནས་ཡི་ཆད་པ་དེ་སྟོང་ཉིད་ཀྱི་ལྟ་བ་ཡིན་པར་སྣང་།

ཡོད་མེད་གཉིས་ལས་འདས་པའི་དབུ་མ་པའི་རིགས་པ་ནི། འཇིག་རྟེན་ཕལ་པའི་རིགས་པ་ལས་འདས་པའི་རིགས་པ་ཡིན་པས་ཡོད་མེད་གཉིས་ལ་རྩ་བ་བརྟེན་པའི་རིགས་པ་གང་གིས་ཀྱང་སུན་འབྱིན་མི་ནུས་པ་ཡིན་ཞེས། འཇུག་འགྲེལ་ལས། གཉིས་སུ་སྨྲ་བ་འདི་མི་རིགས་པ་དེ་ཉིད་ཀྱི་ཕྱིར་གཉིས་ལ་བརྟེན་ནས་སུན་འབྱིན་པ་ དང་ལན་སྨྲ་བས་དབུ་མ་པ་ལ་རྣམ་པ་ཐམས་ཅད་དུ་གླགས་མི་རྙེད་དོ། །ཞེས་གསུངས་སོ། །

     འདི་འདྲའི་རིགས་པ་དག་ལ་བློ་གཏད་བཅོལ་ན་གནས་ལུགས་ཙམ་དུ་མ་ཟད་ཀྱི། སངས་རྒྱས་ཀྱི་སྐུ་ལས་འོད་འཕྲོ་བ་དང་། ཀུན་དགའ་བོས་མཚན་ལ་མར་མེ་སྦར་བའི་མདོ་ཡི་ལོ་རྒྱུས་དང་། སོར་མོའི་ཕྲེང་བ་ཅན་གྱིས་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པའི་མཐར། བཅོམ་ལྡན་འདས་ཀྱི་སློབ་མའི་གཙོ་བོར་གྱུར་ཏེ། རལ་གྲི་ཁྲག་ཅན་དྲུང་དུ་བོར་ནས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་འཕགས་པའི་ལམ་མངོན་དུ་ བྱས་པ་འདི་དག་ཀྱང་རིགས་པ་ལས་བརྒལ་བའི་རྣམ་གཞག་ཤ་སྟག་ཏུ་འདུག་པས་སུ་ཞིག་གིས་ཡིད་པར་ནུས། ལུགས་འདི་དག་མདོར་བསྡུས་ན་ཕལ་པའི་བསམ་ཚུལ་གྱིས་འཕགས་པའི་རིགས་པ་ལ་གནོད་པར་འདོད་པའི་ལུགས་ཡིན་འདུག་པས་ཐར་པ་འདོད་པ་རྣམས་ཀྱིས་སྤང་བར་བྱ་བའི་འོས་ཡིན་ནོ། །

རླན་གཤེར་ཕོར་གང་ལ་རིགས་དྲུག་གིས་བལྟས་ཚེ་མ་མཐུན་པའི་རྒྱུ་མཚན་གྱིས་ཆ་ཤས་དྲུག་ཏུ་ཕྱེ་བ་སོགས་མཛད་ཀྱང་། སངས་རྒྱས་དང་སེམས་ཅན་གཉིས་ཀྱི་བུམ་པ་མཐོང་ཚུལ་འདྲ་བར་འདོད་པ་འདི་ཤིན་ཏུ་ངོ་མཚར་ཆེ། ཆོས་ཅན་མཐུན་སྣང་བ་མེད་པའི་གོ་ལུགས་མཐར་ཐུག་ནི། སྟོང་ཉིད་མ་རྟོགས་པས་གཟུགས་བདེན་གྲུབ་ཏུ་མ་དམིགས་ཕྱིན་གཟུགས་དམིགས་པའི་ཐབས་མེད་པས་གཟུགས་དམིགས་པའི་ཚེ་ན་བདེན་གྲུབ་ཏུ་དམིགས་པ་ལས་འོས་མ་མཆིས་པས། གཟུགས་ཆོས་ཅན། དེ་ན་མེད་ཡི་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བསྒྲུབས་ཀྱང་། ཆོས་ཅན་དེ་ཉིད་མ་གྲུབ་པ་ཡིན་ལ། གཟུགས་མ་དམིགས་པའི་ཚེ་ན་སྦྱིར་བ་འགོད་པའི་གཞི་མེད་ཅིང་། གཞན་གྱིས་ཁས་བླངས་པ་ཙམ་ཞིག་ཐལ་འགྱུར་འཕེན་པའི་གཞི་ཡོད་པ་ཡིན་ནོ། ། དེས་ན་འཕགས་པ་མཁྱེན་རབ་ཀྱི་བདག་ཉིད་ཅན་རྣམས་དང་། འཇིག་རྟེན་པའི་སྨྱོན་པ་རྣམས་བཀའ་མོལ་བྱེད་པ་ན། སྨྱོན་པས་ཡིན་ཟེར་བ་དེ་འཕགས་པར་རང་ལུགས་སུ་ཡིན་གསུངས་པ་མིན་གྱི། ཁྱོད་ཀྱི་དེ་ཡིན་ནཁྱོད་ཀྱི་ཡིན་ཟེར་བ་གཞན་པ་དེ་མིན་པར་འགྱུར་རོ་ཞེས་ཐལ་འགྱུར་གྱི་སྒོ་ནས་སྟོན་པ་ཡིན་ཞིང་། དེའི་ཕྱིར་མཐུན་སྣང་མེད་པའི་གཏན་ཚིགས་འདིར་ཚིག་ཙམ་ཞིག་གི་སྒོ་ནས་ཕན་ཚུན་བརྡ་འཕྲོད་པ་ཡིན་ལ། ཀུན་རྫོབ་ཀྱི་རྣམ་གཞག་ཀྱང་ཚིག་ཙམ་ཞིག་གི་སྒོ་ནས་བཞག་པ་ཡིན་ཞིང་། སྨྱོན་པའི་རྣམ་གཞག་ཀྱང་སྨྱོན་པས་བཞག་པ་ཡིན་པས་རྣམ་གཞག་དེ་ཀུན་རང་ས་ན་བདེན་པ་ཡིན་པ་བདེན་མོད་ཀྱང་། སྨྱོན་པའི་གསེར་དེ་རང་ཅག་གི་རྡོ་ཡིན་སྲིད་པས། རང་ཅག་གི་ཡོད་པ་དེ་འཕགས་པས་མེད་པ་ཡིན་སྲིད་ལ། ཤེས་བྱ་མཐུན་སྣང་བ་ཞིག་སེམས་ཀྱི་རྣམ་པ་ཤིན་ཏུ་ཐ་དད་གྱུར་པའི་སྐྱེས་བུ་དག་ གི་བར་དུ་ཡོད་པ་མ་ཡིན་ལ། ཇི་སྲིདད་འཇིག་རྟེན་གྱི་སྣང་བ་ལ་ངོ་སྲིང་བའི་བར་དེ་སྲིད་དུ་མཐོང་ལམ་ཐོབ་ཏུ་ ཟིན་ཀྱང་ཕལ་པའི་ལུགས་སུ་སྡོད་པ་ལས་འོས་མེད་ལ། ཡུལ་གྱི་ནུས་པའམ་ཤེས་བྱའི་སྒྲིབ་པ་ཇི་ཙམ་ཆུང་དུ་སོང་བ་དེ་ཙམ་དུ་ཡུལ་གྱི་ སྦུབས་ལས་གྲོལ་བའི་རྣམ་པ་ཤེས་པ་ཕྱི་རོལ་གྱི་ཡུལ་ལ་འཇིགས་སྐྲུག་ཇེ་ཉུང་དུ་གྱུར་ནས་མཐར་ཤེས་བྱེད་རང་ཉིད་དང་རོ་གཅིག་པའི་ཤེས་བྱ་དང་འདྲེས་ཏེ་ཟུང་འཇུག་གི་སྐུ་ཐོབ་པ་ཡིན་ནོ། །

གྲངས་མེད་གསུམ་དུ་ཚོགས་བསགས་ནས་ད་དུང་ཡང་སོ་སྐྱེ་དང་མཐུན་པའི་སྣང་བ་ཞིག་ཡོད་ན་ གསེར་དངུལ་དང་རིན་པོ་ཆེ་འདི་དག་ལ་སྙིང་པོ་བྱེད་དགོས་པ་ལས་སངས་རྒྱས་ཀྱི་གོ་ འཕང་སྒྲུབ་དགོས་པའི་དོན་ཅི་ལ་ཡོད། ཉོན་མོངས་པའི་སྒྲིབ་པ་སྦྱོང་བའི་དགོས་པ་མཐར་ཐུག་ནི་ཤེས་བྱའི་སྒྲིབ་པ་སྦྱོང་བའི་ཆེད་དུ་ཡིན་ལ། གནས་ལུགས་མཐར་ཐུག་མི་མཐོང་བའི་སྒྲིབ་པའི་ཡོལ་བ་གཉིས་ལས་ཡུལ་ཅན་གྱི་ཡོལ་བ་སྔར་ཟད་ནས། ཡུལ་གྱི་ཡོལ་བའམ་ཤེས་བྱའི་ཡོལ་བའམ་ཤེས་སྒྲིབ་བྱ་བ་དེ། སྟག་ཚང་པས་བཞེས་པའི་ལུས་སྒྲིབ་ཕྲ་མོ་དེ་མ་སྤོང་གི་བར་དུ་ནམ་ཡང་སྤོང་བའི་གོ་སྐབས་ཡོད་པ་མ་ཡིན་ནོ། །

    དོན་བསྡུས་ན་དབུ་མ་པ་ཡིན་ན་རང་ལུགས་བྱ་བ་མི་རིགས་ཏེ་ཞེས་གསུངས་པ་དེ་དབུ་མ་པ་ཡིན་ན་རང་གི་བསམ་པས་འདོད་ཚུལ་དེ་བྱ་བ་མི་རིགས་བྱ་བའི་དོན་ཡིན། ལར་ཀུན་བརྟགས་ཀྱི་བདེན་འཛིན་དང་གྲུབ་མཐས་སྒྲོ་བཏགས་པའི་བདག་འཛིན་བདེན་འཛིན་རྣམས་ཞིབ་ཏུ་བསམ་ཚེ་ཕལ་པའི་དུས་ཀྱི་བདག་གི་བསམ་མནོ་བཏང་ཚུལ་གཞན་ཞིག་ཏུ་ཁྲིད་པའི་སྒོར་སྣང་བས་ཁོ་བོ་ནི་ཀུན་བརྟགས་ཀྱིབ་དནེ་འཛིན་བྱ་བ་འདི་ཀུན་ཐར་པ་ཁའི་ལམ་དུ་འཁྲིད་པའི་ཐེམ་སྐས་ཀྱི་རིམ་པ་འོག་མ་ལྟ་བུ་ཞིག་མིན་ནམ་སྙམ། རྒྱུལ་བའི་བསྟན་ལས་ཕྱིར་ཕྱོགས་ནས་ཡུན་རིང་དུ་ངལ་བ་བསྟེན་ཀྱང་སྐྱོན་རྣམས་ཕྱིར་ཞིང་འཕེལ་ཏེ་བདག་ཏུ་ལྟ་བ་ཇེ་བརྟན་དུ་བཏང་བར་གསུངས་པ་ལྟར་ན། རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་རྣམ་པ་དག་པའི་རང་བཞིན་ངའོ་སྙམ་དུ་ང་རྒྱལ་བྱེད་པའི་ལམ་འདིས་ཀྱང་བདག་ཏུ་ལྟ་བ་ཇེ་བརྟན་དུ་བཏང་མ་གཏོགས་འོས་ཅི་ཡོད། དེས་ན་སྔར་གྱི་ཕལ་པའི་བསམ་ཚུལ་དང་མི་མཐུན་པའི་བདག་ཞིག་ལ་བདག་ཏུ་ཞེན་པ། དེ་ནས་བཟུང་ཁྱབ་བདག་གི་རང་ཞལ་མཇལ་བའི་སྒོ་མོ་ཕྱེ་བ་ཡིན་ནོ་སྙམ།ང་རྒྱལ་འཇོག་ལུགས་ཀྱང་རྗེའི་གསུངས་རིགས་ལས་བདག་འཛིན་གྱི་ཡུལ་གང་དུ་ཞེན་པའི་ང་དེ་ཉིད་ལ་བྱེད་པར་གསུངས་སོ། །

     འདི་དེ་ཡིན། འདི་ཡིན་ན་དེ་ཡིན་དགོས། དེའི་ཕྱིར་འདི་དེ་ཡིན་ནོ་བྱ་བ་འདི་ཚུལ་གསུམ་གྱི་རིགས་པ་ཡིན། རིགས་པ་འདི་འདྲ་འཇིག་རྟེན་ཕལ་པའི་རྔོན་པ་དག་ལ་གྲུབ་པའི་རིགས་པ་དེ་ཉིད་ཡིན་པར་འདུག་པས་འདི་འདྲ་ལ་ཀུན་རྫོབ་དཔྱོད་པའི་ཚད་མ་ཞེས་རྩིས་སུ་བྱེད་པ་ཡ་ཆ།གལ་ཏེ་སོ་སྐྱེའི་ཚད་མ་ལ་རྩིས་སུ་བྱེད་ན། དངོས་པོ་བདེན་པར་འཛིན་པ་དང་། བུད་མེད་གཙང་བར་འཛིན་པ་སོགས་ལ་ཚད་མ་བྱེད་དགོས་ཀྱི། གང་དུ་འཇིག་རྟེན་གྱི་བློ་གོམས་ཤུགས་ཆེ་བའི་སྣང་བ་དེ་དག་ལ་ཚད་མ་མི་བྱེད་པར། དེ་དག་གི་སྟེང་དུ་བསྒྲུབས་པའི་རྟོག་གེའི་རིགས་པ་ལ་ཚད་མ་བྱ་བའི་དོན་ཅི་ལ་ཡོད། སཾ་བྲཾ་ཏི་བྱ་བ་ནི་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཀུན་རྫོབ་བྱ་བའི་ཆོས་སྐད་དུ་བསྒྱུར་ལ། དོན་ཡང་དག་པ་སྒྲིབ་པའམ་ཐམས་ཅད་དུ་མགོ་འཁོར་བ་སྟེ་དོན་ལ་འཁྲུལ་པ་བྱ་བ་ཡིན་པས། ཀུན་རྫོབ་གྱི་བདེན་པ་བྱ་བ་ཡང་འཁྲུལ་བའི་བདེན་པ་བྱ་བར་གོ་དགོས། ། རྣམ་པ་བདུན་གྱིས་དཔྱད་པས་ཤིང་རྟ་མ་ཁེགས་ན་ལམ་ལྔ་ཡི་གོམས་པས་ཤེས་ཉོན་གྱི་སྒྲིབ་པ་ཡང་ཁེགས་པར་ག་ལ་ནུས། དེས་ན་ལུགས་འདི་ལྟར་བྱས་ཚེ་དོན་དམ་པའི་འདོད་ཆགས་སྤང་བྱ་ཡིན་ཀྱང་འདོད་ཆགས་སྤང་བྱ་མ་ཡིན། དོན་དམ་པའི་གཏི་མུག་སྤང་བྱ་ཡིན་ཀྱང་གཏི་མུག་སྤང་བྱ་མ་ཡིན་སོགས་རིགས་པ་ཕྲ་མོའི་འཇོག་མཚམས་མང་དུ་དགོས་པར་སྣང་།  བློས་མཐོང་བ་དང་མ་མཐོང་བའི་ཕྱོགས་གཉིས་ཀྱི་རྣམ་གཞག་ཐམས་ཅད་གཅིག་ཏུ་བསྲེ་བ་འདིའི་ དོན་བསྡུས་ན། ཀུན་རྫོབ་ཀྱི་བདེན་པ་བྱ་བའི་ཐ་སྙད་ཙམ་ཡང་མ་གོ་བ་ཡིན་པས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་ བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གཏི་མུག་རང་བཞིན་སྒྲིབ་ཕྱིར་བྱ་བ་དང་། དེའི་བཅོས་མ་བྱ་བ་དང་། བཅོས་པ་དེ་ཀུན་རྫོབ་བདེན་པར་ཐུབ་པས་གསུངས་བྱ་བའི་ཚིག་འདི་དག་ལས་ཁུངས་གསལ་བ་གཞན་ཅི་ཞིག་དགོས།ཚད་མ་དང་རིགས་པ་བྱ་བའི་གྲགས་པ་ཅན་དེ་དོན་ལ་མི་ཤེས་པའི་བློ་གཉིས་ཀྱི་བར་དུ་ཚུད་པའི་ཤེས་པའི་བློ་ཕྲ་མོ་ཙམ་ལ་ཟེར་བར་སྣང་། དོན་དམ་དུ་མེད་པས་མེད་པའི་གོ་མི་ཆོད་ཅིང་། ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་བྱ་བའི་ལུགས་འིད་ལྟར་ན། འཕགས་པའི་རིགས་ཤེས་ཀྱི་ངོར་ཡོད་པས་ཡོད་པའི་གོ་མི་ཆོད་ཀྱང་། འཇིག་རྟེན་འཁྲུལ་སྣང་གི་ངོར་མེད་པས་མེད་པའི་གོ་ཆོད་ཅེས་གོ་ལྡོག་ནས་བཤད་ན་ཡང་འགལ་བ་མེད་པར་སེམས།དེ་ལྟར་ན་སྒྱུ་མའི་རྟ་གླང་རྟ་གླང་ཡིན་པ་ཡང་མཁས་པས་མ་རྙེད་པས་མེད་པའི་གོ་མ་ཆོད་ཀྱང་བླུན་པོ་དག་གིས་རྙེད་པས་ཡོད་པའི་གོ་ཆོད་པ་ཡིན་ནོ། །

     བློས་ཇི་ཙམ་རྙེད་པ་ཀུན་རྫོབ་བདེན་པ་དང་ཇི་སྙེད་པ་ཞེས་ཐ་སྙད་མཛད་ཅིང་། དེས་ན་ཇི་སྙེད་པ་བྱ་བ་ནི་ཤིན་ཏུ་སྟོབས་ཆུང་བའི་སོ་སྐྱེའི་རྣམ་རྟོག་འདིས་ཇི་ཙམ་ཞིག་རྙེད་པ་བྱ་བའི་དོན་དུ་སྣང་ཞིང་། དེས་ཇི་ཙམ་རྙེད་པ་ནི་རགས་བསྡུས་སུ་དཔྱད་ན། སྲིད་པའི་རྩེ་མོ་ནས་ན་རག་དམྱལ་བ་ཡན་ཆད་དང་། ཤར་རིའི་རྩེ་ནས་ནུབ་རིའི་བར་གྱི་ནམ་མཁའ་རྙེད་པ་འདི་ཙམ་ཞིག་ཏུ་འདུས་འདུག་པས་ དོན་ལ་སོ་སྐྱེ་ཡིས་གང་རྙེད་པ་ཐམས་ཅད་སངས་རྒྱས་ཀྱིས་རྙེད་པ་ལ་ཇི་སྲིད་པའི་ཡེ་ཤེས་ཞེས་གསུངས་པར་སྣང་། འོན་ཀྱང་ཇི་སྙེད་པ་དེ་ནི་རྒྱུས་ཡོད་པའི་སྒྱེད་རྡོ་འོག་ནས་གསེར་རྙེད་པ་འདྲ་བར་ རྙེད་ཀྱང་རྙེད་པའི་དངོས་པོ་དེ་ཅི་ཡིན་མ་ཤེས་པ་ལ་གཞན་ཞིག་གིས་འདི་གསེར་ཡིན་ནོ་ཞེས་ངོ་སྤྲད་པ་བཞིན་རང་ཅག་གིས་རྙེད་པའི་འཁོར་བའི་ཆོས་འདི་ཀུན་སྤྲོས་བྲལ་དུ་གཟིགས་པ་དེ་ཇི་ལྟ་བ་གཟིགས་པ་ཡིན། འདི་ལྟར་བསམ་ཚེ་རྙིང་མ་བ་རྣམས་ཀྱིས་ཡེ་གྲོལ་ཀུན་ཏུ་བཟང་པོའི་རྣམ་གཞག་བཤད་པ་དེལ་ཡང་དད་པ་ཅུང་ཟད་རེ་སྐྱེ་དགོས་པར་སྣང་།ལྟོས་ པའི་རིགས་པ་ནི། རང་རྒྱུད་ཀྱི་རྗེས་སུ་དཔག་པའོ། །བྱ་བ་བྱེད་པའི་རིག་པ་ནི། གོ་ཆོད་པའི་རིགས་པ་སྟེ་ཐལ་འགྱུར་གྱི་རིགས་པ་རྣམས་སོ། །འཐད་པར་བསྒྲུབ་པའི་རིགས་པ་ནི་རྟགས་ཆོས་མཐུན་སྣང་བའི་སྒོ་ནས་ཚོལ་བའོ། །ཆོས་ཉིད་ཀྱི་རིགས་པ་ནི། རྟོག་གེ་མ་ཡིན་པའི་རིགས་པས་རྙེད་པའོ། །

     ཐམས་ཅད་བྱ་བའི་ཐམས་ཅད་དེ་བློ་ཡི་ཡུལ་དུ་ཤར་ཐུབ་པ་ཐམས་ཅད་ལ་བྱ་སྟེ་དེ་ཐམས་ཅད་མེད་པར་ལྟ་བ་དེ་བློའི་ཡུལ་མེད་པར་ལྟ་བ་ཡིན་པས་སྐུར་འདེབས་སུ་འགྱུར་ན་སྐུར་འདེབས་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་མེད་པར་ལྟ་བ་ཡིན་པས་ཡུལ་དང་གནས་མེད་པའི་དམ་ཆོས་ཟབ་མོ་འདི་བསྐལ་བ་བརྒྱ་ཕྲག་གིས་ཚོགས་བསགས་ནས་རྟོགས་པ་ལས། དེ་འདྲ་རྟོགས་ན་ཆད་ལྟར་ལྷུང་བའི་སེམས་ཁྲལ་ཅུང་ཟད་ཀྱང་ག་ལ་དགོས། བློ་དང་ཡུལ་གཉིས་ཀ་རིམ་བཞིན་དུ་བརྗེས་ནས་སངས་རྒྱས་ཀྱི་སར་སླེབས་པ་ཡིན་གྱི། ཀུན་རྫོབ་ཀྱི་ས་རྡོ་རི་བྲག་ལ་ཅི་ཙམ་རྩིས་སུ་བྱེད་པ་དེ་སྲིད་དུ་བུད་མེད་དང་ཤ་ཆང་སོགས་ལའང་རྩིས་སུ་བྱེད་དགོས་པས་རྣམ་གཞག་འདི་ལས་འདའ་ས་མེད་པས། རྣམ་གཞག་འདི་འཁོར་བ་ཐོག་མ་མེད་པ་ནས་ཐམས་ཅད་ཀྱིས་ཤེས་པ་ལས། དེའི་སྟེང་དུ་རིགས་པའི་སྒྲུབ་བྱེད་སྣོན་པ་དགོས་པའི་རྒྱུ་མཚན་ཅི་ལ་ཡོད། སྟག་གི་ཆུང་མའི་མཛེས་མ་དེ་རང་ཅག་གིས་མི་ཤེས་པས་རང་ཅག་གིས་སྟག་གི་ཆུང་མ་ལ་ཆགས་པ་མི་སྐྱེ། མིའི་བུ་མོའི་མཛས་སྡུག་དེ་སྟག་གིས་མི་ཤེས་པས་སྟག་གིས་མི་མོ་ལ་འདོད་པ་མི་སྐྱེ་བ་འདི་རྩ་བ་མཐར་གཏུགས་ན། སྟག་ལ་གྲུབ་པའི་ཚུལ་གསུམ་དེ་རང་རེ་ལ་མ་གྲུབ། རང་ཅག་ལ་གྲུབ་པའི་ཚུལ་གསུམ་དེ་སྟག་ལ་མ་གྲུབ་པ་འདི་ཁོ་ནར་འདུག་པས། ཚུལ་གསུམ་གྱི་རིགས་པ་བྱ་བ་འདི་དུད་འགྲོ་དང་མིའི་བར་ན་ཡང་མེད་པར་སྣང་ན། འོག་མིན་མན་ཆད་དང་མནར་མེད་ཡན་ཆད་དུ་ཡོད་པ་ཡ་ཆ། ཐོག་མེད་ནས་འབྲངས་ཀྱང་རེས་འགའ་དམྱལ་བའི་མེ། རེས་འགའ་ལྷའི་བདུད་རྩི། རེས་འགའ་མིའི་ཆུ་དང་། ཡི་དྭགས་ཀྱི་རྣག་ཁྲག་ལ་སོགས་པ་སྐྱེ་བ་རེ་རེ་བརྗེ་དུས་རྣམ་པ་རེ་རེ་བརྗེ་བས་སྣང་བ་འདི་དག་ཀྱང་རང་རང་སོ་སོ་ལ་བརྡ་སྤྲོད་མི་དགོས་པར་ཆུ་དང་རྣག་སོགས་སུ་ངོས་འཛིན་དགོས་ན། ཐོག་མེད་ནས་ནམ་ཡང་བརྗེ་ལེན་མེད་པར་སེམས་དང་ལྷན་ཅིག་དུ་འབྲང་བའི་མ་རིག་པའི་ ཡུལ་དགག་བྱ་བདེན་གྲུབ་བྱ་བ་ཞིག་གསར་དུ་འབད་པས་ངོས་འཛིན་དགོས་པ་འདི་ཡང་ངོ་མཚར། བུམ་པ་མེད། ཀ་བ་མེད་སོགས་འཇིག་རྟེན་ཡོངས་གྲགས་ཀྱི་སྣང་བ་དང་འགལ་བ་ཡིན་པས་ཆད་ལྟ་ཡིན་ནོ་ཞེས་བཤད་ན། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་མཐུན་སྣང་དུ་གྱུར་བའི་བདེན་གྲུབ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཆད་ལྟ་ཀུན་གྱི་མཐར་ཐུག་ཏུ་མི་འགྱུར་རམ།འཇིག་རྟེན་གྱི་བློ་ལ་འདྲེས་ཆེ་ཤོས་བདེན་འཛིན་ལས་གཞན་མེད་པས་འཕགས་པ་ལྷས། གང་ཚེ་ཐ་མལ་འདུག་པ་ནའང་། །ཉོན་མོངས་སྦྲུལ་གྱིས་ཟིན་པར་འགྱུར། །ཞེས་གསུངས་ལ། ཡུལ་ཅན་ངོ་ཤེས་ནས་ཡུལ་ད་དུང་འཚོལ་དགོས་པ་སུ་ཡང་མེད་པས་ཐོག་མ་མེད་པ་ནས་འདྲེས་པའི་བདག་འཛིན་གྱི་ཡུལ་གསར་དུ་འཚོལ་དགོས་པའི་དོན་ཅི་ལ་ཡོད།

  སྤྱི་གཙོ་བོ་འདོད་པ་དག་གིས་ནི་སྤྱི་གཙོ་བོ་བདེན་གྲུབ་དུ་ཁས་ལེན། སྐྱེ་བ་སྔ་ཕྱི་མེད་པར་འདོད་པ་དག་གིས་ནི་མེད་པ་དེ་ཉིད་བདེན་གྲུབ་ཏུ་ཁས་ལེན་པ་ཡིན་ཀྱང་། རི་བོང་རྭ་བདེན་མེད་ལ་སྟོང་གཞི་ཆོས་ཅན་མེད་པའི་སྟོང་ཉིད་མ་ཡིན་ཟེར་བ་འདིའི་ལུགས་ལྟར་ན། ཆོས་ཐམས་ཅད་ཟུར་དུ་ཕྱེ། མེད་པ་ཐམས་ཅད་ཟུར་དུ་ཕྱེ་ནས། བདེན་སྟོང་སྒྲུབ་པ་ལས་འོས་གཞན་མེད་པས་སངས་རྒྱས་མ་ཐོབ་བར་དུ་སྟོང་ཉིད་རྟོགས་མི་ནུས་པ་ཡིན་ནོ། སྟོང་གཞི་ཆོས་ཅན་མེད་པར་དེའི་སྟེང་གི་སྟོང་ཉིད་འཇོག་མི་ཤེས་ཟེར་བ་ནི་བུམ་པ་མེད་པར། བུམ་པའི་ནང་གི་ཆུ་འཇོག་མི་ཤེས་པའི་གོ་བ་ཙམ་ཡིན།གལ་ སྲིད་ཁྱེད་ཅན་གི་ལུགས་ལ་བདེན་མེད་རིགས་པས་བསྒྲུབས་པ་ལ། སྟོང་གཞི་ཆོས་ཅན་ངེས་པར་དགོས་ན། བདེན་པ་སྟོང་གཞི་དང་། མེད་པ་དེ་སྟོང་ཉིད་དུ་བྱས་ན་ཅི་ལ་མི་འགྲིགས། དེ་བཞིན་རང་བཞིན་མེད་པ་བྱ་བའི་རང་བཞིན་དེ་སྟོང་གཞི་དང་། མེད་པ་བྱ་བ་དེ་སྟོང་ཉིད་དུ་བྱས་ན་ཡང་རུང་། བདེན་པ་དང་རང་བཞིན་ཉིད་སྟོང་པ་བྱས་པའམ། རིགས་པི་དགག་བྱ་ཡིན་གྱི་དགག་པའི་གཞི་མ་ཡིན་ནོ་སྙམ་པ་ནི། བུམ་པའི་སྟེང་དུ་བདེན་གྲུབ་གྱི་དྲི་མ་ཞིག་ཡོད་པ་དེ་རིགས་ཚོགས་ཀྱི་ལྟ་བའི་ ཆུ་ཡིས་བཀྲུས་ནས་གཙང་དུ་བཏང་བ་བུད་མེད་མཛེས་མའི་ཁྲུས་བྱེད་པ་དང་འདྲ་བར། བདེན་གྲུབ་ཀྱི་བཞིན་རས་གསལ་དུ་བཏང་བ་ཙམ་ལས་གཞན་ཅི་ཡང་མ་ཡིན་ནོ། །

     རི་བོང་རྭ་བདེན་མེད་ལ་སྟོང་གཞི་མེད་པས་སྟོང་ཉིད་ཀྱི་ཁོངས་སུ་མ་ཚུད། བུམ་པ་བདེན་མེད་ལ་སྟོང་གཞི་ཡོད་པས་སྟོང་ཉིད་ཀྱི་ཁོངས་སུ་འདུག་པ་ཟེར་བ་ འདིའི་རིགས་ལ། རི་བོང་རྭ་ལ་རྩེ་མོ་མེད་བྱ་བ་འདི་སྟོང་གཞི་རྩ་བ་མེད་པས་མེད་དགག་གི་ཁོངས་སུ་མི་འདུ། གཡག་གི་རྭ་ལ་རྩེ་མོ་མེད་བྱ་བ་འདི་སྟོང་གཞི་རྩ་བ་དང་དགག་བྱ་རྩེ་མོ་དང་། དེས་སྟོང་བའི་ཆ་མེད་དགག་ཡིན་ཅེས་དཔྱད་པ་དང་ཁྱད་ཅི་ཡང་མི་འདུག་པས། དོན་ལ་མེད་པ་ཐམས་ཅད་རྟེན་པའི་གཞི་ལ་ཡོད་པ་ཞིག་འཇོག་དགོས་པ་དང་། ཡོད་པ་ཞིག་མེད་པར་གྱུར་བ་ལ་མེད་པ་ཞེས་འདོགས་པའི་གྲུབ་མཐའི་ལུགས་སུ་སྣང་ཞིང་། འཕགས་པ་ལྷས། སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ལྟ་བར་འགྱུར། །གསུངས་པ་དེ་ཀའོ། །  བདེན་འཛིན་ཐོག་མ་མེད་པ་ནས་ཡོད་ཅིང་། བདེན་གྲུབ་ཐོག་མ་མེད་པ་ནས་མེད་པ་དེ་གཉིས་ཁ་སྦྱོར་ཟུང་འཇུག་ཏུ་གྱུར་བ་དེ་ཡང་ཅི་ཡིན། ཐེག་ཆེན་ལམ་ཞུགས་དང་། ཐེག་ཆེན་གྲུབ་མཐའ་སྨྲ་བའི་ཀྱད་པར་དང་། དེ་བཞིན་བྱེ་བྲག་སྨྲ་བ་དང་བྱང་ཆུབ་སེམས་བསྐྱེད་གཞི་མཐུན་འདོད་པ་སོགས་ཤིན་ཏུ་ངོ་མཚར་ཆེ་སྟེ། ཁོང་ཚོའི་སེམས་ལ་སེམས་བསྐྱེད་མཚན་ཉིད་པ་ཞིག་སྐྱེ་ཕྱིན་ཐེག་ཆེན་ལམ་ལུགས་སུ་འགྱུར་ཡང་། གྲུབ་མཐའ་ནི་བཞི་པོ་གང་ཡིན་ཀྱང་ཁྱད་པར་མི་འདུག་སྙམ་པ་བྱུང་འདུག་ལ། ས་བཅུ། ཡེ་ཤེས་ལྔ། སྐུ་གསུམ་སོགས་ཀྱི་རྣམ་གཞག་ད་དུང་ཁས་མི་ལེན་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐར་ཐུག་གི་གོ་འཕང་ཐོབ་པར་བྱ་སྙམ་པ་ཙམ་ཞིག་གིས་བྱང་ཆུབ་སེམས་དཔར་ག་ལ་འགྱུར། གྲངས་ཅན་པ་སོགས་ཀྱང་རང་གཞན་གྱི་དོན་དུ་མཐར་ཐུག་གི་གོ་འཕང་འདོད་པ་ཤ་སྟག་ཡིན་མོད། གཞི་ལམ་འབྲས་བུའི་རྣམ་གཞག་ནོར་བའི་དབང་གིས་ཁོང་ཚོས་བཤད་པའི་ལམ་དེ་ཡོངས་སུ་མ་དག་པ་ཡིན་ཞེས་སྨྲས་པ་མ་ཡིན་ནམ། ཡིན་ན་བྱེ་བྲག་སྨྲ་བའི་བྱང་ཆུབ་སེམས་དཔའ་དེས་ཀྱང་མཐར་ཐུག་ཐེག་གསུམ་དགྲ་བཅོམ་བེམ་རིག་རྒྱུན་ཆད་སོགས་བྱེ་སྨྲའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་ཀུན་ལ་ཁ་ ཞེ་གཉིས་ཀ་ནས་ཡིད་ཆེས་ཡོད་པའི་ཁོ་རང་གིས་གང་དོན་དུ་གཉེར་བའི་སངས་རྒྱས་དེ་ཡང་ཐེག་ཆེན་པས་གཞལ་ན་སངས་རྒྱས་ངོ་ཐོག་དེ་མིན་པར་འདུག་པས། དེས་གོ་འཕང་གང་འདོད་དོན་དུ་གཉེར་བའི་བློ་དེ་ཡང་ཐེག་ཆེན་སེམས་བསྐྱེད་དུ་ག་ལ་འགྱུར། བྱེ་སྨྲ་རྣམས་ཀྱིས་སངས་རྒྱུས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་འདོད། དེ་ཡང་བྱེ་སྨྲ་རང་གི་གྲུབ་མཐའ་བཤད་པའི་གཞི་ལམ་འབྲས་བུའི་རྣམ་གཞག་དེ་ལ་བརྟེན་ནས་བསྒྲུབ་པར་འདོད་པ་ཡིན་ལ། གྲུབ་མཐའ་གོང་མ་དག་གིས་རྣམ་གཞག་དེ་ཀུན་ཕལ་ཆེར་ནོར་བར་མཐོང་བས། དང་པོ་ནས་ལམ་ནོར་བའི་གང་ཟག་ལ་མཐར་ཐུག་གི་འབྲས་བུ་རེ་བ་དེ་ཡང་རྫུན་དུ་མ་སོང་བ་ག་ལ་སྲིད། ཐག་ཁྲ་སྦྲུལ་དུ་སྣང་ནས་འཇིགས་པ་ན། དེ་སྦྲུལ་མ་ཡིན་ནོ་ཞེས་ངོ་སྤྲོད་པ་ཙས་གྱིས་ད་དུང་སྡར་མ་རྣམས་ལ་སྦྲུལ་དུ་སྣང་བ་དང་རྗེས་སུ་འབྲེལ་བའི་འཇིགས་སྐྲག་རྩ་བ་ནས་སྤང་བ་མེད་ལ། འདི་ལ་དགོསངས་ནས་ཞི་བ་ལྷས། གང་ཚེ་སྒྱུ་མའི་བུ་མོ་ལ། །དེ་བྱེད་ཉིད་ཀྱང་ཆགས་སྐྱེས་འགྱུར། །ཞེས་སྒྱུ་མ་མཁན་རང་གིས་སྤྲུལ་པའི་བུད་མེད་ལ་བུད་མེད་མིན་པར་ངོ་ཤེས་ཀྱང་ཆགས་པ་སྐྱེ་བ་བཞིན་དུ་རང་གིས་སྤྲུལ་བའི་སྟག་ལ་ཡང་སྟག་མིན་པར་རྟོགས་ཀྱང་འཇིགས་པ་སྐྱེ་བར་སྨྲ་དགོས། དེས་ན་སྡར་མ་ལ་ཐག་ཁྲ་སྦྲུལ་མཐོང་གི་འཇིགས་པ་དེ་སེལ་བའི་ཐབས་དམ་པ་ནི་དཔའ་བོ་ཞིག་གིས་ཐག་ཁྲ་དེ་ཉིད་ཁང་པའི་ཕྱི་རོལ་དུ་འདོར་བས། འཁྲུལ་གཞི་ཐག་ཁྲ་དང་། འཁྲུལ་སྣང་སྦྲུལ་གཉིས་རྗེས་མེད་དུ་སོང་བ་དེ་ཡིན་གྱི་འདི་སྦྲུལ་མིན་ནོ་ཞེས་ཐག་ཁྲ་ཁོ་ཡི་མདུན་དུ་ཁྱེར་ན་སྔར་ལས་ཀྱང་འཇིཊ་སྐྲག་སྐྱེ་བ་ནི་ཐེ་ཚོམ་མེད།  འཇའ་ཚོན་དང་གཟུགས་བརྙན་སོགས་ལག་པས་འཛིན་རྒྱུ་ཡོད་པ་ལྟར་མཐོང་ཡང་དོན་ལ་དེ་ལྟར་མ་ཡིན་པར་ཐོགས་རྡུག་དང་འབྲེལ་བར་ཤེས་པའི་འཛིན་ལུགས་འདི་ཀླུ་སྒྲུབ་ཀྱི་གཞུང་ ནས་བཤད་པའི་སྒྱུ་མ་ལྟ་བུའི་འཛིན་ལུགས་ཀྱི་ཕྱོགས་ཙམ་ཡང་མ་ཡིན་ན་ཐལ་རང་གི་ སྒོ་ནས་ཀྱང་དངོས་སྨྲ་བ་རྣམས་ལ་སྒྱུ་མ་ལྟ་བུའི་དོན་སྒྲུབ་པར་མི་ནུས་ཏེ། ཀ་བ་ཆོས་ཅན། སྒྱུ་མ་ལྟ་བུ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་འཇའ་ཚོན་བཞིན་ཞེས་འཕངས་ཚེ་ཕ་རོལ་པོའི་བློ་ངོར་འཇའ་ཚོན་སྒྱུ་མ་ལྟ་བུ་ ཤར་ལུགས་དེ་དབུ་མ་པས། སྒྱུ་མའི་སྐུ་འཆར་ལུགས་སུ་གཏན་ནས་སྒོ་མི་མཐུན་པས་འཇའ་ཚོན་མཐུན་དཔེར་བཟུང་བའི་དགོས་པ་ཅི་ཞིག་ཡོད། ཐལ་བའི་རྩེ་མོ་ལ་དགའ་བ་ཆུང་དུ་སོང་ན་བྱིས་པའི་གནས་སྐབས་ཀྱི་བློ་ཤུགས་ཆུང་དུ་སོང་བས་དེ་བསྐྱེད་པ་ལ་འབད་རྩོལ་བསྐྱེད། བུད་མེད་ལ་མ་དགའ་ན། དར་མའི་གནས་སྐབས་ཀྱི་བློ་ཤུགས་ཆུང་དུ་སོང་བས། དེ་བསྐྱེད་པ་ལ་འབད་རྩོལ་བསྐྱེད། ཚོང་དང་ཁང་ཞིང་དངུལ་སོགས་ལ་མ་དགའ་ན་རྒན་པོའི་གནས་སྐབས་ཀྱི་བློ་ཤུགས་ཆུང་དུ་སོང་བས། དེ་བསྐྱེད་པ་ལ་འབད་རྩོལ་བསྐྱེད། དེ་ལྟར་མི་ཚེ་གཅིག་གིས་བསྟན་པ་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཉམས་ལེན་དུ་ འཁྱེར་བ་འདི་དཔལ་ལྡན་ཨ་ཏི་ཤས་ཉམས་ལེན་གྱི་གནད་ཡིན་པར་བཤད་པར་སྣང་སྟེ། ལམ་ལྔ་དང་ས་བཅུའི་རིམ་པར་འབྱེད་པའི་ལུགས་ཡིན་ན། སྦྱོར་ལམ་ཐོབ་པའི་ཚེ། ཚོགས་ལམ་ལ་འབད། ས་བརྒྱད་པ་ཐོབ་པའི་ཚེ་ས་དང་པོ་ལག་འབད། སངས་རྒྱས་ཀྱི་ས་ཐོབ་པའི་ཚེ་ཚོགས་ལམ་ལ་འབད་ནས་སྟུག་པོ་བཀོད་པའི་པདྨའི་གདན་གིཅག་གི་སྟེང་དུ་བསྟན་པ་ཡོངས་རྫོགས་ཉམས་སུ་ལེན་དགོས་པར་སྣང་ངོ་། །

སྨྲས་པ།

ཡོད་མེད་གཉིས་ལས་འདས་པའི་ཡེ་ཤེས་ནི། །

ཀླུ་སྒྲུབ་ཡང་སྲས་དགོངས་པ་ཟབ་མོའི་གནད། །

གངས་ཅན་གསར་རྙིང་དམ་པ་གོང་མ་ཡིས། །

བཞེད་སྲོལ་གཅིག་ཏུ་དྲིལ་བའི་ལེགས་བཤད་འདི། །

ཁོ་བོའི་བླ་མའི་ཐུགས་རྗེའི་དགོངས་ཀློང་ནས། །

མཁྱེན་པའི་ཉི་མ་ཕྱོགས་སུ་འཆར་བའི་ཚེ། །

དམུས་ལོང་ལོག་རྟོག་སྙིང་ལ་གཟན་ན་ཡང་། །

མིག་ལྡན་བློ་ཡི་གེ་སར་འཛུམ་པར་གྱུར། །

ཕྱོགས་དུས་རྒྱལ་བ་ཡོངས་ཀྱི་དགོངས་པའི་བཅུད། །

ལུང་རིགས་མན་ངག་བསྲེག་བཅད་བརྡར་བའི་དབྱིག །

ཆོས་དབྱིངས་བསམ་མི་ཁྱབ་པའི་ས་ལེ་སྦྲམ། །

བདག་གི་སྙིང་ལ་འཆང་བ་སྔོན་གྱི་ལས། །

འོན་ཀྱང་འཇམ་མགོན་བླ་མའི་ཞལ་ཆབ་ཀུན། །

ཆོས་ཀྱི་འཁོར་ལོར་འཁྱིལ་བའི་ལེགས་བཤད་མཚོར། །

མ་རིག་འདམ་གྱིས་རྙོག་པའི་ཆ་མཆིས་ན། །

གཟུར་གནས་བློ་ལྡན་ཚོགས་ལ་སྙིང་ནས་བཤགས། །

འདིར་འབད་ལེགས་བཤད་ཉི་མའི་འོད་ཟེར་ནི། །

དྲན་དབང་བློ་ཡི་པདྨོར་འཆར་བའི་མོད། །

རང་བྱུང་ཡེ་ཤེས་སྦྲང་རྩིའི་ཟིལ་མངར་བཅུད། །

རྣམ་ཀུན་ཞི་བའི་ངོ་བོར་སྨིན་གྱུར་ཅིག །

ཚེ་རབས་ཀུན་ཏུ་བླ་མས་རྗེས་འཛིན་ཞིང་། །

ཆོས་ཉིད་ཟབ་མོ་སྤྲོས་པ་བྲལ་བའི་དབྱིངས། །

མ་ནོར་རང་གིས་ཚུལ་བཞིན་རྟོགས་ནས་ནི། །

རྣམ་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །

རྣམ་དཀར་སྦྱོར་བ་སྟོང་གི་རླུང་ཤུགས་ཀྱིས། །

མེད་སྣང་འཁྲུལ་བའི་རྒྱལ་ཁབ་སྟོན་ཀའི་སྤྲིན། །

ཆོས་དབྱིངས་ནམ་མཁའི་གནས་སུ་རོ་མཉམ་སྟེ། །

སྐུ་གསུམ་རྒྱལ་བའི་ཉི་མ་འཆར་བར་ཤོག །

     ཅེས་པའང་ཨ་མདོ་ཡུལ་གྱི་སྔགས་རིགས་སུ་སྐུ་འཁྲུངས་པ། ཕྱི་ནང་གསར་རྙིང་གི་ཆོས་གང་ལའང་ཆགས་ཐོགས་མེད་པ། མཁས་ཤིང་གྲུབ་པ་བརྙེས་པ། དོན་གྱི་སླད་དུ་མཚན་ནས་སྨོས་ན། མ་ཧཱ་པཎྜི་ཏ་དགེ་འདུན་ཆོས་འཕེལ་གྱི་ཞལ་སྔ་ནས་དབུ་མའི་ཞལ་ཁྲིད་བཀའ་དྲིན་ཐོབ་ སྐབས་ཟིན་བྲིས་ཐར་ཐོར་དུ་ཡོད་པ་ཀུན་རྗེས་སུ་སྤྱན་བསྟན་ཞུས་པར། འཕགས་པ་ཀླུ་སྒྲུབ་ཀྱི་སྐུའི་སྣང་བརྙན་སྨོན་ཚིག་དང་བཅས་གནང་ནས་ཟིན་བྲིས་ཀུན་ ཕྱོགས་གཅིག་ཏུ་བསྡོམས་དགོས་ཞེས་རྗེ་རང་ཉིད་ཀྱིས་འདའ་ཁ་ཞལ་ཆེམས་སྙིང་དུ་བཅང་མུར། བདུད་འཇོམས་རིན་པོ་ཆེ་ནས་ཀྱང་འབྲི་གཞིའི་ཤོག་གུ་བཅས་གནང་ནས། དེ་ལྟར་འབྲི་དགོས་ཞེས་བཀའ་བསྐུལ་བ་ལྡོག་ཏུ་མ་བཟོད་པར། རྗེ་དེའི་སློབ་འབངས་རྨོངས་བརྟུལ་ཤར་ཉག་པ་ཟླ་བ་བཟང་པོར་འབོད་པས། རང་བྱུང་བཅུ་དྲུག་པའི་ལྕགས་ཡོས་རྒྱལ་ཟླའི་ཡར་ཚེས་བཟང་པོར་སུག་ལས་སུ་བགྱིས་པ་འདིས། རང་གཞན་གྱི་སྣང་བ་རིས་སུ་ཆད་པ་འདི་ཀུན་རིས་མེད་ཁྱབ་བདག་རྡོ་རྗེ་འཆང་གི་ཐུགས་ཀློང་དུ་གྲོལ་བའི་རྒྱུར་གྱུར་ཅིག །

སྭསྟི། ལྟ་ངན་དུས་ཀྱི་མུན་རུམ་སྟུག་པོའི་ཁྲོད།

ངེས་དོན་བདུན་རྩིའི་འོད་དཀར་སྤྲོ་བའི་གཉེན། །

ངོ་མཚར་ཀླུ་དབང་གཉིས་པའི་ཟླ་གཞོན་ཞིག །

དྲི་མེད་ཐུབ་བསྟན་མཁའ་ལ་དེང་འདིར་ཤར། །

ཆོས་མིག་རྡུལ་དང་བྲལ་བའི་རྣམ་དཔྱོད་ཀྱིས། །

ཆོས་ཉིད་གཏན་ལ་འབེབས་པ་རྡོ་རྗེའི་ཚིག །

སྔོན་མེད་ལེགས་པར་བཤད་པའི་ཆ་ཤས་རེས། །

སྔོན་དུས་གྲུབ་མཐའི་སྲོག་ཤིང་སློང་བར་བྱས། །

དེ་ཚུལ་མཚོན་བྱེད་ཆོས་ཀྱི་རིང་བསྲེལ་དུ། །

བསྒྲུབ་པའི་བསོད་ནམས་འདི་ལས་ཡིད་ཅན་ཀུན། །

སྲིད་ཞི་སྒྱུ་མའི་གྲོང་ཁྱེར་ལས་འདས་པའི། །

གནས་ལུགས་དབུ་མའི་བདེན་དོན་མངོན་བྱེད་ཤོག །

ཅེས་པའང་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དང་བའི་བློས་ཆེད་དུ་བརྗོད་པ་ཛ་ཡནྟུ། ། ། །སརྦ་མ་ངྒ་ལཾ་བྷ་བནྟུ།། །།


རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6357175
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།