​དགེ་བསྐུལ་ཞུ་ཡིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »​དགེ་བསྐུལ་ཞུ་ཡིག
​དགེ་བསྐུལ་ཞུ་ཡིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-04ལྟ་ཀློག (3225)རྩོམ་ཁུངས: གསང་སྔགས་དྲ་བ།པར་འདེབ།

དགེ་བསྐུལ་ཞུ་ཡིག
ཚུལ་ཁྲིམས་བློ་གྲོས།
          ༄༅།།འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། ། དེང་གི་དུས་སུ་རང་རེ་གངས་ཅན་པ་རྣམས་ཀྱིས་ཟོག་ལུག་སོགས་སྒོ་ཕྱུགས་རྣམས་ཤ་ཚ་སྙིང་རྗེ་ཅུང་ཟད་ཀྱང་མེད་པར་བཤས་ཚོང་བྱེད། དེ་ཡང་གྲངས་འབོར་ཧ་ཅང་ཆེ་བས་ཡུལ་ཕྱོགས་འགའ་རེ་ན་ཕོའི་རིགས་ཀྱི་ཟོག་ཕལ་ཆེར་ཟད་ལ་ཉེ །   ཟས་གོས་སོགས་འཚོ་བ་རྐྱང་པ་ཙམ་གྱི་ཕྱིར་དུ་མ་ཚད་མེ་མདའ་སོགས་དགོས་མེད་ཀྱི་རྒྱུ་རྫས་སྣ་ཚོགས་ཀྱི་ཕྱིར་དུའང་སྒོ་ཕྱུགས་མང་པོ་ཤན་པ་རྣམས་ཀྱི་ལག་ཏུ་གཏད་དེ་སྡུག་བསྔལ་དཔེ་མེད་པ་མང་པོ་མྱོང་དུ་འཇུག སྡུག་བསྔལ་འདི་རྣམས་སྣང་མེད་དུ་ཇེ་བས་ཇེ་འཇོག་ཏུ་འགྲོ་བཞིན་པའི་གནས་ཚུལ་ཤིན་ཏུ་ཡི་མུག་པ་ཞིག་དར་ཁྱབ་ཏུ་འགྱུར་བཞིན་པ་ལགས། བྱ་བ་འདི་བོད་ཀྱི་མི་ཕྱུགས་གཉིས་ཀ་འཕུང་བར་བྱེད་པའི་ངན་སྤྱོད་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཡིན་པ་སྨོས་མ་དགོས།  དེའི་ཕྱིར་ལོ་འགའ་ཞིག་གི་སྔོན་དུ་ངེད་ཅག་གིས་བྱ་བ་འདི་མཚམས་འཇོག་ཅིག་བྱེད་པའི་རེ་འབོད་མི་བྱེད་ཀ་མེད་བྱུང་། ཤེས་ལྡན་གྱི་སྐྱེ་བོ་མང་པོ་ལ་ཡིད་འགུལ་ཐེབས་པས་ཕན་འབྲས་ཅུང་ཟད་ཐོན། འོན་ཀྱང་ད་དུང་ཡུལ་ཕྱོགས་ཕལ་མོ་ཆེ་ཞིག་ན་སྔར་བཞིན་དུ་བྱེད་པར་འདུག་པས་ད་ལམ་སླར་ཡང་རེ་འབོད་ཞུ་བ་ཡིན་པས་ཀུན་གྱིས་ཅི་མི་སྙམ་དུ་མི་འཇོག་པར་བསམ་བློ་ཞིག་གཏོང་བར་ཞུ།
    དེ་ཡང་དུད་འགྲོ་རྣམས་ལ་མི་འཚམས་པའི་སྡུག་བསྔལ་འདི་འདྲ་མྱོང་དུ་འཇུག་པ་ནི་ཤིན་ཏུ་མི་འོས་ཏེ། འདི་རྣམས་ལའང་བདེ་སྡུག་གི་ཚོར་བ་ནི་རང་ཅག་དང་འདྲ་བར་ཡོད།  བདེ་བ་འདོད་སྡུག་བསྔལ་མི་འདོད་པའང་རང་རེ་རྣམས་དང་འདྲ་མཉམ་ཁོ་ན་ཡིན་གྱི། འདི་རྣམས་ཀྱི་ཁྲོད་ན་སྡུག་བསྔལ་མྱང་ན་དགའ་བའམ་བདེ་སྡུག་གང་མྱང་ཁྱད་པར་མེད་པ་ནི་གཅིག་ཀྱང་མེད།  དེ་ཙམ་ཞིག་རང་ཅག་སུས་ཀྱང་མིག་གིས་བལྟས་པ་ཙམ་གྱིས་ཀྱང་གསལ་བོར་ཤེས་ཐུབ། དེ་ལྟ་ན་རང་རེ་རྣམས་ཀྱི་རང་གི་ལྕེ་ལ་བྲོ་བ་ཞིམ་པོ་མྱོང་བ་ལ་སོགས་པའི་ཕྱིར་དུ་གཞན་སེམས་ཅན་རྣམས་ལ་དེ་འདྲའི་སྡུག་བསྔལ་གཏོད་པ་འདི་འོས་སམ་མི་འོས་རང་གི་ལུས་སེམས་ལ་དཔེ་ལོངས་ལ་བསམ་བློ་ཐོངས་དང་ད་གཟོད་གོ་རྒྱུ་ཡོད། གལ་ཏེ་དགེ་སྡིག་གི་ལས་འབྲས་གཏན་ནས་ཁས་མི་ལེན་པ་ཞིག་ཡིན་ནའང་བསམ་བློ་ཅུང་ཟད་གཏོང་ཤེས་པའི་མི་ཞིག་ཡིན་ཕྱིན་ཞིབ་ཏུ་བསམས་ན་བྱ་བ་འདི་གདུག་རྩུབ་ཀྱི་སྤྱོད་པ་མ་རུང་བ་དང་མི་འོས་ཞིག་ཡིན་པ་མི་ཤེས་པ་ག་ལ་སྲིད།  དེས་ན་རང་ལ་དཀའ་ངལ་ཇི་འདྲ་ཞིག་ཡོད་ཀྱང་རུང་སྟེ་གཞན་གྱི་སྲོག་བཅད་ནས་རང་ཉིད་སྐྱིད་ཐབས་བྱེད་པ་འདི་ནི་འཚོ་བ་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ་དུ་གཏོང་ཐབས་སོགས་མིང་སྙན་པོ་ཇི་འདྲ་ཞིག་བཏགས་ཀྱང་རུང་སྟེ། དོན་གྱི་ཐོག་ནས་སེམས་ཅན་གཞན་གྱི་ཁྲག་དང་མཆི་མ་དང་ཚེ་སྲོག་གི་རིན་དུ་རང་ཉིན་སྐྱིད་པོར་འཚོ་བ་དང་། རང་གི་བདེ་བ་ཅུང་ཟད་ཙམ་གྱི་ཕྱིར་དུ་གཞན་གྱི་བདེ་ཚོར་ལ་སྣང་མེད་དུ་ལྡོག་བརྫི་བྱེད་པ། རང་གི་དཀའ་ངལ་ཕྲན་བུ་བསལ་བའི་ཕྱིར་དུ་གཞན་གྱི་ལུས་སྲོག་གི་སྡུག་བསྔལ་ལ་ཅི་མི་སྙམ་པ་སྟེ། བསམ་ཚུལ་འདི་རྣམས་ནི་འགྲོ་བ་མིའི་རིགས་ཀྱི་ནོར་འཁྲུལ་གྱི་བསམ་པ། ཕུང་ཀྲོལ་གྱི་བསམ་པ། བཙན་དབང་གི་བསམ་པ། དམུ་རྒོད་ཀྱི་བསམ་པ། འདྲེ་གདོན་གྱི་བསམ་པ་ཡིན་པས་བསམ་པ་ངན་པ་འདི་ལྟ་བུ་རྣམས་གོང་འཕེལ་དུ་གཏོང་བའི་གཏམ་དག་ནི་ཐོས་ཀྱང་རྣ་བ་དགབ་དགོས། འདི་ལྟ་བུའི་བསམ་ངན་རྣམས་ཀྱིས་ཀུན་ནས་བསླངས་པའི་གདུག་རྩུབ་ཀྱི་སྤྱོད་པས་འཚོ་ཐབས་བྱེད་པ་ནི་ཕྱིན་ཅི་ལོག་གི་འཚོ་བ་ཤིན་ཏུ་འཇིགས་སུ་རུང་བ་སྟེ ། ཟས་ཁམ་རེ་དང་གོས་ལིང་པོ་རེའི་རྩ་བ་ནའང་སེམས་ཅན་མང་པོའི་སྡུག་བསྔལ་གྱི་ངུ་སྒྲ་དིར་རེ་ཡོད་པས་གདུག་རྩུབ་དང་ཧམ་སྤྱོད་དེ་འདྲ་བས་འཇིག་རྟེན་དུ་འཚོ་བ་བས་ནི་བྱམས་བརྩེ་དྲང་བདེན་གྱི་ཕྱིར་དུ་ཤི་བར་གྱུར་པ་དགའ་ངེས་སོ། །
    ད་ལྟ་རང་རེ་རྣམས་འཇིག་རྟེན་མིའི་ཡུལ་ན་གནས་པ་ཡིན་པས་སེམས་ཅན་གྱི་སྲོག་གཅོད་པ་ཁོ་ན་མིན་ཡང་འཚོ་ཐབས་གཞན་རེ་ལ་བསམ་བློ་བཏང་ན་རྩ་བ་ནས་མི་འོང་པ་ནི་ག་ལ་སྲིད། གཞན་ཡང་སྲོག་མ་བཅད་ན་དཀའ་ངལ་ཅུང་ཟད་རེ་ཡོད་པའི་དབང་དུ་བྱས་ཀྱང་སེམས་ཅན་གཞན་གྱི་ལུས་སྲོག་དང་བདེ་སྐྱིད་ཀྱི་ཕྱིར་དུ་རང་གིས་དཀའ་ངལ་དང་གྱོང་རྒུད་ཕྲན་བུ་དང་དུ་བླངས་པ་ལ་མི་འོས་པ་དང་མི་རི་བ་ཅི་ཞིག་ཡོད་དེ་མེད་དོ། །ཁྱད་པར་དུའང་རང་གི་སྒོ་ཕྱུགས་རྣམས་ནི་རང་ལ་དྲིན་ཤིན་ཏུ་ཆེ་སྟེ། མཛོ་དང་གཡག་རྣམས་ལ་རོང་པ་རྣམས་ཀྱིས་དཔྱིད་ཀྱི་དུས་སུ་ཞིང་རྨོས་ཏེ། ས་འོག་དང་ས་སྟེང་གི་སྲོག་ཆགས་མང་པོ་གསོད་པའི་སྡིག་པ་གསོག་ཏུ་འཇུགསྟོན་དུས་སྟོན་ཐོག་བཀལ། རྒྱུན་དུ་དལ་ཁོམ་དུ་སྡོད་ལོང་ཅི་ཡང་མེད་པར་དཀའ་སྡུག་མྱོང་བར་བྱེད་དེ། རང་ལ་དགོས་ཚེ་རང་གིས་ཁལ་འགེལ། མི་དགོས་པའི་ཚེ་ན་གཞན་ལ་གཡར་ཏེ། བཀོལ་སྤྱོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་དུ་འཇུག རྒས་ནས་ཁལ་མི་ཐེག་པར་མ་གྱུར་གྱི་བར་དུ་ཁྱིམ་གང་པོའི་གཡོག་བྱས། འབྲི་དང་མཛོ་མོ་རྣམས་ཀྱིས་ཚེ་གང་པོར་ཞོ་དང་འོ་མ་མར་ཆུར་རྣམས་ཀྱིས་གསོས༑ ཟོག་ལུག་གང་ཡིན་ཡང་ལུས་ལ་སྐྱེས་པའི་སྤུ་དང་ཐ་ན་ལྕི་བ་དང་རིལ་མ་ཡན་ཆད་ཀྱིས་་རྣམས་ལ་མ་ཤིའི་བར་དུ་ཕན་ཁོ་ན་བཏགས།
    གནོད་ནི་རྡུལ་ཙམ་ཡང་སྐྱེལ་མ་མྱོང་། མི་རྣམས་ཀྱིས་སེམས་ཅན་དེ་དག་ལ་ཕར་ནི་ཕན་ཅི་ཡང་མ་བཏགས། གནོད་པ་ཁོ་ན་བྱས། ཐ་མའི་དུས་སུ་རྒས་ཤིང་འཁོགས་པར་གྱུར་པའམ་རྨས་སྐྱོན་ཆེན་པོ་ཐེབས་པ་ལྟ་བུའི་ཚེ་ན་རང་བཞིན་གྱིས་འཆི་དབང་ཡང་མེད་པར་མཆུ་བསྡམས་ནས་གསོད། མི་རྣམས་ཀྱིས་སྒོ་ཕྱུགས་ལ་མནར་གཅོད་གཏོང་བ་འདི་ལས་ལྷག་པ་ཞིག་ནི་དགྲ་ལག་དམར་ཡིན་ཡང་བྱ་ཐབས་ཅི་ཡང་མེད་སྙམ་སྟེ། ཚེ་གང་པོར་གླ་མེད་ཀྱི་གཡོག་ཏུ་བཀོལ་ནས་མཐར་ངན་གསོད་བྱེད་པ་ལས་ལྷག་པ་ཅི་ཞིག་བྱ་རྒྱུ་ཡོད། དེས་ན་རང་རེ་ཚང་མ་བསམ་བློ་གཏོང་ཤེས་མཁན་གྱི་མི་རེད། མིའི་ནང་ནས་ཆོས་པ་ཡིན་པར་ཁས་འཆེ་བ་ཡིན་པས་བསམ་བློ་ཞིབ་མོ་ཞིག་བཏང་སྟེ། མ་མཐའ་ཡང་སྒོ་ཕྱུགས་འདི་རྣམས་ཚེ་གང་པོར་བེད་བཅད་པའི་མཐར་ནི་རང་དབང་གིས་འཆི་ཆོག་པའི་གནང་བ་ཞིག་སྦྱིན་རྒྱུ་ཅིས་ཀྱང་བཀའ་དྲིན་མི་ཆུང་བར་ཞུ་ཞུ།
    དམ་པའི་ཆོས་ཀྱི་ཕྱོགས་ནས་བཤད་ན། སེམས་ཅན་འདི་རྣམས་རང་རེ་རྣམས་ཀྱི་སྐྱེ་བ་སྔ་མ་ཞིག་གི་ཕ་མ་ནི་ཡིན་པ་ལ་ཐེ་ཚོམ་རྩ་བ་ནས་མེད། རང་རེའི་ཕ་མ་རྣམས་ལ་ཐར་བ་འཐོབ་པ་དང་དག་པའི་ཞིང་ཁམས་སུ་འགྲོ་བ་དང་མིའི་ལུས་འཐོབ་པའི་དགེ་རྩ་ནི་མེད། དམྱལ་བའི་གནས་སུའང་རེ་ཞིག་མ་སྐྱེས ། རང་གི་སྔོན་གྱི་ས་ཕྱོགས་དང་བུ་ཕྲུག་ནོར་རྫས་སོགས་ལ་ཞེན་ཆགས་ཀྱི་དབང་གིས་སླར་ཡང་འདི་གར་སྐྱེས་པ་ཡིན་ཡང་རང་རེ་རྣམས་ཀྱིས་ངོ་མ་ཤེས་པ་ཙམ་ཞིག་རེད། དེས་ན་སྒོ་ཕྱུགས་རྣམས་རང་གིས་ངན་གསོད་བྱེད་པ་དང་བཤས་ཚོང་བྱེད་པ་འདི་དོན་གྱིས་རང་གི་ཕ་མ་རྣམས་ངན་གསོད་བྱེད་པ་དང་བཤས་ཚོང་བྱེད་པ་ཁོ་ན་ཡིན་ནོ། རང་དོན་ཁོ་ནར་བསམས་ནའང་སྲོག་གཅོད་པ་འདི་སྡིག་པ་ཤིན་ཏུ་ཆེ་སྟེ། འདིའི་རྣམ་སྨིན་གྱི་འབྲས་བུ་དམྱལ་བའི་གནས་སུ་སྐྱེ་བ་དང་། དེ་ནས་སྡུག་བསྔལ་ཤིན་ཏུ་ཡུན་རིང་མོ་མྱང་མྱང་བའི་མཐར་ཐར་ཙང་བྱུང་སྟེ། མི་ལུས་ཤིག་ལོན་སྲིད་ཀྱང་ཚེ་ཐུང་བ་དང་ནད་མང་བ་སྟེ། ཚེ་གང་པོར་ནད་ཀྱི་འོག་ནས་མི་ཐར་བའམ་བྱིས་པ་ཆུང་ངུའི་དུས་ནས་འཆི་བར་འགྱུར་བ་དང་ས་ཕྱོགས་ཤིན་ཏུ་ཉམས་མི་དགའ་བར་སྐྱེ་བར་འགྱུར། སེམས་ཅན་རེ་རེའི་སྲོག་བཅད་ཀྱང་སྲོག་ལན་ལྔ་བརྒྱ་ཙམ་རེ་འཇལ་དགོས། དེ་རང་བྱས་རང་ལ་སྨིན་པ་ཡིན་པས་རྣམ་སྨིན་མགོ་ཐོག་ཏུ་བབས་པ་ན་སུས་ཀྱང་ཅི་བྱེད་མེད། རང་གིས་སེམས་ཅན་དེ་ལ་སྡུག་བསྔལ་ཤིན་ཏུ་ཆེན་པོ་མྱོང་དུ་བཅུག་པའི་དབང་གིས་རང་དམྱལ་བའི་གནས་སུ་སྡུག་བསྔལ་མྱོང་བ་ཡིན། སེམས་ཅན་དེའི་སྲོག་བཅད་པས་རང་གི་ཚེ་ཐུང་། སེམས་ཅན་དེའི་གསོན་པོའི་གཟི་བརྗིད་མེད་པར་བྱས་པས་རང་ས་ཕྱོགས་ཡིད་དུ་མི་འོང་བའི་གནས་སུ་སྐྱེས་པར་གྱུར་པ་ཡིན་པའི་ཕྱིར་རོ། །   དེས་ན་ད་ལྟ་དུད་འགྲོ་འདི་རྣམས་ལས་ཉམ་ཆུང་བ་མི་འདུག་ཀྱང་། ལས་རྒྱུ་འབྲས་ནི་ནམ་ཡང་བསླུ་བ་མེད་པ་ཡིན་པས་ད་ལྟ་རང་དབང་རང་ལ་ཡོད་པའི་དུས་ནས་གཟབ་པར་བྱ་དགོས་སོ། །བཤས་ཚོང་ཁོ་ན་མིན་ཡང་ཁྱིམ་ཚང་རང་གི་སྒོ་བཤས་བཤའ་རྒྱུ་འདིའང་རབ་ན་གཏན་དུའམ་གནས་སྐབས་སུ་མཚམས་འཇོག དེ་ཙམ་མ་བྱུང་རུང་ངེས་པར་དུ་ཇེ་ཉུང་དུ་གཏོང་རྒྱུ་དང་། གལ་ཏེ་ཅིས་ཀྱང་མི་བཤའ་ཐབས་མེད་ཡིན་ནའང་མཆུ་སྡོམ་རྒྱུ་དང་སྐེ་གཅོད་རྒྱུ་ལྟ་བུའི་ངན་གསོད་ཚབས་པོ་ཆེ་དེ་ནི་གཏན་ནས་བྱེད་མི་རུང་སྟེ། སེམས་ཅན་དེ་རྣམས་ལ་སྡུག་བསྔལ་བཟོད་དུ་མེད་པ་ཡོད་ལ། དེའི་དབང་གིས་གསོད་མཁན་ལའང་སྡིག་པ་ལྷག་པར་དུ་ཆེ། སྒོ་ཕྱུགས་རྣམས་དང་རང་ཅག་གི་བར་ན་ཞེ་འཁོན་ནི་ཅི་ཡང་མེད་པས་ངན་གསོད་བྱེད་དགོས་དོན་ཅི་ཞིག་ཡོད།  རང་ལ་དཔེ་ལོངས་དང་ངན་གསོད་དེ་ལྟ་བུ་ཞིག་གིས་ལན་གཅིག་འཆི་བ་བས་སྡུག་བསྔལ་དེ་ཙམ་མི་ཆེ་བ་ཞིག་གིས་ལན་འགའ་ཞིག་འཆི་བ་དགའ་ངེས་ཡིན། སྒོ་ཕྱུགས་རྣམས་ཀྱང་དེ་དང་འདྲ་བས་འཆི་མགྱོགས་པ་དང་འཆི་ཚེ་སྡུག་བསྔལ་ཧ་ཅང་ཆེན་པོ་མེད་པའི་ཐབས་དག་ལག་ལེན་བྱེད་པ་གལ་ཤིན་ཏུ་ཆེ་བས་བཏང་སྙོམས་སུ་མ་འཇོགགཞན་ཡང་ད་ལྟ་ཉི་མ་རེ་རེ་བཞིན་ཉེས་མེད་ཀྱི་སེམས་ཅན་རབ་ཏུ་མང་པོ་རེས་སྡུག་བསྔལ་དཔག་ཏུ་མེད་པ་མྱང་ནས་འཆི་དགོས་པ་འདི་མི་རྣམས་ཀྱིས་ཤ་ཟ་བ་ལ་བརྟེན་ནས་བྱུང་བ་ཡིན། གལ་ཏེ་ཤ་མ་ཟོས་ན་སེམས་ཅན་དེ་རྣམས་ཀྱིས་སྡུག་བསྔལ་དེ་འདྲའི་ཆེན་པོ་མྱང་ནས་འཆི་དགོས་དོན་ཡང་མེད་ལ།ཤ་ཟ་མཁན་རྣམས་ལའང་སྡིག་པ་ཤིན་ཏུ་ཆེ་བར་མདོ་རྒྱུད་མང་པོ་ནས་གསུངས༑  ཚེ་ཕྱི་མར་སྔོན་གྱི་བག་ཆགས་ཀྱི་དབང་གིས་ཤ་ཟ་བའི་གཅན་གཟན་སོགས་ཀྱི་སྐྱེ་བ་བླངས་ནས་ཉི་མ་རེ་རེ་བཞིན་སེམས་ཅན་མང་པོའི་སྲོག་གཅོད༑  དེའི་རྣམ་སྨིན་གྱིས་མ་དམྱལ་བའི་གནས་སུ་ངེས་པར་དུ་འགྲོ་བར་འགྱུར་བས་སེར་སྐྱ་སུ་ཡིན་ཡང་ཤ་མི་བཟའ་བའི་དམ་བཅའ་རེ་བྱེད་ཨེ་ཐུབ་བལྟ་རྒྱུ་ཤིན་ཏུ་གལ་ཆེ། དེས་ན་བྱ་བ་འདི་དག་ལ་བྱམས་བརྩེའི་མངའ་བདག་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་རྣམས་དང་དགེ་འདུན་གྱི་སྡེ་རྣམས་ཀྱིས་ཐུགས་ཁུར་གཟབ་བཞེས་ཤིག་མཛད་དུ་གསོལ་ལོ། །
   རེ་འབོད་ཀྱི་གཏམ་འདི་དག་ནི་རང་ཅག་གི་ཡུལ་གྱི་དུད་འགྲོ་ཡན་ཆད་ཀྱི་སེམས་ཅན་རྣམས་འདི་ཕྱི་ཐམས་ཅད་དུ་བདེ་བའི་ཆེད་ཁོ་ནར་སྨྲས་པ་ཡིན་པས་བོད་ཆོས་ལྡན་གྱི་ཞིང་ན་གནས་པའི་སེར་སྐྱ་ཡོངས་ཀྱིས་ཐུགས་འཇོག་ཅིག་གནང་བར་ཞུ་ཞུ།
    གསེར་ལྗོངས་བླ་མ་རུང་ལྔ་རིག་ཆོས་གྲྭ་ཆེན་མོ་ནས་བོད་རབ་རྒྱན་ཆུ་ལུག་ལོའི་ས་ག་ཟླ་བའི་དུས་ཆེན་ལ་ཕུལ་བ་འདིས་ཀྱང་སྐྱབས་མེད་མགོན་མེད་ཉམ་ཐག་པའི་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག
རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།    ཨ་བུ་འབྲོང་། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23539749
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།