སྡོམ་པ་གསུམ་གྱི་བསྟན་བཅོས་བཞུགས་སོ། །
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 25 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »སྡོམ་པ་གསུམ་གྱི་བསྟན་བཅོས་བཞུགས་སོ། །
སྡོམ་པ་གསུམ་གྱི་བསྟན་བཅོས་བཞུགས་སོ། །
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-04ལྟ་ཀློག (2962)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། །

                      ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད།

     ཏྲཡཱཎཱཾསམྦརཾཔྲབྷེདནྣཱམཤཱཀྺམྦིཧརཏིསྨ། ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདེ་གཤེགས་བསྟན་པའི་གསུང་རབ་སེང་གེའི་སྒྲ། །ལྟ་ངན་རི་དྭགས་མཐའ་དག་སྐྲག་པར་མཛད། །སངས་རྒྱས་དགོངས་པ་ཇི་བཞིན་ལེགས་སྒྲུབ་པ། །མཚུངས་མེད་བླ་མ་དེ་ལ་བདག་ཅག་དད། །སྐྱོན་མེད་ཡོན་ཏན་ཀུན་གྱི་མཛོད་མངའ་བ། །འགྲོ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ནས། །དད་ལྡན་སངས་རྒྱས་གསུང་བཞིན་བསྒྲུབ་འདོད་པ། །དེ་ལ་སྡོམ་གསུམ་དབྱེ་བ་བདག་གིས་བཤད། །མཁས་རྣམས་དགའ་བའི་སྡེབ་སྦྱོར་ནི། །བླུན་པོ་རྣམས་ཀྱིས་གོ་དཀའ་བས། །ཚིག་གི་སྦྱོར་བ་སྤངས་ནས་ཀྱང་། །ཀུན་གྱིས་གོ་བར་བྱ་ཕྱིར་བཤད། །བདག་ནི་སངས་རྒྱས་བསྟན་པ་ལ། །མི་ཕྱེད་པ་ཡི་དད་པ་ཡོད། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །འཁྲུལ་པར་སྤྱོད་ལ་བདག་མ་དད། །སོ་སོར་ཐར་པའི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་། །གསང་སྡགས་ཀྱི་ནི་དབང་བསྐུར་དང་། །དེ་དག་གི་ནི་ཆོ་ག་དང་། །སོ་སོའི་བསླབ་པར་བྱ་བ་དང་། །སེམས་བསྐྱེད་པ་ཡི་གནད་རྣམས་དང་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་དང་། །རིམ་པ་གཉིས་ཀྱི་གསང་ཚིག་དང་། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་དང་། །ཕྱི་དང་ནང་གི་རྟེན་འབྲེལ་དང་། །ས་དང་ལམ་གྱི་རྣམ་གཞག་གི། །རྣམ་པར་དབྱེ་བ་བཤད་ཀྱིས་ཉོན། །སོ་སོར་ཐར་པའི་སྡོམ་པ་ལ། །ཉན་ཐོས་ཐེག་ཆེན་ལུགས་གཉིས་ཡོད། །ཉན་ཐོས་རྣམས་ཀྱི་སྐྱབས་འགྲོ་ནས། །དགེ་སློང་གི་ནི་སྡོམ་པའི་བར། །ཇི་སྲིད་འཚོ་ཡི་བར་དུ་ཡིན། །ཤི་བའི་ཚེ་ན་སྡོམ་པ་གཏོང་། །སྡོམ་པ་རྣམས་ཀྱི་འབྲས་བུ་ནི། །ཚེ་འཕོས་ནས་ནི་འབྱུང་བར་འགྱུར། །བྱང་ཆུབ་སེམས་དཔའི་སྡོམ་པ་རྣམས། །ཤི་འཕོས་ནས་ཀྱང་རྗེས་སུ་འབྲང་། །དེ་དག་གི་ནི་རྒྱུ་མཚན་ཡང་། །ཉན་ཐོས་སྡོམ་པ་རྣམ་རིག་མིན། །ལུས་ངག་ལས་ནི་སྐྱེ་བར་འདོད། །སྡོམ་པ་གཟུགས་ཅན་ཡིན་པའི་ཕྱིར། །ཤི་བའི་ཚེ་ན་སྡོམ་པ་གཏོང་། །འདི་ནི་ཆོས་མངོན་མཛོད་ལས་ཀྱང་། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་། །ཞེས་གསུངས་འདི་ཡང་ཚད་མ་ཡིན། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །སེམས་ལས་སྐྱེ་ཕྱིར་གཟུགས་ཅན་མིན། །དེས་ན་ཇི་སྲིད་སེམས་མ་ཉམས། །དེ་ཡི་བར་དུ་སྡོམ་པ་ཡོད། །མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི། །དགོངས་པ་ཡང་ནི་དེ་ཉིད་ཡིན། །ཁ་ཅིག་ཇི་སྲིད་འཚོ་བའི་སྒྲ། །ལུས་དང་སེམས་ལ་དགོངས་ཞེས་ཟེར། །དེ་འདྲ་སངས་རྒྱས་དགོངས་པ་མིན། །མཁས་པའིགཞུང་ལས་དེ་མ་བཤད། །དེ་ལྟ་ཡིན་ན་ཉན་ཐོས་དང་། །ཐེག་ཆེན་སྡོམ་པ་ཁྱད་མེད་འགྱུར། །ཐུན་མོང་ཐུན་མོང་མ་ཡིན་པའི། །སྐྱབས་འགྲོ་གཉིས་སུ་དབྱེ་མི་རུང་། །སྡོམ་པ་འབོག་པའི་ཆོ་ག་དང་། །དེ་ཡི་བསླབ་བྱའང་གཅིག་ཏུ་འགྱུར། །ཤི་ཡང་དགེ་སློང་མི་འདོར་ན། །བསླབ་པ་ཕུལ་བ་ལ་སོགས་པ། །སྡོམ་པ་གཏོང་རྒྱུ་གཞན་གྱིས་ཀྱང་། །སྡོམ་པ་གཏོང་བ་མི་སྲིད་འགྱུར། །དེ་ལ་ཁ་ཅིག་འདི་སྐད་དུ། །སེམས་བསྐྱེད་ཀྱིས་ནི་མ་ཟིན་པའི། །སྡོམ་པ་གལ་ཏེ་གཏོང་ན་ཡང་། །བྱང་ཆུབ་སེམས་ཀྱིས་ཟིན་པ་ཡི། །སྡོམ་པ་གཏོང་བ་མི་སྲིད་ལོ། །འོ་ན་སེམས་བསྐྱེད་ཀྱིས་ཟིན་པའི། །དགེ་སློང་ལ་སོགས་སྡོམ་པ་རྣམས། །བསླབ་པ་ཕུལ་དང་ཤི་འཕོས་དང་། །རྩ་བ་ཆད་པ་ལ་སོགས་པ། །གཏོང་རྒྱུ་ཀུན་གྱིས་མི་གཏོང་འགྱུར། །དེ་ལྟ་ཡིན་ན་དགེ་སློང་གི། །སྡོམ་པ་ཕུལ་ཡང་བསྲུང་དགོས་འགྱུར། །མ་བསྲུངས་དགེ་སློང་ཉམས་པར་འགྱུར། །ཤི་འཕོས་ནས་ཀྱང་དགེ་སློང་འགྱུར། །གལ་ཏེ་དེ་ནི་ལྷར་སྐྱེས་ན། །ལྷ་ཡི་དགེ་སློང་སྲིད་པར་འགྱུར། །མིར་སྐྱེས་ན་ཡང་བྱིས་པ་ལ། །བླང་མི་དགོས་པར་དགེ་སློང་འགྱུར། །དེ་ལ་ལྟུང་བ་བྱུང་གྱུར་ན། །དགེ་སློང་སྡོམ་པ་ཉམས་པར་འགྱུར། །ཉམས་ནས་འཆབ་སེམས་སྐྱེས་པ་ལ། །སླར་ཡང་བླང་དུ་མེད་པར་གསུངས། །ལྷ་དང་བྱིས་པའི་དགེ་སློང་ནི། །འདུལ་བའི་སྡེ་སྣོད་རྣམས་ལས་བཀག །སེམས་བསྐྱེད་ལྡན་པའི་བསྙེན་གནས་ཀྱང་། །ནང་པར་ཕན་ཆད་ཡོད་པའི་ཕྱིར། །རྟག་ཏུ་བསྙེན་གནས་བསྲུང་དགོས་འགྱུར། །མིན་ན་བསྙེན་གནས་ཉམས་པར་འགྱུར། །ནང་པར་བསྙེན་གནས་གཏོང་ན་ནི། །སྡོམ་པ་རྒྱུན་དུ་འབྱུང་བ་འགལ། །དེས་ན་སོ་སོར་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །བྱེ་བྲག་སྨྲ་བའི་བསྙེན་གནས་ཀྱང་།།དགེ་སློང་ལས་ལེན་གང་ཟག་ནི། །གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །མདོ་སྡེ་པ་རྣམས་དུད་འགྲོ་སོགས། །འགྲོ་བ་གཞན་ལའང་སྐྱེ་བར་བཤད། །བླང་བའི་ཡུལ་ཡང་དགེ་བསྙེན་སོགས། །གང་ཡང་རུང་ལས་བླང་བར་གསུངས། །ཉན་ཐོས་རྣམས་ཀྱི་ཆོ་ག་ཡང་། །སྐྱབས་སུ་འགྲོ་བའི་ཚུལ་གྱིས་འབོགས། །དོན་ཡོད་ཞགས་པའི་རྟོག་པ་ལས། །བསྙེན་གནས་རང་གིས་བླང་པ་ཡི། །ཆོ་ག་སེམས་བསྐྱེད་འདྲ་བར་གསུངས། །དེས་ན་ཆོ་ག་ཁྱད་པར་ཡོད། །ལ་ལ་བསྙེན་གནས་བསྲུངས་པ་ཡི། །ནང་པར་བསྙེན་གནས་འབུལ་དགོས་ཟེར། །བསྙེན་གནས་མཚན་མོ་འདས་པ་ན། །གཏོང་ཕྱིར་འདི་ལ་འབུལ་མི་དགོས། །མདོ་སྡེ་པ་ཡི་ལུགས་བཞིན་དུ། །ཇི་ལྟར་འདོད་ཚེ་ལེན་ན་ཡང་། །ནང་བར་ཕན་ཆད་བསྲུང་བ་ཡི། །བསམ་པ་མེད་ཕྱིར་སྡོམ་པ་གཏོང་། །དེ་ཡི་ཕྱིར་ན་འབུལ་མི་དགོས། །ལ་ལ་བསྙེན་གནས་འཆོལ་བ་ཐོས། །འདི་འདྲ་གང་ནའང་བཤད་པ་མེད། །ཁ་ཅིག་བསྙེན་གནས་འབོགས་པའི་ཚེ། །ཉ་དང་གནམ་སྟོང་ཚེས་བརྒྱད་ལ། །ལྷ་བསྒོམ་ཐ་དད་མ་བྱས་ན། །བསྙེན་གནས་བསྲུང་དུ་མི་འདོད་ཟེར། །འདི་ཡང་རེ་ཞིག་བརྟག་པར་བྱ། །བསྙེན་གནས་སོ་སོར་ཐར་པའི་ལུགས། །གཙོ་ཆེར་ཉན་ཐོས་གཞུང་ལུགས་ཡིན། །ཡི་དམ་ལྷ་ཡི་བསྒོམ་བཟླས་ནི། །གསང་སྔགས་པ་ཡི་གདམས་ངག་ཡིན། །ཉན་ཐོས་གཞུང་ལས་བཤད་པ་མེད། །དེས་ན་ལྷ་བསྒོམ་མ་བྱས་ཀྱང་། །བསྙེན་གནས་ཉམས་པར་འགྱུར་བ་མེད། །འོན་ཀྱང་གསང་སྡགས་ལུགས་བྱེད་ན། །ཡི་དམ་བསྒོམ་པ་བསོད་ནམས་ཆེ། །ཐེག་པ་ཆེན་པོ་ལས་བྱུང་བའི། །སོ་སོར་ཐར་པ་བཤད་ཀྱིས་ཉོན། །བྱང་ཆུབ་སེམས་དཔའ་ཉིད་ལ་ཡང་། །སོ་སོར་ཐར་པ་འབོགས་པ་ཡི། །ཆོ་ག་འགའ་ཞིག་ཡོད་མོད་ཀྱི། །དེ་ཡི་ཆོ་ག་ཕལ་ཆེར་ནུབ། །གསོ་སྦྱོང་རང་གིས་བླང་བ་སོགས། །ཆོ་གའི་ལག་ལེན་འགའ་ཞིག་ཡོད། །རྒྱལ་སྲས་བྱམས་པ་འཇམ་དབྱངས་སོགས། །བདག་ཉིད་ཆེན་པོ་འགའ་ཞིག་གིས། །མཁན་པོ་མཛད་ནས་འགྲོ་མང་ལ། །བསྙེན་པར་རྫོགས་པར་མཛད་དོ་ཞེས། །ཚིག་འབྲུ་ཙམ་ཞིག་གསུངས་མོད་ཀྱི། །འོན་ཀྱང་དེ་ཡི་ཆོ་ག་ནི། །མདོ་ལས་གསུངས་པ་ངས་མ་མཐོང་། །འདི་འདྲ་སྔོན་གྱི་ཆོ་ག་སྟེ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །སོ་སོ་སྐྱེ་བོས་བྱར་མི་རུང་། །དེས་ན་ད་ལྟའི་ཆོ་ག་ནི། །བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོར་ཐར་པ་རིགས་བརྒྱད་པོ། །བྱང་སེམས་སོ་སོར་ཐར་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །སོ་སོར་ཐར་པའི་བསླབ་བྱ་ཡི། །ཁྱད་པར་ཅུང་ཟད་བཤད་ཀྱིས་ཉོན། །འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང་། །འདོད་པས་དབེན་པའི་ལྟུང་བ་འགའ། །བྱང་ཆུབ་སེམས་དཔའི་ལུགས་བཞིན་བསྲུང་། །འཇིག་རྟེན་མ་དད་གྱུར་པའི་ཆ། །གཉིས་ཀ་མཐུན་རྣམས་འབད་པས་བསྲུང་། །འཇིག་རྟེན་འཇུག་པའི་རྒྱུར་འགྱུར་ན། །ཐེག་ཆེན་སོ་སོར་ཐར་ལ་གནང་། །དཔེར་ན་ཉན་ཐོས་དགེ་སློང་ནི། །གསེར་དངུལ་ལེན་པ་ཐུབ་པས་བཀག །བྱང་ཆུབ་སེམས་དཔའི་དགེ་སློང་ལ། །གཞན་དོན་འགྱུར་ན་ལྟུང་བ་མེད། །ཉན་ཐོས་སེམས་ཅན་དོན་ཡིན་ཡང་། །འདོད་ཆེན་པོ་ལ་ལྟུང་བ་འབྱུང་། །ཐེག་ཆེན་གཞན་གྱི་དོན་ཡིན་ན། །འདོད་ཆེན་ལྟུང་བ་མེད་ཅེས་གསུངས། །སོ་སོར་ཐར་པ་ལུགས་གཉིས་པོ། །དེ་འདྲའི་རྣམ་དབྱེ་ཤེས་པར་བྱ། །ཐེག་ཆེན་སོ་སོར་ཐར་ཡིན་ཡང་། །དགེ་སློང་ལ་སོགས་སྡོམ་པ་  ཡི། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། །དེ་ཡི་འབྲས་བུ་ཤི་ཡང་འབྱུང་། །དེ་ནས་ལས་དང་རྣམ་སྨིན་གྱི། །རྣམ་པར་དབྱེ་བ་བཤད་ཀྱིས་ཉོན། །ལས་ལ་དགེ་སྡིག་ལུང་མ་བསྟན། །ཡིན་ཞེས་རྒྱལ་བས་མདོ་ལས་གསུངས། །དགེ་བ་ལེགས་པར་སྤྱད་པ་སྟེ། །རྣམ་སྨིན་བདེ་བ་སྐྱེད་པ་ཡིན། །སྡིག་པ་ཉེས་པར་སྤྱོད་པ་སྟེ། །རྣམ་སྨིན་སྡུག་བསྔལ་སྐྱེད་པར་བྱེད། །བཏང་སྙོམས་གཉིས་ཀ་མ་ཡིན་པས། །རྣམ་པར་སྨིན་པའང་གཉིས་ཀ་མིན། །འདི་དག་བྱས་པའི་ལས་ཡིན་པས། །འདུས་བྱས་ཡིན་པར་ཤེས་པར་བྱ། །ཆོས་ཀྱི་དབྱིངས་ནི་འདུས་མ་བྱས། །ཡིན་པའི་ཕྱིར་ན་ལས་མ་ཡིན། །དེས་ན་དགེ་དང་སྡིག་པ་མིན། །ལས་ལ་ཐུབ་པས་རྣམ་གཉིས་གསུངས། །སེམས་པ་དང་ནི་བསམ་པའོ། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །བསམ་པ་དེ་ནི་ལུས་ངག་གིའོ། །ཆོས་ཀྱི་དབྱིངས་ནི་གཉིས་ཀ་མིན། །དེ་ཕྱིར་དགེ་སྡིག་ལས་ལས་གྲོལ། །གཞན་ཡང་ལས་ལ་རྣམ་བཞི་གསུངས། །ལས་དཀར་རྣམ་སྨིན་དཀར་བ་དང་། །ལས་གནག་རྣམ་སྨིན་གནག་པ་དང་། །ལས་དཀར་རྣམ་སྨིན་གནག་པ་དང་། །ལས་གནག་རྣམ་སྨིན་དཀར་བའོ། །བསམ་པ་དག་པའི་སྦྱིན་པ་སོགས། །གཉིས་ཀ་དཀར་བས་མཁས་པས་བྱ། །བཟའ་བའི་དོན་དུ་གསོད་པ་སོགས། །གཉིས་ཀ་གནག་པས་མཁས་པས་སྤང་། །མང་པོ་བསྐྱབ་ཕྱིར་གཅིག་གསོད་སོགས། །ལས་གནག་རྣམ་སྨིན་དཀར་ན་བྱ། །གསད་ཕྱིར་སྦྱིན་པ་གཏོང་ལ་སོགས། །ལས་དཀར་རྣམ་སྨིན་གནག་པ་སྤང་། །གཞན་ཡང་ལས་ལ་རྣམ་གཉིས་གསུངས། །འཕེན་བྱེད་ལས་དང་རྫོགས་བྱེད་ལས། །དེ་དག་དབྱེ་ན་མུ་བཞི་ཡོད། །འཕེན་བྱེད་དགེ་བས་འཕངས་པ་ལ། །རྫོགས་བྱེད་ཀྱང་ནི་དགེ་བ་དང་། །འཕེན་བྱེད་སྡིག་པས་འཕངས་པ་ལ། །རྫོགས་བྱེད་ཀྱང་ནི་སྡིག་པ་དང་། །འཕེན་བྱེད་དགེ་ལ་རྫོགས་བྱེད་སྡིག །འཕེན་བྱེད་སྡིག་ལ་རྫོགས་བྱེད་དགེ །དེ་དག་དཔེར་བརྗོད་མདོར་བསྡུས་པ། །བཤད་པར་བྱ་ཡིས་ཡིད་ལ་ཟུང་། །མཐོ་རིས་གསུམ་པོ་འགྲུབ་པ་ནི། །དགེ་བའི་ལས་ཀྱིས་འཕེན་པ་ཡིན། །དེ་དག་བདེ་བ་འབྱུང་བ་ནི། །རྫོགས་བྱེད་དགེ་བས་འཕངས་པ་ཡིན། །ངན་སོང་གསུམ་དུ་སྐྱེ་བ་ནི། །འཕེན་བྱེད་སྡིག་པ་ཡིན་པར་གསུངས། །དེ་ཡི་སྡུག་བསྔལ་བྱེ་བྲག་ཀུན། །རྫོགས་བྱེད་ལས་ནི་སྡིག་པ་ཡིན། །མཐོ་རིས་དགེ་བས་འཕངས་མོད་ཀྱི། །དེ་ཡི་ནད་དང་གནོད་པ་ཀུན། །རྫོགས་བྱེད་སྡིག་པ་ཡིན་པར་གསུངས། །ངན་འགྲོའི་འཕེན་བྱེད་སྡིག་ཡིན་ཡང་། །དེ་ཡི་ལུས་སེམས་བདེ་བ་ཡི། །གནས་སྐབས་དགེ་བས་འཕངས་པར་གསུངས། །གཞན་ཡང་གཅིག་ཏུ་དཀར་བ་དང་། །གཅིག་ཏུ་གནག་དང་འདྲེན་མའི་ལས། །རྣམ་པ་གསུམ་དུ་ཐུབ་པས་གསུངས། །གཅིག་ཏུ་དཀར་བས་བདེ་བ་བསྐྱེད། །གཅིག་ཏུ་གནག་པས་སྡུག་བསྡལ་བསྐྱེད། །འདྲེན་མའི་ལས་ཀྱི་བདེ་བ་དང་། །སྡུག་བསྔལ་འདྲེན་མ་བསྐྱེད་པར་གསུངས། །འདི་འདྲའི་ལས་དང་རྣམ་སྨིན་གྱི། །རྣམ་པར་དབྱེ་བ་ཤེས་གྱུར་ན། །ད་གཟོད་ལས་ཀྱི་རྒྱུ་འབྲས་ལ། །ཤིན་ཏུ་མཁས་པ་ཉིད་དུ་འགྱུར། །མུ་སྟེགས་གྲངས་ཅན་པ་རྣམས་ནི། །གཤིས་ལ་དགེ་སྡིག་ཡོད་ཅེས་ཟེར། །རྒྱུ་ལ་འབྲས་བུ་གནས་པར་འདོད། །བོད་ཀྱང་ལ་ལ་དེ་རྗེས་འབྲང་། །རྡོ་རྗེ་རྒྱལ་མཚན་བསྔོ་བ་ལས། །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད། །བྱས་དང་བྱེད་འགྱུར་བྱེད་པ་ཞེས། །གསུངས་པའི་དགོངས་པ་འཆད་པ་ལ། །ཁ་ཅིག་གྲངས་ཅན་ལུགས་བཞིན་དུ། །ཡོད་པའི་དགེ་བ་ཞེས་བྱ་བ། །རང་བྱུང་དུ་ནི་གྲུབ་པར་འདོད། །དེ་ལ་བདེ་གཤེགས་སྙིང་པོ་ཟེར། །གྲངས་ཅན་ལུགས་འདི་མི་འཐད་པས། །ལུང་དང་རིགས་པས་དགག་པར་བྱ། །བདེ་གཤེགས་སྙིང་པོ་ཞེས་བྱ་བ། །ཆོས་དབྱིངས་འགྱུར་མེད་ཉིད་ལ་གསུངས། །དེ་སྐད་དུ་ཡང་རྒྱུད་བླ་ལས། །སེམས་ནི་རང་བཞིན་འོད་གསལ་བ། །ནམ་མཁའ་བཞིན་དུ་འགྱུར་མེད་གསུངས། །མདོ་ལས་དེ་བཞིན་གཤེགས་པ་ཡི། །སྙིང་པོ་འགྱུར་མེད་ཡིན་ཞེས་བཤད། །ཀླུ་སྒྲུབ་ཀྱིས་ཀྱང་དབུ་མ་ལས། །དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་བའི་རང་བཞིན་ཡིན། །དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་གསུངས་པ་ཡང་དེ་ཉིད་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་ལས། །ཆོས་ཀྱི་དབྱིངས་ནི་དུས་གསུམ་དང་། །ཁམས་གསུམ་དང་ནི་དགེ་སྡིག་ལས། །རྣམ་པར་གྲོལ་བ་ཡིན་ཞེས་གསུངས། །དེས་ན་ཆོས་ཀྱི་དབྱིངས་ལ་ནི། །བསྔོ་བ་མེད་ཅེས་རྒྱལ་བས་བཤད། །ཡང་དག་སྦྱོར་བའི་རྒྱུད་ལས་ཀྱང་། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །མཁས་པས་འདི་གཉིས་རྣམ་པར་སྤང་། །ཞེས་གསུངས་དེ་བཞིན་གསང་འདུས་ལ། །སོགས་བའི་རྒྱུད་སྡེ་ཀུན་ལས་གསུངས། །འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་། །གཏམ་བྱ་རིན་ཆེན་ཕྲེང་བ་ལས། །སྡིག་དང་བསོད་ནམས་བྱ་བ་འདས། །ཟབ་མོ་བཀྲོལ་བའི་དོན་དང་ལྡན། །མུ་སྟེགས་གཞན་དང་རང་ཉིད་ཀྱིའང་། །གནས་མིན་སྐྲག་པས་མ་མྱངས་པ། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །ཤེས་པས་ཡོད་དང་མེད་ཞིའི་ཕྱིར། །སྡིག་དང་བསོད་ནམས་ལས་འདས་པ། །དེ་ཡིས་བདེ་འགྲོ་ངན་འགྲོ་ལས། །དེ་ནི་ཐར་པ་དམ་པར་བཞེད། །ཅེས་གསུངས་འདི་ཡང་ཆོས་ཀྱི་དབྱིངས། །དགེ་སྡིག་མེད་པའི་ལུང་ཡིན་ནོ། །ཁ་ཅིག་བདེ་གཤེགས་སྙིང་པོའི་སྒྲ། །སྟོང་ཉིད་སྙིང་རྗེའི་སྙིང་པོར་འདོད། །འདི་ནི་བདེ་གཤེགས་སྙིང་པོའི་ཁམས། །སྦྱོང་བྱེད་ཡིན་གྱི་ཁམས་དངོས་མིན། །དེ་སྐད་དུ་ཡང་རྣམ་འགྲེལ་ལས། །སྒྲུབ་བྱེད་ཐུགས་རྗེ་གོམས་པ་ལས། །ཞེས་གསུངས་བསླབ་བཏུས་ཉིད་ལས་ཀྱང་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་བས་བསོད་ནམས་དག་པར་འགྱུར། །ཞེས་གསུངས་དེ་བཞིན་མདོ་སྡེ་དང་། །རྒྱུད་ཀུན་ལས་ཀྱང་དེ་སྐད་གསུངས། །མངོན་པའི་གཞུང་ལས་ཉན་ཐོས་རྣམས། །ངོ་བོ་ཉིད་ཀྱི་དགེ་བ་ཞེས། །བཤད་པ་དད་པ་ལ་སོགས་པ། །བཅུ་གཅིག་ཁོ་ན་ཡིན་ཞེས་གསུང་། །དོན་དམདགེ་བ་ཞེས་བཤད་པ། །དེ་བཞིན་ཉིད་ལ་གསུངས་པ་ཡིན། །དོན་དམ་སྡིག་པ་འཁོར་བ་ཀུན། །ནམ་མཁའ་སོ་སོར་བརྟགས་མིན་གཉིས། །དོན་དམ་ལུང་མ་བསྟན་ཞེས་བཤད། །དེ་བཞིན་ཉིད་ལ་དགེ་བ་ཞེས། །བཤད་པའི་དགོངས་པ་འདི་ལྟར་ཡིན། །དཔེར་ན་ནད་དང་བྲལ་བ་ནི། །ལུས་བདེ་མྱ་ངན་མེད་པ་ལ། །སེམས་བདེ་ཞེས་ནི་འཇིག་རྟེན་ཟེར། །འདི་དག་སྡུག་བསྡལ་མེད་པ་ལས། །གཞན་པའི་བདེ་བ་མེད་མོད་ཀྱི། །འོན་ཀྱང་སྡུག་བསྔལ་མེད་ཙམ་ལ། །བདེ་བ་ཡིན་ཞེས་ཀུན་ལ་གྲགས། །དེ་བཞིན་ཆོས་ཀྱི་དབྱིངས་ལ་ཡང་། །སྡིག་པ་མེད་པ་ཙམ་ཞིག་ལས། །ལྷག་པའི་དགེ་བ་མེད་མོད་ཀྱི། །དགེ་བ་ཡིན་ཞེས་བཏགས་པར་ཟད། །གཞན་ཡང་མངོན་པའི་གཞུང་རྣམས་ལས། །ཟས་ཀྱིས་འགྲངས་པ་ལ་སོགས་ལ། །འདོད་ཆགས་བྲལ་བར་གསུངས་མོད་ཀྱི། །འོན་ཀྱང་གཏན་ནས་བྲལ་བ་ཡི། །འདོད་ཆགས་བྲལ་བ་མ་ཡིན་ནོ། །དེ་བཞིན་ཆོས་ཀྱི་དབྱིངས་ལ་ཡང་། །དགེ་བ་ཡིན་ཞེས་གསུངས་གྱུར་ཀྱང་། །འབྲས་བུ་བདེ་བ་བསྐྱེད་པ་ཡི། །དགེ་བ་དངོས་ནི་མ་ཡིན་ནོ། །ཅི་ནས་ཆོས་དབྱིངས་དགེ་བ་ཉིད། །ཡིན་ན་ཧ་ཅང་ཐལ་འགྱུར་ཏེ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི།།ཆོས་གཞན་མེད་ཕྱིར་སྡིག་པ་དང་། །ལུང་མ་བསྟན་ཡང་དགེ་བར་འགྱུར། །དེ་ལྟ་ཡིན་ན་སེམས་ཅན་ཀུན། །ངན་འགྲོར་འགྲོ་བ་མི་སྲིད་དོ། །ལ་ལ་བྱམས་དང་སྙིང་རྗེ་སོགས། །གཤིས་ཀྱིས་དགེ་བ་ཡིན་ཞེས་ཟེར། །འདི་ཡང་དེ་ལྟར་ངེས་པ་མེད། །མི་མཁས་པ་ཡི་བྱམས་སྙིང་རྗེ། །ངན་སོང་རྒྱུ་རུ་ཐུབ་པས་གསུངས། །ཐབས་ལ་མཁས་པའི་སྙིང་རྗེ་ལ། །དགོངས་ནས་དགེ་བར་གསུངས་པ་ཡིན། །དེས་ན་འགྲོ་བ་ཐམས་ཅད་ཀྱིས། །བྱས་པའི་དགེ་བ་ལ་དགོངས་ནས། །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད། །ཅེས་བྱའི་ཚིག་གིས་གསུངས་པ་ཡིན། །གལ་ཏེ་ཆོས་ཀྱི་དབྱིངས་ཡིན་ན། །ཇི་སྙེད་ཅེས་བྱའི་སྒྲ་མི་འཐད། །ཡོད་ཅེས་བྱ་བའི་སྒྲ་ཡང་འགལ། །དེ་ཡི་རྒྱུ་མཚན་འདི་ལྟར་ཡིན། །ཇི་སྙེད་ཅེས་བྱ་མང་པོའི་སྒྲ། །ཆོས་ཀྱི་དབྱིངས་ལ་མང་ཉུང་མེད། །དེ་ནི་སྤྲོས་བྲལ་ཡིན་ཕྱིར་རོ། །ཆོས་དབྱིངས་ཡོད་པའང་མ་ཡིན་ཏེ། །ཡོད་ཙམ་མི་རྟག་གིས་ཁྱབ་པར། །ཆོས་ཀྱི་གྲགས་པས་ལེགས་པར་ གསུངས། །ཀླུ་སྒྲུབ་ཀྱིས་ཀྱང་དབུ་མ་ལས། །གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །གང་དག་རང་བཞིན་གཞན་དངོས་དང་།།དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་མཛད།།ཅེས་གསུངས་གཞན་ཡང་དེ་ཉིད་ལས། །ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པ་ཡང་ཆོས་ཀྱི་དབྱིངས། །ཡོད་མེད་གཉིས་ཀ་མིན་པའི་ལུང་། །དེས་ན་སངས་རྒྱས་བསྟན་པ་ལ། །གུས་པར་བྱེད་ན་ཆོས་ཀྱི་དབྱིངས། །ཡོད་མེད་གཉིས་ཀར་མ་བཟུང་ཤིག །རིགས་པས་ཀྱང་ནི་འདི་འགྲུབ་སྟེ། །ཡོད་ཙམ་དོན་བྱེད་ནུས་ཕྱིར་རོ།།ཆོས་ཀྱི་དབྱིངས་ལ་བྱ་བྱེད་མེད། །དེ་ནི་སྤྲོས་བྲལ་ཡིན་ཕྱིར་རོ། །གཞན་ཡང་ཡོད་པའི་དགེ་བ་ནི། །ཆོས་ཉིད་ཡིན་ན་འགྲོ་ཀུན་གྱི། །དགེ་བ་ཞེས་བྱ་སྨོས་ཅི་དགོས། །བེམས་པོ་དང་ནི་དངོས་མེད་དང་། །འཕགས་པའི་ཆོས་ཉིད་ཅིས་མི་བསྔོ། །ཐམས་ཅད་བསྔོ་རྒྱུ་ཡིན་ཕྱིར་རོ། །དེས་ན་གཞུང་དེའི་དགོངས་པ་ནི། །ལེགས་པར་བཤད་ཀྱིས་འདི་ལྟར་ཟུང་། །འགྲོ་བ་ཀུན་གྱིས་བྱས་པ་ཡི། །དགེ་བ་ཇི་སྙེད་ཡོད་པ་ཞེས། །བྱ་བའི་སྒྲ་ནི་སྤྱིར་བསྟན་ཡིན། །བྱས་དང་བྱེད་འགྱུར་བྱེད་པ་ཞེས། །དུས་གསུམ་དབྱེ་བ་དམིགས་བསལ་ཡིན། །ཡང་ན་གཞན་གྱིས་བྱས་པ་ཡི། །དགེ་བ་ཇི་སྙེད་ཡོད་པ་དང་། །རྡོ་རྗེ་རྒྱལ་མཚན་རང་ཉིད་ཀྱིས། །བྱས་དང་བྱེད་འགྱུར་བྱེད་པ་ཞེས། །བཤད་ཀྱང་མདོ་དང་འགལ་བ་མེད། །ཡང་ན་མདོར་བསྟན་རྒྱས་བཤད་དོ། །དཔེར་ན་འགྲོ་བ་ཀུན་གྱི་སྡིག །ཇི་སྙེད་ཡོད་པ་བྱས་པ་དང་། །བྱེད་འགྱུར་དེ་བཞིན་བྱེད་པ་རྣམས། །རྒྱལ་བའི་མདུན་དུ་བཤགས་པར་ཤོག །ཅེས་བྱའི་ཚིག་དང་མཚུངས་པ་ཡིན། །འདི་ལའང་དུས་གསུམ་ལས་གཞན་པའི། །ཡོད་པའི་སྡིག་པ་གང་ཡང་མེད། །དེ་བཞིན་དུས་གསུམ་ལས་གཞན་པའི། །ཡོད་པའི་དགེ་བ་སྲིད་མ་ཡིན། །རྡོ་རྗེ་རྒྱལ་མཚན་ཉིད་ལས་ཀྱང་། །ཡོད་པ་ཞེས་བྱ་བསྒྲུབ་པར་གསུངས། །ཆོས་དབྱིངས་དགེ་བར་བྱས་ནས་ནི། །དེ་ལ་བསྔོ་བའི་རྒྱུར་བྱེད་པ། །བསྔོ་བས་འགྱུར་ན་འདུས་བྱས་འགྱུར། །མི་འགྱུར་བསྔོ་བ་དོན་མེད་ཡིན། །མདོ་སྡེ་རྣམས་ལས་ཆོས་ཀྱི་དབྱིངས། །འགྱུར་བ་མེད་ཅེས་རྒྱལ་བས་གསུངས། །རྩ་བའི་ཤེས་རབ་ཉིད་ལས་ཀྱང་། །རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །དེ་ལ་སོགས་པའི་ལུང་རིགས་རྣམས། །ཆོས་དབྱིངས་དགེ་བ་མིན་པར་གསུངས། །གལ་ཏེ་ཆོས་ཉིད་དེ་བཞིན་ཉིད། །བསྔོ་བྱའི་དགེ་བ་མ་ཡིན་མོད།།བྱང་ཆུབ་སེམས་དཔའི་བློ་སྦྱོང་ལ། །བསྔོས་ཀྱང་ཉེས་པ་མེད་སྙམ་ན། །མ་ཡིན་འདི་ལ་ཉེས་པ་ཡོད། །དམིགས་པའི་འདུ་ཤེས་ཡོད་པའི་ཕྱིར། །བསྔོ་བ་དུག་དང་བཅས་པར་འགྱུར། །འདི་འདྲའི་བསྔོ་བ་བྱས་གྱུར་ན། །སྦལ་པ་རྨ་ཅན་ཇི་བཞིན་དུ། །བསྔོ་བ་ཐམས་ཅད་འཇིག་པར་འགྱུར། །ཆོས་ཉིད་སྤྲོས་བྲལ་ངང་ནས་ནི། །དགེ་བ་ཇི་སྙེད་བྱས་པ་རྣམས། །འགྲུབ་བམ་གལ་ཏེ་མི་འགྲུབ་ཀྱང་། །འགྲོ་བའི་དོན་དུ་བསྔོ་བྱེད་ན། །བྱང་ཆུབ་སེམས་དཔའི་བློ་སྦྱོང་ཡིན། །ཆོས་ཉིད་བསྔོ་རྒྱུར་བྱེད་ན་ནི། །བློ་སྦྱང་དུ་ཡང་མི་རུང་ངོ་། །དེ་ཡི་རྒྱུ་མཚན་འདི་ལྟར་ཡིན། །ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །དགེ་བར་བྱེད་ན་དམིགས་པར་འགྱུར། །དམིགས་དང་བཅས་པའི་འདུ་ཤེས་ཀྱིས། །བསྔོ་བ་དུག་དང་བཅས་པར་གསུངས། །དཔེར་ན་དུག་དང་བཅས་པ་ཡི། །ཁ་ཟས་བཟང་པོ་ཟ་བ་ལྟར། །དཀར་པོའི་ཆོས་ལ་དམིགས་པ་ཡང་། །དེ་དང་འདྲ་བར་རྒྱལ་བས་གསུངས། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང་། །ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་མདོ་རྒྱུད་ཐམས་ཅད་མཐུན། །གང་དག་དམིགས་པ་མེད་པ་ཡི། །ཆོས་ཀྱི་དབྱིངས་ལའང་ཡོད་པ་ཡི། །དགེ་བ་ཡིན་ཞེས་དམིགས་བྱེད་པ། །དེ་ཡིས་ཆོས་ཅན་གཞན་དག་ལ། །དམིགས་པར་འགྱུར་བ་ལྟ་ཅི་སྨོས། །བྱི་བས་དབྱུག་པའང་ཟོས་གྱུར་ན། །སྣུམ་ཁུར་ཟོས་པ་སྨོས་ཅི་དགོས། །གཞན་ཡང་ཆོས་ཉིད་དེ་བཞིན་ཉིད། །བསྔོ་བའི་ཡུལ་དུ་བྱེད་པ་དང་། །ཆོས་ཉིད་མི་འགྱུར་བདེན་པ་ཞེས། །ཟེར་བ་གོང་འོག་འགལ་བ་ཡིན། །དེས་ན་ལེགས་པར་སོམས་ལ་སྨྲོས། །ལ་ལ་བདེ་གཤེགས་སྙིང་པོའི་སྒྲ། །ཆོས་ཀྱི་དབྱིངས་ལ་མི་ཟེར་བར། །སེམས་ཅན་ཁོ་ནའི་ཁམས་ལ་འདོད། །སེམས་ཅན་ཁམས་དེ་བརྟག་པར་བྱ། །ཁམས་དེ་དངོས་པོའམ་དངོས་མེད་དམ། །གཉིས་ཀ་མིན་པར་སྤྲོས་བྲལ་ཡིན། །རྣམ་པ་གསུམ་ལས་གཞན་མི་སྲིད། །དངོས་པོ་ཡིན་ན་བེམས་པོ་དང་། །རིག་པ་གཉིས་སུ་ཁ་ཚོན་ཆོད། །བེམས་པོ་སེམས་ཅན་ཁམས་ཉིད་དུ། །འདོད་པ་མུ་སྟེགས་འགའ་ཡི་ལུགས། །ཡིན་གྱི་སངས་རྒྱས་པ་ལ་མེད། །རིག་པ་ཡིན་ན་རྣམ་ཤེས་ཀྱི། །ཚོགས་བརྒྱད་ཉིད་ལས་འདའ་བ་མེད། །ཚོགས་བརྒྱད་འདུས་བྱས་ཡིན་པའི་ཕྱིར། །བདེ་གཤེགས་སྙིང་པོར་མི་འཐད་དེ། །མདོ་ལས་བདེ་གཤེགས་སྙིང་པོ་ནི། །འདུས་མ་བྱས་སུ་གསུངས་ཕྱིར་རོ། །འགའ་ལས་ཟག་མེད་སེམས་རྒྱུད་ཅེས། །གསུངས་པ་ཀུན་གཞིའི་རྣམ་ཤེས་ཀྱི། །གསལ་ཆ་ཉིད་ལ་དགོངས་པ་ཡིན། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །ཡིན་ཕྱིར་དགེ་བའི་ཐ་སྙད་མེད། །འོན་ཏེ་ཟག་མེད་སེམས་རྒྱུད་ཅེས། །ཚོགས་བརྒྱད་ལས་གཞན་ཡོད་ན་ནི། །དེ་ཚེ་རྣམ་ཤེས་ཚོགས་དགུར་འགྱུར། །དེས་ན་ཚོགས་བརྒྱད་ལས་གཞན་པའི། །ཟག་མེད་སེམས་རྒྱུད་མི་འཐད་དོ། །དངོས་མེད་ཡིན་ན་དོན་བྱེད་མེད། །དེ་ལ་དགེ་སྡིག་འཐད་མ་ཡིན། །གལ་ཏེ་སེམས་ཅན་ཁམས་དངོས་དང་། །དངོས་མེད་གཉིས་ཀ་མ་ཡིན་པར། །སྤྲོས་བྲལ་ཡིན་ན་སྔར་བཤད་པའི། །ཆོས་ཀྱི་དབྱིངས་ལས་འདའ་བ་མེད། །དེ་ལྟ་ཡིན་ན་ཆོས་ཀྱི་དབྱིངས། །དགེ་སྡིག་མེད་པར་བཤད་ཟིན་ཏོ། །གལ་ཏེ་བེམས་པོའི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་མ་ཡིན་ཡང་། །སེམས་ཅན་རྣམས་ཀྱི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་ཡིན་སྙམ་ན། །མ་ཡིན་ཆོས་ཀྱི་དབྱིངས་ལ་ནི། །དབྱེ་བ་མེད་པར་རྒྱལ་བས་གསུངས། །རིགས་པས་ཀྱང་ནི་འདི་འགྲུབ་བོ། །དེས་ན་དེ་བཞིན་གཤེགས་པ་ཡི། །སྙིང་པོ་སྤྲོས་བྲལ་ཡིན་པའི་ཕྱིར། །སེམས་ཅན་རྣམས་ལ་སངས་རྒྱས་དང་། །འཁོར་བ་གཉིས་ཀ་འབྱུང་བ་  འཐད། །འཕགས་པ་ཀླུ་སྒྲུབ་སྐྱོབ་ཉིད་ཀྱིས། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་གསུངས་པ་ཡང་དོན་འདི་ཡིན། །ཐེག་པ་ཆེན་པོ་རྒྱུད་བླ་མར། །བདེ་གཤེགས་ཁམས་ཀྱི་སྒྲུབ་བྱེད་ནི། །གལ་ཏེ་བདེ་གཤེགས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་གསུངས་པ་ཡང་འདི་ཉིད་དེ། །ཉེ་བར་ལེན་པའི་ཕུང་པོ་ལྔ། །སྡུག་བསྔལ་ཡིན་ཞིང་མྱ་ངན་ལས། །འདས་པ་བདེ་བ་ཡིན་པས་ན། །སེམས་ནི་རང་གནས་སྙེག་པའི་ཕྱིར། །མེ་ཡི་སྒྲུབ་བྱེད་ཚ་བ་ལྟར། །བདེ་གཤེགས་ཁམས་ཀྱི་སྒྲུབ་བྱེད་འཐད། །འདི་དོན་རྒྱས་པར་བརྒྱད་སྟོང་པའི། །ཆོས་འཕགས་ཀྱི་ནི་ལེའུར་ལྟོས། །འོན་ཀྱང་མདོ་སྡེ་འགའ་ཞིག་དང་། །ཐེག་པ་ཆེན་པོ་རྒྱུད་བླ་མར། །གོས་ངན་ནང་ན་རིན་ཆེན་ལྟར། །སེམས་ཅན་རྣམས་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་པ་ནི། །དགོངས་པ་ཡིན་པར་ཤེས་པར་བྱ། །དེ་ཡི་དགོངས་གཞི་སྟོང་ཉིད་ཡིན། །དགོས་པ་སྐྱོན་ལྔ་སྤང་ཕྱིར་གསུངས། །དངོས་ལ་གནོད་བྱེད་ཚད་མ་ནི། །དེ་འདྲའི་སངས་རྒྱས་ཁམས་ཡོད་ན། །མུ་སྟེགས་བདག་དང་མཚུངས་པ་  དང་། །བདེན་པའི་དངོས་པོར་འགྱུར་ཕྱིར་དང་། །ངེས་པའི་དོན་གྱི་མདོ་སྡེ་དང་། །རྣམ་པ་ཀུན་དུ་འགལ་ཕྱིར་རོ། །འདི་དོན་དེ་བཞིན་གཤེགས་པ་ཡི། །སྙིང་པོའི་ལེའུའི་མདོ་སྡེར་ལྟོས། །སློབ་དཔོན་ཟླ་བ་གྲགས་པས་ཀྱང་། །དབུ་མ་ལ་ནི་འཇུག་པ་ལས། །བདེ་གཤེགས་སྙིང་པོ་དྲང་དོན་དུ། །གསུངས་པ་དེ་ཡང་ཤེས་པར་  གྱིས། །འགའ་ཞིག་བསྔོ་བའི་ཚེ་ན་ཆུ། །སྦྲེང་བའི་ལག་ལེན་བྱེད་ཅེས་གྲགས། །འདི་ནི་མུ་སྟེགས་རིག་བྱེད་པའི། །ལུགས་ཡིན་སངས་རྒྱས་པ་ལ་མེད། །དེས་ན་གང་དང་གང་བྱེད་པ། །སངས་རྒྱས་གསུང་བཞིན་གུས་པས་སྒྲུབས། །བསྔོ་བ་དེ་ཡང་མདོར་བསྡུ་ན། །གནས་དང་གནས་མ་ཡིན་པ་གཉིས། །གནས་ཀྱི་བསྔོ་བ་འགྲུབ་པར་གསུངས། །གནས་མིན་བསྔོས་ཀྱང་འགྲུབ་མི་འགྱུར། །འདི་དག་གཉིས་ཀ་མདོ་ལས་གསུངས། །འཇམ་དཔལ་སངས་རྒྱས་ཞིང་ལས་ནི། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་འདི་ནི་གནས་ལ་  དགོངས། །དྲི་མེད་བྱིན་གྱིས་ཞུས་པའི་མདོར། །ཆོས་རྣམས་ཆོས་ཉིད་བསྔོ་བ་ཡིས། །མི་འགྱུར་གལ་ཏེ་འགྱུར་ན་ནི། །དང་པོའི་སངས་རྒྱས་གཅིག་ཉིད་ཀྱི། །བསྔོ་བ་དེང་སང་ཅིས་མི་འགྲུབ། །ཅེས་གསུངས་འདི་ནི་གནས་མིན་གྱི། །བསྔོ་བ་ཉིད་ལ་དགོངས་པ་ཡིན། །དེས་ན་བསྔོ་རྒྱུའི་དགེ་བ་དང་། །བཤགས་པར་བྱ་བའི་སྡིག་པ་ཡང་། །བྱས་པའི་དགེ་སྡིག་ཡིན་མོད་ཀྱི། །མ་བྱས་པ་ལ་དགེ་སྡིག་མེད། །དེ་ཡི་རྣམ་གཞག་བཤད་ཀྱིས་ཉོན། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཞེས། །གསུངས་པའི་དགོངས་པ་ཤེས་ནས་ནི། །མཁས་པ་རྣམས་ཀྱིས་དཔྱད་པར་བྱ། །ཉན་ཐོས་དགེ་བ་ཕལ་ཆེར་ཡང་། །བྱང་ཆུབ་སེམས་དཔའི་སྡིག་པར་འགྱུར། །བྱང་ཆུབ་སེམས་དཔའི་དགེ་བ་ཡང་། །ཉན་ཐོས་སྡིག་ཏུ་འགྱུར་བར་གསུངས། །བསྐལ་པ་དུ་མར་དགེ་སྤྱད་ཀྱང་། །ཉན་ཐོས་ས་རུ་སེམས་བསྐྱེད་ན། །བྱང་ཆུབ་སེམས་དཔའི་སྡིག་པ་ལྕི། །དེ་ནི་ཉན་ཐོས་དགེ་ཆེན་ཡིན། །འདོད་པའི་ཡོན་ཏན་ལྔར་སྤྱོད་ཀྱང་། །ཐབས་མཁས་བྱང་ཆུབ་སེམས་ལྡན་ན། །རྒྱལ་སྲས་རྣམས་ཀྱི་དགེ་ཆེན་ཡིན། །ཉན་ཐོས་རྣམས་ཀྱི་སྡིག་པར་གསུངས། །གཞན་གྱི་དོན་གྱི་སེམས་བརྟན་པའི། །ཕམ་པ་བཞི་པོ་སྤྱད་ན་ཡང་། །བྱང་ཆུབ་སེམས་དཔའི་དགེ་བ་སྟེ། །ཉན་ཐོས་རྣམས་ཀྱི་སྡིག་པར་གསུངས། །འཁོར་བའི་འགྲོ་ལ་ཆགས་པ་ནི། །གཞན་དོན་ཡིན་ཡང་ཉན་ཐོས་ཀྱི། །སྡིག་ཡིན་དེ་ཉིད་རྒྱལ་སྲས་ཀྱི། །དགེ་བ་ཡིན་པར་ཤེས་པར་བྱ། །དཀར་ནག་ཟང་ཐལ་ཞེས་བྱ་བའི། །ཆོས་སྐད་ངོ་མཚར་ཆེ་བར་གྲགས། །དེ་དག་གིས་ནི་དྲང་དོན་ལ། །ངེས་པའི་དོན་དུ་འཁྲུལ་བར་ཟད། །དེད་དཔོན་སྙིང་རྗེ་ཆེན་པོ་ཡིས། །ཚོང་པ་གཡོན་ཅན་བསད་པ་ཡི། །ལས་ཀྱིས་རྫོགས་པའི་སངས་རྒྱས་ལ། །སེང་ལྡེང་ཚལ་པ་ཟུག་པ་དང་། །ལོ་དྲུག་དཀའ་བ་སྤྱད་པ་དང་། །རྟ་ཆས་རུལ་བ་གསོལ་བ་དང་། །བྲམ་ཟེའི་བུ་མོས་སྐུར་བ་དང་། །དགེ་འདུན་དབྱེན་གྱི་རྒྱུ་ལ་སོགས། །ཐུབ་པའི་སྐུ་ཚེ་སྔ་མ་ཡི། །ལས་ངན་སྨིན་པར་གསུངས་པ་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །ཐབས་ལ་མཁས་པའི་མདོ་སྡེར་ལྟོས། །དེ་ནི་ངེས་དོན་མདོ་སྡེ་ཡིན། །དྲང་བའི་དོན་ལ་ཡིད་མ་རྟོན། །གལ་ཏེ་རྫོགས་པའི་སངས་རྒྱས་ལ། །ལས་ངན་སྨིན་པ་བདེན་ན་ནི། །ཚོགས་གཉིས་རྫོགས་པ་དོན་མེད་ཅིང་། །དགྲ་བཅོམ་དང་ཡང་འདྲ་བར་འགྱུར། །སྐུ་གསུམ་རྣམ་གཞག་བྱར་མི་རུང་། །དེ་ཡི་འཐད་པ་བཤད་ཀྱིས་ཉོན། །ཚོགས་གཉིས་རྫོགས་པའི་སངས་རྒྱས་ནི། །སྟུག་པོ་བཀོད་པར་སངས་རྒྱས་པའི། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཡིན། །དེ་ཡི་སྤྲུལ་པའི་སྐུ་ཉིད་ནི། །ཟས་གཙང་སྲས་སུ་འཁྲུངས་པ་ཡི། །ཤཱཀྱ་སེང་གེ་འདི་ཡིན་ནོ། །འདི་ནི་གདུལ་བྱ་སྨིན་པའི་ཕྱིར། །གཤེགས་དང་བཞུགས་དང་མནལ་བ་དང་། །མུ་གེའི་གྲོང་དུ་གཤེགས་པ་དང་། །ལྷུང་བཟེད་སྟོང་པར་བྱོན་པ་དང་། །བསོད་སྙོམས་མང་དུ་རྙེད་པ་དང་། །དགྲ་དང་ཉེ་དུའི་འབྲེལ་བ་དང་། །རད་རོད་ཅན་དུ་གཟིམས་པ་དང་། །རེས་འགའ་བསྙུང་བར་གཤེགས་པ་དང་། །གཞན་གྱིས་སྐུར་པ་སྣ་ཚོགས་དང་། །རེས་འགའ་སྙན་པའི་བ་དན་དང་། །བདེ་དང་དགེས་པར་སྤྱོད་པ་སོགས། །རྣམ་པ་སྣ་ཚོགས་སྟོན་པ་ནི། །སྤྲུལ་པ་ཡིན་གྱི་རང་རྒྱུད་མིན། །གལ་ཏེ་སངས་རྒྱས་དངོས་ལ་ནི། །ལས་ངན་སྨིན་པར་འདོད་ན་ཡང་། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ལ། །སྨིན་པར་རིགས་ཀྱི་སྤྲུལ་པའི་སྐུ། །ཤཱཀྱ་ཐུབ་པ་ལ་སོགས་ལ། །སྨིན་པར་འདོད་པ་མུན་སྤྲུལ་ཡིན། །དཔེར་ན་སྒྱུ་མའི་མཁན་པོ་ལ། །ལས་ངན་འབྱུང་གི་དེས་སྤྲུལ་པའི། །སྒྱུ་མ་ལ་ནི་མི་འབྱུང་བཞིན། །དེས་ན་དགོངས་པ་ཤེས་དགོས་སོ། །འདི་ཡི་ལུང་དང་རིགས་པ་རྣམས། །དབྱིག་གཉེན་དང་ནི་ལེགས་ལྡན་སོགས། །མཁས་པའི་གཞུང་བཞིན་ཤེས་པར་གྱིས། །ཡེ་བཀག་ཡེ་གནང་ཞེས་བྱ་བའང་། །སངས་རྒྱས་བསྟན་དང་མཐུན་མ་ཡིན། །ཉན་ཐོས་དང་ནི་ཐེག་ཆེན་གྱི། །གནང་བཀག་ཐམས་ཅད་གཅིག་ཏུ་མེད། །དེས་ན་ལ་ལར་གནང་བ་ནི། །ལ་ལའི་བཀག་པ་ཉིད་དུ་འགྱུར། །དེ་ཡི་འཐད་པ་འདི་ལྟར་ཡིན། །རྣམ་དག་ལུང་བཞིན་བཤད་ཀྱིས་ཉོན། །ཉན་ཐོས་རྩ་བའི་སྡེ་བཞི་ལ། །འདུལ་བ་མི་འདྲ་རྣམ་བཞི་ཡོད། །སྐད་ཀྱང་ལེགས་སྦྱར་རང་བཞིན་དང་། །ཟུར་ཆག་པ་དང་ཤ་ཟའི་སྐད། །རྣམ་པ་བཞི་རུ་གནས་པ་ཡིན། །དེ་ལས་གྱེས་པ་བཅོ་བརྒྱད་ལ། །འདུལ་བའི་དབྱེ་བའང་བཅོ་བརྒྱད་ཡོད། །དང་པོར་སྡོམ་པ་ལེན་པ་དང་། །བར་དུ་བསྲུང་དང་ཕྱིར་བཅོས་དང་། །སོ་སོར་ཐར་པ་འདོན་པ་དང་། །ཐ་མར་སྡོམ་པ་གཏོང་བའི་ཚུལ། །སྡེ་པ་ཐམས་ཅད་མི་མཚུངས་པས། །གཅིག་གིས་བཀག་པ་གཅིག་ལ་གནང། །གལ་ཏེ་སྡེ་བ་གཅིག་བདེན་གྱི། །དེ་ལས་གཞན་པ་བརྫུན་སྙམ་ན། །རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལྟར། །སྡེ་པ་ཐམས་ཅད་བདེན་པར་གསུངས། །འདི་དོན་རྒྱས་པར་སྡེ་བ་ནི། །ཐ་དད་བཀླག་པའི་འཁོར་ལོ་དང་། །འདུལ་བ་འོད་ལྡན་ལ་སོགས་ལྟོས། །སྡེ་པ་ཀུན་གྱི་བསླབ་པ་ཡང་། །ཤེས་ན་གཅིག་ཏུ་འགྱུར་ཞེ་ན། །ཤེས་ཀྱང་ཕལ་ཆེར་ཐ་དད་ཡིན། །དཔེར་ན་ཐམས་ཅད་ཡོད་སྨྲ་བའི། །མདོ་སྡེ་ལེགས་སྦྱར་སྐད་དུ་ཡོད། །གནས་བརྟན་པ་དག་ལེགས་སྦྱར་གྱི། །མདོ་སྡེ་བཏོན་ན་ལྟུང་བར་བྱེད། །ཐམས་ཅད་ཡོད་སྨྲ་རང་ཉིད་ཀྱི། །གསོལ་བཞིའི་ཆོ་གས་སྡོམ་པ་སྐྱེ། །དེ་ཡི་ཆོ་ག་བཞིན་བྱས་ན། །སྡེ་བ་གཞན་གྱི་དགེ་སློང་འཇིག །ཐམས་ཅད་ཡོད་སྨྲ་སྨིན་མའི་སྤུ། །བཞར་ན་ལྟུང་ཡིན་སྡེ་པ་འགའ། །མ་བཞར་ན་ནི་ལྟུང་བར་འདོད། །ལ་ལ་བུ་རམ་ཕྱི་དྲོ་འགོག །ཁ་ཅིག་ལྟུང་བ་མེད་ཅེས་ཟེར། །ལ་ལ་བྱིན་ལེན་ལག་པ་བཀན། །ལ་ལ་དེ་ལས་གཞན་དུ་བྱེད། །འགའ་ཞིག་ལྷུང་བཟེད་བྱིན་ལེན་བྱེད།། ལ་ལ་ལྷུང་བཟེད་བྱིན་ལེན་འགོག །ཁ་ཅིག་མིར་ཆགས་བསད་པ་ལ། །ཕམ་པ་ལ་ལ་ཕམ་པ་མེད། །ལ་ལའི་སོ་སོར་ཐར་པ་ལ། །གླེང་གཞིའི་ཚིགས་བཅད་གཅིག་ལས་མེད། །ལ་ལའི་རིང་ཐུང་གཞན་དུ་ཡོད། །མདོར་ན་ཕམ་པ་བཞི་པོ་ནས། །བརྩམས་ཏེ་བསླབ་པར་བྱ་བ་ཀུན། །སྡེ་པ་ཐམས་ཅད་མི་མཐུན་པས། །གང་གི་བཀག་ལ་གང་གི་གནང་། །དཔེར་ན་བུ་རམ་ཕྱི་དྲོའི་ཟས། །ཡེ་གནང་ཡིན་ན་སྡེ་པ་གཞན། །ལྟུང་བ་དག་དང་བཅས་པར་འགྱུར། །ཡེ་བཀག་ཡིན་ན་ཡོད་སྨྲ་ཡི། །དགེ་སློང་ལྟུང་བ་ཅན་དུ་འགྱུར། །བྱིན་ལེན་མ་བྱས་ཟ་བ་ཡི། །ལྟུང་བ་མི་སྐྱ་ལ་འབྱུང་ན། །མི་སྐྱའང་དགེ་སློང་ཉིད་འགྱུར་པས། །མི་སྐྱས་བྱིན་ལེན་བྱས་ན་ཡང་། །དགེ་སློང་གིས་ནི་དགེ་སློང་ལ། །བྱིན་ལེན་བྱས་པ་ཇི་བཞིན་དུ། །བཟའ་བར་རུང་བར་མི་འགྱུར་རོ། །དེ་བཞིན་ཀུན་ལ་སྦྱར་བར་གྱིས། །ཁ་ཅིག་རབ་ཏུ་བྱུང་བ་ལ། །ལྟུང་བ་ཇི་སྙེད་འབྱུང་བ་དེ། །ཁྱིམ་པ་ནས་ནི་དམྱལ་བའི་བར། །དུད་འགྲོ་ལ་སོགས་ཐམས་ཅད་ལ། །ལྟུང་བ་མཚུངས་པར་འབྱུང་ཞེས་ཟེར། །འདི་ནི་སངས་རྒྱས་དགོངས་པ་མིན། །ཅི་ཕྱིར་ཞེ་ན་ལྟུང་བ་དེ། །བཅས་པ་ཕན་ཆད་འབྱུང་མོད་ཀྱི། །མ་བཅས་པ་ལ་ལྟུང་མེད་ཕྱིར། །དེས་ན་ཐུབ་པས་ལས་དང་པོས། །ཉེས་པ་བྱས་ཀྱང་ལྟུང་མེད་གསུངས། །དེ་ལྟ་མིན་པར་ཐམས་ཅད་ལ། །གལ་ཏེ་ལྟུང་བ་ཀུན་འབྱུང་ན། །འགྲོ་ཀུན་ལྟུང་བ་དང་བཅས་པས། །ཐར་པ་ཐོབ་པ་ལྟ་ཅི་སྨོས།།མཐོ་རིས་ཀྱང་ནི་འབྱུང་རེ་སྐན། །ཉན་ཐོས་རྣམ་གསུམ་དག་པའི་ཤ །བཟའ་རུང་གལ་ཏེ་མི་ཟ་ན། །ལྷས་བྱིན་གྱི་ནི་བརྟུལ་ཞུགས་འགྱུར། །ཐེག་པ་ཆེ་ལས་ཤ་རྣམས་བཀག །ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས། །དེ་བཞིན་ཕ་རོལ་ཕྱིན་པ་དང་། །གསང་སྔགས་ཀྱི་ནི་ལྟུང་བ་ལ། །གནང་བཀག་འགའ་ཞིག་ཐ་དད་ཡོད། །དེ་འདྲའི་འགལ་བ་ལྟག་སྤྲོད་ལ། །ཡེ་བཀག་ཡེ་གནང་ཇི་ལྟར་བརྩི། །དེས་ན་ཡེ་བཀག་ཡེ་གནང་གི། །རྣམ་གཞག་ཕྱོགས་གཅིག་བྱར་མི་རུང། །དཔེར་ན་པདྨའི་སོ་ནམ་ལ། །རྟག་ཏུ་འདམ་དང་ལྗན་ལྗིན་དགོས། །ཤུ་དག་སོགས་ཀྱིས་བསྐོར་ན་སྐྱེ། །མེ་ཏོག་གཞན་ལ་དེ་མི་དགོས། །ཆུ་ལས་སྐྱེ་ལ་སྐམ་ས་དགྲ། །སྐམ་སར་སྐྱེ་ལ་རློན་པ་དགྲ། །གྲང་སར་དྲོ་བའི་རྫས་མི་སྨིན། །དྲོ་སར་བསིལ་བ་འཐད་མ་ཡིན། །དེས་ན་བྱ་བ་གང་ཅིའང་རུང་། །རང་རང་ལུགས་བཞིན་བྱས་ན་འགྲུབ། །དེ་ལས་བཟློག་པའི་ལུགས་བྱས་ན། །མི་འགྲུབ་གྲུབ་ཀྱང་བཟང་པོ་དཀའ། །དེ་བཞིན་གནང་བཀག་ཐམས་ཅད་ཀྱང་། །རང་རང་ལུགས་བཞིན་བྱས་ན་འགྲུབ། །གལ་ཏེ་སྡོམ་པ་མ་བླངས་ན། །ལྟུང་བའི་ཐ་སྙད་མི་ཐོབ་ཀྱང་། །རབ་ཏུ་བྱུང་ལ་བཅས་པ་ཡི། །སྡིག་པ་ཁྱིམ་པ་ལ་ཡང་འབྱུང་། །དེ་ལྟ་མིན་པར་རབ་བྱུང་ལ། །ཆེད་དུ་བྱས་ནས་སྡིག་བསྒོ་ན། །ཐུབ་པས་རབ་ཏུ་བྱུང་བ་ལ། །སྙིང་ནད་བྱས་པར་འགྱུར་ཞེས་ཟེར། །འདི་འདྲའི་རིགས་པ་གཟུ་ལུམས་ཡིན། །འོ་ན་ཞིང་ཡོད་རྣམས་ལ་ཡང་། །སེར་བ་ལ་སོགས་འབྱུང་འགྱུར་གྱི། །ཞིང་མེད་རྣམས་ལ་མི་འབྱུང་བས། །ཞིང་བཟང་བྱིན་པའང་སྙིང་ནད་འགྱུར། །དེས་ན་ཞིང་ལ་དགྲ་ཡོད་ཀྱང་། །ལོ་ཐོག་འབྱུང་བའི་ཕན་ཡོན་ཡོད། །དེ་བཞིན་རབ་ཏུ་བྱུང་བ་ལ། །ལྟུང་བ་སྲིད་མོད་ཕན་ཡོན་ཆེ། །དཔེར་ན་སྤྲང་པོར་སེར་བ་སོགས། །མི་འཇིགས་མོད་ཀྱི་ལོ་ཐོག་མེད། །དེ་བཞིན་ཁྱིམ་པ་རྣམས་ལ་ཡང་། །ལྟུང་བ་མེད་མོད་དགེ་མི་འབྱུང་། །དེས་ན་མདོ་དང་བསྟན་བཅོས་ལས། །རང་བཞིན་ཁ་ན་མ་ཐོ་དང་། །བཅས་པའི་ཁ་ན་མ་ཐོ་བ། །རྣམ་པ་གཉིས་སུ་བསྡུས་ཏེ་གསུངས། །རང་བཞིན་ཁ་ན་མ་ཐོ་བ། །སེམས་ཅན་ཀུན་ལ་སྡིག་པར་འགྱུར། །བཅས་པའི་ཁ་ན་མ་ཐོ་བ། །བཅས་པ་ཕྱིན་ཆད་ལྟུང་བར་འགྱུར། །དེ་ལྟ་མིན་པར་མ་བཅས་ཀྱང་། །ཅི་ནས་སྡིག་པར་འགྱུར་ན་ནི། །རྒྱལ་བ་རིགས་ལྔ་ལ་སོགས་པ། །ལོངས་སྤྱོད་རྫོགས་པའི་སྐུ་རྣམས་དང་། །ཉེ་བའི་སྲས་བརྒྱད་ལ་སོགས་པ། །བྱང་ཆུབ་སེམས་དཔའ་ཕལ་ཆེར་ཡང་། །དབུ་སྐྲ་རིང་ཞིང་རྒྱན་དང་བཅས། །ཁ་དོག་སྣ་ཚོགས་ན་བཟའ་ཅན། །ཕྱག་མཚན་སྣ་ཚོགས་འཛིན་པ་རྣམས། །ཡེ་བཀག་པ་ལ་སྤྱོད་པའི་ཕྱིར། །གཤིས་ཀྱིས་མི་དགེ་ཅན་དུ་འགྱུར། །རྣལ་འབྱོར་དབང་ཕྱུག་བིརྺ་པ། །ཏི་ལོ་ནཱ་རོ་ལ་སོགས་པ། །དགེ་སློང་བརྟུལ་ཞུགས་བོར་བ་ཡི། །གྲུབ་ཐོབ་རྣམས་ཀྱང་སྡིག་ཅན་འགྱུར། །ཙནྡན་སྤོས་ཀྱི་ངད་ལྡན་པའི། །དགེ་སློང་ཇི་སྙེད་ཐམས་ཅད་ཀྱང་། །རྒྱན་དང་བཅས་ཤིང་གོས་དཀར་བ། །དེ་དག་ཀྱང་ནི་སྡིག་ཅན་འགྱུར། །གཤིས་ཀྱི་མི་དགེ་སྤྱོད་ཕྱིར་རོ། །དགེ་བསྙེན་དགེ་ཚུལ་སྡོམ་བརྩོན་ལའང་། །སྡིག་མེད་སྲིད་པར་མི་འགྱུར་ཏེ། །དེ་དག་ལ་ཡང་དགེ་སློང་གི། །ལྟུང་བ་ཐམས་ཅད་འབྱུང་ཕྱིར་རོ། །འདི་འདྲ་གང་དག་སུ་ཟེར་བ། །དེ་ཡིས་རང་གི་རྩ་བ་དང་། །བརྒྱུད་པའི་བླ་མར་གང་གྱུར་པ། །ཁྱིམ་པའམ་ནི་དགེ་བསྙེན་ནམ། །རྣལ་འབྱོར་པ་རུ་གང་བཞུགས་པ། །དེ་དག་ཐམས་ཅད་སྨད་པ་སྟེ། །གཤིས་ཀྱི་མི་དགེ་མཛད་ཕྱིར་དང་། །ལྟུང་བ་ཐམས་ཅད་སྤྱོད་ཕྱིར་རོ། །དེས་ན་མདོ་ལས་བརྟུལ་ཞུགས་ལ། །དགེ་སྡིག་གཉིས་ཀ་མེད་པར་གསུངས། །ཞིང་གི་གྲབ་བཞིན་ཚུལ་ཁྲིམས་ལ། །གུས་པའི་རྒྱུ་རུ་གསུངས་པར་ཟད། །དེས་ན་འདོད་པས་དབེན་པ་དང་། །སྡིག་ཏོ་མི་དགེའི་ཆོས་ཀྱིས་ནི། །དབེན་པ་ཞེས་བྱ་རྣམས་གཉིས་གསུངས། །ཐུབ་པའི་དགོངས་པ་ཇི་བཞིན་ཟུང་། །བུ་མོ་གསེར་མཆོག་འོད་དཔལ་གྱིས། །བློ་གྲོས་ཆེན་པོ་འཇམ་དཔལ་ལ། །རབ་ཏུ་འབྱུང་བར་ཞུས་པའི་ཚེ། །ལུས་ཀྱི་རབ་བྱུང་བཀག་ནས་ཀྱང་། །སེམས་ཀྱི་རབ་བྱུང་ཐོབ་པར་མཛད། །གལ་ཏེ་གཤིས་ལ་དགེ་ཡོད་ན། །ལུས་ལ་ངུར་སྨྲིག་ཅིས་མི་བསྐོན། །དཀོན་མཆོག་བརྩེགས་པའི་མདོ་སྡེ་ལས། །དད་རྫས་ཟ་བའི་ཉེས་མཐོང་ནས། །དགེ་སློང་ལྔ་བརྒྱས་སྡོམ་པ་ཕུལ། །དེ་ལ་ཐུབ་པས་ལེགས་ཞེས་གསུངས། །འཕགས་པ་བྱམས་པའི་བསྟན་པ་ལ། །འདུས་པ་དང་པོར་དེ་ལུང་བསྟན། །དེས་ན་སྡོམ་པ་དགེ་བ་ཡིན། །ཆ་ལུགས་ཙམ་ལ་དགེ་བ་མེད། །སྡོམ་པ་མེད་པའི་ཆ་ལུགས་ཀུན། །མདོ་དང་བསྟན་བཅོས་རྣམས་ལས་བཀག །གཤིས་ལ་དགེ་བ་ཡོད་ན་ནི། །སྡོམ་པ་མེད་ཀྱང་རབ་བྱུང་གི། །ཆ་ལུགས་ཙམ་རེ་ཅིས་མི་བཟུང་། །འདི་འདྲའི་ཆོས་ལུགས་བསྟན་པ་མིན། །དེ་ལ་ཁ་ཅིག་འདི་སྐད་དུ། །གལ་ཏེ་གཤིས་ལ་དགེ་བ་དང་། །སྡིག་པ་གཉིས་ཀ་མེད་པ་ལ། །ཐུབ་པས་ལྟུང་བ་འཆའ་ན་ནི། །བདེ་སྡུག་ཀུན་གྱི་བྱེད་པ་པོ། །སངས་རྒྱས་ཡིན་པར་འགྱུར་ཞེ་ན། །འདི་ཡི་ལན་ལ་རྣམ་གཉིས་ལས། །མགོ་བསྒྲེའི་ལན་ནི་འདི་ལྟར་ཡིན། །གཤིས་ལ་དགེ་སྡིག་ཡོད་ན་ནི། །ཁྱེད་ཀྱང་མུ་སྟེགས་འགའ་ཞིག་ལྟར། །ངོ་བོ་ཉིད་རྒྱུར་སྨྲ་བར་འགྱུར། །གཉིས་པ་དངོས་པོའི་ལན་ལ་ནི། །གཤིས་ལ་དགེ་དང་སྡིག་མེད་ཀྱང་། །བདེ་སྡུག་ལས་ཀྱིས་བྱས་པ་ཡིན། །ལས་ཀྱི་བྱེད་པོ་སེམས་ཉིད་ཡིན། །སེམས་ནི་དགེ་དང་མི་དགེ་བའི། །སྟོབས་ཀྱིས་ལས་ལ་བཟང་ངན་འབྱུང་། །བཟང་ངན་དེ་ལས་བདེ་སྡུག་འབྱུང་། །དེ་དག་བླང་དོར་བྱེད་པ་ཡི། །ཐབས་ནི་སྡོམ་པའི་ཚུལ་ཁྲིམས་ཡིན། །བརྟུལ་ཞུགས་ཚུལ་ཁྲིམས་བསྲུང་བའི་ཐབས། །དེ་ལ་གང་ལ་གང་དགོས་པའི། །བསླབ་པ་འཆའ་བའི་བྱེད་པ་པོ། །རྫོགས་པའི་སངས་རྒྱས་ཉག་གཅིག་ཡིན། །དེས་ན་བསམ་པའི་ཁྱད་པར་གྱིས། །གཉེན་པོའི་བྱེ་བྲག་དུ་མ་ཡོད། །དེ་ཡི་ཐབས་སུ་བརྟུལ་ཞུགས་དང་། །འདུལ་བའི་བཅས་པ་མི་འདྲ་བ། །མཛད་པའི་རྒྱུ་མཚན་དེ་ལྟར་ཡིན། །དེས་ན་བདེ་དང་སྡུག་བསྡལ་གྱི། །བྱེད་པོ་སངས་རྒྱས་མ་ཡིན་ཡང་། །བསླབ་པ་འཆའ་དང་སྔགས་སྦྱོར་བའི། །བྱེད་པོ་སངས་རྒྱས་ཡིན་པར་གསུངས། །སྦུ་གུ་ཅན་དང་གོང་བ་ཅན། །རྟ་ལ་ཞོན་པ་ལ་སོགས་དང་། །ལག་ཉ་དང་ནི་ནུབ་ཚངས་སོགས། །འདུལ་བའི་སྤྱོད་པ་མ་ཡིན་པ། །བྱས་པ་ཀུན་ལ་མནོང་བ་ཡི། །ཚུལ་གྱིས་བཤགས་པ་ལེགས་པར་བྱ། །དེ་དག་ལྟུང་བ་མེད་དོ་ཞེས། །སྨྲ་ན་བསྟན་ལ་གནོད་པ་ཡིན། །རབ་ཏུ་བྱུང་བ་འབབ་པ་དང་། །ཕན་ཚུན་རྩོད་པར་བྱེད་པ་དང་། །དམ་ཆོས་ཉོ་ཚོང་བྱེད་པ་དང་། །དགེ་སྦྱོང་ཕྱི་དྲོ་ཟ་བ་དང་། །ཆང་འཐུང་བ་ལ་སོགས་པ་དང་། །ཆོས་གོས་ལྷུང་བཟེད་མེད་པ་སོགས། །ཆོས་དང་འགལ་པའི་སྤྱོད་པ་ཀུན། །ལྟུང་བ་མེད་ཅེས་སྒྲོགས་པ་དང་། །བླ་མའི་ཞབས་ཏོག་ཡིན་པ་དང་། །སངས་རྒྱས་བསྟན་ལ་ཕན་པ་སོགས། །སྨྲ་ན་བསྟན་པ་སྤྱི་ལ་གནོད། །རང་གིས་བསྒྲུབ་པར་མ་ནུས་པའམ། །ལས་ངན་ཡིན་ཞེས་སྨྲ་ན་ནི། །རང་ལ་གནོད་ཀྱི་བསྟན་ལ་མིན། །གལ་ཏེ་སྐྱེ་བ་སྔ་མ་ཡི། །ལས་ངན་སྨིན་པའི་ཤུགས་ཉིད་ལས། །ཆོས་དང་འགལ་བའི་སྤྱོད་པ་ཀུན། །དབང་མེད་བྱ་དགོས་བྱུང་ན་ཡང་། །འདི་ནི་ཆོས་མིན་འདུལ་བ་མིན། །སངས་རྒྱས་བསྟན་པའང་མིན་ནོ་ཞེས། །མནོང་བའི་ཚུལ་གྱིས་ལེགས་པར་བཤགས། །འདི་དག་ཆོས་དང་མི་འགལ་ཞིང་། །སངས་རྒྱས་བསྟན་པ་ཡིན་ནོ་ཞེས། །སྨྲ་ན་སངས་རྒྱས་བསྟན་ལ་གནོད། །དེས་ན་བསྟན་པའི་སྒོར་ཞུགས་པས། །སངས་རྒྱས་བསྟན་ལ་མ་ཕན་ཡང་། །རྣམ་པ་ཀུན་ཏུ་གནོད་མི་བྱ། །མདོ་བསྐུལ་ལ་སོགས་བྱ་བ་ཀུན། །འདུལ་བའི་གཞུང་དང་མཐུན་པར་གྱིས། །མདོ་བསྐུལ་རིང་མོ་ཞེས་བྱ་བ། །དཀའ་ལ་ནོར་བ་བྱེད་པ་མཐོང་། །མདོ་རྒྱུད་ཀུན་ལས་འདི་མ་གསུངས། །འདི་འདྲའི་རིགས་ཀྱི་ཆོས་འཕེལ་ན། །བསྟན་པའི་རྩ་བ་ནུབ་པར་འགྱུར། །སངས་རྒྱས་གསུངས་པའི་ཆོ་ག་ཀུན། །སླ་བར་གྱུར་ཀྱང་མི་བྱེད་ལ། །སངས་རྒྱས་ཀྱིས་ནི་མ་གསུངས་ན། །དཀའ་ཡང་འབད་ནས་བྱེད་པ་མཚར། །སངས་རྒྱས་གསུང་དང་མི་མཐུན་ཡང་། །འདི་འདྲ་བདེན་པར་འདོད་ན་ནི། །ལག་ལེན་ཕྱིན་ཅི་ལོག་གཞན་ཡང་། །འཁྲུལ་ཞེས་བརྗོད་པར་མི་ནུས་ཏེ། །ལུང་དང་འགལ་བའི་ཆོས་ཡིན་པར། །རང་བཟོར་ཐམས་ཅད་མཚུངས་པ་ལ། །འགའ་ཞིག་བདེན་ལ་འགའ་ཞིག་ནི། །བརྫུན་པ་ཡིན་ཞེས་དཔྱད་མི་རུང་། །མུ་སྟེགས་ལ་སོགས་ཆོས་ལོག་ཀྱང་། །སུན་དབྱུང་བར་ནི་མི་ནུས་ཏེ། །ལུང་རིགས་མེད་པར་མཚུངས་པ་ལ། །བདེན་བརྫུན་དབྱེ་བ་ནུས་མ་ཡིན། །ལ་ལ་རྫོགས་པའི་སངས་རྒྱས་ཀྱི། །གསུང་རབ་ཚིག་དོན་ཟབ་མོ་དང་། །གྲུབ་ཐོབ་རྣམས་དང་མཁས་རྣམས་ཀྱི། །ཤིན་ཏུ་ལེགས་པར་བཤད་པའི་ཆོས། །ཚིག་གི་ན་ཡ་ཡིན་པས་ན། །དགོས་པ་མེད་པས་དོར་ཞེས་ཟེར། །ཚིག་ཀྱང་བསྒྲིག་ལེགས་མི་ཤེས་ན། །དོན་བཟང་སྨོས་ཀྱང་ཅི་དགོས་བའི། །བླུན་པོ་རྣམས་ཀྱི་རང་དགའི་ཚིག །མཁས་རྣམས་བཞད་གད་བསྐྱེད་པ་ཡི། །འབྲེལ་མེད་སྣ་ཚོགས་བྲིས་པ་ལ། །བསྟན་བཅོས་ཡིན་ཞེས་ཉན་བཤད་བྱེད། །བླུན་པོ་དགའ་བ་བསྐྱེད་ནུས་ཀྱི། །མཁས་རྣམས་དགའ་བ་བསྐྱེད་མི་ནུས། །དུས་དང་བློ་གྲོས་གྲོན་དུ་འགྱུར། །ཀྱེ་མ་སངས་རྒྱས་བསྟན་པ་ནི། །འདི་ལྟར་གྱུར་པ་ད་གཟོད་གོ། །དེས་ན་སངས་རྒྱས་གསུང་རབ་དང་། །མཁས་པ་རྣམས་ཀྱི་བསྟན་བཅོས་ཀྱི། །ཚིག་དོན་ལ་ནི་བྱིན་རླབས་ཡོད། །འདི་འདྲ་ཉན་བཤད་བྱེད་པ་ལ། །ཐོས་པ་ཞེས་ནི་བརྗོད་པ་ཡིན། །དེ་དོན་དཔྱོད་པ་བསམ་པ་ཡིན། །ནན་ཏན་གྱིས་ནི་དེ་བསྒྲུབ་པ། །བསྒོམ་པ་ཡིན་པར་ཤེས་པར་བྱ། །ཐོས་བསམ་བསྒོམ་གསུམ་དེ་ལྟར་གྱིས། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སོ་སོར་ཐར་པའི་སྡོམ་པའི་སྐབས་ཏེ་དང་པོའོ།། །།

༈ སེམས་བསྐྱེད་ལ་ནི་ཉན་ཐོས་དང་། །ཐེག་པ་ཆེན་པོའི་ལུགས་གཉིས་ཡོད། །ཉན་ཐོས་རྣམས་ལ་སེམས་བསྐྱེད་གསུམ། །དགྲ་བཅོམ་རང་རྒྱལ་སངས་རྒྱས་སོ། །ཉན་ཐོས་བསྟན་པ་ནུབ་པས་ན། །དེ་ཡི་ཆོ་གར་སྤྱོད་པ་ཉུང་། །ཐེག་པ་ཆེན་པོའི་སེམས་བསྐྱེད་ལ། །དབུ་མ་སེམས་ཙམ་རྣམ་པ་གཉིས། །དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ལྟུང་བ་དང་ནི་ཕྱིར་བཅོས་དང་། །བསླབ་པར་བྱ་བའང་སོ་སོར་ཡོད། །སེམས་ཙམ་པ་ཡི་སེམས་བསྐྱེད་འདི། །བོད་ན་བྱེད་པ་མང་མོད་ཀྱི། །དེ་ནི་སུ་ཡང་རུང་བ་ཡི། །གང་ཟག་རྣམས་ལ་བྱར་མི་རུང་། །ལ་ལ་སྐྱེ་བོ་འགའ་ཞིག་གི། །རྨི་ལམ་གྱི་ནི་རྗེས་འབྲངས་ནས། །སེམས་ཅན་ཀུན་ལ་སེམས་སྐྱེད་བྱེད། །རྨི་ལམ་བདུད་ཀྱི་མིན་ན་རུང་། །བྱང་ཆུབ་སེམས་དཔའི་ས་དང་ནི། །མར་མེ་མཛད་ཀྱིས་བཀག་ཕྱིར་དང་། །ཆོ་ག་ལས་ཀྱང་གསལ་བའི་ཕྱིར། །ལུགས་དེ་སངས་རྒྱས་བསྟན་པ་མིན། །ཁ་ཅིག་བླུན་པོ་སྡིག་པ་ཅན། །ཡིན་ཡང་དེར་འཚོགས་ཐམས་ཅད་ནི། །སོ་སོར་ཐར་པའི་སྡོམ་པ་ཅན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ། །མཁས་པ་ཤ་སྟག་ཡིན་ནོ་ལོ། །འདི་འདྲའི་ཚིག་ལའང་བདེན་འཛིན་ཡོད། །སེམས་ཡོད་རྣམས་ཀྱིས་འདི་ལ་དཔྱོད། །གལ་ཏེ་འདི་འདྲའི་ཚིག་བདེན་ན། །དེ་ལས་མི་བདེན་གཞན་ཅི་ཡོད། །དེས་ན་ཆོས་ཀྱི་རྗེས་འབྲངས་པའི། །མཁས་པ་རྣམས་ཀྱིས་ལུགས་འདི་སྤོངས། །དབུ་མའི་ལུགས་ཀྱི་སེམས་བསྐྱེད་འདི། །སེམས་ཅན་ཀུན་གྱིས་ལེགས་ཐོབ་ན། །རྫོགས་སངས་རྒྱས་ཀྱི་རྒྱུར་འགྱུར་ཞེས། །མདོ་དང་བསྟན་བཅོས་རྣམས་ལས་གསུངས། །དེ་ཡང་སྡོང་པོ་བཀོད་པ་དང་། །བསྐལ་བཟང་ནམ་མཁའི་སྙིང་པོ་དང་། །དཀོན་བརྩེགས་རྒྱལ་པོ་གདམས་པ་ཡི། །མདོ་སྡེ་ལ་སོགས་རྣམས་སུ་ལྟོས། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་དང་། །རྒྱལ་སྲས་ཞི་བ་ལྷས་མཛད་ པའི། །བསྟན་བཅོས་ལ་སོགས་རྣམས་ལས་གསུངས། །ཇི་ལྟར་འབྲས་ཀྱི་ས་བོན་ནི། །གྲང་བའི་ཡུལ་དུ་མི་སྐྱེ་བ། །དེ་བཞིན་སེམས་ཙམ་པ་ཡི་ཡང་། །སེམས་བསྐྱེད་སྡིག་ཅན་ལ་མི་སྐྱེ། །ཇི་ལྟར་ནས་ཀྱི་ས་བོན་ནི། །གྲང་དྲོ་གང་དུའང་སྐྱེ་བ་ལྟར། །དེ་བཞིན་དབུ་མའི་སེམས་བསྐྱེད་ཀྱང་། །སྡིག་པ་ཡོད་མེད་ཀུན་ལ་སྐྱེ། །གལ་ཏེ་མདོ་ལས་བཤད་པ་ཡི། །གཞུང་དེ་སེམས་ཙམ་པ་ཡི་ཡང་། །སེམས་བསྐྱེད་ལུང་དུ་ཅི་འགལ་ཞེས། །སྙམ་ན་དེ་ནི་འཁྲུལ་པ་ཡིན། །རྒྱལ་བ་ཕན་བཞེད་ཉིན་གཅིག་གི། །སྲོག་གཅོད་སྡོམ་པ་བླངས་པ་ལ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་མཛད། །དེ་ནི་སོ་སོར་ཐར་པ་མིན། །དེ་ལ་སོགས་པའི་འཐད་པ་རྣམས། །དབུ་མའི་ལུགས་ལ་འཐད་མོད་ཀྱི། །སེམས་ཙམ་པ་ཡི་ལུགས་ལ་མིན། །དེས་ན་སེམས་ཙམ་པ་ཡི་ལུགས། །གལ་ཏེ་སེམས་སྐྱེད་བྱེད་འདོད་ན། །ཐོག་མར་སོ་སོར་ཐར་པ་ལོངས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་སློབས། །དད་ཅིང་བསྒྲུབ་པར་ནུས་གྱུར་ན། །ཕྱི་ནས་སེམས་བསྐྱེད་སྡོམ་པ་ལོངས། །ཅི་སྟེ་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་ས་བོན་འཇོག་འདོད་ན། །ཆོ་ག་འཁྲུལ་པ་མེད་པ་ཡི། །དབུ་མ་པ་ཡི་གཞུང་བཞིན་གྱིས། །དོན་དམ་སེམས་བསྐྱེད་ཅེས་བྱ་བ། །བསྒོམས་པའི་སྟོབས་ཀྱིས་སྐྱེ་མོད་ཀྱི། །ཆོ་གའི་སྒོ་ནས་འདི་མི་སྐྱེ། །གལ་ཏེ་ཆོ་གས་སྐྱེ་ན་ནི། །བརྡ་ལས་བྱུང་བའི་སེམས་བསྐྱེད་འགྱུར། །འདི་ནི་དོན་དམ་ཆོས་ཉིད་ཀྱིས། །ཐོབ་པ་ཞེས་བྱའི་སེམས་བསྐྱེད་ཡིན། །འདི་ལ་སྦྱོར་དངོས་རྗེས་གསུམ་གྱི། །ཆོ་ག་རྒྱལ་བས་གསུངས་པ་མེད། །མཁས་པ་ཐམས་ཅད་འདི་མི་མཛད། །མཛད་ཀྱང་ཆོ་གར་མི་འགྱུར་ རོ། །དེས་ན་འདི་འདྲའི་རིགས་ཅན་ཀུན། །སངས་རྒྱས་བསྟན་པའི་གཟུགས་བརྙན་ཡིན། །དཔེར་ན་ཆུ་ལུད་ས་བོན་སོགས། །སོ་ནམ་ཞིང་པས་བྱར་ནུས་ཀྱི། །མྱུ་གུ་སྡོང་བུ་སྙེ་མ་སོགས། །ཞིང་ལས་འབྱུང་གི་མི་ལས་མིན། །དེ་བཞིན་ཀུན་རྫོབ་བྱང་ཆུབ་སེམས། །ཆོ་གའི་སྒོ་ནས་བསྐྱེད་ནུས་ཀྱི། །དོན་དམ་བྱང་ཆུབ་སེམས་དང་ ནི། །ཟག་པ་མེད་པའི་སྡོམ་པ་དང་། །བསམ་གཏན་གྱི་ནི་སྡོམ་པ་སོགས། །ངང་གིས་སྐྱེ་ཡིས་ཆོ་གས་མིན། །འདི་དག་འཐད་པ་དང་བཅས་པ། །མདོ་དང་བསྟན་བཅོས་ཀུན་ལས་འབྱུང་། །དོན་དམ་སེམས་བསྐྱེད་བྱའོ་ཞེས། །གལ་ཏེ་རྒྱ་ལ་གསུངས་སྲིད་ཀྱང་། །དམ་བཅའ་ཡིན་གྱི་ཆོ་ག་མིན། །དཔེར་ན་སྦྱིན་པ་གཏོང་བར་བྱ། །ཚུལ་ཁྲིམས་དམ་པ་བསྲུང་བར་བྱ། །སངས་རྒྱས་ཡོན་ཏན་བསྒྲུབ་པར་བྱ། །དེ་ལ་སོགས་པ་གསུངས་པ་ཀུན། །དམ་བཅའི་ཚིག་ཙམ་ཉིད་ཡིན་གྱི། །ཆོ་གའི་སྒོ་ནས་བསྐྱེད་པ་མིན། །ཡིན་ན་ཧ་ཅང་ཐལ་འགྱུར་ཞིང་། །ཆོ་ག་ཡང་ནི་ཐུག་མེད་འགྱུར། །ཀྱེ་མ་འཇིག་རྟེན་བླུན་པོ་འདི། །རྒྱལ་བས་གསུངས་པ་ཀུན་བོར་ནས། །མ་གསུངས་ནན་གྱིས་འཚང་བ་ནི། །འདི་འདྲ་ཅིར་འགྱུར་བརྟག་དགོས་སོ། །དེ་ལྟར་སེམས་ཙམ་དབུ་མ་གཉིས། །རྣམ་གཞག་ཐ་དད་ཡོད་མོད་ཀྱི། །འོན་ཀྱང་ཐེག་ཆེན་ཀུན་མཐུན་པར། །ལྟུང་བའི་རྣམ་གཞག་མུ་བཞི་གསུངས། །ལྟུང་མེད་ལྟུང་དང་ལྟུང་བ་ཡི། །གཟུགས་བརྙན་ལྟུང་བ་མེད་པ་ཡི། །གཟུགས་བརྙན་ཞེས་བྱ་རྣམ་པ་ བཞི། །བསམ་པ་དག་པའི་སྦྱིན་པ་སོགས། །རྣམ་པ་ཀུན་ཏུ་ལྟུང་བ་མེད། །བསམ་པ་ངན་པའི་སྲོག་གཅོད་སོགས། །རྣམ་པ་ཀུན་ཏུ་ལྟུང་བར་འགྱུར། །དགེ་བའི་སེམས་ཀྱིས་བསད་པ་སོགས། །ལྟུང་བའི་གཟུགས་བརྙན་ཡིན་ཞེས་གསུངས། །གཞན་ལ་གནོད་ན་བརྫུན་མིན་ཡང་། །ལྟུང་བ་མེད་པའི་གཟུགས་བརྙན་ཡིན། །མདོར་ན་སེམས་ཀྱི་འཕེན་པ་ལས། །གཞན་པའི་དགེ་སྡིག་ཡོད་མ་ཡིན། །འཕགས་པ་ལྷ་ཡིས་བཞི་བརྒྱ་པར། །བསམ་པས་བྱང་ཆུབ་སེམས་དཔའ་ཡི། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་གསུངས་མདོ་རྒྱུད་གཞན་ལས་ཀྱང་། །དགེ་སྡིག་རྣམ་གཞག་དེ་ལྟར་གསུངས། །བྱང་ཆུབ་སེམས་ཀྱི་བསླབ་པ་ལ། །བདག་གཞན་མཉམ་བརྗེ་གཉིས་སུ་གསུངས། །ཁ་ཅིག་བརྗེ་བའི་བྱང་ཆུབ་སེམས། །བསྒོམ་དུ་མི་རུང་ཞེས་སུ་སྨྲ། །དེ་ཡི་རྒྱུ་མཚན་འདི་སྐད་ལོ། །བདག་བདེ་གཞན་ལ་བྱིན་ནས་ནི། །གཞན་སྡུག་བདག་གིས་བླངས་གྱུར་ན། །སྨོན་ལམ་མཐའ་ནི་བཙན་པའི་ཕྱིར། །བདག་ནི་རྟག་ཏུ་
སྡུག་བསྔལ་འགྱུར། །དེས་ན་འདི་འདྲའི་བྱང་ཆུབ་སེམས། །བསྒོམ་པ་དེ་དག་ཐབས་མི་མཁས། །ནོར་བ་ཆེན་པོའི་ཆོས་ཡིན་ལོ། །དེ་དོན་འདི་ལྟར་བསམ་པར་བྱ། །བདག་གཞན་བརྗེ་པའི་བྱང་ཆུབ་སེམས། །དགེ་བ་ཡིན་ནམ་སྡིག་ཡིན་བརྟག །གལ་ཏེ་དགེ་བ་ཡིན་ན་ནི། །དེ་ལས་སྡུག་བསྔལ་འབྱུང་བ་འགལ། །སྡིག་པ་ཡིན་ན་དུག་གསུམ་གྱིས། །བསྐྱེད་པའི་ལས་སུ་ཐལ་བར་འགྱུར། །བརྗེ་བ་དུག་གསུམ་མ་ཡིན་པས། །དེ་ལས་སྡུག་བསྔལ་ག་ལ་འབྱུང་། །བྱང་ཆུབ་སེམས་དཔའི་བློ་སྦྱོང་བའི། །སྨོན་ལམ་འགའ་ཞིག་མཐའ་མི་བཙན། །གལ་ཏེ་བཙན་ན་མཛའ་བོའི་བུ། །རྒྱུན་དུ་ཀླད་ནད་ཆེན་པོར་འགྱུར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བདག་གཞན་བརྗེ་བ་བསྒོམ་པའི་ཕྱིར། །རྒྱུན་དུ་སྡུག་བསྔལ་ཐོབ་པར་འགྱུར། །བརྗེས་པའི་སེམས་ཅན་དེ་དག་ཀུན། །སྡུག་བསྔལ་འབྱུང་བ་སྲིད་མི་འགྱུར། །དེས་ན་འདི་འདྲའི་གསང་ཚིག་ནི། །བདུད་ཀྱི་ཡིན་པ་མི་ཤེས་སོ། །ཐབས་ལ་བསླུ་བའི་བདུད་ཡོད་ཅེས། །རྒྱལ་བས་གསུངས་པའང་དྲན་པར་བྱ། །བདག་གཞན་བརྗེ་བ་སངས་རྒྱས་ཀྱི། །བསྟན་པའི་སྙིང་པོ་ཡིན་པར་གསུངས། །འཕགས་པ་ཀླུ་སྒྲུབ་སྐྱོབ་ཉིད་ཀྱིས། །རིན་ཆེན་ཕྲེང་བར་འདི་སྐད་གསུངས། །བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །དེ་སྐད་བརྗོད་པའི་བསོད་ནམས་འདི། །གལ་ཏེ་དེ་ནི་གཟུགས་ཅན་འགྱུར། །གང་གཱའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས། །གཏན་ཚིགས་ཀྱང་ནི་འདི་ལ་སྣང་། །དེ་ལ་སོགས་པ་ལེགས་པར་གསུངས། །སྤྱོད་འཇུག་ལས་ཀྱང་འདི་སྐད་དུ། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །དེ་སྐད་གསུངས་པ་ལེགས་པར་ཟུང་། །མདོ་དང་བསྟན་བཅོས་གཞན་ལས་ཀྱང་། །ཆོས་ཀྱི་སྙིང་པོར་འདི་གསུངས་སོ། །དེས་ན་བདག་གཞན་བརྗེ་བ་ཤེས། །དེ་ནི་མྱུར་དུ་རྫོགས་འཚང་རྒྱ། །དེ་ཡི་བར་དུའང་འཇིག་རྟེན་གྱི། །ཕུན་སུམ་ཚོགས་པ་འབྱུང་བར་གསུངས། །བྱང་ཆུབ་སེམས་ཀྱི་གནད་འཆུགས་ན། །ཆོས་གཞན་གྱིས་ནི་འཚང་མི་རྒྱ། །སྟོང་ཉིད་ཉན་ཐོས་རྣམས་ཀྱང་བསྒོམ། །དེ་ཡི་འབྲས་བུ་འགོག་པ་ཐོབ། །སོ་སོར་ཐར་པའི་མདོ་བཞིན་དུ། །བསྔོ་བ་ཉན་ཐོས་རྣམས་ཀྱང་བྱེད། །འདུལ་བ་ལུང་ལ་སོགས་པ་རུ། །སྟོང་པ་ཉིད་དང་སྐྱེ་མེད་དང་། །མཁའ་དང་ལག་མཐིལ་མཉམ་པ་སོགས། །ཆོས་ཀུན་མཉམ་ཉིད་རྟོགས་པའང་གསུངས། །བདག་གིས་བྲམ་ཟེ་འདོད་པ་ལ། །དགའ་བས་ཤིང་རྟ་འདི་བཏང་བས། །དངོས་པོ་ཐམས་ཅད་བཏང་ནས་ནི། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །དེ་སོགས་བསྔོ་བ་མང་དུ་གསུངས། །འོན་ཀྱང་ཐབས་ལ་མཁས་པ་ཡི། །ཁྱད་པར་འགའ་ཞིག་མ་གསུངས་པས། །རྫོགས་པའི་སངས་རྒྱས་བསྒྲུབ་མི་ནུས། །དེ་ཕྱིར་ཐབས་མཁས་ཤེས་རབ་ཉིད། །སངས་རྒྱས་རྒྱུ་ཡི་གཙོ་བོ་ཡིན། །སངས་རྒྱས་དགོངས་པ་མི་ཤེས་པར། །ཆོས་ལྟར་བཅོས་པས་བླུན་པོ་འགའ། །ངོ་མཚར་བསྐྱེད་ཀྱི་མཁས་པ་རྣམས། །ཁྲེལ་བར་འགྱུར་བ་འདི་འདྲ་ཡོད། །ཆང་དང་དུག་དང་མཚོན་ཆ་དང་། །གཞན་གྱི་ལོངས་སྤྱོད་སྟེར་བ་དང་། །གསོད་སར་ཕྱུགས་མ་སྟེར་བ་དང་། །མཆོག་གི་ནོར་ནི་མཆོག་མིན་ལ། །སྟེར་སོགས་མདོ་ལས་བཀག་པས་ ན། །མ་དག་པ་ཡི་སྦྱིན་པ་ཡིན། །ཉན་ཐོས་ཀྱི་ནི་སྡོམ་པ་ལ། །ཐེག་པ་ཆེན་པོར་འཆོས་པ་དང་། །དེ་བཞིན་ཐེག་ཆེན་ཉན་ཐོས་སུ། །འཆོས་པ་ཚུལ་ཁྲིམས་མ་དག་པ། །རང་ཉིད་ཚུལ་ཁྲིམས་བསྲུངས་ན་ཡང་། །ཚུལ་ཁྲིམས་ལ་ནི་མཆོག་འཛིན་ཅིང་། །གཞན་ལ་ཁྱད་གསོད་བྱེད་པ་ནི། །མ་དག་པ་ཡི་ཚུལ་ཁྲིམས་ཡིན། །དཀོན་མཆོག་གསུམ་དང་བླ་མ་ལ། །གནོད་ཅིང་བསྟན་པ་འཇིག་པ་ལ། །ཁྲོས་ན་ལྡོག་པར་ནུས་བཞིན་དུ། །བཟོད་པ་བསྒོམས་ན་མ་དག་པའོ། །ལོག་པའི་ཆོས་ལ་དགའ་པ་དང་། །ཐོས་བསམ་བསྒོམ་གསུམ་ནོར་བ་ལ། །བརྩོན་འགྲུས་ཆེན་པོ་བྱེད་པ་སོགས། །མ་དག་པ་ཡི་བརྩོན་འགྲུས་ཡིན། །མི་མཁས་སྟོང་ཉིད་བསྒོམ་པ་དང་། །གནད་འཆུགས་པ་ཡི་ཐབས་ལམ་སོགས། །རྣམ་རྟོག་འགའ་ཞིག་འཇིལ་བ་དང་། །ཏིང་འཛིན་ཕྲ་མོ་སྐྱེད་པའི་ཐབས། །དད་པ་ཆེན་པོས་བསྒོམས་ན་ཡང་། །ཡང་དག་ཡེ་ཤེས་མི་སྐྱེ་བས། །མ་དག་པ་ཡི་བསྒོམ་པ་ཡིན། །སངས་རྒྱས་གསུང་དང་མི་མཐུན་པའི། །འཆད་རྩོད་རྩོམ་ལ་མཁས་གྱུར་ཅིང་། །བྱ་བ་ཐམས་ཅད་ཤེས་གྱུར་ཀྱང་། །མ་དག་པ་ཡི་ཤེས་རབ་ཡིན། །བླ་མ་ངན་ལ་དད་པ་དང་། །ཆོས་ངན་པ་ལ་མོས་པ་དང་། །བསྒོམ་ངན་པ་ལ་དགའ་བ་ནི། །མ་དག་པ་ཡི་དད་པ་ཡིན། །ནད་པ་དགའ་བའི་ཁ་ཟས་སྟེར། །ངན་པར་སྤྱོད་པ་ཚར་མི་གཅོད། །དབང་བསྐུར་མེད་པར་གསང་སྔགས་སྟོན། །སྣོད་མིན་པ་ལ་ཆོས་འཆད་སོགས། །འཕྲལ་ལ་ཕན་པ་ལྟར་སྣང་ཡང་། །ཕྱི་ནས་གནོད་བ་ཆེར་འགྱུར་བས། །སྙིང་རྗེའི་དབང་གིས་བྱེད་ན་ཡང་། །མ་དག་པ་ཡི་སྙིང་རྗེ་ཡིན། །གདུག་པ་ཅན་ལ་བྱམས་པ་དང་། །བུ་དང་སློབ་མ་མི་འཆོས་དང་། །སྲུང་བའི་འཁོར་ལོ་མི་བསྒོམ་ཞིང་། །ཁྲོ་བོའི་བཟླས་པ་འགོག་པ་སོགས། །རྒྱུད་སྡེ་ཀུན་དང་འགལ་བས་ན། །མ་དག་བ་ཡི་བྱམས་བ་ཡིན། །མདོ་རྒྱུད་ཀུན་ལས་མ་གསུངས་ཤིང་། །རིགས་པས་བསྒྲུབ་པར་མི་ནུས་པ། །དྲོད་དང་བདེ་བ་སྐྱེ་བ་དང་། །མི་རྟོག་ལྟར་སྣང་སྐྱེ་བ་སོགས། །ནད་གདོན་ཅུང་ཟད་སེལ་བ་དག །བླུན་པོ་དགའ་བ་བསྐྱེད་ན་ཡང་། །མུ་སྟེགས་བྱེད་ལའང་ཡོད་པའི་ཕྱིར། །མ་དག་པ་ཡི་ཐབས་ལམ་ཡིན། །བདག་ལྟའི་རྩ་བ་མ་ཆོད་ཅིང་། །འཁོར་འདས་གཉིས་ལ་སྨོན་པ་ཅན། །དགེ་བ་ལ་ནི་ངོ་མཚར་བལྟ། །ཆོས་ཀུན་སྤྲོས་བྲལ་མི་ཤེས་པས། །སངས་རྒྱས་ཉིད་དུ་བསྔོ་ན་ཡང་། །མ་དག་པ་ཡི་སྨོན་ལམ་ཡིན། །དེ་ལ་སོགས་པ་མཐའ་ཡས་པ། །སངས་རྒྱས་གསུང་གི་གནད་འཆུགས་པས། །དགེ་བར་བྱེད་པར་སྣང་ན་ཡང་། །མ་དག་པ་རུ་ཤེས་པར་གྱིས། །མདོར་ན་སངས་རྒྱས་གསུང་རབ་དང་། །མཐུན་པའི་ཐོས་བསམ་བསྒོམ་པ་གསུམ། །བསམ་བ་དག་པས་སྒྲུབ་བྱེད་ན། །སངས་རྒྱས་བསྟན་པར་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་སྡོམ་པའི་སྐབས་ཏེ་གཉིས་པའོ།། །།

༈ རྡོ་རྗེ་ཐེག་པའི་ལམ་ཞུགས་ཏེ། །མྱུར་དུ་སངས་རྒྱས་ཐོབ་འདོད་ན། །སྨིན་གྲོལ་གཉིས་ལ་འབད་པར་བྱ། །སྨིན་པར་བྱེད་པའི་དབང་བསྐུར་ཡང་། །བླ་མ་བརྒྱུད་པ་མ་ཉམས་ཤིང་། །ཆོ་ག་འཁྲུག་པར་མ་གྱུར་པ། །ཕྱི་ནང་རྟེན་འབྲེལ་བསྒྲིག་མཁྱེན་ཅིང་། །སྐུ་བཞིའི་ས་བོན་ཐེབས་ནུས་པ། །སངས་རྒྱས་གསུང་བཞིན་མཛད་པ་ཡི། །བླ་མ་བཙལ་ལ་དབང་བཞི་བླང་། །དེ་ཡིས་སྡོམ་པ་སུམ་ལྡན་འགྱུར། །དེང་སང་རྡོ་རྗེ་ཕག་མོ་ཡི། །བྱིན་རླབས་དབང་བསྐུར་ཡིན་ཞེས་ཟེར། །འདི་ཡིས་ཆོས་ཀྱི་སྒོ་ཕྱེ་ནས། །གཏུམ་མོ་ལ་སོགས་བསྒོམ་པ་མཐོང་། །འདི་འདྲ་རྒྱུད་སྡེ་ལས་མ་གསུངས། །བསྟན་བཅོས་རྣམས་ལས་བཤད་པ་མེད། །རྡོ་རྗེ་ཕག་མོ་ཉིད་ལས་ཀྱང་། །དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། །དེ་ལ་བྱིན་རླབས་བྱ་ཞེས་གསུངས། །དབང་བསྐུར་མེད་ལ་བྱིན་རླབས་བཀག །དཔེར་ན་མུ་ཟིའི་བཅུད་ལེན་འཇུ། །དེ་ནས་དངུལ་ཆུ་བཟའ་བར་གསུངས། །མུ་ཟི་ཐོག་མར་མ་བསྟེན་པར། །དངུལ་ཆུ་ཟོས་ན་འཆི་བ་ལྟར། །དེ་བཞིན་ཐོག་མར་དབང་བསྐུར་བླང་། །དེ་ནས་རྡོ་རྗེ་ཕག་མོ་སྦྱིན། །དབང་བསྐུར་མེད་པར་བྱིན་བརླབས་ན། །དམ་ཚིག་ཉམས་པར་ཐུབ་པས་གསུངས། །རྡོ་རྗེ་ཕག་མོའི་བྱིན་རླབས་ལ། །སྡོམ་པ་གསུམ་ལྡན་བྱར་མི་རུང་། །ཕྱི་ནང་རྟེན་འབྲེལ་འགྲིག་མི་འགྱུར། །སྐུ་བཞིའི་ས་བོན་ཐེབས་མི་ནུས། །དེ་ཕྱིར་འདི་ནི་བྱིན་རླབས་ཙམ། །ཡིན་གྱིས་སྨིན་པར་བྱེད་པ་མིན། །དེས་ན་ཐུབ་པས་རྒྱུད་སྡེ་ལས། །དཀྱིལ་འཁོར་ཆེན་པོ་མ་མཐོང་བའི། །མདུན་དུ་འདི་ནི་མ་སྨྲ་ཞིག །སྨྲས་ན་དམ་ཚིག་ཉམས་ཞེས་གསུངས། །འགའ་ཞིག་འདི་ལའང་ཕག་མགོ་ལ། །སོགས་པའི་དབང་བསྐུར་ཡོད་ཅེས་ཟེར། །དེའདྲ་དབང་བསྐུར་ཉིད་མ་ཡིན། །རྒྱུད་སྡེ་ཀུན་ལས་འདི་མ་གསུངས། །གལ་ཏེ་རྒྱ་ལ་གསུངས་སྲིད་ཀྱང་། །རྗེས་གནང་ཡིན་གྱི་དབང་བསྐུར་མིན། །ལ་ལ་རྡོ་རྗེ་ཕག་མོ་ལ། །སྡོམ་པ་འབོགས་པའི་ཆོ་ག་དང་། །དཀྱིལ་འཁོར་དང་ནི་དབང་བསྐུར་སོགས། །རང་བཟོའི་ཆོ་ག་བྱེད་པ་ཐོས། །རང་བཟོས་ཆོ་གར་འགྱུར་མི་སྲིད། །ཆོ་ག་སངས་རྒྱས་སྤྱོད་ཡུལ་ཡིན། །ཁྱིམ་པས་གསོལ་བཞིའི་ལས་བྱས་ཀྱང་། །དགེ་སློང་སྡོམ་པ་མི་འཆགས་ལྟར། །རྡོ་རྗེ་ཕག་མོའི་བྱིན་རླབས་  ལ། །སྡོམ་པ་ཕོག་ཀྱང་ཆགས་མི་འགྱུར། །ཆོ་ག་ཅུང་ཟད་ཉམས་པ་ལའང་། །ཆོ་ག་འཆགས་པར་མ་གསུངས་ན། །ཆོ་ག་ཕལ་ཆེར་ཉམས་པ་ལ། །ཆོ་ག་འཆགས་པར་འགྱུར་རེ་སྐན། །དེས་ན་འཆད་པའི་གནས་སྐབས་སུ། །ཅུང་ཟད་ནོར་བར་གྱུར་ཀྱང་བླའི། །ཆོ་ག་ནོར་བར་གྱུར་པ་ལ། །གྲུབ་པ་ནམ་ཡང་མེད་པར་གསུངས། །གཞན་ཡང་ཕག་མོའི་བྱིན་རླབས་ལ། །གསང་སྔགས་ཆོས་སྒོར་བྱེད་པ་ནི། །རྒྱུད་སྡེ་གང་ནའང་བཤད་པ་མེད། །དེ་བས་དགེ་སློང་བྱེད་པ་ལ། །རང་བྱུང་གི་ནི་བསྙེན་རྫོགས་དང་། །ཡེ་ཤེས་ཁོང་དུ་ཆུད་པ་དང་། །ཕྲིན་གྱིས་བསྙེན་པར་རྫོགས་པ་དང་། །དེ་བཞིན་སྟོན་པར་ཁས་བླངས་དང་། །ཚུར་ཤོག་ལ་སོགས་བསྙེན་རྫོགས་བླང་། །འཁྲུལ་པ་ཡིན་པ་མཉམ་པོ་ལ། །འདི་རྣམས་སྔོན་གྱི་ཆོ་གར་བཤད། །དེས་ན་ཉན་ཐོས་ཐེག་པ་ནི། །ནུབ་ཀྱང་གཟུགས་བརྙན་ཙམ་ཞིག་སྣང་། །རྡོ་རྗེ་ཐེག་པའི་བསྟན་པ་ལ། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །བླུན་པོ་སྙིང་ཕོད་ཅན་གྱིས་ཀྱང་། །འདུལ་བའི་ཆོ་ག་བརྒལ་མ་ནུས། །གསང་སྔགས་ཆོ་ག་ཐམས་ཅད་ལ། །བླུན་པོ་རྣམས་ཀྱིས་རང་བཟོར་སྤྱོད། །དཔེར་ན་རབ་བྱུང་གང་ཟག་ནི། །གསུམ་ལས་མང་བ་འཇུག་མི་ནུས། །སྔགས་ཀྱི་དབང་སྐུར་བྱེད་པ་ན། །གྲངས་ངེས་མེད་པར་དབང་སྐུར་བྱེད། །འདི་ནི་རྡོ་རྗེ་འཆང་གིས་བཀག །སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་གྲངས་ངེས་མེད་པར་གསུངས། །ལྷག་མ་དམིགས་བསལ་མཛད་པ་ཡི། །སློབ་མ་ལ་ནི་གྲངས་ངེས་ཡོད། །འདི་ནི་གསང་བ་སྤྱི་རྒྱུད་ལས། །མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་ བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བར་མི་ཤིས་སོ། །ཞེས་གསུངས་འདི་ནི་ཀུན་ལ་འཇུག །དེ་བས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པ་ནི། །མཚན་མོ་གཅིག་ལ་ཚར་མི་ནུས། །དེ་ཡི་མཚན་མོར་མ་ཚར་ན། །ཆོ་ག་ཉམས་པར་འགྱུར་བར་གསུངས། །དེ་ཡང་གསང་བ་སྤྱི་རྒྱུད་ལས། །ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་རླབས་ཀྱིས་འདུ། །ཉི་མ་ཤར་བར་མ་གྱུར་བར། །མཆོད་ནས་གཤེགས་སུ་གསོལ་བ་ཤིས། །འདི་ནི་བྱ་བའི་རྒྱུད་ཡིན་པས། །གཞན་གྱི་ཆོ་ག་མིན་སྙམ་ན། །གཞན་རྣམས་ཀུན་ལའང་འདི་འཇུག་པར། །སྤྱི་རྒྱུད་ཉིད་ལས་འདི་སྐད་གསུངས། །གང་དུ་ལས་ནི་ཡོད་གྱུར་ ལ། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེར་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །དེ་སྐད་གསུངས་ཕྱིར་ཆོ་ག་འདི། །རྒྱུད་རྣམས་ཀུན་ལ་འཇུག་པ་ཡིན། །དེང་སང་བྱིན་རླབས་མི་བྱེད་ཅིང་། །དབང་སྐུར་བྱེད་པ་ཁ་ཅིག་ཀྱང་། །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི། དཀྱིལ་འཁོར་ཆོ་ག་མི་བྱེད་པར། །གཡུང་དྲུང་རིས་ཀྱི་དཀྱིལ་འཁོར་དང་། །ནས་འདྲ་ལ་སོགས་བྱེད་པ་ཐོས། །འདི་འདྲ་དག་ཏུ་དབང་བསྐུར་ཡང་། །སྡོམ་པ་ཐོབ་པར་མི་འགྱུར་རོ། །དེ་ཡི་རྒྱུ་མཚན་བཤད་ཀྱིས་ཉོན། །ཕྱི་དང་ནང་གི་རྟེན་འབྲེལ་གྱི། །སྟོབས་ཀྱིས་དཀྱིལ་འཁོར་འབྱུང་བ་ཡིན། །འདི་ལ་རྟེན་འབྲེལ་བསྒྲིག་མི་ནུས། །དེས་ན་སངས་རྒྱས་རྣམས་ཀྱིས་བཀག །དབང་བསྐུར་བྱེད་པ་ཕལ་ཆེར་ཡང་། །སློབ་མ་བརྒྱ་སྟོང་གྲངས་མེད་ལ། །སྦྱོར་དངོས་རྗེས་ཀྱི་ཆོ་ག་རྣམས།།སངས་རྒྱས་གསུངས་བཞིན་མི་ཤེས་པར། །མ་འབྲེལ་འགལ་ཞིང་ཉམས་པ་ཡི། །ཆོ་གའི་གཟུགས་བརྙན་བྱེད་པ་ལ། །དབང་བསྐུར་ཡིན་ཞེས་བླུན་པོ་སྨྲ། །དེ་ཡི་ལུས་ངག་ཡིད་གསུམ་གྱི། །རྣམ་པ་གདོན་གྱིས་བསྒྱུར་བ་ལ། །བྱིན་རླབས་ཡིན་པར་འཁྲུལ་པ་མང་། །དཔལ་ལྡན་དམ་པ་དང་པོ་ལས། །ཆོ་ག་ཉམས་པའི་བྱིན་རླབས་ཀུན། །བགེགས་ཀྱིས་ཡིན་པར་རྒྱལ་བས་གསུངས། །ཆོ་ག་དག་པར་གྱུར་པ་ལས། །བྱུང་བ་སངས་རྒྱས་བྱིན་རླབས་ཡིན། །དབང་བསྐུར་མེད་ཀྱང་ལམ་ཟབ་མོ། །བསྒོམས་ན་སངས་རྒྱས་འགྲུབ་སྙམ་ན། །དབང་བསྐུར་མེད་པར་ལམ་ཟབ་མོ། །བསྒོམ་པ་ངན་འགྲོའི་རྒྱུ་རུ་གསུངས། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱི། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལས་ནི་དབང་ནོད་ཞུ། །ཞེས་གསུངས་རྒྱུད་སྡེ་གཞན་ལས་ཀྱང་། །དེ་ལྟར་གསུངས་ཕྱིར་འབད་པར་བྱ། །ཁ་ཅིག་གང་ཟག་དབང་པོ་རབ། །སྨིན་བྱེད་ཕག་མོའི་བྱིན་རླབས་ཡིན། །འབྲིང་དང་ཐ་མ་དག་ལ་ནི། །དབང་བསྐུར་ཆོ་ག་དགོས་ཞེས་ཟེར།།གང་ཟག་རབ་འབྲིང་གསུམ་ཀ་ལ། །ཕག་མོའི་བྱིན་རླབས་སྨིན་བྱེད་དུ། །རྒྱུད་སྡེ་ཀུན་ལས་གསུངས་པ་མེད། །འཕགས་པ་རྣམས་ཀྱིས་གང་ཟག་རབ། །སྤྲུལ་པ་ཡི་ནི་དཀྱིལ་འཁོར་དུ། །དབང་བསྐུར་མཛད་ཅེས་གསུངས་པ་ནི། །སྡོན་གྱི་ཆོ་ག་འཕགས་པའི་ཡིན། །དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ལ་ལ་སེམས་བསྐྱེད་བྱས་པ་ལ། །གསང་སྔགས་བསྒོམ་དུ་འདོད་ཅེས་ཟེར། །འདི་ནི་སྔགས་ཀྱི་འཕྲུལ་ཡིན་ལོ། །འདི་ཡང་ཕྱེ་སྟེ་བཤད་ཀྱིས་ཉོན། །བྱ་བའི་རྒྱུད་ལ་རྣམ་གསུམ་ཡོད། །དོན་ཡོད་ཞགས་སོགས་འགའ་ཞིག་ལ། །དབང་བསྐུར་སེམས་བསྐྱེད་མ་ཐོབ་ཀྱང་། །སྨྱུང་གནས་ལ་སོགས་བྱེད་ནུས་ན། །གང་ཟག་ཀུན་གྱིས་བསྒྲུབ་པར་གསུངས། །དམ་ཚིག་གསུམ་བཀོད་ལ་སོགས་པ། །འཇུག་པ་སེམས་བསྐྱེད་ཐོབ་ནས་ནི། །ཕྲིན་ལས་འགའ་ཞིག་བསྒྲུབ་པའི་ཕྱིར། །ཆོ་ག་ཤེས་ན་བསྒྲུབ་པར་གནང་། །ལེགས་པར་གྲུབ་པ་ཡན་ཆད་དུ། །རང་གི་དབང་བསྐུར་མ་ཐོབ་ན། །སེམས་བསྐྱེད་ཐོབ་ཀྱང་གསང་སྔགས་བཀག །དེ་ཡང་ལེགས་པར་གྲུབ་པ་ལས། །དབང་བསྐུར་མ་བྱས་པ་དག་ལ། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །ཞེས་སོགས་རྒྱས་པར་གསུངས་ལ་ལྟོས། །ལྷག་མ་རྒྱུད་སྡེ་གསུམ་པོ་ལ། །དབང་བསྐུར་ཐོབ་པ་མ་གཏོགས་པ། །སེམས་བསྐྱེད་ཙམ་ལ་བརྟེན་པ་ཡི། །ཡི་དམ་བསྒོམ་པ་གསུངས་པ་མེད། ། དབང་བསྐུར་ནང་གི་རྟེན་འབྲེལ་ཡིན། །སེམས་བསྐྱེད་ལ་ནི་རྟེན་འབྲེལ་མེད། །དེས་ན་སེམས་བསྐྱེད་བྱས་ན་ཡང་། །གསང་སྔགས་ཟབ་མོ་བསྒོམ་པ་ལ། །ལྟུང་བ་ཡོད་པར་རྒྱལ་བས་གསུངས། །དེ་ཕྱིར་རྣམ་དབྱེ་ཤེས་དགོས་སོ། །གཏོར་མའི་དབང་བསྐུར་ཞེས་བྱ་དང་། །ཏིང་ངེ་འཛིན་གྱི་དབང་བསྐུར་ཡང་། །སློབ་མ་སྨིན་བྱེད་ཆོ་ག་རུ། །རྒྱུད་སྡེ་ཀུན་ལས་གསུངས་པ་མེད། །འགལ་ཞིག་གསང་སྔགས་ད་ལྟ་སྤྱོད། །དབང་བསྐུར་ཕྱི་ནས་ཁས་ལེན་བྱེད། །འདི་ཡང་སངས་རྒྱས་བསྟན་པ་མིན། །དབང་མ་ཐོབ་ལ་ཆོས་བཤད་ན། །
སློབ་དཔོན་ལྟུང་བ་ཅན་འགྱུར་ཞིང་། །སློབ་མའང་སྡོན་དུ་ཉམས་པར་འགྱུར། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་མིན་ཞེས་ནི་རྒྱལ་བས་གསུངས། །མདོར་ན་ཆོས་ཀྱིས་ཅི་བྱེད་སོམས། །སངས་རྒྱས་བྱེད་ན་ཆོས་བཞིན་གྱིས། །ལ་ལ་སེམས་ཉིད་མ་རྟོགས་ན། །དབང་བསྐུར་ཐོབ་ཀྱང་མི་ཕན་ཟེར། །གལ་ཏེ་སེམས་ཉིད་རྟོགས་གྱུར་ན། །དབང་བསྐུར་བྱ་ཡང་མི་དགོས་ལོ། །འོ་ན་སེམས་ཉིད་མ་རྟོགས་ན། །སྡོམ་པ་བསྲུངས་ཀྱང་ཅི་ཞིག་ཕན། །གལ་ཏེ་སེམས་ཉིད་རྟོགས་གྱུར་ན། །སྡོམ་པ་བསྲུང་ཡང་ཅི་ཞིག་དགོས། །རྡོ་རྗེ་ཕག་མོའི་བྱིན་རླབས་ཀྱང་། །སེམས་ཉིད་རྟོགས་ན་བྱ་ཅི་དགོས། །གལ་ཏེ་སེམས་ཉིད་མ་རྟོགས་ན། །བྱིན་རླབས་བྱས་ཀྱང་ཅི་ཞིག་ཕན། །དེ་བཞིན་སེམས་བསྐྱེད་ལ་སོགས་པ། །ཆོ་ག་ཀུན་ལ་ཚུལ་འདི་མཚུངས། །དེས་ན་རབ་བྱུང་སྡོམ་པ་དང་། །རྡོ་རྗེ་ཕག་མོའི་བྱིན་རླབས་དང་། །སེམས་བསྐྱེད་འབད་ནས་བྱེད་བཞིན་དུ། །དབང་བསྐུར་མི་དགོས་ཞེས་སྨྲ་བ། །གསང་སྔགས་སྤོང་བའི་གསང་ཚིག་ཡིན། །ཁ་ཅིག་ཆོ་ག་མེད་བཞིན་དུ། །བླ་མའི་ལུས་ཀྱི་དཀྱིལ་འཁོར་ལས། །དབང་བཞི་རྫོགས་པར་ལེན་ཅེས་ཟེར། །འོ་ན་དགེ་ཚུལ་དགེ་སློང་ཡང་། །བླ་མའི་སྐུ་ལས་ཅིས་མི་ལེན། །སེམས་བསྐྱེད་ཀྱང་ནི་བླ་མ་ཡི།།སྐུ་ཉིད་ལས་ནི་ཐོབ་པའི་ཕྱིར། །སེམས་བསྐྱེད་ཆོ་ག་ཅི་ཞིག་དགོས། །རྡོ་རྗེ་ཕག་མོའི་བྱིན་རླབས་ཀྱང་། །བླ་མའི་སྐུ་ལས་ཐོབ་པའི་ཕྱིར། །ཆོས་སྒོ་བ་ལས་བླང་ཅི་དགོས། །དེ་བཞིན་ཆོ་ག་ཐམས་ཅད་ཀྱང་། །བླ་མའི་སྐུ་ལས་བླངས་པས་ཆོག །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི། །ཆོ་ག་ཟབ་མོ་ཐམས་ཅད་སྤོངས། །གལ་ཏེ་ཆོ་ག་ཉམས་གྱུར་ན། །སོ་སོར་ཐར་དང་སེམས་བསྐྱེད་ཀྱི། །སྡོམ་པ་འཆགས་པར་མི་འགྱུར་ཞིང་། །རྡོ་རྗེ་ཕག་མོ་ལ་སོགས་པའི། །བྱིན་རླབས་འཇུག་པར་མི་འགྱུར་ན། །རིག་འཛིན་སྔགས་གྱི་སྡོམ་པ་ཡང་། །དབང་བསྐུར་མེད་ན་ཐོབ་མི་ནུས། །དེས་ན་ཆོ་ག་གཞན་དག་ལ། །འབད་པ་ཆེན་པོ་བྱེད་བཞིན་དུ། །དབང་བསྐུར་ཆོ་ག་འདོར་བྱེད་པ། །ཐབས་ལ་སླུ་བའི་བདུད་ཡོད་ཅེས། །གསུངས་པ་འདིར་ཡང་དྲན་པར་བྱ། །དེ་ཕྱིར་དམ་པའི་དོན་དུ་ན། །ཆོས་རྣམས་ཐམས་ཅད་སྤྲོས་བྲལ་ཡིན། །དེ་ལ་ཆོ་ག་གང་ཡང་མེད། །སངས་རྒྱས་ཉིད་ཀྱང་ཡོད་མིན་ན། །ཆོ་ག་གཞན་ལྟ་སྨོས་ཅི་དགོས། །རྒྱུ་དང་ལམ་དང་འབྲས་བུ་ཡི། །དབྱེ་བ་ཐམས་ཅད་ཀུན་རྫོབ་ཡིན། །སོ་སོར་ཐར་དང་བྱང་
ཆུབ་སེམས། །དབང་སྐུར་ལ་སོགས་ཆོ་ག་དང་། །བསྒོམ་པའི་དམིགས་པ་ཇི་སྙེད་དང་། །རྟེན་འབྲེལ་ཟབ་མོ་ཐམས་ཅད་དང་། །ས་དང་ལམ་གྱི་དབྱེ་བ་དང་། །རྫོགས་པའི་སངས་རྒྱས་ཐོབ་པ་ཡང་། །ཀུན་རྫོབ་ཡིན་གྱི་དོན་དམ་མིན། །དེ་འདྲའི་དབྱེ་བ་ཤེས་ནས་ནི། །ཆོ་ག་བྱེད་ན་ཐམས་ཅད་གྱིས། །མིན་ན་ཐམས་ཅད་དོར་བར་བྱོས། །ཆོ་ག་ལ་ལ་དགོས་བཞིན་དུ། །ལ་ལའི་ཆོ་ག་མི་དགོས་ཞེས། །སྨྲ་བ་མཁས་པའི་བཞད་གད་གནས། །སངས་རྒྱས་བསྟན་པའང་དཀྲུགས་པ་ཡིན། །བདུད་ཀྱི་བྱིན་རླབས་ཞེས་བྱ་བའང་། །འདི་འདྲའི་རིགས་ཅན་ཡིན་པར་གསུངས། །ཁ་ཅིག་བྱ་བའི་རྒྱུད་སོགས་ལའང་། །དབང་བཞིའི་ཆོ་ག་བྱེད་པ་དང་། །དོན་ཡོད་ཞགས་པ་ལ་སོགས་ལའང་། །རིམ་གཉིས་སྒོམ་པར་བྱེད་པ་ཐོས།།འདི་ཡང་སངས་རྒྱས་དགོངས་པ་མིན། །དེ་ཡི་རྒྱུ་མཚན་འདི་ལྟར་ཡིན། །བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ཀར། །དབང་བཞི་དང་ནི་རིམ་གཉིས་མེད། །གལ་ཏེ་ཡོད་ན་དེ་དག་ཀྱང་། །རྣལ་འབྱོར་ཆེན་པོ་ཉིད་དུ་འགྱུར། །དབང་བཞི་དང་ནི་རིམ་བ་གཉིས། །རྣལ་འབྱོར་ཆེན་པོའི་ཁྱད་ཆོས་ཡིན། །གྲུབ་མཐའི་རྣམ་དབྱེ་མི་ཕྱེད་ཅིང་། །རྒྱུད་སྡེའི་རིམ་བ་མི་ཤེས་པར། །རྣམ་གཞག་ལེགས་ལེགས་འདྲ་ན་ཡང་། །ལྷམ་དཔེ་ཞྭ་ལ་བཀབ་པ་ཡིན། །དེས་ན་རྒྱུད་སྡེ་བཞི་པོ་ཡི། །དབང་དང་ལམ་གྱི་དབྱེ་བ་ལ། །མི་འདྲའི་དབྱེ་བ་རྣམ་བཞི་ཡོད། །རང་རང་ཆོ་ག་བཞིན་བྱས་ན། །དེ་ནས་གསུངས་པའི་དངོས་གྲུབ་འབྱུང་། །ལ་ལ་དབང་ བསྐུར་མ་བྱས་ཀྱང་། །གལ་ཏེ་སྔགས་ལ་མོས་ཐོབ་ན། །དེ་ཉིད་ཆོས་ཀྱི་སྒོ་ཡིན་པས། །གསང་སྔགས་བསྒོམ་དུ་རུང་ཞེས་ཟེར། །འོ་ན་སྡོམ་པ་མ་ཐོབ་ ཀྱང་། །རབ་ཏུ་འབྱུང་ལ་མོས་པ་ཉིད། །སྡོམ་པ་ལེན་པའི་སྒོ་ཡིན་པས། །སྡོམ་པ་བསྲུངས་པས་ཆོག་གམ་ཅི། །སེམས་བསྐྱེད་སྡོམ་པ་མ་ཐོབ་ཀྱང་། །སེམས་བསྐྱེད་པ་ལ་མོས་པ་ཉིད། །བྱང་ཆུབ་སྤྱོད་པའི་སྒོ་ཡིན་པས། །སེམས་བསྐྱེད་བླང་ཡང་ཅི་ཞིག་དགོས། །དེ་བཞིན་སོ་ནམ་མ་བྱས་ཀྱང་། །ལོ་ཐོག་ལ་ནི་མོས་པ་ཉིད། །བཟའ་རྒྱུ་ཟ་བའི་སྒོ་ཡིན་པས། །སོ་ནམ་ལ་ཡང་འབད་ཅི་དགོས། །འདི་འདྲའི་རིགས་ཀྱི་ཆོས་ལུགས་ཀུན། །དེ་འདྲའི་རིགས་ཀྱིས་སུན་དབྱུང་ངོ་། །དེས་ན་ཆོས་སྒོ་ཞེས་བྱ་བ། །འདི་ཡི་མིང་གིས་འཁྲུལ་གཞི་བྱས། །དབང་བསྐུར་ཆོས་སྒོ་ཙམ་ཡིན་གྱི། །འཚང་རྒྱ་བ་ཡི་ཆོས་གཞན་ཞིག །བསྒོམ་རྒྱུ་ལོགས་ན་ཡོད་དོ་ཞེས། །བླུན་པོ་རྣམས་ཀྱིས་མུན་བསྒོམ་བྱས། །འོ་ན་དགེ་སློང་སྡོམ་པ་ཡང་། །དགེ་སློང་བྱེད་པའི་སྒོ་ཡིན་གྱི། །དགེ་སློང་སྡོམ་པའི་ངོ་བོ་ཞིག །གཞན་ནས་བཙལ་དུ་ཡོད་དམ་ཅི། །དེ་བཞིན་སོ་ནམ་བྱེད་པ་ཡང་། །སྟོན་ཐོག་འབྱུང་བའི་སྒོ་ཡིན་གྱི། །ཁ་ཟས་འབྱུང་བའི་ཐབས་གཞན་ཞིག །ལོགས་ནས་བཙལ་དུ་ཡོད་དམ་ཅི། །དེས་ན་སྙིང་གཏམ་འདི་ལྟར་ ཡིན། །དབང་བསྐུར་ཆོས་སྒོ་ཙམ་མ་ཡིན། །གསང་སྔགས་རྟེན་འབྲེལ་ལམ་བྱེད་པས། །རྟེན་འབྲེལ་བསྒྲིག་པའི་གདམས་ངག་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་ ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །དེས་ན་གང་ཟག་དབང་པོ་རབ། །དབང་བསྐུར་ཉིད་ཀྱིས་གྲོལ་པར་གསུངས། །དབང་གིས་གྲོལ་བར་མ་ནུས་པའི། །གང་ཟག་གཞན་ལ་བསྒོམ་དགོས་སོ། །དེས་ན་དབང་བསྐུར་ཐོབ་པ་དེ། །བསྲུང་ཞིང་འཕེལ་བར་བྱེད་པ་ལ། །བསྒོམ་པ་ཞེས་སུ་བཏགས་པ་ཡིན། །དེ་ཕྱིར་ཕ་རོལ་ཕྱིན་པ་ལ། །སེམས་བསྐྱེད་མིན་པའི་ཆོས་གཞན་མེད། །རྡོ་རྗེ་ཐེག་པའི་སྒོར་ཞུགས་  ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ། །དེས་ན་ཐུབ་པས་རྒྱུད་སྡེ་ལས། །དབང་བསྐུར་ཁོ་ནར་བསྔགས་པ་དང་། །མཁས་རྣམས་ཅི་ནས་དབང་བསྐུར་ལ། །གུས་པའི་རྒྱུ་མཚན་དེ་ལྟར་ཡིན། །ལ་ལ་དབང་བསྐུར་མུ་བཞི་འདོད། །དབང་བསྐུར་བྱས་ཀྱང་མ་ཐོབ་དང་། །མ་བྱས་ཀྱང་ནི་ཐོབ་པ་དང་། །བྱས་ན་ཐོབ་ལ་མ་བྱས་  ན། །མི་ཐོབ་པ་དང་རྣམ་བཞིར་འདོད། །འདི་འདྲ་གང་ནའང་བཤད་པ་མེད། །བསྟན་པ་དཀྲུགས་པའི་སྙད་ཀར་ཟད། །འོན་ཀྱང་འདི་ཡང་བརྟག་པར་བྱ། །སོ་སོར་ཐར་པའི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ལའང་། །མུ་བཞི་ཅི་ཡི་ཕྱིར་མི་བརྩི། །དེ་བཞིན་བསྒོམ་ལའང་ཅིས་མི་མཚུངས། །བསྒོམས་ཀྱང་མི་སྐྱེ་མ་བསྒོམས་ཀྱང་། །སྐྱེ་བ་ལ་སོགས་མུ་བཞི་ཡོད། །མུ་བཞི་ཀུན་ལ་ཡོད་བཞིན་དུ། །གཞན་ལ་མུ་བཞི་མི་བརྩི་བར། །དབང་བསྐུར་ཉིད་ལ་བརྩི་བ་ནི། །བདུད་ཀྱི་གསང་ཚིག་ཡིན་པར་དོགས། །གལ་ཏེ་མུ་བཞི་ཡོད་ན་ཡང་། །སོ་སོའི་མཚན་ཉིད་ཤེས་མི་ནུས། །ཅི་སྟེ་ཤེས་པར་ནུས་ན་ནི། །དེ་ཡི་མཚན་ཉིད་སྨྲ་དགོས་སོ། །སྨྲས་ཀྱང་རང་བཟོ་མ་ཡིན་པ། །ལུང་དང་མཐུན་པ་ཁྱེད་ལ་མེད། །གལ་ཏེ་མུ་བཞི་བདེན་སྲིད་ན། །གཞན་ལ་དབང་བསྐུར་མི་བྱེད་ཀྱང་། །བྱས་ན་ཐོབ་པའི་གང་ཟག་ལ། །དབང་བསྐུར་ཅི་ཡི་ཕྱིར་མི་དགོས། །གཞན་ལ་དབང་བསྐུར་མི་དགོས་པས། །དེ་ལའང་དབང་བསྐུར་མི་དགོས་ན། །ནད་མེད་པ་ལ་སྨན་སྤོང་པས། །ནད་པ་ལ་ཡང་སྤོང་ངམ་ཅི། །འདི་འདྲའི་ཆོས་ལོག་ཐམས་ཅད་ནི། །བདུད་ཀྱི་བྱིན་རླབས་ཡིན་ཞེས་བྱ། །ཁ་ཅིག་གསང་སྔགས་གསང་བ་ལ། །ཡེ་གསང་ཐབས་ཀྱིས་ཆོད་པའི་ཕྱིར། །གསང་སྒྲོགས་ལྟུང་བ་མེད་ཅེས་ཟེར། །འདི་ཡང་ཅུང་ཟད་བརྟག་པར་བྱ། །ཡེ་གསང་ཞེས་བྱའི་དོན་ཅི་ཞིག །གལ་ཏེ་གོ་བ་མེད་པ་ལ། །ཟེར་ན་གོ་བའི་གང་ཟག་ལ། །ཡེ་གསང་མིན་ཕྱིར་ལྟུང་བར་འགྱུར། །གལ་ཏེ་དམ་པའི་ཆོས་ཡིན་པས། །དམ་ཆོས་བདེན་པའི་བྱིན་རླབས་འདི། །སུ་ཡིས་ཐོས་ཀྱང་ཕན་ཡོན་ཆེ། །དེས་ན་གསང་སྒྲོགས་མི་འབྱུང་ན། །གལ་ཏེ་དམ་ཆོས་བདེན་པ་རུ། །གོ་ན་ཆོས་ནས་འབྱུང་བཞིན་གྱིས། །ཆོས་ལ་གསང་དང་མི་གསང་བའི། །ལུགས་གཉིས་རྒྱལ་བ་རྣམས་ཀྱིས་
གསུངས། །དེས་ན་ཡེ་གསང་ཞེས་བྱ་བ། །འདི་ཡང་བསྟན་ལ་གནོད་ཚིག་ཡིན། །ཁ་ཅིག་འཁྲུལ་དང་མ་འཁྲུལ་མེད། །ཐབས་ལམ་གཅིག་ཏུ་ངེས་པ་མེད། །ལྟ་བ་རྟོགས་པས་ཀླུ་སྒྲུབ་གྲོལ། །པདྨ་འབྱུང་གནས་བསྐྱེད་རིམ་གྱིས། །དཀའ་ཐུབ་སྤྱད་པས་ལཱུ་ཧི་པ། །སྤྱོད་པའི་གྲོགས་ཀྱིས་ནག་པོ་པ། །རླུང་གི་སྟོབས་ཀྱིས་གོ་རཀྵ། །གཏུམ་མོའི་སྟོབས་ཀྱིས་ཤ་ཝ་རི། །ཕྱག་རྒྱ་ཆེན་པོས་ས་ར་ཧ། །བྱིན་རླབས་སྟོབས་ཀྱིས་ཏོག་ཙེ་བ། །ཟ་ཉལ་འཆག་གིས་ཞི་བ་ལྷ། །ཨིཎྜཱ་བྷཱུ་ཏི་འདོད་ཡོན་གྱིས། །རྟེན་འབྲེལ་ཐམས་ཅད་ཚོགས་པ་ལས། །བིརྺ་པ་ལ་གྲུབ་ཐོབ་བྱུང་། །འདི་འདྲའི་ཐབས་ལམ་སྣ་ཚོགས་ལ། །སྐུར་པ་གདབ་ཏུ་མི་རུང་ཟེར། །འདི་ཡང་ལེགས་པར་བཤད་ཀྱིས་ཉོན། །ཐབས་དང་ཤེས་རབ་གཉིས་མིན་པའི། །སངས་རྒྱས་སྒྲུབ་པའི་ཐབས་གཞན་མེད། །དེས་ན་གྲུབ་ཐོབ་ཐམས་ཅད་ཀྱང་། །ཕྱོགས་རེའི་ཐབས་ཀྱིས་གྲོལ་བ་མིན། །དབང་དང་རིམ་གཉིས་ལས་བྱུང་བའི། །ཡེ་ཤེས་སྐྱེས་པས་གྲོལ་བ་ཡིན། །ལྟ་བ་དང་ནི་བསྐྱེད་རིམ་དང་། །གཏུམ་མོ་དང་ནི་བྱིན་རླབས་སོགས། །དེ་དག་རྐྱང་པས་གྲོལ་བ་མིན། །དབང་བསྐུར་བ་ཡི་བྱིན་རླབས་དང་། །རིམ་གཉིས་བསྒོམས་པའི་རྟེན་འབྲེལ་གྱིས། །ཡེ་ཤེས་རྟོགས་ནས་གྲོལ་བ་ཡིན། །བསྐྱེད་རིམ་རླུང་དང་གཏུམ་མོ་སོགས། །རིམ་པ་གཉིས་ལས་ཐ་དད་མིན། །བྱིན་རླབས་དེ་ལས་བྱུང་བ་ཡིན། །ལྟ་བ་དེ་ཡི་ཡན་ལག་ཡིན། །ཕྱག་རྒྱ་ཆེན་པོ་དེའི་ཡེ་ཤེས། །དེ་ཡི་སྤྲོས་བཅས་སྤྱོད་པ་ནི། །ཨིནྡྲ་བྷཱུ་ཏིས་མཛད་པ་ཡིན། །དེ་ཡི་སྤྲོས་མེད་སྤྱོད་པ་ལ། །བྷུ་སུ་ཀུ་ཞེས་སངས་རྒྱས་གསུངས། །དེ་ཡི་ཤིན་ཏུ་སྤྲོས་མེད་ནི། །རིམ་གཉིས་བརྟན་པར་བྱ་བའི་ཕྱིར། །གྲུབ་ཐོབ་ རྣམས་ཀྱིས་མཛད་པ་ནི། །ཀུན་ཏུ་བཟང་པོའི་སྤྱོད་པར་བཤད། །དེས་ན་རྒྱུ་རྐྱེན་མ་ཚོགས་པར། །སངས་རྒྱས་འབྲས་བུ་མི་འབྱུང་མོད། །སྔ་མའི་ལས་འཕྲོའི་བྱེ་བྲག་དང་། །ནང་གི་རྟེན་འབྲེལ་ཁྱད་པར་གྱིས། །ཡེ་ཤེས་སྐྱེ་བའི་སྣ་འདྲེན་ནི། །ཐབས་ཀྱི་དབྱེ་བས་བྱེད་པར་གསུངས། །དཔེར་ན་ནད་པའི་ལུས་བརྟས་པ། །བཟའ་དང་བཏུང་བས་བྱེད་མོད་ཀྱིས། །དེ་ཡི་ཡི་ག་འབྱེད་པ་ནི། །ཟས་ཀྱི་ཁྱད་པར་ཡིན་པ་བཞིན། །དེ་ཕྱིར་ཐབས་ཀྱི་ཁྱད་པར་ལ། །སྐུར་པ་འདེབས་ན་བླུན་པོ་ཡིན། །འོན་ཀྱང་རེ་རེས་འཚང་རྒྱ་བར། །འདོད་ན་ཤིན་ཏུ་འཁྲུལ་བར་བཤད། །དེས་ན་སྨིན་བྱེད་དབང་དང་ནི། །རིམ་པ་གཉིས་ལ་འབད་པར་གྱིས། །སོ་ནམ་ཚུལ་བཞིན་བྱས་པ་ཡིས། །ལོ་ཏོག་རིམ་གྱིས་སྨིན་པ་ལྟར། །ཕ་རོལ་ཕྱིན་པའི་ལམ་ཞུགས་ན། །གྲངས་མེད་གསུམ་གྱིས་རྫོགས་འཚང་རྒྱ། །སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལ་ལོ་ཏོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །སྟོང་ཉིད་སྙིང་རྗེ་སོགས་བསྒོམ་པ། །ཕ་རོལ་ཕྱིན་པའི་གཞུང་ལུགས་ཡིན། །དེ་ཡིས་ཇི་ལྟར་མྱུར་ན་ཡང་། །གྲངས་མེད་གསུམ་གྱི་དཀའ་སྦྱད་དགོས། །རྫོགས་པའི་སངས་རྒྱས་ལམ་པོ་ཆེ། །རྩོད་པ་ཀུན་ལས་གྲོལ་བའི་ཆོས། །མཁས་པ་ཀུན་གྱིས་གུས་པས་བསྟེན། །གལ་ཏེ་འདི་བཞིན་བསྒྲུབ་འདོད་ན། །རྡོ་རྗེ་ཕག་མོའི་བྱིན་རླབས་མེད། །ལྷན་སྐྱེས་ལ་སོགས་འདིར་མི་བསྒོམ། །གཏུམ་མོ་ལ་སོགས་ཐབས་ལམ་བྲལ། །ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད། །ཚེ་འདི་དང་ནི་བར་དོ་དང་། །ཕྱི་མར་འཚང་རྒྱ་ཁོང་མི་བཞེད། །འོན་ཀྱང་ཐེག་པ་ཆེན་པོ་ཡི། །སྡེ་སྣོད་རྣམས་ལས་འབྱུང་བ་བཞིན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །གྲངས་མེད་གསུམ་དུ་ཚོགས་གཉིས་སོགས། །སེམས་ཅན་ཡོངས་སུ་སྨིན་པ་དང་། །སངས་རྒྱས་ཞིང་རྣམས་ལེགས་པར་སྦྱོངས། །ས་བཅུའི་ཐ་མར་བདུད་བཏུལ་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་གསུངས། །ཕ་རོལ་ཕྱིན་གཞུང་མི་ནུས་པར། །གལ་ཏེ་གསང་སྡགས་བསྒོམ་འདོད་ན། །ནོར་བ་མེད་བའི་དབང་བཞི་ལོང་། །འཁྲུལ་པ་མེད་པའི་རིམ་གཉིས་སྒོམས། །དེ་ལས་བྱུང་བའི་ཡེ་ཤེས་ནི། །ཕྱག་རྒྱ་ཆེན་པོ་གོམས་པར་བྱ། །དེ་ནས་འཁོར་འདས་བསྲེ་བའི་ཕྱིར། །རྣམ་པར་དག་པའི་སྤྱོད་པ་སྤྱད། །ནང་གི་ས་ལམ་ཀུན་བགྲོད་ནས། །རྡོ་རྗེ་འཛིན་པའི་ས་དགེ་བ། །བཅུ་གསུམ་པ་ནི་ཐོབ་པར་འགྱུར། །འདི་ནི་དུས་གསུམ་སངས་རྒྱས་ཀྱི། །དམ་པའི་ཆོས་ཀྱི་སྙིང་པོ་ཡིན། །རྒྱུད་སྡེ་རྣམས་ཀྱི་གསང་ཚིག་མཆོག །འདི་ཉིད་ཡིན་པར་ཤེས་པར་  བྱ། །གང་ཞིག་སངས་རྒྱས་བྱེད་འདོད་ན། །དེ་ཡིས་འདི་བཞིན་སྤྱད་པར་བྱ། །ཡང་ན་ཕ་རོལ་ཕྱིན་པ་ཡི། །མདོ་ལས་ཇི་ལྟར་འབྱུང་བཞིན་གྱིས། །ཡང་ན་རྡོ་རྗེ་ཐེག་པ་ཡི། །རྒྱུད་སྡེ་བཞིན་དུ་ཉམས་སུ་ལོང་། །འདི་གཉིས་མིན་པའི་ཐེག་ཆེན་ནི། །སངས་རྒྱས་རྣམས་ཀྱིས་གསུངས་པ་མེད། །ད་ལྟའི་ཆོས་པ་ཕལ་ཆེ་བ། །བསླབ་པ་གསུམ་པོ་མི་སྦྱོང་བས། །ཕ་རོལ་ཕྱིན་པའི་ཆོས་ལུགས་མིན། །དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །འདུལ་བའི་སྡེ་སྣོད་མི་ཤེས་པས། །ཉན་ཐོས་ཀྱི་ཡང་ཆོས་ལུགས་མིན། །འོན་ཀྱང་ཆོས་པར་ཁས་འཆེ་བ། །ཀྱེ་མ་གང་གི་བསྟན་པ་འགྱུར། །ཕ་མེད་པ་ཡི་བུ་མང་ཡང་། །རིགས་ཀྱི་ནང་དུ་ཆུད་མི་ནུས། །དེ་བཞིན་ཁུངས་ནས་མ་བྱུང་བའི། །ཆོས་པ་བསྟན་པའི་ནང་དུ་མིན། །དག་དུག་བསྡུས་པའི་གོས་ལ་ནི། །ཆེན་པོ་རྣམས་ཀྱི་ཆས་མི་རུང་། །དེ་བཞིན་ཐུན་ཚགས་བསྡུས་པ་ཡི། །ཆོས་ཀྱིས་དད་ཅན་འཚང་མི་རྒྱ། །མུ་སྟེགས་བྱེད་པ་ཁ་ཅིག་ཀྱང་། །སངས་རྒྱས་པ་ལ་འདི་སྐད་ཟེར། །སྡིག་པ་སྤོང་ཞིང་དགེ་བྱེད་ན། །མུ་སྟེགས་ཡིན་ཡང་ཅི་ཞིག་སྐྱོན། །དགེ་བ་མེད་ཅིང་སྡིག་བྱེད་ན། །ཆོས་པ་ཡིན་ཡང་ཅི་ཕན་ལོ། །དེ་བཞིན་འདི་ནའང་བླུན་པོ་འགའ། །དད་དང་ལྡན་ཞིང་སྙིང་རྗེ་ཆེ།།སྦྱིན་དང་ཚུལ་ཁྲིམས་བཟོད་པ་བསྒོམ། །བསམ་གཏན་བསྒོམ་ཞིང་སྟོང་པ་ཉིད། །རྟོགས་ན་སངས་རྒྱས་ཀྱིས་གསུངས་པའི། །མདོ་རྒྱུད་རྣམས་དང་མི་མཐུན་ཡང་། །དེ་ལ་སྐྱོན་མེད་དེ་མེད་ན། །མདོ་རྒྱུད་མཐུན་ཡང་ཅི་ཕན་ལོ། །དེ་ཡང་བརྟག་པར་བྱ་བས་ཉོན། །མུ་སྟེགས་བྱེད་ལ་སྡོམ་པ་མེད། །དེ་ཕྱིར་དགེ་བ་བྱས་ན་ཡང་། །བར་མ་ཡིན་གྱི་སྡོམ་པ་ལས། །བྱུང་བའི་དགེ་བ་སྲིད་མ་ཡིན། །དེ་བཞིན་དབང་བསྐུར་མ་ཐོབ་པ། །དེ་ལ་རིག་འཛིན་སྡོམ་པ་མེད། །སྡོམ་མེད་དེ་ཡིས་དགེ་སྤྱད་ཀྱང་། །བར་མ་ཡིན་གྱི་གསང་སྔགས་ཀྱི། །སྡོམ་པ་ལས་བྱུང་དགེ་བ་མིན། །སྡོམ་པའི་དགེ་བ་མ་ཡིན་ན། །གསང་སྔགས་ཐབས་ལམ་རབ་ཟབ་ཀྱང་། །འཚང་མི་རྒྱ་བར་ཐུབ་པས་  གསུངས། །སྡོམ་པ་གསུམ་དང་ལྡན་པ་ཡི། །རིམ་གཉིས་ཟབ་མོའི་གནད་ཤེས་ན། །དེ་ནི་ཚེ་འདིའམ་བར་དོའམ། །སྐྱེ་བ་བཅུ་དྲུག་ཚུན་ཆད་ན། །འགྲུབ་པར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འདི་ལ་མཁས་རྣམས་གུས། །གང་དག་རབ་ཏུ་འབྱུང་འདོད་ན། །སྡོམ་པ་བསྲུང་ཕྱིར་གུས་པས་ལོང་། །ལྟོ་གོས་ཙམ་ལ་དམིགས་པ་ཡི། །རབ་ཏུ་འབྱུང་བ་ཐུབ་པས་བཀག །སེམས་སྐྱེད་བྱེད་པ་དེ་དག་ཀྱང་། །བསྟན་པའི་ལུགས་བཞིན་མི་བྱེད་ཀྱི། །ཐོས་ཆུང་རྣམས་ཀྱི་མགོ་བསྐོར་ནས། །བླུན་པོ་དགའ་བར་བྱ་ཕྱིར་ཡིན། །གསང་སྔགས་བསྒོམ་པ་མང་མོད་ཀྱི། །རྒྱུད་སྡེ་བཞིན་དུ་བསྒྲུབ་པ་ཉུང་། །སྤྱོད་པ་བདེ་བའི་འདུ་ཤེས་ཀྱིས། །རང་བཟོར་གསང་སྔགས་སྤྱོད་པར་ཟད། །གལ་ཏེ་དབང་སྐུར་བྱེད་ན་ཡང་། །བཟང་པོའི་གཞུང་ལུགས་ཀུན་དོར་ནས། །གང་དག་བརྫུན་གྱིས་བསླད་པ་ལ། །ངོ་མཚར་བཞིན་དུ་གུས་པས་ལེན། །རྒྱ་ལ་བསྐྱེད་རིམ་བསྒོམ་ན་ཡང་། །སྦྱང་གཞི་སྦྱོང་བྱེད་ལེགས་འཕྲོད་པའི། །ཆོ་གའི་ཡན་ལག་ཀུན་བོར་ནས། །རང་བཟོའི་དཀྲོངས་བསྐྱེད་བསྒོམ་པར་ཟད། །གཏུམ་མོ་བསྒོམ་པ་ཕལ་ཆེར་ཡང་། །ནང་གི་རྟེན་འབྲེལ་མི་ཤེས་པར། །མུ་སྟེགས་བྱེད་ཀྱི་གཏུམ་མོ་ལྟར། །དྲོད་ཙམ་ལ་ནི་དམིགས་པར་གོ། །ཡེ་ཤེས་ཅུང་ཟད་སྐྱེས་ན་ཡང་། །དེ་དག་ཉོན་མོངས་རྣམ་རྟོག་དང་། །འབྱེད་པའི་ཐབས་ལ་མི་མཁས་པས། །རྫོགས་པའི་སངས་རྒྱས་ལམ་མི་འགྱུར། །བླ་མ་ལ་ནི་མོས་ན་ཡང་། །དེ་འདྲའི་བླ་མ་བླ་མ་མིན། །དཔོན་སློབ་གཉི་ག་གསང་སྔགས་ཀྱི། །སྡོམ་པ་མེད་པ་ཡིན་ཕྱིར་རོ། །དཔེར་ན་རབ་བྱུང་མ་བྱས་ན། །མཁན་པོའི་ཐ་སྙད་མེད་པ་བཞིན། །དེ་བཞིན་དབང་བསྐུར་མ་ཐོབ་ན། །བླ་མའི་ཐ་སྙད་མི་འབྱུང་ངོ་། །གསང་སྔགས་མིན་པའི་བླ་མ་ལ། །མོས་པ་བྱས་ཀྱང་ཚེ་འདི་ཡི། །བདེ་སྐྱིད་ཕུན་ཚོགས་ཙམ་ཞིག་གམ། །རིམ་གྱིས་འགྲུབ་པའི་རྒྱུ་སྲིད་ཀྱི། །དེ་ནི་ཚེ་འདིའམ་བར་དོ་ལ། །སངས་རྒྱས་ཉིད་སྦྱིན་མི་ནུས་སོ། །ཕ་རོལ་ཕྱིན་པའི་གཞུང་ལུགས་ལས། །བླ་མ་སངས་རྒྱས་ལྟ་བུ་རུ། །བལྟ་བར་བྱ་ཞེས་གསུངས་མོད་ཀྱི། །སངས་རྒྱས་དངོས་སུ་གསུངས་པ་མེད། །བླ་མ་སངས་རྒྱས་ཉིད་ཡིན་ཞེས། །བྱ་བ་དབང་བསྐུར་ཐོབ་ནས་ཡིན། །དབང་བསྐུར་སྡོམ་པས་མ་འབྲེལ་ན། །བཟང་ཡང་ཕ་རོལ་ཕྱིན་པ་ཡིན། །རབ་བྱུང་མིན་ལ་མཁན་པོ་མེད། །དབང་མ་བསྐུར་ལ་བླ་མ་མེད། །སྡོམ་པ་མེད་ལ་དགེ་རྒྱུན་མེད། །སྐྱབས་འགྲོ་མེད་ན་ཆོས་པ་མིན། །དགེ་སྦྱོང་སྡོམ་པ་མེད་པ་དང་། །རྒྱལ་སྲས་སེམས་བསྐྱེད་མ་ཐོབ་པ། །སྔགས་པ་དབང་བསྐུར་མེད་པ་གསུམ། །སངས་རྒྱས་བསྟན་པའི་ཆོམ་རྐུན་ཡིན། །ཕྱག་རྒྱ་ཆེན་པོ་བསྒོམ་ན་ཡང་། །རྟོག་པ་ཁ་འཚོམ་ཉིད་བསྒོམ་གྱི། །རིམ་གཉིས་ལས་བྱུང་ཡེ་ཤེས་ལ། །ཕྱག་རྒྱ་ཆེན་པོར་མི་ཤེས་སོ། །བླུན་པོ་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྟུང་། །གལ་ཏེ་དེ་ནི་བསྒོམ་ལེགས་ཀྱང་། །དབུ་མའི་བསྒོམ་ལས་ལྷག་པ་མེད། །དབུ་མའི་བསྒོམ་དེ་བཟང་མོད་ཀྱི། །འོན་ཀྱང་འགྲུབ་པ་ཤིན་ཏུ་དཀའ། །ཇི་སྲིད་ཚོགས་གཉིས་མ་རྫོགས་པ། །དེ་སྲིད་བསྒོམ་དེ་མཐར་མི་ཕྱིན། །འདི་ཡི་ཚོགས་གཉིས་རྫོགས་པ་ལ། །བསྐལ་པ་གྲངས་མེད་དགོས་པར་གསུངས། །ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །འདི་ཡི་རྟོགས་པ་གསང་སྔགས་ཀྱི། །ཐབས་ལ་མཁས་ན་ཚེ་འདིར་འགྲུབ། །དེ་ལས་གཞན་དུ་ཕྱག་རྒྱ་ཆེ། །རྟོགས་པ་སངས་རྒྱས་ཀྱིས་མ་གསུངས། །དེས་ན་ཕྱག་རྒྱ་ཆེན་པོ་ལ། །མོས་ན་གསང་སྔགས་གཞུང་བཞིན་སྒྲུབས། །ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ། །ཡས་འབབ་དང་ནི་མས་འཛེགས་གཉིས། །རིམ་གྱིས་པ་དང་ཅིག་ཆར་བར། །མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཆོས་ལུགས་འདི་འདྲ་འབྱུང་བ་ཡང་། །བྱང་ཆུབ་སེམས་དཔའ་ཞི་བ་འཚོས། །རྒྱལ་པོ་ཁྲི་སྲོང་སྡེ་བཙན་ལ། །ལུང་བསྟན་ཇི་བཞིན་ཐོག་ཏུ་བབ། །ལུང་བསྟན་དེ་ཡང་བཤད་ཀྱིས་ཉོན། །རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདིར། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་ལ་གཏད་པས། །མུ་སྟེགས་འབྱུང་བར་མི་འགྱུར་མོད། །འོན་ཀྱང་རྟེན་འབྲེལ་འགའ་ཡི་རྒྱུས། །ཆོས་ལུགས་གཉིས་སུ་འགྲོ་བར་འགྱུར། །དེ་ཡང་ཐོག་མར་ང་འདས་ནས། །རྒྱ་ནག་དགེ་སློང་བྱུང་ནས་ནི། །དཀར་པོ་ཆིག་ཐུབ་ཅེས་བྱ་བ། །ཅིག་ཆར་བ་ཡི་ལམ་སྟོན་འགྱུར། །དེ་ཚེ་ང་ཡི་སློབ་མ་ནི། །མཁས་པ་ཆེན་པོ་ཀ་མ་ལ། །ཤཱི་ལ་ཞེས་བྱ་རྒྱ་གར་ ནས། །སྤྱན་དྲོངས་དེ་ཡིས་དེ་སུན་འབྱིན། །དེ་ནས་དེ་ཡི་ཆོས་ལུགས་བཞིན། །དད་ལྡན་རྣམས་ཀྱིས་སྤྱོད་ཅིག་གསུང་། །དེ་ཡིས་ཇི་སྐད་གསུངས་པ་བཞིན། །ཕྱི་ནས་ཐམས་ཅད་བདེན་པར་གྱུར། །རྒྱ་ནག་ལུགས་དེ་ནུབ་མཛད་ནས། །རིམ་གྱིས་པ་ཡི་ཆོས་ལུགས་སྤེལ། །ཕྱི་ནས་རྒྱལ་ཁྲིམས་ནུབ་པ་དང་། །རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསང་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། །ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན། །ནཱ་རོ་དང་ནི་མེ་ཏྲཱི་པའི། །ཕྱག་རྒྱ་ཆེན་པོ་གང་ཡིན་པ། །དེ་ནི་ལས་དང་ཆོས་དང་ནི། །དམ་ཚིག་དང་ནི་ཕྱག་རྒྱ་ཆེ། །གསང་སྔགས་རྒྱུད་ནས་ཇི་སྐད་དུ། །གསུངས་པ་དེ་ཉིད་ཁོང་བཞེད་དོ། །འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་། །ཕྱག་རྒྱ་བཞི་པར་འདི་སྐད་གསུང་། །ལས་ཀྱི་ཕྱག་རྒྱ་མི་ཤེས་པས། །ཆོས་ཀྱི་ཕྱག་རྒྱའང་མི་ཤེས་ན། །ཕྱག་རྒྱ་ཆེན་པོའི་མིང་ཙམ་ཡང་། །རྟོགས་པ་ཉིད་ནི་མི་སྲིད་གསུང་། །རྒྱུད་ཀྱི་རྒྱལ་པོ་གཞན་དང་ནི། །བསྟན་བཅོས་ཆེན་པོ་གཞན་ལས་ཀྱང་། །དབང་བསྐུར་དག་དང་མ་འབྲེལ་བ། །དེ་ལ་ཕྱག་རྒྱ་ཆེན་པོ་བཀག །དབང་བསྐུར་བ་ལས་བྱུང་བ་ཡི། །ཡེ་ཤེས་ཕྱག་རྒྱ་ཆེ་རྟོགས་ན། །ད་གཟོད་མཚན་མ་དང་བཅས་པའི། །འབད་རྩོལ་ཀུན་ལ་མི་ལྟོས་སོ། །དེང་སང་འགའ་ཞིག་བླ་མ་ཡི། །མོས་གུས་ཙམ་གྱིས་སེམས་བསྒྱུར་ནས། །རྟོག་པ་ཅུང་ཟད་འགགས་པ་ལ། །ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱེད། །དེ་འདྲ་བདུད་ཀྱི་ཡིན་པའང་སྲིད། །ཡང་ན་ཁམས་འདུས་འགའ་ལའང་འབྱུང་། །ཀ་རུ་འཛིན་ཞེས་བྱ་བ་ཡི། །བརྫུན་རླབས་ཅན་གྱི་གྲུབ་ཐོབ་  བྱུང་། །དེ་ཡི་དགོན་པ་མཐོང་ཙམ་གྱིས། །འགའ་ལ་ཏིང་འཛིན་སྐྱེས་ཞེས་ཟེར། །ཕྱི་ནས་དེ་ཡི་གྲུབ་ཐོབ་ཞིག །དེ་ནས་ཏིང་འཛིན་དེ་རྒྱུན་ཆད། །དེ་འདྲའི་ཏིང་འཛིན་བདུད་རིགས་ཀྱི། །འབྱུང་པོ་རྣམས་ཀྱིས་བྱེད་པར་གསུངས། །སངས་རྒྱས་གསུང་བཞིན་བསྒྲུབ་པ་ཡི། །བྱིན་རླབས་སངས་རྒྱས་རྣམས་ཀྱི་ཡིན། །ཁ་ཅིག་སྐྱེ་བ་སྔ་མ་ལ། །སེམས་བསྐྱེད་དབང་བསྐུར་མ་བྱས་ན། །ཆོས་ལ་དད་པ་མི་སྲིད་པས། །གང་དག་ཐེག་ཆེན་དད་ཐོབ་པ། །དེ་དག་སྔར་སྦྱངས་ཡིན་པས་ན། །ད་ལྟ་དབང་བསྐུར་མི་དགོས་ཟེར། །འོ་ན་སོ་སོར་ཐར་པ་ཡི། །སྡོམ་པ་དག་ལ་མོས་པ་ཡང་། །སྔ་མའི་སྡོམ་པ་ཡོད་པའི་ཕྱིར། །ད་ལྟ་རབ་ཏུ་དབྱུང་ཅི་དགོས། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱང་། །སྔ་མའི་སེམས་བསྐྱེད་ཡོད་པའི་ཕྱིར། །ད་ལྟ་སེམས་བསྐྱེད་བྱ་ཅི་དགོས། །དེ་དག་དགོས་ན་གསང་སྔགས་ཀྱི། །དབང་བསྐུར་ཡང་ནི་ཅིས་མི་དགོས། །སངས་རྒྱས་ཆོས་ལ་མི་དགའ་བའི། །མུ་སྟེགས་བྱེད་ཀྱིས་ཆོས་སྤངས་པ། །དེ་ལ་མཚར་དུ་མི་བརྩི་ཡི། །སངས་རྒྱས་ཆོས་ལ་བརྟེན་བཞིན་དུ། །མདོ་རྒྱུད་ཉན་བཤད་འགོག་བྱེད་པ། །དེ་ལ་ཁོ་བོ་ངོ་མཚར་སྐྱེས། །ལ་ལ་ཞི་གནས་ཅུང་ཟད་དང་། །སྣང་སྟོང་རྟོགས་པ་ཕྲ་མོ་ལ། །མཐོང་ལམ་ཡིན་ཞེས་ངོ་སྤྲོད་བྱེད། །ཁྱུང་གི་སྒོང་རྒྱ་ཇི་བཞིན་དུ། །ལུས་ཀྱི་རྒྱ་ཡིས་བཅིངས་པས་ན། །ད་ལྟ་ཡོན་ཏན་མི་འབྱུང་བས། །ལུས་རྒྱ་ཞིག་པའི་ཤི་མ་ཐག །ཡོན་ཏན་ཕྱི་ནས་འབྱུང་ཞེས་ཟེར། །ཐེག་པ་ཆེན་པོའི་མདོ་རྒྱུད་ལས། །འདི་འདྲའི་ཆོས་ལུགས་བཤད་པ་མེད། །ཉི་མ་དེ་རིང་ཤར་བ་ཡི། །འོད་ཟེར་ནང་པར་འབྱུང་བ་མཚར། །ཁ་ཅིག་ཕ་རོལ་ཕྱིན་པ་དང་། །

གསང་སྔགས་གཉིས་ཀྱི་མཐོང་ལམ་ལ། །རྒྱན་ཅན་རྒྱན་མེད་ཡིན་ཞེས་ཟེར། །དེ་ལྟ་ཡིན་ན་སངས་རྒྱས་ཀྱང་། །རྒྱན་ཅན་རྒྱན་མེད་གཉིས་སུ་འགྱུར། །ཉན་ཐོས་རྣམས་ཀྱི་དགྲ་བཅོམ་ལ། །རྒྱན་ཅན་རྒྱན་མེད་གཉིས་འཐད་ཀྱི། །ཐེག་པ་ཆེན་པོའི་འཕགས་པ་ལ། །རྒྱན་ཅན་རྒྱན་མེད་གཉིས་མི་སྲིད། །ཉན་ཐོས་ལྕགས་ཀྱི་ཚ་ཚའི་དཔེས། །ཚེ་འདིར་མྱ་ངན་མ་འདས་པ། །བར་དོར་མྱ་ངན་འདའ་བར་གསུངས། །དེ་བཞིན་གསང་སྔགས་བསྒོམ་པ་ལས། །ཚེ་འདིར་མཐོང་ལམ་མ་ཐོབ་པ། །བར་དོར་མཐོང་ལམ་ཐོབ་མོད་ཀྱི། །ཚེ་འདིར་མཐོང་ལམ་སྐྱེས་པ་ལ། །ཡོན་ཏན་ཤི་ནས་འབྱུང་བ་ནི། །བླུན་པོ་རྣམས་ཀྱི་བརྫུན་རིབ་ཡིན། །མདོ་རྒྱུད་ཀུན་དང་མི་མཐུན་པས། །འདི་འདྲའི་ཆོས་ལུགས་མཁས་པས་སྤངས། །ཇོ་བོ་ནཱ་རོ་ཏ་པ་ནི། །དབང་བསྐུར་དུས་སུ་མཐོང་ལམ་སྐྱེ། །དེ་ནི་སྐད་ཅིག་དེ་ལ་འགག །ཆོས་མཆོག་རྗེས་ཀྱི་མཐོང་ལམ་ནི། །འགག་པ་མེད་ཅེས་གསུངས་པར་གྲག །འདི་ནི་དཔེ་ཡི་ཡེ་ཤེས་ལ། །མཐོང་བའི་ལམ་དུ་བཏགས་པར་ཟད། །འཕགས་པ་ལྷ་ཡིས་སྤྱོད་བསྡུས་སུ། །བདེན་པ་མཐོང་ཡང་ལས་མཐའ་ལ། །ཆགས་པར་གསུངས་པ་རྫོགས་རིམ་གྱི། །རང་བྱུང་ཡེ་ཤེས་རྟོགས་པ་ནི། །དཔེ་ཡི་ཡེ་ཤེས་ཉིད་ལ་དགོངས། །དེ་དང་ལམ་འབྲས་ལ་སོགས་པ། །གྲུབ་ཐོབ་རྣམས་ཀྱི་དགོངས་པ་མཐུན། །དེས་ན་ངེད་ཀྱི་མཐོང་ལམ་ནི། །འཕགས་པ་མིན་ལ་འབྱུང་མི་སྲིད། །ཐེག་པ་གསུམ་གྱི་ལག་ལེན་ཡང་། །རང་རང་གཞུང་ལུགས་བཞིན་བྱེད་ན། །སངས་རྒྱས་བསྟན་ཡིན་མི་བྱེད་ན། །བསྟན་པའི་གཟུགས་བརྙན་ཡིན་ཞེས་བྱ། །ཉན་ཐོས་རྣམས་ཀྱི་བླ་མ་དེ། །བཟང་ཡང་གང་ཟག་ཁོ་ནར་བས། །ཕ་རོལ་ཕྱིན་པའི་བླ་མ་ནི། །བཟང་ན་དགེ་འདུན་དཀོན་མཆོག་ཡིན། །གསང་སྔགས་པ་ཡི་བླ་མ་མཆོག །དཀོན་མཆོག་གསུམ་དང་དབྱེར་མེད་ཡིན། །དེས་ན་དེ་ལ་གསོལ་བཏབ་པས། །དཀོན་མཆོག་གསུམ་པོ་ཚེ་འདིར་འགྲུབ། །དེ་ལྟའི་ཐེག་པ་གསུམ་པོ་ཡི། །སོ་སོའི་གཞུང་ནས་འབྱུང་བ་  བཞིན། །བླ་མའི་མཚན་ཉིད་མི་ལྡན་ན། །བླ་མ་ཡིན་གྱི་དམ་པ་མིན།།དེ་ལ་གསོལ་བ་བཏབ་ན་ཡང་། །བྱིན་རླབས་ཅུང་ཟད་འབྱུང་མོད་ཀྱི། །ཚེ་འདིའམ་བར་དོ་ལ་སོགས་སུ། །སངས་རྒྱས་ཉིད་སྦྱིན་མི་ནུས་སོ། །དེས་ན་དབང་བསྐུར་ཐོབ་པའི་མིས། །དཀོན་མཆོག་གསུམ་པོ་བླ་མ་རུ། །འདུས་པར་མཐོང་ནས་བླ་མ་ལ། །གསོལ་བ་བཏབ་ན་བྱིན་རླབས་འཇུག །གལ་ཏེ་དབང་བསྐུར་མ་ཐོབ་ན། །བླ་མ་དཀོན་མཆོག་གསུམ་ཉིད་དུ། །ཕར་ལ་བསྡུས་ལ་གསོལ་བ་ཐོབ། །རིམ་གྱིས་བྱིན་རླབས་ཅི་རིགས་འཇུག །བླ་མ་རྐྱང་པ་བཟང་སྲིད་ཀྱང་། །གསོལ་བ་བཏབ་པ་བྱིན་རླབས་ཆུང་། །དེ་བས་དཀོན་མཆོག་གསུམ་ཉིད་ལ། །གསོལ་བ་བཏབ་པ་ཤིན་ཏུ་བཟང་། །དབང་བསྐུར་དང་པོ་མ་ཐོབ་པར། །བསྐྱེད་པའི་རིམ་པ་བསྒོམ་པ་དང་། །དབང་བསྐུར་གཉིས་པ་མ་ཐོབ་པར། །གཏུམ་མོ་ལ་སོགས་བསྒོམ་པ་དང་། །དབང་བསྐུར་གསུམ་པ་མ་ཐོབ་པར། །བདེ་སྟོང་ལ་སོགས་བསྒོམ་པ་དང་། །དབང་བསྐུར་བཞི་པ་མ་ཐོབ་པར། །ཕྱག་རྒྱ་ཆེན་པོ་སོགས་བསྒོམ་དང་། །དགེ་སློང་སྡོམ་པ་མ་ཐོབ་ པར། །མཁན་སློབ་ལ་སོགས་བྱེད་པ་ནི། །གསང་སྔགས་མེད་པར་སྦྲུལ་གདུག་གི། །མགོ་ལས་རིན་ཆེན་ལེན་པ་ལྟར། །རང་གཞན་བརླག་པའི་རྒྱུ་རུ་བས། །མཁས་པ་རྣམས་ཀྱིས་རྒྱང་རིང་སྤང་། །གཞན་ཡང་གངས་རིའི་ཁྲོད་འདི་ན། །འཁྲུལ་པའི་ལག་ལེན་དུ་མ་ཡོད། །ཁ་འབར་མ་ཡི་གཏོར་མ་ལ། །དེ་བཞིན་གཤེགས་པ་བཞི་ཡི་མཚན། །སྔོན་ལ་བརྗོད་པའི་ལག་ལེན་མཐོང་། །འདི་ཡང་མདོ་དང་མཐུན་མ་ཡིན། །མདོ་ལས་སྔོན་ལ་སྔགས་བརྗོད་ནས། །སངས་རྒྱས་བཞི་པོ་ཕྱི་ནས་ གསུངས། །འགའ་ཞིག་ཆུ་སྦྱིན་ནང་དུ་ཟན། །འཇུག་པའི་ལག་ལེན་བྱེད་པ་ཐོས། །འཇུར་གེགས་ཅན་གྱི་ཡི་དྭགས་ཀྱིས། །ཆུ་སྦྱིན་ནང་དུ་ཟན་མཐོང་ན། །འཇིགས་པ་ཆེན་པོ་འབྱུང་བར་གསུངས། །དེས་ན་ཆུ་སྦྱིན་ནང་དུ་ཟན། །འདེབས་པ་ཆོ་ག་ཉམས་པ་ཡིན། །ཟན་གྱི་ཕུད་ལ་ལྷ་བཤོས་དང་། །ཆང་བུ་བྱ་བར་སངས་རྒྱས་གསུངས། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི། །ཟས་ཀྱི་ཕུད་ལ་ཆང་བུ་སྦྱིན། །ཞེས་གསུངས་འཕྲོག་མའི་མདོ་ལས་ཀྱང་། །སངས་རྒྱས་སྟོན་པར་ཁས་འཆེ་ན། །འཕྲོག་མ་ལ་ནི་ཆང་བུ་སྦྱིན། །ཞེས་གསུངས་དེ་ཡི་ཆོ་ག་ནི། །ལྟ་བ་ངན་སེལ་ལ་སོགས་ལྟོས། །འགའ་ཞིག་སངས་རྒྱས་གསུངས་པ་ཡི། །ལྷ་བཤོས་ཆང་བུ་མི་བྱེད་པར། །མ་གསུངས་པ་ཡི་འབྲང་རྒྱས་དང་། །གྲུ་གསུམ་ལ་སོགས་བྱེད་པ་མཐོང་། །གསང་སྔགས་རྙིང་མ་འགའ་ཞིག་ལས། །གྲུ་གསུམ་དབང་ཕྱུག་ཆེན་པོའི་སྙིང་། །དེ་ཡི་ཤ་དང་ཁྲག་གིས་བརྒྱན། །མཐེབ་ཀྱུ་མགོ་བོའི་ཐོད་པས་བསྐོར། །ཆང་སོགས་བདུད་རྩིས་དེ་བཀང་ནས། །ཧེ་རུ་ཀ་ལ་མཆོད་ཅེས་ཟེར། །གསང་སྔགས་གསར་མར་གྲུ་གསུམ་གྱི། །གཏོར་མ་གཞུང་ནས་བཤད་པ་མེད། །ཟས་ཀྱི་ཕུད་ལ་ཁྱད་པར་དུ། །གྲུ་གསུམ་འབུལ་བ་གསུངས་པ་མེད། །ལག་ལེན་ཐམས་ཅད་སངས་རྒྱས་ཀྱི། །གསུངས་དང་མཐུན་ན་བསྟན་པ་ཡིན། །དེས་ན་མདོ་སྡེ་མ་དཀྲུག་པར། །སངས་རྒྱས་གསུང་བཞིན་ཉམས་སུ་ལོངས། །སངས་རྒྱས་རབ་ཏུ་བྱུང་བ་ཡི། །ཕྱག་ཏུ་མཚོན་ཆ་བསྐུར་བ་མཐོང་། །ཁྱིམ་པའི་ཆ་ལུགས་ཅན་དག་ལ། །རྒྱན་དང་མཚོན་ཆ་སོགས་སྲིད་ཀྱི། །རབ་བྱུང་རྣམས་ལ་འདི་མི་སྲིད། །བྱང་ཆུབ་མཆོག་གི་ཕྱག་རྒྱ་  སོགས། །མཛད་པའི་རིགས་ལྔ་སེར་འབྱམ་མཐོང་། །མདོ་ལུགས་ཡིན་ཞེས་ལ་ལ་སྨྲ། །མདོ་ནས་འདི་འདྲ་གསུངས་པ་མེད། །བྱ་སྤྱོད་གཉིས་ཀྱི་རྒྱུད་ལས་ཀྱང་། །སངས་རྒྱས་རིགས་ལྔར་བསྡུས་པ་མེད། །རྣལ་འབྱོར་རྒྱུད་ལས་གསུངས་པ་ཡི། །རིགས་ལྔ་ཁ་དོག་ཐ་དད་ཅིང་། །ཕྱག་རྒྱ་ཡང་ནི་ཐ་དད་གསུངས། །འདི་ཡི་སྐུ་མདོག་ཕྱག་རྒྱ་ནི། །རྟེན་ཅིང་འབྲེལ་འབྱུང་སྐུ་ཡིན་པས། །ཡེ་ཤེས་ལྔ་ལ་འཐད་པ་ཡིན། །དུས་ཀྱི་འཁོར་ལོ་ལ་སོགས་ལས། །རིགས་ལྔའི་ཁ་དོག་གཞན་གསུངས་པ། །འབྱུང་བ་རྣམ་པ་ལྔ་སྦྱོང་པའི། །རྟེན་ཅིང་འབྲེལ་འབྱུང་སྐུ་ཡིན་ནོ། །སངས་རྒྱས་གསེར་མདོག་ཅེས་གསུངས་པ། །དྲི་མ་མེད་ཅིང་དྭངས་པ་ཡང་། །སྤྲུལ་སྐུ་ཕལ་ལ་དགོངས་ཏེ་གསུངས། །གཞན་དུ་སྨན་བླ་ནམ་མཁའི་མདོག །སྔོན་པོ་ཉིད་དུ་མདོ་ལས་གསུངས། །ཡི་དམ་ལྷ་ཡི་སྒྲུབ་ཐབས་དང་། །སྔགས་ཀྱི་བཟླས་པའི་ཆོ་ག་དང་། །མཆོག་དང་ཐུན་མོང་དངོས་གྲུབ་དང་། །སྒྲུབ་པའི་ཆོ་ག་ཇི་སྙེད་པ། །མདོ་སྡེ་ཀུན་ལས་གསུངས་པ་མེད། །དེང་སང་སྔགས་ལ་མི་མོས་པར། །ལྷ་བསྒོམ་ལ་སོགས་བྱེད་པ་ཡང་། །སངས་རྒྱས་བསྟན་དང་མཐུན་པ་མིན། །གཞན་ཡང་སྦྱིན་སྲེག་རོ་སྲེག་དང་། །བདུན་ཚིགས་སཱཙྪའི་ཆོ་ག་སོགས། །དེང་སང་གསང་སྔགས་ལུགས་བོར་ནས། །མདོ་མཆོད་ཙམ་ལ་བརྟེན་པ་ཡི། །ཆོ་གའི་རྣམ་གཞག་བྱེད་པ་ཡོད། །ཕ་རོལ་ཕྱིན་པའི་མདོ་སྡེ་དང་། །བསྟན་བཅོས་ཀུན་ལས་གསུངས་པ་མེད། །འདི་དག་ངན་སོང་སྦྱོང་རྒྱུད་ལ། །སོགས་པའི་རྒྱུད་སྡེ་འགའ་ཞིག་ལས། །གསུངས་པའི་རྗེས་སུ་འབྲང་བ་ཡི། །གསང་སྔགས་པ་ལ་གྲགས་པ་ཡིན། །དེ་བཞིན་རབ་གནས་མདོ་ལུགས་དང་། །ཕྱག་ན་རྡོ་རྗེ་མདོ་ལུགས་དང་། །ལྟུང་བཤགས་དང་ནི་ཤེར་སྙིང་སོགས། །སྔགས་ལུགས་ཡིན་ཞེས་འཆད་པ་ཐོས། །འདི་ཡང་བརྟག་པར་བྱ་བས་ཉོན། །མདོ་ནས་རབ་གནས་བཤད་པ་མེད། །འོན་ཀྱང་མཆོད་བསྟོད་བཀྲ་ཤིས་སོགས། །རྒྱལ་པོའི་མངའ་དབུལ་ལྟ་བུ་ལ། །རབ་གནས་ཡིན་ཞེས་སྨྲ་ན་  སྨྲོས། །ལྷ་བསྒོམ་པ་དང་སྔགས་བཟླས་དང་། །བུམ་པ་ལྷ་ཡི་སྟ་གོན་དང་། །དངོས་གཞིའི་དམ་ཚིག་སེམས་དཔའ་དང་། །ཡེ་ཤེས་འཁོར་ལོ་དགུག་གཞུག་དང་། །སྤྱན་དབྱེ་བརྟན་པར་བཞུགས་པ་དང་། །སྔགས་ཀྱི་བྱིན་གྱིས་བརླབས་པ་ཡི། །མེ་ཏོག་དོར་ནས་ལེགས་མཆོད་དེ། །བཀྲ་ཤིས་རྒྱས་པར་བྱེད་པ་ཡི། །ཆོ་ག་གསང་སྔགས་རྒྱུད་སྡེ་ལས། །གསུངས་ཀྱི་ཕ་རོལ་ཕྱིན་ལས་མིན། །ལ་ལ་གདམས་ངག་ཡིན་ཞེས་སྨྲ། །འོ་ན་མདོ་སྡེ་གང་དག་ལ། །བརྟེན་པ་ཡིན་པ་སྨྲ་དགོས་སོ། །དེང་སང་གསང་བ་འདུས་པའི་ལྷ། །བསྒོམས་ནས་མདོ་ལུགས་ཡིན་ཞེས་སྨྲ། །གསང་འདུས་ལ་སོགས་ཆོ་ག་ལ། །མདོ་ལུགས་ཆོ་ག་འབྱུང་བ་མཚར། །སེང་གེའི་ཕྲུ་གུ་གླང་ཆེན་ལས། །བྱུང་ན་སྔོན་མེད་སྲོག་ཆགས་ཡིན། །མཁས་པ་རྣམས་ཀྱིས་འདི་འདྲ་ཡི། །ཆོ་ག་སླན་ཆད་མ་བྱེད་ཅིག །ལྷ་ལ་རབ་ཏུ་གནས་པ་དང་། །མི་ལ་དབང་བསྐུར་བྱ་བ་སོགས། །རྡོ་རྗེ་སློབ་མའི་དབང་བསྐུར་བ། །ཐོབ་ཀྱང་བྱ་བར་མ་གསུངས་ན། །དབང་བསྐུར་གཏན་ནས་མ་ཐོབ་པའི། །གང་ཟག་རྣམས་ཀྱིས་སྨོས་ཅི་དགོས། །རྡོ་རྗེ་སློབ་མའི་དབང་བསྐུར་ཙམ། །ཐོབ་ནས་ལྷ་བསྒོམ་ཙམ་དང་ནི། །བཟླས་བརྗོད་དང་ནི་སྦྱིན་སྲེག་དང་། །ལས་ཚོགས་ལ་སོགས་བསྒྲུབ་པ་ཡི། །དངོས་གྲུབ་དང་ནི་ཕྱག་རྒྱ་ཡི། །ཡེ་ཤེས་སྒྲུབ་པའི་ཆོ་ག་དང་། །གསང་སྔགས་འགའ་ཞིག་ཉན་པ་ལ། །དབང་བ་ཡིན་གྱི་རྒྱུད་འཆད་དང་། །དབང་བསྐུར་དང་ནི་རབ་གནས་སོགས། །སློབ་དཔོན་ཕྲིན་ལས་བྱར་མི་རུང་། །རྡོ་རྗེ་སློབ་དཔོན་དབང་ཐོབ་ནས། །འཁོར་ལོ་ལྷ་ཡི་དེ་ཉིད་སོགས། །རྣམ་དག་དཀྱིལ་འཁོར་བསྒོམ་པ་དང་། །དབང་བསྐུར་དང་ནི་རབ་གནས་སོགས། །སློབ་དཔོན་གྱི་ནི་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །བླ་ན་མེད་པའི་སྡོམ་པ་སོགས། །རྡོ་རྗེ་སློབ་དཔོན་ཁོ་ནའི་ལས། །ཉིད་ཡིན་གཞན་གྱིས་བྱར་མི་རུང་། །དེང་སང་རབ་གནས་མདོ་ལུགས་ཞེས། །འཆད་པ་སངས་རྒྱས་བསྟན་པ་མིན། །ཁྱིམ་པས་མཁན་སློབ་བྱེད་པ་དང་། །རྡོ་རྗེ་སློབ་དཔོན་མ་ཡིན་པས། །དབང་བསྐུར་རབ་གནས་བྱེད་པ་ནི། །གཉིས་ཀ་བསྟན་པ་མིན་པར་མཚུངས། །ཕྱག་ན་རྡོ་རྗེའི་བསྒོམ་བཟླས་ཀྱང་། །མདོ་སྡེ་རྣམས་ནས་བཤད་པ་  མེད། །གཟུངས་ནས་བཤད་པ་དེ་དག་ནི། །བྱ་བའི་རྒྱུད་ཀྱི་ཆོ་ག་ཡིན། །ལྟུང་བཤགས་སངས་རྒྱས་ཕྱག་མཚན་ལ། །ཕུབ་དང་རལ་གྲི་སོགས་འཛིན་པའི། །སྒྲུབ་ཐབས་སངས་རྒྱས་ཀྱིས་མ་གསུངས། །མདོ་དང་རྒྱུད་ཀྱི་ཁྱད་པར་ནི། །ཆོ་གའི་བྱ་བ་ཡོད་མེད་ཡིན། །དེ་ལྟར་ཤེས་ནས་མདོ་སྡེ་དང་། །སྔགས་ཀྱི་ལུགས་རྣམས་དཔྱོད་དེ་སྨྲོས། །ལ་ལ་ཐེག་པ་རིམ་དགུ་ལ། །ལྟ་བ་ཐ་དད་ཡོད་ཅེས་ཟེར། །ཉན་ཐོས་དང་ནི་ཐེག་ཆེན་ལ། །ལྟ་བའི་རིམ་པ་ཡོད་མོད་ཀྱི། །ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་དབྱེ་བ་བཤད་པ་མེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །དེས་ན་བཤད་པས་གོ་བ་ཡི། །ཐོས་པའི་ལྟ་བ་གཅིག་ཉིད་ཡིན། །འོན་ཀྱང་སྤྲོས་བྲལ་རྟོགས་པ་ཡི། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཁ་ཅིག་དབུ་མའི་ལྟ་བ་ནི། །ཀུན་རྫོབ་ཇི་ལྟར་སྣང་བཞིན་ཡིན། །དོན་དམ་མཐའ་བཞིའི་སྤྲོས་དང་བྲལ། །བྱ་བའི་རྒྱུད་ཀྱི་ཀུན་རྫོབ་ནི། །རིགས་གསུམ་རྒྱལ་བའི་དཀྱིལ་འཁོར་ ཡིན། །དོན་དམ་དབུ་མ་དང་མཚུངས་ཟེར། །སྤྱོད་པའི་རྒྱུད་ཀྱི་ཀུན་རྫོབ་དང་། །རྣལ་འབྱོར་རྒྱུད་ཀྱི་ཀུན་རྫོབ་ནི། །རིགས་ལྔའི་རྒྱལ་བར་སྣང་བ་ཡིན། །རྣལ་འབྱོར་ཆེན་པོའི་ཀུན་རྫོབ་ནི། །དམ་པ་རིགས་བརྒྱ་ཡིན་ཞེས་ཟེར། །ལྟ་བསྒོམ་རྣམ་དབྱེ་མ་ཕྱེད་ཅིང་། །ཐབས་དང་ཤེས་རབ་མ་ཤེས་པས། །འདི་འདྲའི་དབྱེ་བ་འཁྲུལ་པ་ ཡིན། །འདི་ཡི་འཐད་པ་བཤད་ཀྱིས་ཉོན། །རིགས་གསུམ་ལ་སོགས་སངས་རྒྱས་སུ།།བསྒོམ་པ་ཡིན་གྱི་ལྟ་བ་མིན། །བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལས། །སྣང་བ་ལྷ་རུ་གསུངས་པ་མེད། །འོན་ཀྱང་བྱ་བའི་རྒྱུད་དུ་ནི། །བྲིས་སྐུ་ལྷ་རུ་བསྒོམས་ནས་ཀྱང་། །དེ་ལས་དངོས་གྲུབ་ལེན་པ་ཡིན། །དེས་ན་དཀའ་ཐུབ་གཙང་སྦྲ་ཡིས། །སངས་རྒྱས་མཉེས་ནས་དངོས་གྲུབ་གནང་། །སྤྱོད་པའི་རྒྱུད་དུ་བྲིས་སྐུ་དང་། །རང་ཉིད་གཉིས་ཀ་ལྷར་བསྒོམས་ནས། །གྲོགས་པོ་ལྟ་བུའི་དངོས་གྲུབ་ལེན། །རྣལ་འབྱོར་རྒྱུད་དུ་ཕྱི་རོལ་ལ། །དམིགས་པའི་རྐྱེན་ཙམ་བྱས་ནས་ཀྱང་། །རང་ཉིད་དམ་ཚིག་སེམས་དཔའ་ལ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ནས། །ཇི་སྲིད་ཕྱག་རྒྱ་མ་བཀྲོལ་བ། །དེ་ཡི་བར་དུ་སངས་རྒྱས་བཞུགས། །ཕྱག་རྒྱ་བཀྲོལ་ནས་སངས་རྒྱས་གཤེགས། །དེ་ནས་རང་ཉིད་ཐ་མལ་འགྱུར། །འདི་དག་གི་ནི་ལུང་སྦྱོར་རྣམས། །ཡི་གེ་མངས་ཀྱིས་དོགས་པས་བཞག །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། །དག་པ་གསུམ་གྱི་རང་བཞིན་བཤད། །འདི་ཡི་ལུང་རིགས་མན་ངག་རྣམས། །བླ་མའི་ཞལ་ལས་ལེགས་པར་དྲིས། །གལ་ཏེ་བྱ་བའི་རྒྱུད་ཀྱི་ཡང་། །ཀུན་རྫོབ་ལྷ་རུ་གནས་ན་ནི། །དཀའ་ཐུབ་གཙང་སྦྲ་ག་ལ་འཐད། །ལྷ་ལ་གཙང་དང་མི་གཙང་མེད། །ལྷ་རྣམས་བཀའ་ཐུབ་ཀྱིས་མི་གདུང་། །ཁ་ཅིག་སྤྱོད་པའི་རྒྱུད་ཀྱི་ཡང་། །ལྟ་བ་རྣལ་འབྱོར་རྒྱུད་དང་མཐུན། །སྤྱོད་པ་བྱ་བའི་རྒྱུད་བཞིན་བྱེད། །འདི་ཡང་དེ་ལྟར་ངེས་པ་མེད། །འདི་ནི་གཉིས་ཀའི་རྒྱུད་ཡིན་པས། །རེས་འགའ་གཙང་སྦྲ་སྤྱོད་མོད་ཀྱི། །ཕལ་ཆེར་ཅི་བདེར་སྤྱོད་པར་གསུངས། །སྤྱོད་པའི་རྒྱུད་ལ་རིགས་ལྔ་ཡི། །དོན་གྲུབ་ན་ཡང་ཐ་སྙད་མེད། །ཕྱག་རྒྱ་སྐུ་མདོག་རྣམ་དག་ཀྱང་། །རྣལ་འབྱོར་རྒྱུད་བཞིན་དེར་མ་གསུངས། །དེས་ན་རྣལ་འབྱོར་རྒྱུད་མན་ཆད། །ཀུན་རྫོབ་ལྷ་རུ་གསུངས་པ་མེད། །འོན་ཀྱང་ཀུན་རྫོབ་ཐམས་ཅད་ནི། །ཇི་ལྟར་སྣང་བ་བཞིན་དུ་བས། །བྲིས་སྐུ་ལ་སོགས་ལྷར་བསྒོམ་པ། །དེ་ནི་ཐབས་ཀྱི་ཁྱད་པར་ཡིན། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །ཀུན་རྫོབ་ཇི་ལྟར་སྣང་བ་འདི། །ཐབས་ལ་མཁས་པའི་ཁྱད་པར་གྱིས། །སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པ། །དེ་ཚེ་དམ་པ་རིགས་བརྒྱ་ལ། །སོགས་པའི་དབྱེ་བ་རྒྱལ་བས་གསུངས། །དེས་ན་ཀུན་རྫོབ་ལྡོག་པ་དང་། །ལྷ་ཡི་ལྡོག་པ་མ་ཕྱེད་པས། །གསང་སྔགས་རྙིང་མའི་ཀུན་རྫོབ་ཀུན། །ལྟ་བ་དང་འཁྲུལ་དེ་ལྟར་ཡིན། །གསང་སྔགས་སྔ་འགྱུར་པ་རྣམས་ནི། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། །རྗེས་སུ་རྣལ་འབྱོར་ཤིན་ཏུ་ནི། །རྣལ་འབྱོར་ཞེས་བྱ་རྣམ་པ་བཞི། །ཐེག་པའི་རིམ་པ་ཡིན་ཞེས་ཟེར། །ཤིན་ཏུ་རྣལ་འབྱོར་བཟང་བར་འདོད། །གསང་སྔགས་ཕྱི་འགྱུར་པ་རྣམས་ནི། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །འདི་དག་ཏིང་འཛིན་རིམ་ཡིན་གྱི། །རྒྱུད་སྡེའི་རིམ་པར་མི་བཞེད་དོ། །དེས་ན་རྒྱུད་སྡེ་བཞི་པོ་ཡི། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། །རྣལ་འབྱོར་བཞི་ཡི་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་མི་གཅིག་གོ། །དཔེར་ན་ཀླུ་ཆེན་པདྨ་དང་། །པདྨ་ཆེན་པོ་ཞེས་བྱ་དང་། །མེ་ཏོག་པདྨ་པད་ཆེན་གཉིས། །མིང་མཐུན་ན་ཡང་དོན་མི་གཅིག །དེས་ན་གསང་སྔགས་གསར་མ་ལ། །རྣལ་འབྱོར་ཆེན་པོའི་ལྟག་ན་ནི། །དེ་བས་ལྷག་པའི་རྒྱུད་སྡེ་མེད། །བསྒོམ་པའི་དམིགས་པ་ཉིད་ཀྱང་ནི། །རྣལ་འབྱོར་ཆེན་པོའི་གོང་ན་མེད། །དེ་ལས་སྐྱེས་པའི་ཡི་ཤེས་ནི། །སྤྲོས་པ་མེད་ཅིང་བརྗོད་བྲལ་བས། །ཐེག་པའི་རིམ་པར་མི་བཞེད་དོ། །ལུགས་འདི་ལེགས་པར་ཤེས་གྱུར་ན། །ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །བརྗོད་བྲལ་བརྗོད་བྱར་བྱས་པ་ནི། །མཁས་པའི་དགོངས་པ་མིན་ཞེས་བྱ། །དེས་ན་ཐོས་པའི་ལྟ་བ་ནི། །དབུ་མ་ཡན་ཆད་ཐམས་ཅད་མཐུན། །དེ་ཕྱིར་ལྟ་བའི་ལུང་སྦྱོར་ཀུན། །ཕ་རོལ་ཕྱིན་བཞིན་ཐམས་ཅད་མཛད། །དེ་རྟོགས་པ་ཡི་ཐབས་ལ་ནི། །ཐེག་པའི་རིམ་པ་ཡོད་པ་ཡིན། །རྒྱུད་སྡེ་བཞི་ཡི་བསྒྲུབ་པ་ཡང་། །འཁྲུལ་པར་བྱས་ན་དངོས་གྲུབ་རིང་། །བྱ་བའི་རྒྱུད་ལ་བདག་བསྐྱེད་མེད། །བྲིས་སྐུ་མཆོད་ནས་གསོལ་བ་འདེབས། །བདག་བསྐྱེད་སྒྲུབ་ཐབས་ཡོད་པ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །དེ་ཡི་ལུགས་བཞིན་མཛད་པ་ཡིན། །དེ་ལྟར་བྱེད་ན་སྨྱུང་གནས་མེད། །བདག་ཉིད་ལྷ་རུ་བསྐྱེད་པ་ལ། །མཆོད་ན་བསོད་ནམས་བརྙས་ན་སྡིག །གལ་ཏེ་སྨྱུང་གནས་བྱེད་འདོད་ན། །རང་ཉིད་ཐ་མལ་ང་རྒྱལ་གྱིས། །བྲིས་སྐུ་ཆོ་ག་བཞིན་བྲིས་ལ། །རྗེ་དཔོན་བཞིན་དུ་དངོས་གྲུབ་བླང་། །དེ་ལ་ཤ་ཆང་གཏོར་མ་མེད། །གླ་རྩི་ལ་སོགས་སྲོག་ཆགས་དང་། །འབྲེལ་བའི་མཆོད་པ་ཐམས་ཅད་སྤོངས།།གུ་ལང་མཆོད་པའི་ལྷག་མ་དང་། །གཏོར་མའི་ཁ་ཟས་འདིར་མི་ཟ། །ལྷ་ལ་ཕུལ་བའི་དམན་མ་སོགས། །ཟ་དང་འགོམ་པ་གཉིས་ཀ་བཀག །དཀར་གསུམ་ལ་སོགས་ཁ་ཟས་དང་། །གཙང་སྦྲ་ལ་སོགས་བརྟུལ་ཞུགས་ཀྱིས། །བྱ་བའི་རྒྱུད་ཀྱི་གསང་སྔགས་འགྲུབ། །སྤྱོད་དང་རྣལ་འབྱོར་རྒྱུད་གཉིས་སུ། །ལས་ཚོགས་བསྒྲུབ་པ་འགའ་ཞིག་ལ། །གཙང་སྦྲ་དཀའ་ཐུབ་བཤད་པ་ཡོད། །གཞན་དུ་དཀའ་ཐུབ་སྨྱུང་གནས་སོགས། །བརྟུལ་ཞུགས་ཁྱད་པར་གཙོར་མི་མཛད། །རང་ཉིད་ལྷ་ཡི་རྣལ་འབྱོར་བསྒོམ། །གླ་རྩིའི་རེང་བུ་ལ་སོགས་པ། །སྲོག་ཆགས་ཡན་ལག་ལས་བྱུང་བའི། །མཆོད་པ་རྣམས་ཀྱང་འདིར་མི་འགོག །སངས་རྒྱས་མཆོད་པའི་ལྷག་མ་རྣམས། །སྡིག་པ་སྤང་ཕྱིར་བཟའ་འོ་ཞེས། །རབ་ཏུ་གནས་པའི་རྒྱུད་ལས་གནང་། །འབྱུང་པོའི་གཏོར་མ་འདིར་མི་ཟ། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ལས། །ཨ་བ་དྷཱུ་ཏཱིའི་སྤྱོད་སོགས་ལ། །འབྱུང་པོའི་གཏོར་མ་ཟ་བའང་གནང་། །དཀའ་ཐུབ་ལ་སོགས་བརྟུལ་ཞུགས་འགོག །འཇུག་པ་བདེ་བའི་རྣལ་འབྱོར་གྱིས། །གསང་སྔགས་རྒྱལ་པོ་ཚེ་འདིར་འགྲུབ། །འདི་དག་རྒྱས་པར་བླ་མ་མཆོག །མཁས་པའི་གསུངས་ལས་ཤེས་པར་གྱིས། །གྲུབ་མཐའི་རྣམ་དབྱེ་མི་ཤེས་ཤིང་། །རྒྱུད་སྡེའི་ཁྱད་པར་མ་ཕྱེད་པར། །ཆོ་ག་ཐམས་ཅད་དཀྲུགས་ནས་ནི། །རང་བཟོའི་རྣམ་ཐར་སྤྱོད་པ་མཚར། །དབང་བཞི་ཡོངས་སུ་རྫོགས་པ་དང་། །དང་པོར་རང་གི་ཁྱིམ་དུ་བསྒོམ། །བརྟན་པ་ཐོབ་ནས་དུར་ཁྲོད་སོགས། །བརྟན་པ་ཆེན་པོ་ཐོབ་ནས་ནི། །ལུས་དང་ངག་གི་བརྡ་རྣམས་ལ། །ལེགས་པར་སྦྱངས་ཤིང་དེ་ཉིད་རྟོགས། །ས་རྣམས་བགྲོད་པར་བྱ་བ་དང་། །ཡུལ་རྣམས་དབང་དུ་བསྡུ་བའི་ཕྱིར། །གནས་དང་ཉེ་བའི་གནས་ལ་སོགས། །ཡུལ་ཆེན་སུམ་ཅུ་སོ་བདུན་དུ། །རིག་པའི་བརྟུལ་ཞུགས་སྤྱོད་ཕྱིར་རྒྱུ། །ལུགས་འདི་རྣལ་འབྱོར་ཆེན་པོ་ཡི། །རྒྱུད་དང་བསྟན་བཅོས་རྣམས་ལས་གསུངས། །འདི་འདྲའི་སྤྱོད་པ་ཤེས་ནས་ནི། །ཚེ་འདི་ཉིད་ལ་རྫོགས་སངས་རྒྱ། །དེང་སང་གསང་སྔགས་མི་ཤེས་པར། །སྔགས་ཀྱི་ལུགས་སུ་འཆོས་པ་མཐོང་། །རིམ་པ་གཉིས་པོ་མི་བསྒོམ་ན། །ཡུལ་ཆེན་སུམ་ཅུ་སོ་བདུན་དུ། །འགྲོ་བ་སངས་རྒྱས་ཀྱིས་མ་གསུངས། །རིམ་པ་གཉིས་པོ་མི་བསྒོམ་པའི། །སྒོམ་ཆེན་བཟང་ཡང་ཕ་རོལ་ཏུ། །ཕྱིན་པའི་སྒོམ་ཆེན་ལས་མ་འདས། །མདོ་ལས་ཡུལ་ཆེན་དེ་དག་ཏུ། །འགྲོ་བའི་ཆོ་ག་བཤད་པ་མེད། །གལ་ཏེ་གསང་སྔགས་མི་བསྒོམ་ཞིང་། །རྟོགས་པ་ཡོད་པར་རློམ་པ་ཡིས། །ཡུལ་དེར་ཕྱིན་ན་བར་ཆད་འབྱུང་། །ཅི་ཡང་མེད་པའི་སྒོམ་ཆེན་གྱིས། །ཕྱིན་ཡང་ཕན་གནོད་གང་ཡང་མེད། །ཨུཊྱན་ཛཱ་ལནྡྷ་ར་དང་། །གངས་ཅན་དེ་བཱི་ཀོ་ཊ་སོགས། །ཀླ་ཀློ་བླུན་པོ་མུ་སྟེགས་བྱེད། །འབྲོག་པ་རྣམས་ཀྱིས་གང་མོད་ཀྱང་། །དེ་དག་གྲུབ་པ་ཐོབ་བམ་ཅི། །གསང་སྔགས་བསྒོམ་པའི་རྟོགས་པ་ཅན། །བརྡ་དོན་འཕྲོད་པའི་སྐལ་བར་ལྡན། །དེ་ལ་ཡུལ་དེར་གནས་པ་ཡི། །མཁའ་འགྲོ་རྣམས་ཀྱི་བྱིན་གྱིས་རློབ། །འདི་དོན་རྣལ་འབྱོར་ཆེན་པོ་ཡི། །རྒྱུད་སྡེ་རྣམས་སུ་ལེགས་པར་ལྟོས། །དེས་ན་གསང་སྔགས་མི་བསྒོམ་པར། །ཡུལ་ཆེན་བགྲོད་པ་དོན་མེད་ཡིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། །མངོན་པའི་གཞུང་ལས་གསུངས་པ་ཡི། །གངས་རི་གསེར་གྱི་བྱ་སྐྱིབས་དང་། །ཛམ་བུའི་ཤིང་དང་ས་སྲུང་བུ། །གླང་ཆེན་ལྔ་བརྒྱས་བསྐོར་བ་དང་། །དགྲ་བཅོམ་ལྔ་བརྒྱ་

བཞུགས་པའི་གནས། །གངས་ཅན་དེ་ནི་ཏི་སེ་མིན། །མ་དྲོས་རྒྱ་མཚོ་མ་ཕང་མིན། །གླང་པོ་རྣམས་ཀྱང་དེ་ན་མེད། །དེ་བཞིན་ཛམ་བུའི་ལྗོན་པ་དང་། །གསེར་གྱི་བྱ་སྐྱིབས་ག་ལ་ཡོད། །དེ་ཡི་གཏན་ཚིགས་འདི་ལྟར་ཡིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །ཆུ་བོ་སི་ཏཱའི་བྱང་ཕྱོགས་ན།།རི་བོ་གངས་ཅན་ཡོད་པར་གསུངས། །དེ་ཡི་འགྲམ་ན་ཤམྦྷ་ལ། །གྲོང་ཁྱེར་བྱེ་བ་དགུ་བཅུ་དྲུག །དེ་ན་རྒྱལ་པོའི་ཕོ་བྲང་མཆོག །ཀཱ་ལ་པ་ཞེས་བྱ་བ་ཡོད། །དེ་ན་སྤྲུལ་པའི་རྒྱལ་པོ་རྣམས། །ལོ་གྲངས་བརྒྱ་བརྒྱར་ཆོས་གསུང་ངོ་། །དེ་ན་ནགས་ཚལ་སྣ་ཚོགས་དང་། །བཟའ་ཤིང་རྭ་བ་དུ་མ་ཡོད། །སྙིགས་མའི་དུས་སུ་འཕགས་པའི་ཡུལ། །ཀླ་ཀློའི་ཆོས་ཀྱིས་གང་བར་འགྱུར། །དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཤམྦྷ་ལ་རུ་དམག་འདྲེན་འགྱུར། །དེ་ཚེ་ཕྱག་ན་རྡོ་རྗེ་ཡི། །སྤྲུལ་པ་དྲག་པོ་ཞེས་བྱ་བའི། །རྒྱལ་པོས་ཀླ་ཀློ་ཀུན་བཅོམ་ནས། །འཕགས་པའི་ཡུལ་གྱི་བར་དུ་ཡང་། །སངས་རྒྱས་བསྟན་པ་སྤེལ་བར་གསུངས། །དེས་ན་རི་བོ་གངས་ཅན་དུ། །རྫུ་འཕྲུལ་མེད་པས་འགྲོ་མི་ནུས། །མངོན་པ་ལས་ཀྱང་འདི་སྐད་དུ། །འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་སོགས་མཚན་ཉིད་རྒྱས་པར་གསུངས། །དེར་ནི་རྫུ་འཕྲུལ་མི་ལྡན་པས། །བགྲོད་པར་བྱ་བ་མིན་ཞེས་བཤད། །ད་ལྟའི་ཏི་སེ་འདི་ལ་ནི། །མཚན་ཉིད་འདི་དག་གང་ཡང་མེད། །མུ་སྟེགས་བྱེད་པའི་གཞུང་ལས་ཀྱང་། །ཤར་ནུབ་གཉིས་ཀྱི་རྒྱ་མཚོའི་བར། །གངས་ཅན་གྱིས་ནི་ཁྱབ་པར་བཤད། །ཧ་ནུ་མནྠས་འཕངས་པ་ཡི། །གངས་རིའི་དུམ་བུ་ཚལ་པ་ཞིག །ཏི་སེ་ཡིན་ཞེས་གྲོག་མཁར་སྨྲ། །དེས་ན་དབང་ཕྱུག་ཆེན་པོའི་གནས། །ས་སྲུང་བུ་ཡིས་བསྟེན་པའི་ས། །དགྲ་བཅོམ་ལྔ་བརྒྱ་བཞུགས་པའི་ཡུལ། །ད་ལྟའི་ཏི་སེ་འདི་མ་ཡིན། །རྨ་བྱ་ཆེན་མོའི་མདོ་ལས་ཀྱང་། །གངས་ཅན་ཏི་སེ་ཐ་དད་གསུངས། །ཕལ་པོ་ཆེ་ཡི་མདོ་ལས་ཀྱང་། །མ་དྲོས་པ་ཡི་ཆུ་ཞེང་དུ། །དཔག་ཚད་ལྔ་བཅུ་ལྔ་བཅུར་གསུངས། །ས་གཞིར་རིན་ཆེན་གསེག་མ་བདལ། །ངོས་ནི་རིན་ཆེན་ཕ་གུར་བརྩིགས། །དེ་ལས་འབབ་པའི་ཆུ་བོ་བཞི། །གངྒཱ་གླང་ཆེན་ཁ་ནས་ནི། །དངུལ་གྱི་བྱེ་མ་འདྲེན་ཅིང་འབབ། །སི་ཏཱ་སེང་གེའི་ཁ་ནས་ནི། །རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ། །སིནྡྷུ་གླང་གི་ཁ་ནས་ནི། །གསེར་གྱི་བྱེ་མ་འདྲེན་ཅིང་འབབ། །པཀྵུ་རྟ་ཡི་ཁ་ནས་ནི། །བཻ་ཌཱུརྱ་སྔོན་འདྲེན་ཅིང་འབབ། །ཐམས་ཅད་ཀྱི་ནི་ཁ་ཞེང་ལ། །དཔག་ཚད་རེ་རེ་ཡོད་པར་གསུངས། །ཆུ་བོ་དེ་བཞིས་མ་དྲོས་ལ། །ལན་གྲངས་བདུན་བདུན་གཡས་བསྐོར་ནས། །ཕྱོགས་བཞི་དག་ཏུ་འབབ་པར་བཤད། །དེ་ཡི་བར་མཚམས་ཐམས་ཅད་ནི། །ཨུཏྤལ་པདྨ་ལ་སོགས་ཀྱི། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །རིན་ཆེན་ལྗོན་ཤིང་སྣ་ཚོགས་ཀྱིས། །རབ་ཏུ་གང་བར་གནས་པ་ཡིན། །དེ་སོགས་མཚན་ཉིད་རྒྱས་པར་ནི། །ཕལ་པོ་ཆེ་ཡི་མདོ་སྡེར་ལྟོས། །ད་ལྟའི་མ་ཕང་འདི་ལ་ནི། །མཚན་ཉིད་དེ་དག་གང་ཡང་མེད། །དེ་ལ་ཁ་ཅིག་འདི་སྐད་དུ། །བྱ་རྒོད་ཕུང་པོའི་རི་ལ་ཡང་། །དཀོན་བརྩེགས་བཞིན་དུ་ད་ལྟ་མེད། །དུས་ཀྱི་སྟོབས་ཀྱིས་ཡུལ་ཀུན་ཡང་། །རྣམ་པ་འགྱུར་བར་སྣང་ཞེས་ཟེར། །འདི་ཡང་ཕྱེ་སྟེ་བཤད་ཀྱིས་ཉོན། །དངོས་པོའི་གནས་ལུགས་འཆད་པ་དང་། །སྐྱོན་ཡོན་བསྔགས་པ་རྣམ་གཉིས་ཡོད། །སྐྱོན་དང་ཡོན་ཏན་སྒྲོགས་པ་ན། །སྙན་ངག་མཁན་གྱི་ལུགས་བཞིན་དུ། །བྱ་རྒོད་ཕུང་པོའི་རི་ལ་ཡང་། །མཐོ་བ་ཟླུམ་པ་ལ་སོགས་བཤད། །བོད་ཀྱི་ཐང་ཆེན་ཇི་བཞིན་དུ། །འཕགས་པའི་ཡུལ་གྱི་རི་ཆེན་ཡིན། །དེ་ལྟར་འཆད་ལ་སྙན་ངག་མཁན། །སྐྱོན་དུ་བརྩི་བ་གང་ཡང་མེད། །དངོས་པོའི་གནས་ལུགས་འཆད་པ་ན། །ལྷག་ཆད་འཁྲུལ་པ་བྱུང་བ་ལ། །དེ་ལ་མཁས་རྣམས་སྐྱོན་དུ་བརྩི། །དཔེར་ན་བ་ལང་བསྔགས་པའི་ཚེ། །གངས་རིའི་ཕུང་པོ་འགྲོ་ཤེས་པའམ། །སྤྲིན་ཆད་པ་ཡི་དུམ་བུ་ དང་། །རྭ་རྩེ་རྡོ་རྗེ་འདྲ་བ་དང་། །རྨིག་པ་ཨིནྡྲ་ནཱི་ལ་དང་། །རྔ་མ་དཔག་བསམ་ལྗོན་པ་སོགས། །གཞན་ཡང་སྐྱེས་བུ་བསྔགས་པ་ན། །བཞིན་ལ་ཉི་མ་ཟླ་བ་དང་། །སོ་ལ་གངས་རིའི་ཕྲེང་བ་སོགས། །རྒྱ་ཆེ་བ་ལ་ནམ་མཁའི་དཔེ། །ཆུང་ལ་རྡུལ་ཕྲན་དཔེ་སྦྱོར་དང་། །རགས་པའི་དཔེ་ལ་རི་རབ་དང་། །བྱི་བ་ལ་ནི་གླང་ཆེན་དཔེ། །ཕྱུག་པོ་ལ་ནི་རྣམ་ཐོས་བུ། །རྒྱལ་ཕྲན་ལ་ཡང་བརྒྱ་བྱིན་དཔེ། །དགེ་བའི་བཤེས་གཉེན་ཕལ་པ་ལའང་། །སངས་རྒྱས་ལྟ་བུར་བསྔགས་པ་ནི། །སྙན་ངག་མཁན་ལ་བཀག་པ་མེད། །དངོས་པོའི་གནས་ལུགས་འཆད་པའམ། །མཚན་ཉིད་གཏན་ལ་འབེབས་པ་ན། །གནས་ལུགས་ཇི་བཞིན་མ་ཡིན་པ། །བཤད་ན་མཁས་རྣམས་ག་ལ་དགའ། །དེས་ན་བྱ་རྒོད་ཕུང་པོ་སོགས། །བསྔགས་པ་སྙན་ངག་ལུགས་བཞིན་ཡིན། །གངས་ཅན་མ་དྲོས་ལ་སོགས་པ། །དངོས་པོའི་གནས་ལུགས་འཆད་པ་ན། །དེ་ལ་འཁྲུལ་ན་ཀུན་མཁྱེན་མིན། །སྙིགས་མའི་དུས་ཀྱི་ཤུགས་བརྟས་པས། །ཅུང་ཟད་ངན་པར་འགྲོ་སྲིད་ཀྱི། །ཐམས་ཅད་འཁྲུལ་པར་ག་ལ་སྲིད། །ཙ་རི་ཏྲ་ཞེས་བྱ་བའི་ཡུལ། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད། །ཙ་རི་ཙ་གོང་དེ་མ་ཡིན། །དེ་བཱི་ཀོ་ཊའི་གནས་གཞན་ཞིག །ཙ་རི་ཡིན་ཞེས་ལ་ལ་སྨྲ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ནི། །དེ་བཱི་ཀོ་ཊར་བྷ་ཏྲ་གནས། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །བོད་ཡུལ་ལྷན་ཅིག་སྐྱེས་མ་ནི། །རྡོ་བའི་ཕུག་ལ་བརྟེན་ཏེ་གནས། །ཡུལ་དེར་གནས་པའི་ལྷ་མོ་ནི། །བྷ་ཏྲའི་ཤིང་ལ་བརྟེན་ཞེས་གསུངས། །དེ་ཡི་ཕྱོགས་ན་བྷ་ཏྲའི་ཤིང་། །ཡོད་ན་ཡུལ་དེ་འགལ་བ་མེད། །ཏི་སེ་དང་ནི་ཙ་རི་སོགས། །གལ་ཏེ་གནས་ཆེན་ཡིན་ན་ཡང་། །ཡུལ་དེར་འགྲོ་བའི་གང་ཟག་ནི། །དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། །བརྡ་དང་བརྡ་ཡི་ལན་ཤེས་ཤིང་། །རིམ་གཉིས་རྟོགས་པ་བརྟན་པ་ཡིས། །སྤྱོད་པའི་དོན་དུ་རྒྱུ་བར་གསུངས། །དེ་ལྟ་མིན་པའི་གང་ཟག་གིས། །ཡུལ་དེར་འགྲོ་བ་རྒྱུད་ལས་བཀག །ཁ་ཅིག་དཀར་པོ་ཆིག་ཐུབ་ལས། །འབྲས་བུ་སྐུ་གསུམ་འབྱུང་ཞེས་ཟེར། །གཅིག་ལས་འབྲས་བུ་འབྱུང་མི་ནུས། །གལ་ཏེ་གཅིག་ལས་འབྲས་བུ་ཞིག །བྱུང་ཡང་ཉན་ཐོས་འགོག་པ་བཞིན། །འབྲས་བུ་དེ་ཡང་གཅིག་ཏུ་འགྱུར། །འགའ་ཞིག་ཆིག་ཐུབ་བསྒོམས་པ་ཡི། །རྗེས་ལ་བསྔོ་བ་བྱ་དགོས་ཟེར། །འོ་ན་ཆིག་ཐུབ་གཉིས་སུ་འགྱུར། །དེ་ལའང་སྐྱབས་འགྲོ་སེམས་བསྐྱེད་དང་། །ཡི་དམ་ལྷ་བསྒོམ་ལ་སོགས་པ། །དགོས་ན་ཆིག་ཐུབ་དུ་མར་འགྱུར། །དེས་ན་ཆིག་ཐུབ་འདི་འདྲའི་ལུགས། །རྫོགས་སངས་རྒྱས་ཀྱིས་གསུངས་པ་མེད། །ཐུབ་པས་སྟོང་ཉིད་བསྔགས་པ་ ནི། །དངོས་པོར་འཛིན་པ་བཟློག་ཕྱིར་ཡིན། །སངས་རྒྱས་ཕྱག་འཚལ་བརྗོད་ཙམ་གྱིས། །འཁོར་བ་ལས་ནི་ཐར་ཅེས་གསུངས། །དེ་བཞིན་མཆོད་རྟེན་བསྐོར་བ་དང་། །རྟེན་འབྲེལ་ཙམ་ཞིག་ཐོས་སོགས་དང་། །སྔགས་འབྲུ་འགའ་ཞིག་དྲན་ཙམ་གྱིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞེས། །གསུངས་པའི་དགོངས་པ་མི་ཤེས་པར། །ཚིག་འབྲུ་ཙམ་ལ་བརྟེན་མི་བྱ། །མདའ་རྐྱང་ལ་ནི་བྱེད་པ་མེད། །གཞུ་བཟང་འཕེན་པ་མཁས་གྱུར་ན། །དེ་ཡིས་འདོད་པའི་བྱ་བ་འགྲུབ། །དེ་བཞིན་སྟོང་ཉིད་རྐྱང་པ་ ལ། །བྱེད་པ་ཅི་ཡང་ཡོད་མ་ཡིན། །ཐབས་དང་ཤེས་རབ་ལེགས་འབྲེལ་ན། །འདོད་པའི་འབྲས་བུ་རིམ་བཞིན་ཐོབ། །རྡོ་རྗེ་གུར་ལས་འདི་སྐད་གསུངས། །གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འབྱུང་། །འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་བཟློག་པ་དང་། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །དེ་སོགས་ཤིན་ཏུ་གསལ་བར་གསུངས། །རྣམ་སྣང་མངོན་བྱང་ལས་ཀྱང་ནི། །ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་གསུངས་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཞུག་པའི་ཕྱིར་གསུངས་སོ། །གང་དག་དུས་གསུམ་མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་ཐེག་པ་ནི། །འདུས་མ་བྱས་པ་དེས་ཐོབ་བོ། །ཞེས་གསུངས་པ་ཡང་ཤེས་པར་གྱིས། །ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལས། །རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་སོགས་ལས་ཁྱད་འདི་ཡིན། །དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་བཞེད། །ཅེས་གསུངས་པ་ཡང་དེ་ཉིད་ཡིན། །དེས་ན་ཐབས་ལ་མ་སྦྱངས་ན། །ཤེས་བྱ་ཐམས་ཅད་མཁྱེན་པ་དང་། །གཞན་དོན་མཛད་པ་མི་སྲིད་དོ། །ཐགས་ཀྱི་རྒྱུ་རྣམས་ཕལ་ཆེར་མཐུན། །སྤུན་གྱི་དབྱེ་བས་བཟང་ངན་འབྱུང་། །དེ་བཞིན་སྟོང་ཉིད་ཕལ་ཆེར་མཐུན། །འབྲས་བུའི་བཟང་ངན་ཐབས་ཀྱིས་བྱེད། །སྟོང་ཉིད་ལྟ་བས་མྱ་ངན་འདའ། །ཐབས་ལ་མཁས་ན་རྫོགས་འཚང་རྒྱ། །དེས་ན་སངས་རྒྱས་ཐོབ་འདོད་ན། །ཐབས་མཁས་པ་ལ་ནན་ཏན་གྱིས། །དགྲ་བཅོམ་པ་དང་རང་སངས་རྒྱས། །རྫོགས་པའི་སངས་རྒྱས་རྣམ་པ་གསུམ། །རྣམ་པར་གྲོལ་བར་མཚུངས་ན་ཡང་། །བཟང་ངན་ཐབས་ཀྱིས་ཕྱེ་བ་ཡིན། །དེ་ཡང་མདོ་སྡེ་རྒྱན་ལས་ནི། །ཇི་ལྟར་མདུད་པའི་བྱེ་བྲག་གིས། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ནི། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །དེ་སྐད་གསུངས་པའང་དོན་འདི་ཡིན། །སློབ་དཔོན་མ་ཏི་རྩི་ཏྲས་ཀྱང་། །བསེ་རུའི་རྭ་དང་འདྲ་གང་དང་། །གང་ཡང་ཁྱོད་ཀྱི་རྗེས་འགྲོ་སློབས། །ཞི་བ་ཙམ་གྱིས་ཁྱོད་དང་མཚུངས། །བསམ་ཡས་ཡོན་ཏན་ཚོགས་ཀྱིས་མིན། །ཞེས་གསུངས་པ་ཡང་དོན་འདི་ཡིན། །དེས་ན་སངས་རྒྱས་ཐོབ་འདོད་ ན། །སྟོང་པ་ཉིད་ལ་འདྲིས་པར་གྱིས། །ཐབས་མཁས་པ་ལ་འབད་པས་སྒོམས། །སྟོང་ཉིད་ལ་ནི་འདྲིས་བྱ་ཡི། །སྟོང་ཉིད་མངོན་དུ་མ་བྱེད་ཅེས། །ཤེས་རབ་ཕ་རོལ་ཕྱིན་ལས་གསུངས། །སྟོང་ཉིད་རྐྱང་པ་བསྒོམས་ན་ནི། །སྟོང་ཉིད་ཉིད་ཀྱང་རྟོགས་མི་ནུས། །གལ་ཏེ་སྟོང་ཉིད་རྟོགས་ན་ཡང་། །ཉན་ཐོས་ཀྱི་ནི་འགོག་པར་  ལྟུང་། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། །སེང་གེ་གང་ལའང་མི་འཇིགས་མོད། །མེ་ཆེན་མཐོང་ན་འཇིགས་པ་སྐྱེ། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་། །ཆོས་གཞན་གང་ལའང་མི་འཇིགས་ཀྱང་། །སྟོང་པ་ཉིད་ལ་སྐྲག་ཅེས་གསུངས། །དེ་ཡི་དགོངས་པ་འདི་ལྟར་ཡིན། །ཐབས་དང་བྲལ་བའི་སྟོང་ཉིད་ཀྱིས། ། མྱ་ངན་འདས་པར་འགྱུར་ཕྱིར་རོ། །ལ་ལ་སྟོང་ཉིད་བསྒོམས་པ་ལས། །འབྲས་བུ་སྐུ་གསུམ་འདོད་པ་དང་། །ལ་ལ་ཟུང་འཇུག་བསྒོམས་པ་ལས། །འབྲས་བུ་འོད་གསལ་འདོད་པ་ཡོད། །རྒྱུ་འབྲས་ཕྱིན་ཅི་ལོག་པའི་ཕྱིར། །གཉི་ག་ཡང་ནི་སྐྱོན་ཅན་ཡིན། །ཁ་ཅིག་ས་ལམ་མི་བགྲོད་པར། །རྫོགས་འཚང་རྒྱ་བར་འདོད་པ་དང་། །ཏི་སེ་ལ་སོགས་བསྐོར་བ་དང་། །རྩ་མདུད་མེད་སོགས་འདོད་པ་ཡང་། །རྒྱུད་སྡེའི་དགོངས་པ་མ་ཤེས་པས། །དེ་དག་ཤིན་ཏུ་འགལ་བ་ཡིན། །ཕྱི་རུ་ཡུལ་རྣམས་བགྲོད་པ་དང་། །ནང་དུ་རྩ་མདུད་གྲོལ་བ་ནི། །ས་བཅུ་ལ་སོགས་བགྲོད་པ་ཡི། །རྟེན་འབྲེལ་ཉིད་ཀྱིས་འབྱུང་བ་ཡིན། །འདི་དོན་རྣལ་འབྱོར་ཆེན་པོ་ཡི། །རྒྱུད་ཀྱི་ས་ལམ་སྐབས་སུ་ལྟོས། །དེས་ན་ས་ལམ་མི་བགྲོད་པའི། །ཡུལ་སོགས་བགྲོད་པ་བཞད་གད་གནས། །ལ་ལ་དབང་བཞི་མི་འདོད་ཅིང་། །བསྐྱེད་རིམ་ལ་སོགས་ལམ་བཞི་པོའི། །རྣམ་པར་གཞག་པ་མི་འདོད་པར། །རྡོ་རྗེ་ཐེག་པའི་འབྲས་བུ་ནི། །སྤྲུལ་སྐུ་ལ་སོགས་སྐུ་བཞི་ཞེས། །འདོད་པ་དེ་ཡང་ལོག་ཤེས་ཡིན། །ཁ་ཅིག་འབྲས་བུའི་མཐར་ཐུག་ནི། །འོད་གསལ་ཡིན་ཞེས་སྨྲ་བ་ཐོས། །འདི་ནི་འཕགས་པའི་དགོངས་པ་མིན། །རིམ་ལྔ་དང་ནི་སྤྱོད་བསྡུས་སུ། །འོད་གསལ་བ་ལས་ཟུང་འཇུག་སྐུར། །ལྡང་བ་མཐར་ཐུག་ཡིན་པར་གསུངས། །ལ་ལ་གྲུབ་ཐོབ་ངན་ཞེས་ཟེར། །རྟོགས་ལྡན་བཟང་བ་ཡིན་ནོ་ལོ། །གྲུབ་ཐོབ་བརྒྱད་ཅུའི་ནང་ན་ཡང་། །རྟོགས་ལྡན་མེད་ཅེས་ཟེར་བ་ཐོས། །འདི་འདྲ་འཕགས་པའི་གང་ཟག་དང་། །བླ་མ་རྣམས་ལ་སྐུར་འདེབས་ཡིན། །འདི་འདྲ་འཛིན་པ་ལྟ་ཅི་སྨོས། །ཐོས་པར་གྱུར་ཀྱང་རྣ་བ་དགབ། །དེ་ཡི་འཐད་པ་བཤད་ཀྱིས་ཉོན། །གྲུབ་ཐོབ་ཆུང་ངུ་མཐོང་ལམ་ཡིན། །གྲུབ་ཐོབ་འབྲིང་པོ་ས་བརྒྱད་པ། །གྲུབ་པ་ཆེན་པོ་སངས་རྒྱས་ས། །འཕགས་པ་མིན་ལ་གྲུབ་ཐོབ་ མེད། །མདོ་སྡེ་རྒྱན་ལས་འདི་སྐད་གསུངས། །ས་རྣམས་ཐམས་ཅད་མ་གྲུབ་དང་། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་དག་འདོད། །ཅེས་གསུངས་དགོངས་པ་དེ་ཉིད་ཡིན། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ལམ་འབྲས་ལས་ཀྱང་དེ་སྐད་གསུངས། །ངེད་ཀྱི་གྲུབ་ཐོབ་དེ་འདྲ་ཡིན། །རྟོགས་ལྡན་མཚན་ཉིད་འདི་ཡིན་ཞེས། །མདོ་རྒྱུད་ཀུན་ལས་གསུངས་པ་མེད། །དེས་ན་རྟོགས་ལྡན་བླུན་པོ་ལ། །གྲགས་ཀྱི་མཁས་པ་རྣམས་ལ་མིན། །ལ་ལ་ཉམས་དང་གོ་བ་དང་། །རྟོགས་པ་ཞེས་བྱ་རྣམ་པ་གསུམ། །ཉམས་ནི་ངན་ལ་གོ་བ་འབྲིང་། །རྟོགས་པ་བཟང་བ་ཡིན་ཅེས་ཟེར། །འདི་ཡང་རེ་ཞིག་བརྟག་པར་བྱ། །ཉམས་ཞེས་བྱ་བ་ཉམས་མྱོང་ལ། །ཟེར་ན་སེམས་ཡོད་ཐམས་ཅད་ལ། །མྱོང་བ་དེ་ཡང་ཡོད་པ་ཡིན། །གལ་ཏེ་བསྒོམས་པའི་ཉམས་མྱོང་ལ། །ཟེར་ན་ཚོགས་ལམ་ཆུང་ངུ་ནས། །མཐར་ཕྱིན་ལམ་གྱི་བར་དུ་ཡོད། །འོན་ཏེ་སོ་སོ་རང་རིག་པའི། །ཡེ་ཤེས་ཡིན་ན་འཕགས་པ་ཡི། །གང་ཟག་རྣམས་ལ་ཉམས་དེ་ཡོད། །གོ་བ་དང་ནི་རྟོགས་པ་གཉིས། །རྣམ་གྲངས་སྒྲ་ཡིན་ངོ་བོ་གཅིག །རྒྱ་སྐད་གཅིག་ལ་ལོ་ཙཱ་བའི། །འགྱུར་གྱི་དབྱེ་བ་ཁོ་ནར་ཟད། །རྟོགས་པ་གསལ་དང་མི་གསལ་ལ། །གོ་དང་རྟོགས་པར་འདོགས་ན་ཐོགས། །གཞུང་ལུགས་འགའ་ལས་བསྒོམས་པ་ཡི། །ཏིང་འཛིན་ཉམས་ཀྱི་སྣང་བ་སྟེ། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ལ། །དག་པའི་སྣང་བར་བཤད་པ་ཡོད། །བསྒོམས་ཉམས་སྐྱོན་མེད་ཅེས་བྱ་བ། །སངས་རྒྱས་ས་ལ་བཤད་པའང་མཐོང་། །དེ་འདྲའི་ཉམས་དང་རྟོགས་པ་ལ། །བཟང་ངན་རྣམ་པར་དབྱེ་བ་མེད། །རྩེ་གཅིག་དང་ནི་སྤྲོས་བྲལ་དང་། །རོ་གཅིག་དང་ནི་བསྒོམ་མེད་བཞི། །རྩེ་གཅིག་མཐོང་ལམ་སྤྲོས་བྲལ་ནི། །ས་བདུན་བར་ཡིན་རོ་གཅིག་ནི། །དག་པའི་ས་གསུམ་བསྒོམ་མེད་ནི། །སངས་རྒྱས་ས་ཞེས་ལ་ལ་ཟེར། །འདི་ཡང་ཕྱེ་སྟེ་བཤད་ཀྱིས་ཉོན། །སོ་སོའི་སྐྱེ་བོ་ཉིད་ཡིན་ཡང་། །གལ་ཏེ་ཆོས་མཐུན་ཙམ་བརྩིའམ། །འོན་ཏེ་འཕགས་པ་ཉིད་ཡིན་པའི། །བདེན་པའི་ས་ལམ་དངོས་སུ་བྱེད། །སོ་སོའི་སྐྱེ་བོའི་གང་ཟག་ལ། །ཆོས་མཐུན་ཙམ་ཞིག་སྒྲིག་ན་ནི། །ཆོས་ནས་གསུངས་ན་འགལ་བ་མེད། །དཔེར་ན་རྨི་ལམ་ངེས་བསྟན་ལས། །ཐུབ་པའི་མཆོད་རྟེན་འཇིམ་པ་ལས། །བྱས་པ་མཐོང་ན་ས་དང་པོ། །རྡོ་ལས་བྱས་མཐོང་ས་གཉིས་པ། །རྡོ་ཐལ་གྱིས་བྱུགས་ས་གསུམ་པ། །སྟེགས་བུ་གདུགས་བྱས་ས་བཞི་པ། །རྡོ་སྐས་བྱི་དོར་བྱས་ས་ལྔ། །གསེརགྱིས་སྦྲེལ་མཐོང་ས་དྲུག་པ། །རིན་ཆེན་དྲྭ་བས་གཡོགས་པ་བདུན། །གཡེར་ཁའི་དྲྭ་བས་གཡོགས་པ་བརྒྱད། །ས་དགུ་དང་ནི་བཅུ་པ་ལ། །རྨི་ལམ་ལོགས་པ་མཐོང་མེད་གསུང་། །དེ་སོགས་རྨི་ལམ་བྱེ་བྲག་ལ། །ས་བཅུའི་དབྱེ་བ་མཛད་པ་མཐོང་། །འདི་ནི་མོས་པས་སྤྱོད་པ་ཡི། །ས་བཅུ་ཡིན་གྱི་འཕགས་པའི་མིན། །དེ་བཞིན་རྩེ་གཅིག་ལ་སོགས་ལའང་། །གལ་ཏེ་མདོ་དང་རྒྱུད་སྡེ་ལས། །མོས་པ་སྤྱོད་པའི་ས་ལམ་དུ། །གསུངས་པ་མཐོང་ན་མི་འགལ་མོད། །འོན་ཀྱང་འདི་འདྲ་བཤད་པ་མེད། །ཅི་སྟེ་འཕགས་པའི་སར་བྱེད་ན། །མདོ་རྒྱུད་ཀུན་དང་འགལ་བར་ འགྱུར། །ཁ་ཅིག་ཐེག་པ་རང་ས་ན། །བདེན་པ་ཡིན་ཞེས་ཀུན་ལ་སྒྲོགས། །འདི་ཡང་བརྟག་པར་བྱ་བས་ཉོན། །གལ་ཏེ་སྨྲས་ཚད་བདེན་ན་ནི། །བརྫུན་ཚིག་ཤེས་བྱ་ལ་མི་སྲིད། །འོན་ཏེ་གྲུབ་མཐའ་ཀུན་བདེན་ན། །འཚེ་བ་ཆོས་སུ་སྨྲ་བ་དང་། །འཇིག་རྟེན་ཕ་རོལ་མེད་པ་སོགས། །ལྟ་ལོག་ཐམས་ཅད་བདེན་པར་འགྱུར། །གལ་ཏེ་མུ་སྟེགས་མཆོག་རྣམས་ལ། །རྟག་པའི་དངོས་པོ་ལ་སོགས་པ། །བརྫུན་པའང་དུ་མ་ཡོད་མོད་ཀྱང་། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་སོགས། །བདེན་པའང་དུ་མ་ཡོད་པའི་ཕྱིར། །བདེན་པའི་ཆ་ནས་གྲུབ་མཐའ་ཀུན། །རང་ས་ན་ནི་བདེན་སྙམ་ན། །སྦྱིན་སོགས་ཕལ་ཆེར་བདེན་མོད་ཀྱང་། །སྐྱབས་གནས་དང་ནི་ལྟ་བ་དང་། །ཐབས་  ཀྱི་གནད་རྣམས་འཁྲུལ་པས་ན། །ཆོས་གཞན་བཟང་ཡང་སྐྱོབ་མི་ནུས། །ཅི་སྟེ་སངས་རྒྱས་ཐེག་པ་ཀུན། །རང་ས་ན་ནི་བདེན་སྙམ་ན། །འདི་ཡང་ཅུང་ཟད་བརྟག་པར་བྱ། །སངས་རྒྱས་གསུང་ལ་དྲང་དོན་དང་། །ངེས་དོན་རྣམ་པ་གཉིས་སུ་ཡོད། །སྒྲ་ཡང་ཇི་བཞིན་པ་དང་ནི། །ཇི་བཞིན་མིན་པ་གཉིས་སུ་གསུངས། །ཐེག་པ་ཡང་ནི་འཇིག་རྟེན་དང་། །འཇིག་རྟེན་འདས་པ་གཉིས་སུ་གནས། །བཤད་པ་ཡང་ནི་དགོངས་པ་དང་། །ལྡེམ་པོར་དགོངས་དང་དྲང་པོ་རུ། །དགོངས་པ་ཞེས་བྱ་རྣམ་གསུམ་ཡོད། །དེ་ལ་འཇིག་རྟེན་མཐུན་འཇུག་ལ། །དགོངས་ནས་ཕྱི་རོལ་དོན་དུ་གསུངས། །ཐ་སྙད་དཔྱོད་པའི་རིགས་པ་ལ། །དགོངས་ནས་ཆོས་རྣམས་སེམས་སུ་ གསུངས། །དམ་པའི་དོན་ལ་དགོངས་ནས་ནི། །ཆོས་ཀུན་སྤྲོས་པ་བྲལ་ཞེས་གསུངས། །དེས་ན་དྲང་བའི་དོན་དང་ནི། །ཇི་བཞིན་མིན་པའི་སྒྲ་དག་དང་། །དགོངས་པ་དང་ནི་ལྡེམ་དགོངས་དང་། །འཇིག་རྟེན་པ་ཡི་ཐེག་པ་ལ། །དགོངས་ཏེ་གསུངས་པའི་མདོ་རྒྱུད་ཀུན། །དེ་ལྟར་བདེན་པར་མི་བཟུང་ངོ་། །ངེས་པའི་དོན་དང་ཇི་བཞིན་ སྒྲ། །འཇིག་རྟེན་འདས་པའི་ཐེག་པ་དང་། །དྲང་པོར་དགོངས་པ་རྣམས་ལ་ནི། །ཇི་སྐད་གསུངས་བཞིན་བདེན་པར་གཟུང་། །གལ་ཏེ་མུ་སྟེགས་བྱེད་ལ་ཡང་། །བྱམས་དང་སྙིང་རྗེ་སྦྱིན་ལ་སོགས། །བདེན་པའི་ཆོས་ཀྱང་མང་པོ་སྣང་། །སངས་རྒྱས་གསུང་ལའང་དྲང་དོན་དང་། །དགོངས་པ་དང་ནི་ལྡེམ་དགོངས་སོགས། །བདེན་པ་མིན་པའང་གསུངས་པས་ན། །བདེན་བརྫུན་གཉིས་ཀ་མཚུངས་པ་ལ། །སངས་རྒྱས་གསུང་ལེན་མུ་སྟེགས་བྱེད། །སྤོང་བའི་རྒྱུ་མཚན་ཅི་ཞེ་ན། །སངས་རྒྱས་དྲང་དོན་གྱིས་ཁྲིད་ནས། །བདེན་པ་ཉིད་ལ་སྦྱོར་བར་མཛད། །མུ་སྟེགས་བདེན་པས་ཁྲིད་ནས་ནི། །བརྫུན་པ་ཉིད་ལ་སྦྱོར་བར་བྱེད། །དེས་ན་བདག་ཅག་སངས་རྒྱས་ལ། །གུས་པའི་རྒྱུ་མཚན་དེ་ལྟར་ཡིན། །དེ་བཞིན་གངས་ཅན་འདི་ན་ཡང་། །རྣམ་ཐར་བཟང་པོ་བསྟན་ནས་ནི། །ལོག་པའི་ཆོས་ལ་སྦྱོར་མཐོང་ནས། །མུ་སྟེགས་ཆོས་བཞིན་ངེད་ཀྱིས་སྤངས། །ཐེག་པ་སྣ་ཚོགས་ཚུལ་བསྟན་ནས། །གནད་རྣམས་སངས་རྒྱས་གསུང་བཞིན་དུ། །ཡང་དག་སྟོན་མཛད་བླ་མ་དེ། །སངས་རྒྱས་ཉིད་དུ་བདག་གིས་བཟུང་། །ཆོས་གཞན་ལེགས་པར་སྟོན་ན་ཡང་། །ཆོས་ཀྱི་གནད་རྣམས་བཅོས་པ་ནི། །ཤིན་ཏུ་འཇིགས་པ་ཆེན་པོར་བལྟ། །དེ་འདྲ་བ་ལས་སྐྱོན་བྱུང་མང་། །འདས་པའི་དུས་ན་སྔོན་བྱུང་བ། །ལངྐ་མགྲིན་བཅུ་ཞེས་བྱ་བས། །འབད་པས་དབང་ཕྱུག་ཆེན་པོ་བསྒྲུབས། །ལོ་གྲངས་ས་ཡ་བཅུ་གཉིས་དང་། །ཕྱེད་ཀྱིས་ལྷག་པའི་དངོས་གྲུབ་བྱིན། །ཁྱབ་འཇུག་ཕྲག་དོག་གིས་གཟིར་ནས། །མགྲིན་བཅུ་ལ་ནི་འདི་སྐད་སྨྲས། །ཁྱོད་ཀྱི་འབད་པ་ཆེ་མོད་ཀྱི། །དབང་ཕྱུག་གི་ནི་དངོས་གྲུབ་ཆུང་། །ད་དུང་སྔར་གྱི་ མ་ཡིན་པ། །ས་ཡ་ཕྲག་ཕྱེད་ཐུབ་པ་སློངས། །མགྲིན་བཅུས་བདེན་པར་བསམས་ནས་ནི། །དབང་ཕྱུག་ལ་ནི་དོན་དེ་ཞུས། །དབང་ཕྱུག་ཆེན་པོས་དེ་བྱིན་པས། །གནད་བཅོས་པ་ཡི་ཚིག་དེ་ཡིས། །སྔར་གྱི་དངོས་གྲུབ་ཐམས་ཅད་ཡལ། །གསེར་ཅན་གྱི་ནི་དངོས་གྲུབ་ཀྱང་། །དེ་འདྲའི་ཚུལ་གྱིས་ཉམས་ཞེས་ཐོས། །ཨོཾ་མེད་པ་ཡི་གསང་སྔགས་ལ། །གཡོན་ཅན་གྱིས་ནི་ཨོཾ་བཅུག་པས། །སྔགས་ཀྱི་ནུས་པ་ཉམས་པ་མཐོང་། །དེ་བཞིན་སྭཱ་ཧཱ་ཧཱུྃ་ཕཊ་སོགས། །ཡོད་པ་རྣམས་ལ་ཕྲི་བ་དང་། །མེད་པ་རྣམས་ལ་བསྣན་པ་དང་། །གཞན་ཡང་སྔགས་ཀྱི་གནད་རྣམས་ལ། །གཡོན་ཅན་རྣམས་ཀྱིས་བཅོས་པ་ཡིས། །གསང་སྔགས་དག་གི་ནུས་པ་རྣམས། །ཉམས་ཤིང་འགྱངས་པ་མང་པོ་མཐོང་། །དེ་བཞིན་ཆོས་ཀྱི་གནད་རྣམས་ཀྱང་། །ཅུང་ཟད་ཅུང་ཟད་བཅོས་པ་ལས། །དངོས་གྲུབ་ཉམས་པར་འགྱུར་བར་གསུངས། །དེ་ཕྱིར་ཆོས་གཞན་ལེགས་ན་ཡང་། །གནད་རྣམས་བཅོས་ན་ཐམས་ཅད་འཇིག །དེས་ན་ཉན་ཐོས་ཐེག་པ་ལ། །སྡོམ་པ་དང་ནི་བདེན་བཞིའི་གནད། །བཅོས་ན་ཉན་ཐོས་ཆོས་ཀུན་འཇིག །ཐེག་པ་ཆེ་ལ་སེམས་བསྐྱེད་དང་། །དེ་ཡི་བསླབ་བྱའི་གནད་བཅོས་ན། །ཐེག་པ་ཆེན་པོའི་ཆོས་ཀུན་འཇིག །གསང་སྔགས་ལ་ནི་དབང་བསྐུར་དང་། །རིམ་པ་གཉིས་ཀྱི་གནད་བཅོས་ན། །གསང་སྔགས་ཀྱི་ནི་ཆོས་ཀུན་འཇིག །དེས་ན་ད་ལྟའི་ཆོས་འགའ་ལ། །གནད་ཀྱི་གནས་རྣམས་བཅོས་པ་རུ། །དོགས་པའི་ཆོས་ལུགས་འགའ་ཞིག་ཡོད། །དེ་ཡང་མདོ་ཙམ་བཤད་ཀྱིས་ཉོན། །སོ་སོར་ཐར་པའི་སྡོམ་པ་ནི། །བྱང་ཆུབ་བར་དུ་བླངས་གྱུར་ན། །སོ་སོར་ཐར་པ་ཅི་ནས་འཇིག །འདི་ཡང་གནད་རྣམས་བཅོས་པར་དོགས། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ། །དབུ་མའི་ལུགས་བཞིན་མི་བྱེད་པར། །སེམས་ཙམ་པ་ཡི་ཆོ་ག་ནི། །སྐྱེ་བོ་ཀུན་ལ་བྱེད་པ་མཐོང་། །འདི་ཡི་ཆོ་ག་ངེས་པར་འཇིག །འདི་ཡང་གནད་རྣམས་བཅོས་པར་མཐོང་། །སེམས་བསྐྱེད་ཀྱི་ནི་བསླབ་བྱའི་མཆོག །བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །བསྒོམ་དུ་མི་རུང་ཞེས་སྨྲ་བ། །འདི་ཡང་གནད་རྣམས་བཅོས་པར་མཐོང་། །གསང་སྔགས་ཀྱི་ནི་དབང་བསྐུར་བ། །མེད་ཀྱང་གསང་སྔགས་བསྒོམ་རུང་ཟེར། །རྡོ་རྗེ་འཆང་གིས་བཀག་པས་ན། །འདི་ཡང་གནད་རྣམས་བཅོས་པར་དོགས། །གསང་སྔགས་ལམ་གྱི་མཆོག་གྱུར་པ། །རིམ་གཉིས་ཚུལ་བཞིན་མི་བསྒོམ་པར། །རང་བཟོའི་གདམས་ངག་དུ་མ་ཡིས། །བླུན་པོ་ངེས་ཤེས་སྐྱེད་པ་ཐོས། །མདོ་རྒྱུད་ཀུན་ལས་འདི་བཀག་པས། །འདི་ཡང་གནད་རྣམས་བཅོས་པར་དོགས། །བསྐྱེད་པའི་རིམ་པའི་མཐར་ཐུག་པ། །དབུ་རྒྱན་ལ་ནི་རིགས་བདག་འབྱུང་། །རིགས་བདག་དེ་ནི་བླ་མ་ཡིན། །འདི་ནི་གལ་ཏེ་འཆོལ་གྱུར་ན། །དངོས་གྲུབ་མེད་པར་རྒྱུད་ལས་གསུངས། །འོན་ཀྱང་བླ་མ་སྤྱི་བོ་རུ། །བསྒོམ་བྱ་མིན་ཞེས་ལ་ལ་ཟེར། །འདི་ཡང་གནད་རྣམས་བཅོས་པར་དོགས། །ཡོད་པའི་དགེ་བ་ཞེས་བྱ་བ། །ཆོས་ཀྱི་དབྱིངས་ལ་བསམས་ནས་ ནི། །དེ་ནི་བསྔོ་བའི་རྒྱུར་བྱེད་པ། །དམིགས་པ་མེད་པའི་ཆོས་ཀྱི་དབྱིངས། །དམིགས་པའི་དགེ་བར་བསྒྱུར་བ་འདི། །བསྔོ་བ་དུག་དང་བཅས་པར་གསུངས། །འདི་ཡང་གནད་རྣམས་བཅོས་པར་དོགས། །དེ་བཞིན་གཏུམ་མོ་བསྒོམ་པ་དང་། །ཕྱག་རྒྱ་ཆེན་པོ་ལ་སོགས་དང་། །དམ་ཚིག་དང་ནི་སྡོམ་པ་ཡི། །གནད་རྣམས་བཅོས་པ་མང་མོད་ཀྱི། །གསང་སྔགས་ཡིན་ཕྱིར་འདིར་མི་བཤད། །ཆོས་རྣམས་ཀུན་གྱི་རྩ་བ་ནི། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།།ཐབས་དང་ཤེས་རབ་ཟུང་འཇུག་ཏུ། །མདོ་རྒྱུད་ཀུན་ལས་རྒྱལ་བས་གསུངས། །ལ་ལ་སྤྲོས་བྲལ་རྐྱང་པ་ནི། །དཀར་པོ་ཆིག་ཐུབ་ཡིན་ཞེས་ཟེར།།འདི་ཡང་གནད་རྣམས་བཅོས་པར་དོགས། །གནད་རྣམས་མིན་པའི་ཆོས་གཞན་འགའ། །མ་ཚང་བ་དང་ལྷག་པ་དང་། །ཅུང་ཟད་འཁྲུལ་པར་གྱུར་ན་ཡང་། །ཉེས་པ་ཆེན་པོ་བསྐྱེད་མི་ནུས། །ཆོས་ཀྱི་གནད་རྣམས་བཅོས་གྱུར་ན། །ཆོས་གཞན་བཟང་ཡང་འཚང་མི་རྒྱ། །དཔེར་ན་འགྲོ་བའི་སྲོག་རྩ་དང་། །ལྗོན་ཤིང་རྣམས་ཀྱི་རྩ་བ་དང་། །ས་བོན་གྱི་ནི་སྐྱེ་ས་དང་། །ཐགས་རྣམས་ཀྱི་ནི་སྲོག་ཤིང་དང་། །བཅུད་ཀྱིས་ལེན་གྱི་རྩ་བ་དང་།།དབང་པོ་རྣམས་ཀྱི་གནད་རྣམས་ནི། །འཆུགས་ན་བསྒྲུབ་ཏུ་མི་རུང་བཞིན། །དེ་བཞིན་ཆོས་ཀྱི་གནད་འཆུགས་ན། །ལེགས་ལེགས་འདྲ་ཡང་འབྲས་བུ་མེད། །དེས་ན་ལ་ལ་འཁྲུལ་ཡང་བླ། །གནད་རྣམས་འཁྲུལ་མེད་དཔྱད་དགོས་སོ། །དེ་ལ་གནད་རྣམས་འཆོས་པའི་བདུད། །ལ་ལ་སངས་རྒྱས་དངོས་སུ་སྟོན། །ཁ་ཅིག་མཁན་པོ་སློབ་དཔོན་དང་། །བླ་མའི་ཆ་ལུགས་འཛིན་པ་དང་། །ཕ་མའམ་ཉེ་དུའི་ཆ་ལུགས་ཀྱིས། །སེམས་ཅན་རྣམས་ལ་སླུ་བར་བྱེད། །འགའ་ཞིག་རྩུབ་མོར་སྨྲ་བྱེད་ཅིང་། །བསྡིགས་པའི་ཚུལ་གྱིས་སྒྱུར་བར་བྱེད། །ལ་ལ་འཇམ་པོར་སྨྲ་བྱེད་ཅིང་། །བྱམས་པའི་ཚུལ་གྱིས་སླུ་བར་བྱེད། །ལ་ལ་སངས་རྒྱས་གསུངས་པའི་ལུང་། །ཕྱིན་ཅི་ལོག་ཏུ་བཤད་ནས་བསྒྱུར། །ལ་ལ་རིགས་པ་བཟང་པོ་ལ། །ངན་པ་ཡིན་ཞེས་བཤད་ནས་བསྒྱུར། །ལ་ལ་རིགས་པ་ངན་པ་ལ། །བཟང་པོ་ལྟ་བུར་བཅོས་ནས་བསྒྱུར། །ལ་ལ་ཟས་ནོར་ཅི་འདོད་པའི། །རྔན་པ་བྱིན་ནས་ཆོས་ལོག་སྟོན། །ལ་ལ་ལུས་དང་སེམས་ལ་ནི། །ཏིང་འཛིན་ཅུང་ཟད་བསྐྱེད་ནས་ཀྱང་། །དེ་ལ་ཡིད་ཆེས་སྐྱེས་པ་དང་། །ལོག་པའི་ཆོས་རྣམས་བསྟན་ནས་སླུ། །ལ་ལ་མངོན་པར་ཤེས་པ་དང་། །རྫུ་འཕྲུལ་ཅུང་ཟད་བསྟན་ནས་ཀྱང་། །བླུན་པོ་ཡིད་ཆེས་བསྐྱེད་ནས་ནི། །ཕྱི་ནས་ཆོས་ལོག་སྟོན་པར་བྱེད། །ལ་ལ་ང་ཡིས་འདི་ལྟར་བསྒོམས། །དེ་ལ་རྟོགས་པ་འདི་སྐྱེས་པས། །ཁྱེད་ཀྱང་འདི་ལྟར་གྱིས་ཤིག་ཅེས། །རང་གི་ཉམས་མྱོང་ཡིན་པ་ཡི། །ཚུལ་དུ་བྱས་ནས་ལོག་པར་འཆོས། །མདོར་ན་སངས་རྒྱས་གསུངས་རབ་དང་། །ཕལ་ཆེར་མཐུན་པར་སྟོན་བྱེད་ཅིང་། །གནད་རྣམས་ལོག་པར་སྟོན་པའི་ཆོས། །ལེགས་ལེགས་འདྲ་བར་སྟོན་ན་ཡང་། །བདུད་ཀྱི་བྱིན་རླབས་ཡིན་ནོ་ཞེས། །མདོ་རྒྱུད་ཀུན་ལས་གསལ་བར་གསུངས། །འདི་དག་ཇི་ལྟར་བྱུང་བའི་ཚུལ། །མདོ་ཙམ་ང་ཡིས་བཤད་ཀྱིས་ཉོན། །རིན་ཆེན་བཟང་པོ་བཞུགས་པའི་ཚེ། །སངས་རྒྱས་སྐར་རྒྱལ་ཞེས་བྱ་བ། །དཔྲལ་བ་ནས་ནི་འོད་འབྱིན་ཅིང་། །བར་སྣང་ལ་ནི་སྐྱིལ་ཀྲུང་འཆའ། །རེས་འགའ་འཇག་མའི་ཁྲི་ལ་སྡོད། །སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོན། །བྱམས་དང་སྙིང་རྗེ་ཆེ་བར་སྣང་། །དེ་ཡི་ཆོས་ཀྱིས་གཞན་དག་ལ། །ཏིང་ངེ་འཛིན་ཡང་སྐྱེ་བར་བྱེད། །དེ་ལ་འཇིག་རྟེན་ཐམས་ཅད་མོས། །ཤཱཀྱའི་རྒྱལ་པོའི་བསྟན་པ་དང་། །འདྲ་མིན་ཅུང་ཟད་བཅོས་པར་འཆད། །དེ་ཡི་བསྟན་པ་ཤིན་ཏུ་འཕེལ། །དེ་ཚེ་རིན་ཆེན་བཟང་པོ་ཡིས། །སྒྲུབ་པ་ཟླ་བ་དྲུག་མཛད་ནས། །ཏིང་འཛིན་བརྟན་པས་དེ་དྲུང་བྱོན། །སངས་རྒྱས་སྐར་རྒྱལ་བར་སྣང་ལ། །སྐྱིལ་ཀྲུང་བཅས་ནས་ཆོས་འཆད་ཚེ། །རིན་ཆེན་བཟང་པོས་གཟིགས་ཙམ་གྱིས། །ས་ལ་ལྷུང་ནས་བརྒྱལ་ཞེས་གྲག །གལ་ཏེ་རིན་བཟང་ཞེས་བྱ་བའི། །སྐྱེས་མཆོག་དེ་ཚེ་མི་བཞུགས་ན། །སངས་རྒྱས་སྐར་རྒྱལ་ཞེས་བྱ་བའི། །ཆོས་ལོག་བསྟན་པ་འབྱུང་ཞེས་གསུངས། །ནག་པོའི་ཕྱོགས་ལ་དགའ་བ་ཡི། །སྐར་རྒྱལ་ཞེས་བྱའི་ཀླུ་ཆེན་ཞིག །སྐྱེས་ངན་ཞིག་ལ་ཞུགས་ནས་ནི། །སངས་རྒྱས་གཟུགས་སུ་བརྫུས་ཞེས་གསུངས། །འདི་འདྲའི་རིགས་ཀྱི་བདུད་རིགས་འགའ། །མིའམ་འཕགས་པའི་གཟུགས་བཟུང་ནས། །ལོག་པའི་བསྟན་པ་སྤེལ་བའི་ཕྱིར། །ཆོས་དང་བསྲེས་ནས་གནད་རྣམས་སུ། །ལོག་ཆོས་བསྲེས་ནས་འཆད་པ་སྲིད། །དཔེར་ན་ཁ་ཟས་བཟང་པོ་ལ། །སྦྱར་བའི་དུག་གིས་ཕལ་ཆེར་གསོད། །དུག་རྐྱང་ཡིན་པར་ཤེས་ན་ནི། །འགའ་ཡང་གསད་པར་ནུས་མ་ཡིན། །དེ་བཞིན་ཆོས་བཟང་འགའ་ཞིག་ལ། །ཆོས་ལོག་བསླད་པས་ཕ་རོལ་སླུ། །ཆོས་ལོག་རྐྱང་པར་གོ་ན་ནི། །འགའ་ཡང་བདུད་ཀྱིས་སླུ་མི་ནུས། །རི་དྭགས་རྔ་མ་མ་བསྟན་ན། །བོང་ཤ་བཙོང་བར་མི་ནུས་ལྟར། །དེ་བཞིན་བཟང་སྤྱོད་མ་བསྟན་ན། །ལོག་པའི་ཆོས་ཀྱིས་སླུ་མི་ནུས། །བདུད་ཀྱི་བྱིན་རླབས་ཐམས་ཅད་ཀྱང་། །ངན་པ་ཁོ་ནར་ངེས་པ་མིན། །འོན་ཀྱང་བཟང་པོའི་ནང་ནས་ནི། །གནད་རྣམས་ཅུང་ཟད་བཅོས་པ་ཡིས། །ཕན་པ་ལྟ་བུས་ཕ་རོལ་སླུ། །འདི་འདྲ་ཤེས་པར་བྱས་ནས་ནི། །ཆོས་ཀྱི་གནད་རྣམས་མདོ་རྒྱུད་བཞིན། །མ་བསླད་པར་ནི་ལེགས་པར་ཟུང་། །ཤིང་རྟའི་སྲོག་ཤིང་ཆག་གྱུར་ན། །འཁོར་ལོ་བཟང་ཡང་འགྲོ་མི་ནུས། །སྲོག་གི་དབང་པོ་འགགས་གྱུར་ན། །དབང་པོ་གཞན་དག་བྱ་བྱེད་མེད། །དེ་བཞིན་ཆོས་ཀྱི་གནད་འཆུགས་ན། །ཆོས་གཞན་བཟང་ཡང་ནུས་མེད་འགྱུར། །རྫོགས་སངས་རྒྱས་ལས་མཁས་པ་ཡི། །གང་ཟག་འཇིག་རྟེན་གསུམ་ན་མེད། །དེས་ན་དེ་ཡིས་གསུངས་པ་ཡི། །མདོ་རྒྱུད་རྣམ་པར་དཀྲུག་མི་བྱ། །མདོ་རྒྱུད་དཀྲུགས་ན་ཆོས་སྤོང་ཞིང་། །འཕགས་པ་རྣམས་ཀྱང་སྨད་འགྱུར་ཞེས། །མགོན་པོ་བྱམས་པས་རྒྱུད་བླར་གསུངས། །འཁྲུལ་པའི་གྲུབ་མཐའ་སུན་འབྱིན་པའི། །རྣམ་གཞག་ཅུང་ཟད་བཤད་ཀྱིས་ཉོན། །མུ་སྟེགས་སྟོན་པ་དབང་ཕྱུག་སོགས། །མནན་པའི་སངས་རྒྱས་མཐོང་ནས་ནི། །དེ་བཟློག་པ་ཡི་བྲིས་སྐུ་ཞིག །མུ་སྟེགས་དབྱངས་ཅན་དགའ་བས་བྱས། །མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིས། །དེ་དང་རྩོད་པའི་རྩོད་གྲྭ་རུ། །རང་གཞན་གཉིས་ཀའི་སྡེ་པ་དང་། །རྒྱལ་པོ་སོགས་ཀྱི་དཔང་པོའི་གྲྭར། །སངས་རྒྱས་མནན་པ་རང་བཟོ་ཡིན། །དེས་ན་འཁྲུལ་པ་ཡིན་པར་བསྒྲགས། །དེས་ཀྱང་དབང་ཕྱུག་མནན་པ་ཡི། །སངས་རྒྱས་རང་བཟོ་ཡིན་ཞེས་བསྒྲེས། །དེ་ལ་མཁས་པས་འདི་སྐད་བརྩད། །སངས་རྒྱས་མནན་པ་ཁྱེད་ཀྱི་གཞུང་། །ཁུངས་མ་རྣམས་ནས་བཤད་པ་མེད། །མུ་སྟེགས་མནན་པ་ངེད་ཀྱི་རྒྱུད། །གདོད་མ་ཉིད་ནས་ཡོད་པ་ཡིན། །དེས་ན་ངེད་ཀྱི་རང་བཟོ་མིན། །དེ་ནས་སྤོབས་པ་མེད་གྱུར་ཚེ། །རྒྱལ་པོ་ཁྱོད་ཀྱི་ཡུལ་འདི་རུ། །འདི་འདྲའི་རང་བཟོ་འཕེལ་ན་ནི། །ད་དུང་རང་བཟོ་གཞན་འབྱུང་བས། །བསྟན་པ་སྤྱི་ལ་གནོད་པ་འདི། །ཁོ་རང་ལ་ཡང་ཅིས་མི་གནོད། །འདི་འདྲའི་རང་བཟོའི་ཆོས་ལུགས་ནི། །སངས་རྒྱས་པ་ལ་བྱུང་ན་ཡང་། །རྒྱལ་པོ་ཁྱོད་ཀྱིས་དགག་དགོས་སོ། །དེ་སྐད་བསྒོ་ནས་གྱང་རིས་བསུབས། །ཕྱི་ནས་གྲུབ་མཐའ་བརྩད་པ་ ལའང་། །མུ་སྟེགས་གྲུབ་མཐའ་ཕམ་མཛད་ནས། །སངས་རྒྱས་བསྟན་པ་འཕེལ་ཞེས་ཐོས། །གལ་ཏེ་མུ་སྟེགས་བྱེད་པའི་གཞུང་། །གདོད་ནས་གྲུབ་པའི་རིག་བྱེད་ལས། །ཆོས་ལོག་དེ་འདྲ་བཤད་ན་ཡང་། །རང་བཟོ་ཡིན་ཞེས་བྱར་མི་རུང་། །གྲུབ་མཐའི་རྣམ་གཞག་བཟུང་ནས་ནི། །རིགས་པ་གཞན་གྱིས་སུན་དབྱུང་དགོས། །བདག་དང་གཞན་གྱི་གྲུབ་མཐའ་ལའང་། །གལ་ཏེ་འགལ་བ་སྣང་ན་ནི། །རིགས་པ་དག་དང་འགལ་གྱུར་ན། །དེ་ནི་རིགས་པས་སུན་ཕྱུང་ཤིག །གལ་ཏེ་ལུང་དང་འགལ་གྱུར་ན། །དེ་ནི་ལེགས་པར་སུན་འབྱིན་པའི། །གདམས་ངག་ཅུང་ཟད་བཤད་ཀྱིས་ཉོན། །ཕ་རོལ་ལུང་དེ་ཁས་ལེན་ཅིང་། །དེ་དང་འགལ་བའི་ཆོས་སྤྱོད་ན། །ལུང་དང་འགལ་བས་སུན་དབྱུང་བྱ། །གལ་ཏེ་ལུང་དེ་ཁས་མི་ལེན། །རང་གི་ལུང་གཞན་ཁས་ལེན་ན། །དེ་ཚེ་ངེད་ཀྱི་ལུང་གིས་ནི། །དེ་ཡི་ཆོས་ལོག་དགག་མི་  ནུས། །འོན་ཀྱང་དེ་ཡི་ལུང་ཉིད་ཀྱིས། །དེ་ཡི་ཆོས་ལོག་དགག་དགོས་སོ། །དཔེར་ན་ཕ་རོལ་ཕྱིན་པ་བ། །གལ་ཏེ་ཆོས་ལོག་སྤྱོད་ན་ནི། །གསང་སྔགས་གཞུང་དང་འགལ་ལོ་ཞེས། །དེ་ནི་སུན་དབྱུང་ནུས་མ་ཡིན། །དེ་བཞིན་གསང་སྔགས་པ་འགའ་ཞིག །ལག་ལེན་ལོག་པར་སྤྱོད་གྱུར་ཀྱང་། །ཕ་རོལ་ཕྱིན་གཞུང་དང་འགལ་ ཞེས། །སུན་དབྱུང་བར་ནི་ནུས་མ་ཡིན། །དེ་ལྟར་ཐེག་པ་ཆེ་ཆུང་ལའང་། །ཕན་ཚུན་གྱི་ནི་ལུང་འགལ་གྱིས། །སོ་སོའི་གཞུང་ལུགས་དགག་མི་ནུས། །ཉན་ཐོས་གཞུང་ལུགས་ཁས་ལེན་ཅིང་། །དེ་ཡི་ལུང་དང་འགལ་གྱུར་ན། །དེ་ཡི་ལུང་གིས་དགག་པར་ནུས། །དེ་བཞིན་བཀའ་གདམས་ལ་སོགས་ཀྱང་། །ཇོ་བོའི་གཞུང་ལུགས་ཁས་ལེན་ཅིང་། །དེ་ཡི་ལུང་དང་འགལ་གྱུར་ན། །བཀའ་གདམས་པ་ལ་གནོད་པ་ཡིན། །དེ་བཞིན་ཕྱག་རྒྱ་པ་ཡང་ནི། །ནཱ་རོ་པ་ལ་མོས་བྱེད་ཅིང་། །ནཱ་རོའི་གཞུང་དང་འགལ་གྱུར་ན། །ཕྱག་རྒྱ་པ་ལ་གནོད་པ་ཡིན། །དེ་བཞིན་གསང་སྔགས་སྤྱོད་བཞིན་དུ། །གསང་སྔགས་རྒྱུད་སྡེ་དང་འགལ་ན། །གསང་སྔགས་པ་ལ་གནོད་པར་འགྱུར། །ཕ་རོལ་ཕྱིན་པའི་ལུགས་བྱེད་ཅིང་། །མདོ་སྡེ་རྣམས་དང་འགལ་གྱུར་ན། །ཕར་ཕྱིན་པ་ལ་ཅིས་མི་གནོད། །དེ་ཡི་དཔེ་བརྗོད་མདོ་ཙམ་ཞིག །ལེགས་པར་བཤད་ཀྱིས་མཉན་པར་གྱིས། །ཇོ་བོ་གསང་སྔགས་སྤྱོད་བཞིན་དུ། །གསང་སྔགས་སྤྱོད་པའི་དུས་མིན་ཞེས།།སྨྲ་བ་ཇོ་བོའི་ལུགས་ཉིད་དང་། །འགལ་བ་ཡིན་པར་ཤེས་པར་བྱ། །སེམས་བསྐྱེད་ཇོ་བོའི་ལུགས་བྱེད་ཅིང་། །ཇོ་བོ་གཏན་ནས་མི་བཞེད་པའི། །སེམས་བསྐྱེད་ཀུན་ལ་བྱེད་པ་དང་། །དོན་དམ་སེམས་བསྐྱེད་བྱེད་པ་ནི། །གཞན་དང་འགལ་བ་སྨོས་ཅི་དགོས། །རང་ལུགས་དང་ཡང་འགལ་བ་ཡིན། །ནཱ་རོ་ཏ་པ་དབང་བསྐུར་དང་། །རིམ་གཉིས་ཆོས་ཀྱི་གཙོ་བོར་མཛད། །ནཱ་རོའི་བརྒྱུད་པ་འཛིན་བཞིན་དུ། །དབང་དང་རིམ་གཉིས་མི་བསྒོམ་པ། །རྒྱུད་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །རྡོ་རྗེ་ཕག་མོའི་བྱིན་རླབས་ནི། །མར་པ་ལྷོ་བྲག་པ་ལ་མེད། །མར་པའི་བརྒྱུད་པ་འཛིན་བཞིན་དུ། །ཕག་མོས་ཆོས་སྒོ་འབྱེད་པ་ནི། །རྒྱུད་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ནཱ་རོ་ཆོས་དྲུག་ཞེས་བྱའི་ཁྲིད། །མིད་ལ་ཡན་ཆད་དེ་ལས་མེད། །ཆོས་དྲུག་བོར་ནས་ལམ་འབྲས་དང་། །ཕྱག་རྒྱ་ཆེན་པོ་ལ་སོགས་པ། །གཞན་གྱི་གདམས་ངག་བསྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་བྱེད་པ། །གཞན་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །གཏེར་ནས་བྱུང་བའི་གླེགས་བམ་དང་། །གཞན་ནས་བརྐུས་པའི་ཆོས་ལུགས་དང་། །བརྩམས་ཆོས་དང་ནི་རྨི་ལམ་ཆོས། །བློས་བཟོས་པ་ཡི་ཆོས་ལུགས་ལ། །རྡོ་རྗེ་འཆང་ལ་བརྒྱུད་པ་སྙེག །དེ་ལའང་གཞན་དག་ལུང་ལེན་པ། །ཆོས་དང་འགལ་བ་སྨོས་ཅི་དགོས། །རང་ཚིག་དང་ཡང་འགལ་བ་ཡིན། །གལ་ཏེ་འདི་འདྲའི་རིགས་ཅན་གྱི། །འགལ་བ་ཁས་ལེན་སྣང་གྱུར་ན། །དེ་ཡི་རིགས་སུ་ཤེས་པར་བྱ། །མདོར་ན་ཆོས་དང་འགལ་བ་ཡི། །ཆོས་ཞིག་གང་ན་འདུག་ན་ཡང་། །ལུང་དང་རིགས་པས་སུན་ཕྱུང་ཤིག །གལ་ཏེ་མུ་སྟེགས་ལ་སོགས་པ། །ལུང་དེ་ཁས་མི་ལེན་པ་དང་། །ལུང་དང་འགལ་ཡང་ངེད་ཅག་གི། །བླ་མའི་བཀའ་སྲོལ་ཡིན་ཟེར་བ། །དེ་དག་ལུང་དེ་མི་ལེན་ཡང་། །རྩ་བའི་བརྒྱུད་པ་གང་ཡིན་དྲི། །གདོད་ནས་ཆོས་དེ་ཡོད་ན་ནི། །འཁྲུལ་ཡང་མཁས་པས་བགྲང་རྒྱུ་མེད། །སེམས་ཅན་ལས་ངན་སྤྱོད་པ་ལ། །སངས་རྒྱས་ཀྱིས་ཀྱང་ཅི་བྱར་ཡོད།།གལ་ཏེ་གདོད་ནས་མེད་པའི་ཆོས། །གློ་བུར་བྱས་པ་ཡིན་ན་ནི། །ཀུན་གྱིས་རང་བཟོར་གོ་བའི་ཕྱིར། །སངས་རྒྱས་པའམ་མུ་སྟེགས་བྱེད། །སུ་ལ་འདུག་ཀྱང་དོར་བྱ་ཡིན། །ངེད་ལའང་དེ་འདྲ་འདུག་ན་ནི། །མཁས་པ་རྣམས་ཀྱིས་བཞད་གད་གྱིས། །གལ་ཏེ་རྒྱལ་པོའི་ཁྲིམས་ཡོད་ན། །ཆད་པས་བཅད་པའི་འོས་ཡིན་ནོ། །ནོར་ལ་ཟོག་ཚོང་བྱས་པ་ལ། །རྒྱལ་པོའི་ཁྲིམས་ལ་ཐུག་གྱུར་ན། །ཆོས་ལོག་བརྫུན་མས་སྦྱར་བ་ལའང་། །རྒྱལ་པོའི་ཁྲིམས་ལ་ཅིས་མི་ཐུག །བླུན་པོ་མཁས་པར་འཆོས་པ་འགའ། །ལུང་གི་གནས་སྐབས་མི་ཤེས་པར། །མདོ་རྒྱུད་ལུང་སྦྱོར་བྱེད་མོད་ཀྱི། །དེ་ནི་བླུན་པོའི་ཁ་ཤགས་ལྟར། །གང་དུ་འགྲོ་བ་མི་ཤེས་སོ། །དཔེར་ན་ཕྱག་དང་མཆོད་པ་དང་། །སྦྱིན་དང་ཚུལ་ཁྲིམས་སོགས་མི་དགོས། །སེམས་བསྐྱེད་དབང་བསྐུར་བྱ་མི་དགོས། །བསམ་གཏན་ཀློག་པ་འདིར་མི་དགོས། །དགེ་དང་སྡིག་པ་གཉིས་ཀ་མེད། །སངས་རྒྱས་སེམས་ཅན་ཡོད་མིན་སོགས། །འདི་འདྲ་གསུངས་པའི་ལུང་རྣམས་ཀུན། །ལྟ་བ་ཡིན་གྱི་བསྒོམ་པ་དང་། །སྤྱོད་པ་གཉིས་ཀྱི་ལུང་མ་ཡིན། །དབང་མེད་པ་ལ་དངོས་གྲུབ་མེད། །ཆོ་ག་འཁྲུགས་ན་ལས་མི་འཆགས། །ལོག་པར་སྤྱད་ན་ལྟུང་བ་འབྱུང་། །ལྷ་བསྒོམ་འཁྲུལ་ན་བྱིན་མི་རློབ། །ཐེ་ཚོམ་ཟ་ན་ཉེས་པ་སྐྱེ།།དེས་ན་ཆོ་ག་ཅི་བྱེད་ཀྱང་། །ཤིན་ཏུ་དག་པར་བྱ་དགོས་ཞེས། །དེ་འདྲའི་ལུང་ཀུན་སྤྱོད་པ་དང་། །བསྒོམ་པ་ཡིན་གྱི་ལྟ་བ་མིན། །གཞན་ཡང་ལུང་སྦྱོར་བྱེད་པ་ལ། །འཇིག་རྟེན་པ་དང་འཇིག་རྟེན་ལས། །འདས་པའི་གནས་སྐབས་རྣམ་གཉིས་ཡོད། །དབང་དང་དམ་ཚིག་སྡོམ་པ་སོགས། །འབད་ནས་བསྒྲུབ་པར་གསུངས་པ་ནི། །འཁོར་བའི་རྒྱ་མཚོ་མ་བརྒལ་བའི། །འཇིག་རྟེན་པ་ལ་གསུངས་པ་ཡིན། །དབང་དང་དམ་ཚིག་སོགས་མི་དགོས། །ཕྱག་དང་མཆོད་པ་ཀུན་ལས་གྲོལ། །བསམ་གཏན་བསྒོམ་པ་ཀུན་སྤངས་ཏེ། །ལམ་ཀུན་གཟིངས་བཞིན་དོར་བྱ་ཞེས། །གསུངས་པ་འཁོར་བའི་རྒྱ་མཚོ་ལས། །བརྒལ་བའི་གང་ཟག་རྣམས་ལ་གསུངས། །དེ་འདྲའི་གནས་སྐབས་ཤེས་ནས་ནི། །དེ་དང་འཚམ་པའི་ལུང་སྦྱོར་བྱ། །དེ་འདྲའི་རྣམ་གཞག་མི་ཤེས་པའི། །ལུང་སྦྱོར་མཁས་པའི་བཞད་གད་གནས། །མིག་ལྡན་ཇི་ལྟར་ལམ་ནོར་ཡང་། །གཡང་སར་གོམ་པ་འཇོག་མི་སྲིད། །དེ་བཞིན་མཁས་པ་འཁྲུལ་ན་ཡང་། །སངས་རྒྱས་བསྟན་ལས་འདའ་མི་ནུས། །མིག་མེད་གལ་ཏེ་ལམ་ནོར་ན། །གཡང་སར་མཆོངས་ནས་ལྟུང་བར་འགྱུར། །དེ་བཞིན་བླུན་པོ་འཁྲུལ་གྱུར་ན། །སངས་རྒྱས་བསྟན་ལས་འདས་ཏེ་ལྟུང་། །ཆག་ཚད་ཤེས་པའི་བཟོ་ལ་ནི། །རིང་ཐུང་བྱུང་ཡང་སོར་གང་ཡིན། །ཆག་ཚད་མེད་པའི་བཟོ་འགའ་ཞིག །ཉེས་ན་བཞད་གད་གནས་སུ་འགྱུར། །དེ་བཞིན་གཞུང་ལུགས་ཤེས་པའི་མི། །འཁྲུལ་ཡང་ཚིག་དོན་ཅུང་ཟད་ཡིན། །གཞུང་ལུགས་གང་ཡང་མི་ཤེས་པ། །འཁྲུལ་ན་བསྟན་པ་འཇིག་ལ་ཐུག །དེས་ན་སངས་རྒྱས་བསྟན་པ་བཞིན། །བསྒྲུབ་པར་འདོད་ན་གཞུང་བཞིན་བྱ། །མིག་མངས་རྒྱ་དང་མ་འབྲེལ་ན། །རྡེའུ་མང་ཡང་ཤི་རོ་ཡིན། །དེ་བཞིན་ཁུངས་དང་མ་འབྲེལ་བའི། །ཆོས་ལུགས་མང་ཡང་རོ་དང་འདྲ། །སྙན་བརྒྱུད་དང་ནི་ཆིག་བརྒྱུད་དུ། །གྲགས་པའི་ཆོས་ལུགས་མང་པོ་ཡོད། །རྒྱུད་དང་མཐུན་ན་བླང་དུ་རུང་། །མིན་ན་བརྫུན་གྱི་བསྡེབ་ཕྱོགས་ཡིན། །རྨི་ལམ་གྱི་ནི་ཆོས་ལུགས་  དང་། །ཞལ་མཐོང་གི་ནི་ལྷ་ལ་སོགས། །འདི་དག་མདོ་རྒྱུད་དང་མཐུན་ན། །བླངས་ཀྱང་སྐྱོན་དུ་འགྱུར་བ་མེད། །མདོ་རྒྱུད་ཀུན་དང་མི་མཐུན་ན། །བདུད་ཀྱི་བྱིན་རླབས་ཡིན་ཞེས་བྱ། །བླ་མའང་མདོ་རྒྱུད་དང་མཐུན་ན། །དེ་ནི་བླ་མ་ཡིན་པར་གཟུང་། །སངས་རྒྱས་བསྟན་བཞིན་མི་གསུངས་ན། །བླ་མ་ཡིན་ཡང་བཏང་སྙོམས་བཞག །དེས་ན་རྨི་ལམ་ཆོས་ལུགས་དང་། །ཞལ་གཟིགས་པ་ཡི་ཡི་དམ་དང་། །ལུང་བསྟན་མཛད་པའི་སངས་རྒྱས་དང་། །བླ་མའི་གསུང་སྒྲོས་ལ་སོགས་པ། །མ་དཔྱད་པར་ནི་གཏམ་ཆོལ་དུ། །ཚད་མ་ཡིན་ཞེས་གཟུང་མི་བྱ། །འདི་འདྲ་བདུད་ཀྱི་བྱིན་རླབས་ལས། །འབྱུང་བ་སྲིད་པར་རྒྱལ་བས་གསུངས། །དེས་ན་སངས་རྒྱས་བསྟན་པ་མཆོག །ངེས་དོན་ཚད་མ་ཡིན་པར་གཟུང་། །ཡང་ན་དངོས་པོ་སྟོབས་ཞུགས་ཀྱི། །རིགས་པས་གྲུབ་པ་ཚད་མར་གཟུང་། །སྐྱེས་བུ་བརྫུན་མས་སྦྱར་བ་ཡི། །མདོ་རྒྱུད་ཚད་མར་གཟུང་མི་བྱ། །ཀོའུ་ཤི་ཀའི་མདོ་དང་ནི། །དེ་བཞིན་འཕགས་པ་ཤིག་ཅན་དང་། །བློ་གྲོས་བཟང་མོ་ཆུང་ངུ་སོགས། །བོད་ཀྱིས་སྦྱར་བའི་མདོ་སྡེ་ཡིན། །གཞན་ཡང་གསང་སྔགས་གསར་རྙིང་ལའང་། །བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང་། །དེ་འདྲའི་རང་བཟོའི་མདོ་རྒྱུད་ལ། །མཁས་པས་ཡིད་བརྟན་མི་བྱའོ། །གཙུག་ཏོར་ནག་མོ་ལ་སོགས་པ། །བོད་ཀྱི་ལྷ་འདྲེས་སྦྱར་བ་ཡོད། །འཕྲལ་གྱི་བྱིན་རླབས་ཅུང་ཟད་འབྱུང་། །འོན་ཀྱང་ཚད་མར་བྱར་མི་རུང་། །ལྷ་མོ་གནས་མཁར་ལ་སོགས་པ། །མུ་སྟེགས་བྱེད་ཀྱི་རྒྱུད་ཀྱང་ཡོད། །ཅུང་ཟད་བདེན་པ་ཡོད་མོད་ཀྱི། །དེ་ལའང་ལུང་དུ་བྱར་མི་རུང་། །དེ་ཡི་འཐད་པ་རྒྱུད་བླ་མར། །མགོན་པོ་བྱམས་པས་འདི་སྐད་གསུངས། །མ་རིག་ལྡོངས་པའི་མུ་སྟེགས་ལའང་། །སྲིན་བུའི་ཡི་གེ་འདྲ་བ་ཡི། །ཅུང་ཟད་བདེན་པ་ཡོད་མོད་ཀྱི། །འོན་ཀྱང་ཡིད་བརྟན་མི་བྱ་གསུང་། །རིང་བསྲེལ་དང་ནི་ཐུགས་དང་ལྗགས། །སྐུ་གཟུགས་ལ་སོགས་རུས་པ་ལས། །འབྱུང་བའི་རྒྱུ་མཚན་ཅུང་ཟད་དཔྱད། །འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་འབྱུང་བ་སྟེ། །ལུས་ཅན་རྣམས་ཀྱི་བསོད་ནམས་རྟེན། །འབྱུང་ཁུངས་ལས་བྱུང་རིན་ཆེན་འདྲ། །རིང་བསྲེལ་ལ་ལ་གདོན་གྱིས་བྱེད། །ལ་ལ་འབྱུང་བཞིའི་སྟོབས་ལས་འབྱུང་། །ཁ་ཅིག་བསྟན་ལ་དགའ་བའི་ལྷས། །དད་པར་བྱ་ཕྱིར་སྤྲུལ་པའང་སྲིད། །དེང་སང་རིང་བསྲེལ་ཕལ་ཆེ་བ། །བརྫུན་མས་བྱས་པའི་རིང་བསྲེལ་ཡིན། །དེས་ན་རྣམ་དབྱེ་མཁས་པས་དཔྱད། །ཐུགས་ལྗགས་སྐུ་གཟུགས་ལ་སོགས་པ། །འབྱུང་བ་ཆོས་ནས་གསུངས་པ་མེད། །འོན་ཀྱང་དེ་འདྲ་འབྱུང་བ་ཀུན། །ཕལ་ཆེར་བརྫུན་མས་བྱས་པ་ཡིན། །གལ་ཏེ་བདེན་པ་ཡིན་ན་ཡང་། །ལུང་རིགས་གཉིས་ཀ་མེད་པའི་ཕྱིར། །བཟང་ངན་གཉིས་ཀར་ལུང་བསྟན་དཀའ། །ཉི་མ་དུ་མ་ཤར་བ་དང་། །མཁའ་ལ་བུ་ག་དོད་པ་དང་། །མཚན་མོ་གཞའ་ཚོན་འབྱུང་བ་དང་། །ལུས་ལ་འོད་ཟེར་འཕྲོ་བ་དང་། །གློ་བུར་ལྷ་འདྲེ་མཐོང་བ་དང་། །གསོན་པོའི་ལུས་ལ་བརྫུན་མེད་པར། །རིང་བསྲེལ་འཛག་པ་ལ་སོགས་པ། །བླུན་པོ་རྟགས་སུ་བྱེད་མོད་ཀྱི། །མཁས་པས་འདི་འདྲ་མཐོང་གྱུར་ན། །བར་ཆད་རྟགས་སུ་ཤེས་པར་གྱིས། །སྐུ་གཟུགས་མཆི་མ་འཛག་པ་དང་། །དེ་བཞིན་གོམ་པས་འགྲོ་བ་དང་། །གར་བྱེད་པ་དང་སྐད་འབྱིན་དང་། །ཁྲག་གི་ཆར་པ་འབབ་པ་དང་། །ས་འོག་བོང་བུའི་སྒྲ་སྒྲོགས་དང་། །དུད་འགྲོ་མི་སྐད་སྨྲ་བ་སོགས། །བླུན་པོ་ངོ་མཚར་སྐྱེད་མོད་ཀྱི། །མཁས་པས་འདི་འདྲ་མཐོང་གྱུར་ན།།ཡུལ་དེར་དགྲ་བོ་གཞན་དག་འཇུག །ཡང་ན་ལྟས་ངན་གཞན་དག་འབྱུང་། །འདི་འདྲའི་རིགས་ཅན་གཞན་མཐོང་ཡང་། །མཁས་པ་རྣམས་ལ་ལེགས་པར་དྲིས། །དེ་དག་དོན་ལ་འཁྲུལ་པ་ཡི། །རྣམ་པར་དབྱེ་བ་མདོ་ཙམ་ཡིན། །དེ་ནས་ཚིག་ལ་འཁྲུལ་པ་ཡི། །རྣམ་དབྱེ་ཅུང་ཟད་བཤད་ཀྱིས་ཉོན། །བཅོམ་ལྡན་འདས་ཀྱི་བཤད་པ་ལ། །བཞི་བཅོམ་དྲུག་ལྡན་བཤད་པ་དང་། །གླེགས་བམ་གྱི་ནི་བཤད་པ་ལ། །གླེགས་ཤིང་གླེགས་ཐག་འཆད་པ་དང་། །ཕྱག་རྒྱ་ཆེན་པོའི་བཤད་པ་ལ། །ལག་པའི་སྒྲ་དོན་འཆད་པ་དང་། །ཡེ་ཤེས་ཀྱི་ནི་བཤད་པ་ལ། །གདོད་མའི་ཤེས་པར་འཆད་པ་དང་། །རྣལ་འབྱོར་འཆད་ལ་སེམས་རྣལ་མ། །རིག་པ་འབྱོར་ཅེས་འཆད་པ་དང་། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ། །དམག་གི་དཔུང་དུ་འཆད་པ་དང་། །གཏུམ་མོའི་སྒྲ་བཤད་རྣམ་རྟོག་ནི། །ཆོས་ཉིད་གཏུམ་པར་འཆད་པ་དང་། །གླུ་ཡི་སྒྲ་བཤད་བྱེད་པ་ལ། །སེམས་ཅན་སླུ་བར་འཆད་པ་དང་། །ཕུར་མ་རི་རབ་མཉམ་པ་ལ། །དྲི་རབ་མནམ་པར་འཆད་པ་དང་། །ཤཱཀྱའི་བུ་མོ་གོ་པཱའི་སྒྲ། །གོ་ནི་ས་ཡིན་པཱ་ཡི་སྒྲ། །འཚོ་བའམ་སྐྱོང་བ་སོགས་ལ་འཇུག །དེས་ན་བོད་སྐད་ས་འཚོ་ཡིན། །དེ་ལ་གོ་པཱའི་སྒྲ་བཤད་ནི། །རྟོགས་པའི་དོན་དུ་བཤད་པ་དང་། །རྒྱ་སྐད་རཏྣ་ཀེ་ཏུ་ལ། །ཀེ་ཏུའི་སྒྲ་ནི་དབལ་དང་ཏོག །དུ་བ་མཇུག་རིངས་སོགས་ལ་འཇུག །སྐད་རྙིང་རྣམས་ལ་དབལ་དུ་ཡོད། །གསར་བཅད་མན་ཆད་ཏོག་ཏུ་བསྒྱུར། །དེས་ན་འབུམ་ལས་རིན་ཆེན་དབལ། །གསར་བཅད་ཀྱིས་ནི་ཞུས་པ་ཡི། །བརྒྱད་སྟོང་པ་ལས་རིན་ཆེན་ཏོག །ཅེས་བྱར་བསྒྱུར་བ་མི་ཤེས་པར། །རིན་ཆེན་དཔལ་དུ་བཤད་པ་དང་། །པོ་ཏ་ལ་ཞེས་བྱ་བའི་སྒྲ། །བོད་སྐད་དུ་ནི་གྲུ་འཛིན་ཡིན། །རི་བོ་གྲུ་འཛིན་ཞེས་བྱ་བར། །བསྒྱུར་ན་བོད་ལ་འཐད་མོད་ཀྱི། །ལ་ལས་རྒྱ་སྐད་སོར་བཞག་ནས། །པོ་ཏ་ལ་ཡི་རི་ཞེས་བསྒྱུར། །དེ་ལ་སྒྲ་བསྒྱུར་ལ་ལ་ཡིས། །རི་སྒྲ་གོང་དུ་ཕྱུང་ནས་ནི། །རི་པོ་ཏ་ལ་ཞེས་བྱར་བསྒྱུར། །དེ་དོན་མ་རྟོགས་པ་རྣམས་ཀྱིས། །རི་བོ་ཏ་ལར་བཤད་པ་འཁྲུལ། །འཁོར་གསུམ་ཡོངས་དག་ཅེས་བྱ་བ། །རྒྱ་སྐད་དུ་ནི་ཏྲི་མཎྜལ། །པ་རི་ཤུངྔྷ་ཞེས་བྱར་ཡོད། །ཏྲི་ནི་གསུམ་ཡིན་མཎྜལ་ལ། །ཞེས་བྱ་བོད་སྐད་དཀྱིལ་འཁོར་ཡིན། །པ་རི་ཤུངྔྷ་ཡོངས་དག་པ། །དྲང་པོར་བསྒྱུར་ན་དཀྱིལ་འཁོར་གསུམ། །ཡོངས་སུ་དག་པ་ཞེས་བྱར་འགྱུར། །མཁས་པ་རྣམས་ཀྱིས་སྒྲ་བསྡུས་ནས། །འཁོར་གསུམ་ཡོངས་དག་ཞེས་བྱར་བསྒྱུར། །དེ་ཡི་སྒྲ་དོན་མ་ཤེས་པར། །འཁོར་གསུམ་གཡོག་ཏུ་འཆད་པ་འཁྲུལ། །རྒྱ་སྐད་ལངྐ་པཱུ་རི་ལ། །པཱུ་རིའི་སྒྲ་ནི་གྲོང་ཁྱེར་ཡིན། །བོད་སྐད་ལངྐའི་གྲོང་ཁྱེར་ ཏེ། །ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་ཡོད། །འོན་ཀྱང་རྒྱ་སྐད་མ་ཤེས་པར། །པུ་རངས་སུ་ནི་འཆད་པ་དང་། །རྒྱ་སྐད་བི་མ་ལ་མི་ཏྲ། །བོད་སྐད་དྲི་མེད་བཤེས་གཉེན་ ཡིན། །དེ་ཡི་སྒྲ་དོན་མི་ཤེས་པར། །བྱེ་མ་ལ་དང་མུ་ཏྲའི་སྒྲ། །ཕྱག་རྒྱ་ཡིན་པར་བཤད་པ་དང་། །རྒྱ་སྐད་ན་རོ་ཏ་ཡི་སྒྲ། །བྲམ་ཟེའི་རིགས་ཀྱི་བྱེ་བྲག་ཡིན། །དེ་ཡི་རྒྱུ་མཚན་མ་ཤེས་པར། །དཀའ་བ་སྤྱད་པས་ཨ་ན་ན། །རོ་རུ་སོང་ཞེས་འཆད་པ་དང་། །ཏི་ལོ་ཞེས་བྱ་ཏིལ་བརྡུང་ཡིན། །དེ་ལ་ཏེ་ལོར་འཆད་པ་དང་། །རྒྱ་སྐད་ལཱུ་ཧི་ཞེས་བྱ་བ། །བོད་སྐད་ཉ་ཡི་རྒྱུ་ལྟོ་ཡིན། །དེ་ཡི་སྒྲ་དོན་མི་ཤེས་པར། །གླུ་ཡི་པ་རུ་འཆད་པ་དང་། །རྒྱ་སྐད་ཨིནྡྲ་བྷཱུ་ཏི་ནི། །བོད་སྐད་འབྱུང་པོའི་དབང་པོ་ཡིན། །དེ་ཡི་སྒྲ་འགྱུར་མི་ཤེས་པར། །བརྒྱ་བྱིན་བྱང་ཆུབ་ཏུ་འཆད་དང་། །རྒྱ་སྐད་ཨ་བ་དྷཱུ་ཏཱིའི་སྒྲ། །གཉིས་སྤངས་སམ་ནི་ཀུན་འདར་ཡིན། །དེ་ལ་འདོད་སྟེར་འཆད་པ་དང་། །རྒྱ་སྐད་དོ་ཧ་ཞེས་བྱ་བ། །བོད་སྐད་ལྷུག་པའམ་མ་བཅོས་པ། །ཞེས་བྱའི་དོན་ལ་འཇུག་མོད་ཀྱི། །དེ་ཡི་རྒྱུ་མཚན་མི་ཤེས་པར། །དོ་ནི་གཉིས་ཡིན་ཧ་དགོད་པ། །གཉིས་ལ་དགོད་པར་འཆད་པ་དང་། །རྒྱ་སྐད་ཛ་བ་ཞེས་བྱ་བ། །མེ་ཏོག་དམར་པོ་ཞིག་ལ་འཇུག །དེ་ཡི་བརྡ་དོན་མི་འཕྲོད་པར། །བྱམས་པའི་མཛའ་བར་འཆད་པ་སོགས། །བླུན་པོ་རྣམས་ལ་ལེགས་ལེགས་འདྲ། །མཁས་པས་མཐོང་ན་བཞད་གད་གནས། །རྒྱུ་མཚན་ཅི་ཡི་ཕྱིར་ཞེ་ན། །སཾ་སྐྲྀ་ཏ་ཡི་སྒྲ་དོན་ལ། །བཤད་དུ་མི་རུང་ཉིད་ཕྱིར་ དང་། །རྒྱ་སྐད་ཡིན་པར་མི་ཤེས་པར། །བོད་སྐད་ཡིན་པར་བཤད་ཕྱིར་རོ། །དེས་ན་དེ་འདྲའི་བཤད་པ་ཀུན། །བོད་ཀྱི་བླུན་པོས་སྦྱར་བས་ན། །མཁས་པ་རྣམས་ཀྱིས་དོར་བར་བྱ། །དེ་བཞིན་གཤེགས་པའི་བཤད་པ་ནི། །དེ་ཉིད་རྟོགས་པར་འཆད་པ་དང་། །དགྲ་བཅོམ་སྒྲ་དོན་མཆོད་འོས་དང་། །རྒྱལ་པོའི་བཤད་པ་གསལ་བ་དང་། །བཟོད་པའི་བཤད་པ་མི་འབྱེད་དང་། །ཕུང་པོ་ཕྲག་པར་འཆད་པ་དང་། །ཁམས་ལ་དབྱིངས་སུ་འཆད་པ་དང་། །བཅོམ་པ་སྐལ་བར་འཆད་པ་དང་། །སྦྱང་དཀའ་ཐུབ་དཀར་འཆད་པ་དང་། །བག་ཆགས་གནས་སུ་འཆད་པ་དང་། །ཤཱཀྱ་ཕོད་པར་བཤད་པ་སོགས། །བོད་ལ་ཅུང་ཟད་མི་བདེ་ཡང་། །ལེགས་པར་སྦྱར་བའི་སྒྲ་དག་ལ། །ཤིན་ཏུ་འཐད་ཕྱིར་མཁས་པས་བླང་། །སངས་རྒྱས་གསུང་རབ་དྲི་མ་མེད། །བསྡུ་བ་དང་པོ་བྱས་པའི་རྗེས། །བསྟན་པ་དག་པར་གནས་པ་ན། །ཡངས་པ་ཅན་གྱི་དགེ་སློང་གིས། །སངས་རྒྱས་བསྟན་དང་འགལ་བ་ཡི། །མི་རུང་པ་ཡི་གཞི་བཅུ་བྱས། །དེ་ལ་འཕགས་པ་བདུན་བརྒྱ་ཡིས། །ཆོས་ལོག་ལེགས་པར་སུན་དབྱུང་ཕྱིར། །བསྡུ་བ་གཉིས་པ་མཛད་ཅེས་གྲག །དེ་ལྟར་དག་པར་བྱས་པའི་རྗེས། །ལྷ་ཆེན་ཞེས་བྱའི་དགེ་སློང་ཞིག །བསྟན་པ་འདི་ཡི་ཆོམ་རྐུན་བྱུང་། །དེ་ཡིས་རང་གི་ཕ་མ་ བསད། །སློབ་དཔོན་ཡིན་པའི་དགྲ་བཅོམ་བཀྲོངས། །མཁན་སློབ་མེད་པའི་དགེ་སློང་བྱས། །ཕྱི་ནས་དགོན་པར་བསྡད་ནས་ནི། །སྦྱིན་བདག་རྣམས་ཀྱི་དད་རྫས་  ཟོས། །བླུན་པོ་རྣམས་ཀྱི་མཁན་སློབ་བྱས། །བླུན་པོ་ལོངས་སྤྱོད་ཅན་རྣམས་ཀྱིས། །ཕུལ་བའི་ཟས་ནོར་ཆར་བཞིན་བབ། །སྐལ་མེད་དད་ཅན་འདུས་པ་ཡི། །དགེ་འདུན་འབུམ་ཕྲག་དུ་མས་བསྐོར། །དེ་ནས་བརྫུན་རླབས་ཆེན་པོ་དེ། །དགྲ་བཅོམ་ཡིན་པར་ཁས་བླངས་སོ། །འཁོར་གྱིས་རྫུ་འཕྲུལ་ཞུས་པ་ན། །རྫུ་འཕྲུལ་ཐོ་རངས་ཉམས་ཞེས་ཟེར། །རང་གི་སྡིག་པ་དྲན་པ་ཡིས། །སྨྲེ་སྔགས་ཆེན་པོ་བཏོན་པ་ལ། །སྡུག་བསྔལ་བདེན་པ་བོས་ཞེས་བསྒྲགས། །དེ་ལ་སོགས་པའི་བརྫུན་ཚིག་གིས། །ཚོགས་པ་རྣམས་ཀྱི་མགོ་བོ་བསྐོར། །འཕགས་པ་རྣམས་ལ་འབུལ་རྒྱུ་ཡི། །དད་རྫས་རྣམས་ཀྱང་དེ་ལ་འགྱུར། །རབ་བྱུང་བླུན་པོ་ཕལ་ཆེར་གྱིས། །དགྲ་བཅོམ་བོར་ནས་དེ་ལ་འདུད། །སངས་རྒྱས་མྱ་ངན་འདས་འོག་ཏུ། །སོ་སོ་སྐྱེ་བོས་འཁོར་བསྡུས་པ། །དེ་ལས་མང་བ་མེད་ཅེས་གྲགས། །དེ་ཡི་ཆོས་ལོག་བཤད་པ་ཡི། །རྗེས་སུ་སློབ་མ་རྣམས་འབྲངས་ནས། །འཁྲུལ་བའི་གྲུབ་མཐའ་དུ་མ་བྱུང་། །ལྷ་ཆེན་བླུན་པོ་དེ་ཤི་ནས། །སེམས་ཅན་དམྱལ་བར་གྱུར་ཅེས་གྲག །དེ་ཡི་ལོག་པའི་ཆོས་དེ་དག །དགྲ་བཅོམ་རྣམས་ཀྱིས་སུན་ཕྱུང་ནས། །བསྡུ་བ་གསུམ་པ་བྱས་ཞེས་ཐོས། །འོན་ཀྱང་དེ་ཡི་ལེ་ལན་གྱིས། །སྡེ་པ་བཅོ་བརྒྱད་རྣམས་ལ་ཡང་། །ཅུང་ཟད་བསླད་པ་ཡོད་ཅེས་ཟེར། །མཁས་པའི་གཙུག་རྒྱན་དབྱིག་གཉེན་གྱིས། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་གསུངས་པ་ཡང་དེ་ལ་དགོངས། །དེ་ནི་ཉན་ཐོས་རྣམས་ཀྱི་ཡིན། །ཐེག་པ་ཆེན་པོའི་བསྟན་པ་ནི། །ཤིན་ཏུ་དར་བར་གྱུར་པའི་ཚེ། །ཉི་མ་བསྒྲུབ་པའི་མུ་སྟེགས་བྱེད། །སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས། །གཙུག་ལག་ཁང་རྣམས་བསྲེགས་པའི་ཚེ། །དམ་ཆོས་མངོན་པ་ལ་སོགས་པ། །སྡེ་སྣོད་ཕལ་ཆེར་བསྲེགས་ཞེས་གྲག །དེ་ནས་འཕགས་པ་ཐོགས་མེད་ཀྱིས། །མི་ཕམ་མགོན་ལ་གསན་ནས་ནི། །དེ་ཡི་གཞུང་ལུགས་དར་བར་མཛད། །དེ་ཡི་རྗེས་ལ་མཁས་པ་དང་། །བླུན་པོ་རྣམས་ཀྱི་བྱེ་བྲག་གིས། །བསྟན་པའི་འཕེལ་འགྲིབ་དུ་མ་བྱུང་། །ཕྱི་ནས་གངས་རིའི་ཁྲོད་འདི་རུ། །སངས་རྒྱས་བསྟན་པ་ལེགས་པར་བསྒྱུར། །དེ་ནས་བསྟན་པ་དར་བའི་ཚེ། །རྒྱལ་པོ་དར་མས་བསྟན་པ་ བསྣུབས། །དེ་རྗེས་ཆོས་ལོག་དུ་མ་འཕེལ། །དེ་ཚེ་བླ་མ་ཡེ་ཤེས་འོད། །ཆོས་རྒྱལ་དེ་ཡིས་སྐྱེས་བུ་མཆོག །རིན་ཆེན་བཟང་པོ་ཁ་ཆེར་བརྫངས། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པའི། །མཁས་པ་དེ་ཡིས་སྔོན་མེད་པའི། །ཆོས་རྣམས་ཕལ་ཆེར་བསྒྱུར་ཅིང་ཞུས། །ཆོས་དང་ཆོས་མིན་རྣམ་འབྱེད་པ། །ཞེས་པའི་བསྟན་བཅོས་མཛད་ནས་ནི། །ཆོས་ལོག་ཐམས་ཅད་ནུབ་པར་མཛད། །དེ་ཡི་སློབ་མ་ཞི་བ་འོད། །དེས་ཀྱང་སྔགས་ལོག་སུན་འབྱིན་པ། །ཞེས་བྱའི་བསྟན་བཅོས་མཛད་ཅེས་ཟེར། །དེ་དག་འདས་པའི་འོག་ཏུ་ཡང་། །ཆོས་ལོག་འགའ་ཞིག་འཕེལ་བའི་རྒྱུས། །ལྷས་བཙས་ཞེས་བྱའི་ལོ་ཙཱ་བ། །དེས་ཀྱང་ཆོས་ལོག་སུན་འབྱིན་པ། །ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་དང་ཆོས་མིན་རྣམ་པར་ཕྱེ། །དེ་ནས་ཆོས་རྗེ་ས་སྐྱ་པ། །ཆེན་པོ་བཞུགས་པ་ཡན་ཆད་དུ། །ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས། །ཕྱི་ནས་ཕག་མོའི་བྱིན་རླབས་དང་། །སེམས་བསྐྱེད་རྨི་ལམ་མ་ལ་སོགས། །ཡི་དམ་བསྒོམ་པ་དཀྲོངས་བསྐྱེད་དང་། །དཀར་པོ་ཆིག་ཐུབ་ལ་སོགས་པ། །སངས་རྒྱས་བསྟན་དང་འགལ་བ་ཡི། །ཆོས་ལོག་དུ་མ་དེང་སང་འཕེལ། །མཁས་རྣམས་འདི་ལ་མི་དགྱེས་ཀྱང་། །དུས་ཀྱི་ཤུགས་ཀྱིས་བཟློག་མ་ནུས། །བླུན་པོ་སྦྱངས་པ་ཆུང་བ་རྣམས། །འདི་འདྲ་སྤྱོད་པ་བདེན་མོད་ཀྱི། །མཁས་པ་སྦྱངས་པར་རློམ་པ་ཡང་། །རི་བོང་ཆལ་བཞིན་འདི་ལ་སྤྱོད། །འདི་འདྲའི་རིགས་ཅན་འཕེལ་གྱུར་ན། །སངས་རྒྱས་བསྟན་ལ་གནོད་མི་གནོད། །མཁས་པ་རྣམས་ཀྱིས་དཔྱོད་ལ་སྨྲོས། །གལ་ཏེ་འདི་འདྲའི་ཆོས་ལོག་གིས། །སངས་རྒྱས་བསྟན་ལ་མི་གནོད་ན། །མུ་སྟེགས་སོགས་ཀྱི་ཆོས་ལོག་ཀྱང་། །སངས་རྒྱས་བསྟན་ལ་ཅི་སྟེ་གནོད། །ཆོས་ལོག་གཞན་གྱིས་གནོད་ན་ནི། །འདི་དག་གིས་ཀྱང་མི་གནོད་དམ། །གནོད་ཀྱང་སུན་འབྱིན་མི་འཐད་ན། །མུ་སྟེགས་བྱེད་དང་ཉན་ཐོས་སོགས། །འདི་ལའང་སུན་དབྱུང་ཅི་སྟེ་བྱ། །འདི་དག་བསྟན་ལ་གནོད་པའི་ཕྱིར། །མཁས་རྣམས་སུན་འབྱིན་མཛད་ན་ནི། །བསྟན་ལ་གནོད་པའི་ཆོས་ལོག་ཀྱང་། །མཁས་པ་རྣམས་ཀྱིས་སུན་ཕྱུང་ཤིག །ཅི་ཕྱིར་ཞེ་ན་རྒྱལ་བ་ཡིས། །རིན་ཆེན་ཆོས་ཀྱང་དཀོན་ལ་ནི། །རྟག་ཏུ་འཚེ་བ་མང་ཞེས་གསུངས། །འདི་ལ་བསམས་ལ་མཁས་རྣམས་ཀྱིས། །རྟག་ཏུ་བསྟན་པའི་བྱི་དོར་བྱ། །ཉི་མ་གཅིག་གི་བཟའ་བཏུང་ལའང་། །བཟང་ངན་རྟོགས་དཔྱོད་སྣ་ཚོགས་གཏོང་། །གོས་དང་མཁར་ལྷན་ལ་སོགས་པའི། །བྱ་བ་གང་ལའང་ལེགས་ཉེས་དང་། །བཟང་ངན་མཁས་དང་མི་མཁས་ཞེས། །བླངས་དོར་རྟོག་དཔྱོད་སྣ་ཚོགས་བྱེད། །རྟ་དང་ནོར་བུ་ལ་སོགས་པ། །ཅུང་ཟད་ཙམ་གྱི་ཉོ་ཚོང་ལའང་། །ཀུན་ལ་འདྲི་ཞིང་བརྟགས་ནས་དཔྱོད། །ཚེ་འདིའི་བྱ་བ་ཅུང་ཟད་ལའང་། །དེ་འདྲའི་འབད་པ་བྱེད་པ་མཐོང་། །སྐྱེ་བ་གཏན་གྱི་ལེགས་ཉེས་ནི། །དམ་པའི་ཆོས་ལ་རག་ལས་ཀྱང་། །ཆོས་འདི་ཁྱི་ཡི་ཟས་བཞིན་དུ། །བཟང་ངན་གང་དུའང་མི་དཔྱོད་པར། །གང་ཕྲད་དེ་ལ་གུས་པར་ འཛིན། །ཉིན་གཅིག་གི་ནི་སྐྱེལ་མའམ། །ཚེ་གཅིག་གི་ནི་གཉེན་འབྲེལ་ལའང་། །འབད་དེ་བརྟགས་ནས་ལེན་པ་མཐོང་། །དེང་ནས་བརྩམས་ཏེ་རྫོགས་པ་ཡི། །སངས་རྒྱས་མ་ཐོབ་བར་གྱི་དོན། །བླ་མ་མཆོག་ལ་རག་ལས་མོད། །འོན་ཀྱང་རྟོག་དཔྱོད་མི་བྱེད་པར། །ཚོང་དུས་ངན་པའི་ཟོང་བཞིན་དུ། །སུ་ཕྲད་རྣམས་ལས་ལེན་པ་ མཐོང་། །ཀྱེ་མ་སྙིགས་མའི་དུས་འདི་མཚར། །འབད་མི་དགོས་ལ་འབད་པ་བྱེད། །འབད་དགོས་ཆོས་དང་བླ་མ་ནི། །ཅི་ཡང་རུང་བས་ཚིམ་པར་སྣང་། །བདག་ནི་སེམས་ཅན་ཀུན་ལ་བྱམས། །གང་ཟག་ཀུན་ལ་བདག་མི་སྨོད། །བརྒྱ་ལ་མཉམ་པར་མ་བཞག་པས། །སྨད་པ་སྲིད་ནའང་སྡིག་དེ་བཤགས། །དམ་ཆོས་འཁྲུལ་དང་མ་འཁྲུལ་པ། །སྐྱེ་བ་གཏན་གྱི་གྲོས་ཡིན་པས། །འདི་ཡི་ལེགས་ཉེས་དཔྱོད་པ་ལ། །སྡང་ཞེས་སྨྲ་ན་རང་སྐྱོན་ཡིན། །ཀླུ་སྒྲུབ་དང་ནི་དབྱིག་གཉེན་དང་། །ཕྱོགས་ཀྱི་གླང་པོ་ཆོས་གྲགས་སོགས། །མཁས་པ་ཀུན་གྱིས་རང་གཞན་གྱི། །ཆོས་ལོག་ཐམས་ཅད་སུན་ཕྱུང་བ། །དེ་ལའང་སྡང་ཞེས་ཟེར་རམ་ཅི། །རྫོགས་པའི་སངས་རྒྱས་ཀུན་གྱིས་ཀྱང་། །བདུད་དང་མུ་སྟེགས་སུན་ཕྱུང་བ། །དེ་ཡང་ཕྲག་དོག་ཉིད་འགྱུར་རམ། །མཁས་རྣམས་བླུན་པོའི་ལོང་ཁྲིད་ཡིན། །ནོར་བའི་ཆོས་དང་མ་ནོར་པའི། །ལོང་ཁྲིད་ལེགས་པར་བྱས་པ་ལ། །སྡང་ཞེས་སྨྲ་ན་ད་སླན་ཆད། །སངས་རྒྱས་བསྟན་པ་ཇི་ལྟར་བསྲུང་། །ལོང་ཁྲིད་ཀྱིས་ནི་ལོང་བ་ལ། །གཡང་ས་བཀག་ཅིང་ལམ་བཟང་པོར། །ཁྲིད་པའང་ཕྲག་དོག་ཡིན་ནམ་ཅི། །འོ་ན་ལོང་བ་ཇི་ལྟར་བཀྲི། །ནད་པ་ལ་ནི་གནོད་པ་ཡི། །ཁ་ཟས་སྤོངས་ཤིག་ཕན་པ་བསྟེན། །དེ་སྐད་སྨན་པས་སྨྲ་ན་  ཡང་། །སྡང་དང་ཕྲག་དོག་འགྱུར་ན་ནི། །འོ་ན་ནད་པ་ཇི་ལྟར་གསོ། །ཆོས་ལོག་པ་དང་མ་ལོག་པའི། །རྣམ་པར་དབྱེ་བ་བྱས་པ་ལ། །སྡང་དང་ཕྲག་དོག་ཡིན་ཟེར་  ན། །འོ་ན་འཁོར་བའི་རྒྱ་མཚོ་ལས། །སེམས་ཅན་རྣམས་ནི་ཇི་ལྟར་བསྒྲལ། །སངས་རྒྱས་འཇིག་རྟེན་བྱོན་པ་དང་། །མཁས་རྣམས་བཤད་པ་བྱེད་པ་ལ། །འབྲས་བུ་རྣམ་གསུམ་འབྱུང་བ་འདི། །སངས་རྒྱས་བསྟན་པའི་སྤྱི་ལུགས་ཡིན། །མ་ཁོལ་གྱིས་ཀྱང་འདི་སྐད་གསུངས། །དཔའ་བོ་ཁྱོད་ཀྱི་བསྟན་པ་ནི། །མུ་སྟེགས་ཐམས་ཅད་སྐྲག་མཛད་ཅིང་། །བདུད་ནི་སེམས་ཁོང་ཆུད་མཛད་ལ། །ལྷ་དང་མི་རྣམས་དབུགས་ཀྱང་འབྱིན། །ཞེས་གསུངས་དེང་སང་འདི་ན་ཡང་། །མཁས་པ་རྣམས་ཀྱིས་ཆོས་བཤད་ན། །ཆོས་ལོག་སྤྱོད་པ་ཕམ་བྱེད་ཅིང་། །བདུད་རིགས་ཐམས་ཅད་ཡི་མུག་འགྱུར། །མཁས་པ་ཐམས་ཅད་དགའ་བར་བྱེད། །འདི་འདྲས་བསྟན་པ་འཛིན་པར་ནུས། །འདི་ལས་བཟློག་པ་བྱུང་གྱུར་ན། །བསྟན་ལ་གནོད་པར་ཤེས་པར་གྱིས། །བདག་ཀྱང་རྡོ་རྗེ་ཕག་མོ་ཡི། །བྱིན་རླབས་ཙམ་རེ་བྱས་པ་ལ། །དཀར་པོ་ཆིག་ཐུབ་བསྟན་ནས་ཀྱང་། །མྱོང་བ་ཅུང་ཟད་སྐྱེས་པ་ལ། །མཐོང་ལམ་དུ་ནི་ངོ་སྤྲད་ནས། །རྩོལ་བསྒྲུབ་མེད་པའི་དོན་བསྟན་ན། །ཚོགས་པའང་འདི་བས་མང་བ་འདུ། །ལོངས་སྤྱོད་འབུལ་བའང་མང་བར་འགྱུར། །བླུན་པོ་རྣམས་ཀྱི་བསམ་པ་ལའང་། །སངས་རྒྱས་ལྟ་བུར་མོས་པ་སྐྱེ། །ཆོས་ཀྱི་གནད་རྣམས་མི་ཤེས་པའི། །སྡེ་སྣོད་འཛིན་པར་རློམ་པ་ཡང་། །དེ་ལ་ལྷག་པར་དད་འགྱུར་བར། །བདག་གིས་ལེགས་པར་གོ་མོད་ཀྱི། །འཁོར་དང་ཟང་ཟིང་བསྒྲུབ་པའི་ཕྱིར། །བདག་གིས་སེམས་ཅན་བསྡུས་པ་ མིན། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །ཕན་པར་བསམས་ནས་བཤད་པ་ཡིན། །སངས་རྒྱས་བསྟན་པ་བཞིན་བསྒྲུབས་ན། །སངས་རྒྱས་བསྟན་ལ་ཕན་པར་བསམས། །མུ་སྟེགས་བྱེད་དང་ཉན་ཐོས་དང་། །ཐེག་པ་ཆེན་པོ་འགའ་ཞིག་ལའང་། །འཁྲུལ་པ་ཡོད་མོད་མཁས་རྣམས་ཀྱིས། །སུན་ཕྱུང་ཕྱིར་ན་འདིར་མ་བཤད། །དེང་སང་གངས་རིའི་ཁྲོད་འདི་ན། །རིགས་པས་བསྒྲུབས་པར་མི་ནུས་ཤིང་། །སངས་རྒྱས་བསྟན་དང་འགལ་བ་ཡི། །འཁྲུལ་པ་གསར་པ་དུ་མ་བྱུང་། །རྡོ་རྗེ་ཐེག་པའི་གནད་འཆུགས་པས། །རྒྱུད་སྡེ་རྣམས་དང་གྲུབ་ཐོབ་ཀྱི། །དགོངས་པ་རྣམས་དང་འགལ་བའི་གནད། །དཔག་མེད་ཡོད་མོད་གསང་སྔགས་ཉིད། །ཡིན་ཕྱིར་ཁོ་བོས་གཞན་དུ་བཤད། །འདི་ནི་ཀུན་ལ་བཤད་རུང་བའི། །འཁྲུལ་པ་རགས་རིམ་ཅི་རིགས་པ། །འཕེལ་ན་བསྟན་ལ་གནོད་མཐོང་ནས། །ཆེ་ལོང་ཙམ་ཞིག་བཤད་པ་ཡིན། །ད་དུང་འཁྲུལ་པའི་རྣམ་གཞག་ནི། །སྐྱོན་ཅན་དཔག་མེད་སྣང་ན་ཡང་། །གཞུང་མངས་དྭོགས་པས་རེ་ཞིག་བཞག །གལ་ཏེ་ལུང་དང་རིགས་པའི་གནད། །ཤེས་པའི་བློ་ཅན་རྣམས་ཀྱིས་དེ། །ལེགས་པར་དཔྱོད་ལ་དགག་བསྒྲུབ་གྱིས། །སངས་རྒྱས་བསྟན་དང་ཕྲད་དཀའ་ཞིང་། །དལ་བར་འབྱོར་པའང་རྙེད་དཀའ་བས། །མཁས་པ་རྣམས་ཀྱིས་ལེགས་རྟོགས་ལ། །གཟུ་བོར་གནས་པའི་བློ་ཡིས་དཔྱོད། །བདག་གིས་སྒྲ་དང་ཚད་མ་བསླབས། །ཚིག་གི་སྡེབ་སྦྱོར་རྣམས་ཀྱང་ཤེས། །རྒྱན་དང་མངོན་བརྗོད་ཕལ་ཆེར་གོ། །འདུལ་བ་དང་ནི་མངོན་པ་དང་། །ཕ་རོལ་ཕྱིན་པའང་ཕལ་ཆེར་ཐོས། །གསང་སྔགས་རྒྱུད་སྡེ་བཞི་པོ་ཡང་། །ཉན་བཤད་ཡོད་པ་ཕལ་ཆེར་ཐོས། །ཐོས་པ་དེ་དག་ཐམས་ཅད་ཀྱང་། །མིང་རྐྱང་ཙམ་དུ་མ་བཞག་གོ། །བྱེ་བྲག་སྨྲ་དང་མདོ་སྡེ་པ། །སེམས་ཙམ་དང་ནི་དབུ་མ་ཡི། །གདམས་ངག་ཇི་སྙེད་ཕལ་ཆེར་ཐོས། །དེང་སང་བོད་ལ་གྲགས་པ་ཡི། །ཞི་བྱེད་རྫོགས་ཆེན་གཅོད་ལ་སོགས། །སྐབས་བརྒྱད་ཅིག་ཆར་བསྒོམ་པ་དང་། །ཕ་རོལ་ཕྱིན་པའི་བློ་སྦྱོང་དང་། །བཀའ་གདམས་གདམས་ངག་ལུགས་གཉིས་དང་། །ས་ར་ཧ་དང་ཏི་ལོ་པ། །ནག་པོ་སྤྱོད་པའི་དོ་ཧ་དང་། །རྣལ་འབྱོར་དབང་ཕྱུག་བིརྺ་པའི། །དོ་ཧ་སེང་གེ་ཞེས་བྱ་སོགས། །དོ་ཧའི་བྱེ་བྲག་དུ་མ་ཐོས། །རིམ་ལྔ་སྟན་ཐོག་གཅིག་པ་དང་། །ནཱ་རོ་ཆོས་དྲུག་ལུགས་གསུམ་དང་། །གསང་བ་འདུས་པ་ཡེ་ཤེས་ཞབས། །དེ་བཞིན་འཕགས་སྐོར་གདམས་ངག་དང་། །དགྱེས་པ་རྡོ་རྗེ་སྙིང་པོའི་སྐོར། །གཤིན་རྗེ་གཤེད་དང་འཇིགས་བྱེད་སོགས། །དེ་ཡི་གདམས་ངག་གསར་རྙིང་དང་། །འཁོར་ལོ་སྡོམ་པའི་གདམས་ངག་དང་། །དུས་ཀྱི་འཁོར་ལོའི་སྦྱོར་དྲུག་སོགས། །མཚན་བརྗོད་བཤད་པ་ལུགས་དྲུག་དང་། །འཆི་མེད་གྲུབ་པའི་གདམས་ངག་དང་། །ལམ་འབྲས་ལ་སོགས་ལམ་སྐོར་དགུ། །དེ་ལས་འཕྲོས་པ་དུ་མ་དང་། །གཞན་ཡང་བོད་དང་རྒྱ་གར་ལ། །དེང་སང་གྲགས་པ་ཕལ་མོ་ཆེ། །བདག་གིས་འབད་དེ་ལེགས་པར་མཉན། །བསླབས་པ་དེ་དག་མིང་རྐྱང་མིན། །དེ་ཕྱིར་ཆོས་རྣམས་ཕལ་ཆེར་ཐོས། །དེས་ན་བདག་ལ་ཕྱོགས་ལྷུང་མེད། །དེ་ཕྱིར་གཟུ་བོས་དཔྱད་པ་འདི། །བློ་ལྡན་རྣམས་ཀྱིས་འདི་ལྟར་ཟུང་། །ཐུབ་པའི་བསྟན་པ་རིན་ཆེན་གཞལ་མེད་ཁང་། །ལོག་ལྟའི་མུན་ནག་ཚང་ཚིང་རྣམ་པར་བསལ། །བློ་གསལ་བློ་ཡི་པདྨ་ཁ་འབྱེད་པ། །བསྟན་བཅོས་ཉི་མའི་སྣང་བ་དེང་འདིར་ཤར། །རྒྱལ་བ་ཀུན་གྱི་དགོངས་པ་འདི་ཡིན་ཞེས། །འགྲོ་ལ་ཕན་པའི་བསམ་པས་བདག་གིས་བཤད། །མཁས་པ་ཀུན་གྱི་དགོངས་པ་འདི་ཡིན་མོད། །ད་དུང་བླུན་པོ་རྣམས་ཀྱིས་རྟོགས་པར་དཀའ། །ཀུན་དགའི་ཉི་མས་སངས་རྒྱས་བསྟན་པ་ཡི། །པདྨོ་རྣམ་པར་ཕྱེ་བ་ལས་བྱུང་བའི། །དམ་པའི་སྦྲང་རྩིས་འགྲོ་བའི་བུང་བ་  ཀུན། །རྒྱུན་དུ་བདེ་བའི་དགའ་སྟོན་འགྱེད་པར་ཤོག །གང་གི་ཐུགས་བརྩེས་ཉེར་བཟུང་ནས། །ལོག་པའི་ཆོས་རྣམས་སྤངས་ནས་ཀྱང་། །སངས་རྒྱས་བསྟན་དང་ལེགས་སྤྲོད་པའི། །འཇམ་མགོན་བླ་མ་དེ་ལ་འདུད། །སྡོམ་པ་གསུམ་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བ། །ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས། མང་དུ་ཐོས་པའི་ནོར་དང་ལྡན་པ། རིགས་པ་དང་མི་རིགས་པ་དཔྱོད་པར་ནུས་པའི་བློ་གྲོས་ཅན། །སྡེ་སྣོད་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་རྫོགས་སོ།། །།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6345561
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།