ཤེས་རིག་འགྲན་གླེང་།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཁྲིད་སྒྲིག་གཞི། »ཤེས་རིག་འགྲན་གླེང་།
ཤེས་རིག་འགྲན་གླེང་།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-04-03ལྟ་ཀློག (11286)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཤེས་རིག་འགྲན་གླེང་ལ་དོན་ཚན་བཅུ་ཡོད།

དང་བོ། རྩོད་རིག་འགྲན་སྡུར།

       རྩོད་རིག་འགྲན་བསྡུར་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་བང་མཛོད་དུ་ལྷམ་མེར་བཀྲ་ཞིང་ལྷང་ངེར་གསལ་བའི་མུན་སེལ་ནོར་བུ་ཞིག་དང་།   ཕུན་སུམ་ཚོགས་པའི་སྒྱུ་རྩལ་ཞིག    བློ་རིག་སྡུར་བའི་ཉིང་བཅུད་ཅིག་ཡིན་སྟབས་སྤྱི་ཚོགས་འགྲོ་བ་ཡོངས་དང་།    ཁྱད་པར་གསར་དར་རིག་ལམ་དང་དྲི་གཞི་སྣ་ཚོགས་ཐོལ་གྱིས་གཟེངས་པའི་དུས་རབས་བརྒལ་མཚམས་འདིའི་སློབ་མ་དག་ལ་མཚོན་ན་རྩོད་རིག་འགྲན་སྡུར་དང་འབྲལ་ཐབས་མེད་ཅེས་བཤད་ཀྱང་ཐལ་བར་མི་སེམས་སོ། །

       དེའི་ཕྱིར་སྒེར་བསྒྲུབས་སློབ་གྲྭ་འདིའི་༼ཤེས་རིག་འགྲན་གླེང་༽ཡང་རྩོད་རིག་འགྲན་སྡུར་གྱིས་འགོ་རྩོམ་བཞིན་ཡོད་དེ།   འཛིན་གྲྭ་རེའི་མི་བཞི་རེ་འགྲན་གླེང་གར་སྟེགས་སུ་ཕེབས་རྗེས་མདོ་འཛིན་པས་བརྗོད་དོན་ཟབ་ཅིང་རྗོད་བྱེད་སྙན་པའི་དབྱངས་འགྲོས་ཚར་གཅིག་གིས་དགེ་སློབ་ཡོངས་ཀྱི་ཐོས་འཛིན་དཔྱིད་དཔལ་དུ་བསྒྲུབས་ཤིང་།    སེམས་ཁུང་ལ་ཤེས་རིག་ལ་རྒྱའི་ངར་གསར་བ་རེ་བསྣན་པ་དང་རྒྱན་འཕངས་ཏེ་མི་གཉིས་རེས་རྩོད་རིག་འགྲན་སྡུར་བྱེད།   རྩོད་རིག་འགྲན་སྡུར་གྱི་ཁ་ཕྱོགས་ནི་དངོས་ཡོད་འཚོ་བའི་ཁྲོད་གནས་པའི་གནད་དོན་གང་མང་ལ་བསམ་གཞིག་ཟབ་མོས།   གཅིག་ཤོས་ཀྱིས་དྲི་ཚིག་གང་བཏོན་པ་ལ་གཅིག་ཤོས་ཀྱིས་ལན་གདབ་དགོས་ཏེ།   དཔེར་ན།   རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་འཕེལ་རྒྱས་ཀྱི་རྩ་བ་ཤེས་རིག་གམ་དཔལ་འབྱོར།  མཐུན་སྒྲིལ་སོགས་ལ་ཐུག་པ།  སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་ཀྱི་མཐུན་ཕྱོགས་དང་དགོས་མཁོ།  དེ་གཉིས་ཀྱི་ཞན་ཆ་དང་མི་མཐུན་ས།  མི་རིགས་སློབ་གསོའི་ཁ་ཕྱོགས།   བོད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆུང་བ་ཡུལ་ཅན་གང་གིས་ལན་པ།  བོད་སྐད་མི་ཤེས་པའི་བོད་མི་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་མཚན་དང་སྔོན་འགོག་བྱེད་ཐབས། རྩ་ས་རྩོད་གླེང་དང་ནང་འཁྲུག་མང་བ།   མི་རིགས་རང་ཉིད་དམ་ཁོར་ཡུག་གི་ཉམས་ཉེས། གྲུབ་མཐའ་སྣ་ཚོགས་ཀྱི་ཕྱིའི་འགལ་འདུའི་འབྱུང་རྐྱེན་དང་དེ་ཐག་གཅོད་བྱེད་ཐབས། ཕྱུགས་རྫི་ཇེ་ཉུང་དང་སློབ་མ་ཇེ་མང་དུ་གཏོང་བའི་ཐབས་ཤེས།   གང་ཞིག་བྱས་ན་ཚད་ལྡན་སློབ་མར་འགྱུར་བ་སོགས་མདོར་དྲིལ་ན་སྲིད་འབྱོར་རིག་གསུམ་གང་ཡིན་གྱི་གནད་དོན་ལས་བརྩམས་ཏེ།  གནའ་སྲོལ་ཐོས་པའི་སྦྱང་སྟོབས་དང་།  དེང་རབས་དཔྱོད་པའི་རིག་པ་གཉིས་ཟུང་དུ་སྤྲེལ་ཏེ་ཟབ་གསལ་མྱུར་གསུམ་གྱི་སྒོ་ནས་རྩོད་རིག་འགྲན་ སྡུར་བྱས་རྗེས།   དགེ་རྒན་རྣམས་ཀྱིས་དཔྱད་གཏམ་བརྗོད་དེ་སོ་སོར་ཐོབ་འོས་ཀྱི་སྐར་མ་སྟེར་རོ།  །

གཉིས་པ། ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

      ཟླུམ་གཟུགས་གོ་ལ་ཆེན་པོའི་སྒལ་སྟེང་ན་འགྲོ་བ་མིའི་རིགས་བྱུང་བ་དང་བསྟུན་ནས་རིམ་གྱིས་ཚོ་ཁག་དང་མི་རིགས་སུ་གྲུབ་ཅིང་།    དེ་ཉིད་ཀྱི་བྱུང་འཕེལ་སོགས་ཕ་མེས་ཀྱི་ངག་ཐོག་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བརྒྱུད་ཅིང་མཆེད་དེ་བསྐལ་བ་ཡ་ཐོག་གི་ལྷ་སྒྲུང་དང་གཏམ་རྒྱུད་ལྟ་བུ་ནས་དཔྱད་བཟོད་པའི་གཞུང་ལུགས་ཤིག་ཏུ་གྲུབ་པ་དེ་ནི་ལོ་རྒྱུས་རིག་པ་ཞེས་དེང་འདིར་སྤྱི་ཚོགས་ཚན་རིག་གི་གྲུབ་ཆ་གཙོ་ཤོས་སུ་འཛིན་ཕྱིར། འཛམ་གླིང་དང་མེས་རྒྱལ།   མི་རིགས།   སྒེར་ཁྱིམ་བཅས་གང་ཡིན་གྱི་འདས་པའི་ལོ་རྒྱུས་མ་ཤེས་ན་སྲིད་པ་རྒན་པོའི་གཏམ་དཔེར།   ལོ་རྒྱུས་ཀྱི་ཚིག་གསུམ་མ་གོ་ན།   ཕ་ཨ་བུ་ཡིན་རུང་ངོ་མི་ཤེས། ཟེར་བ་ལྟར་ངོ་ཚ་ཆེན་པོའི་རྒྱུ་ཡིན་པར་མ་ཟད།   འཛམ་གླིང་མི་རིགས་གྲལ་དུའང་སྡོད་ཐབས་མེད་པ་ལྟ་བུ་ཡིན་ཞིང་།   ལོ་རྒྱུས་ཀྱི་འཁོར་ཕྱོགས་དང་ངོ་བོ་ལེགས་པར་ཤེས་ན།༼དེབ་ཐེར་རྒྱ་མཚོ་༽ལས་གོ་མཐའི་ས་ལས་གོམ་གང་མ་བརྒལ་བར།  ། འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་། ། གསུངས་པ་བཞིན་འཇིག་རྟེན་ཁམས་སྤྱི་དང་། བྱེ་བྲག་རང་རེའི་མེས་རྒྱལ་དང་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་དར་རྒུད་སོགས་ལ་ངེས་ཆ་བཏང་ཞིང་ཞིབ་དཔྱོད་ཀྱིས་སྙིགས་དོར་བཅུད་ལེན་གྱི་སྒོ་ནས་མ་འོངས་པར་མིག་རྒྱང་རིང་བོས་བསམ་གཞིག་བཏང་སྟེ་ཡང་དག་པའི་ལོ་རྒྱུས་ཀྱི་རྡོ་རིང་གསར་བ་ཞིག་འཛུགས་ཐུབ་པའི་དགེ་མཚན་བླ་མེད་ལྡན་པས།  འགྲན་གླེང་གི་གར་སྟེགས་སྟེང་ནས་༼བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ་༽གཞིར་བྱས། ༼ལོ་རྒྱུས་ཀུན་དགའི་མེ་ལོང་།༽དེབ་ཐེར་སྔོན་པོ་དང་དཀར་བོ་སོགས་ཀྱིས་ཟུར་བརྒྱན་ནས་དྲི་ཚིག་གང་བཏོན་ལ་འགྲན་གླེང་བ་རྣམས་ཀྱིས་དོན་མཐུན་གྱི་ལན་ཐེབས་ན་སྐར་མ་བཅུ་རེ་སྟེར། མཚམས་རེར་འཛམ་གླིང་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་སྐོར་ལས་དྲི་བ་འདོན་པའང་ཡོད་དོ།།

གསུམ་པ།  སྐབས་བབས་སྦྱང་བྱའི་དྲི་བ་དྲིས་ལན།

       སྐབས་བབས་སྦྱང་བྱ་གང་ཡིན་ཡང་དེའི་ངོ་བོ་དང་བྱེད་ལས་ཁྱད་ཆོས།   དབྱེ་བ་སོགས་ལ་ངེས་ཆ་གཏོང་ཞིང་།   མཁས་པ་སོ་སོའི་བཞེད་དགོངས་འགལ་མཚམས་དག་ལ་དཔྱད་གསུམ་དག་པའི་སྒོ་ནས་རང་ལུགས་འཐད་ལྡན་དུ་བསྒྲུབ་ཤེས་པ།   སྐབས་བབས་ཀྱི་རྩ་སྡོམ་བློར་བྱང་བས་གང་ནས་དྲིས་ཀྱང་ཚིག་འགྲེལ་བྱེད་ཐུབ་པ།   གཞན་ཐད་ཀར་དབྱིན་ཡིག་རྒྱ་ཡིག་ཏུ་བསྒྱུར་ཞིང་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བ་ལྟ་བུ།   སློབ་ཚན་བློར་འདོན་པ།   ཉེར་མཁོའི་ཐ་སྙད་ཁོལ་དུ་བྱུང་སྟེ་རྒྱ་སྐད་དང་དབྱིན་སྐད་བཤད་དུ་འཇུག་པ་སོགས་ནི་མགྱོགས་མྱུར་ངང་སློབ་མའི་ཡོན་ཚད་མཐོར་འདེགས་སུ་གཏོང་བའི་ཐབས་ལམ་བཟང་ཤོས་ཡིན་པས།    དུས་ཡུན་སྐར་མ་བཅུ་ལྷག་གི་རིང་འཛིན་གྲྭ་སོ་སོའི་འགྲན་གླེང་བ་རྣམས་ཀྱིས་ཕན་ཚུན་བར་ལ་སྐབས་བབས་ཀྱི་སྦྱང་བྱར་གྱུར་བའི་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་བསྒྱུར་འབྲི་དང་།    རིག་གཞུང་གང་ཞིག་ལས་དོགས་སློང་དང་དཀའ་གནད་མཆན་འགྲེལ།   རྩ་སྡོམ་བློར་འདོན་དུ་འཇུག་པ་སོགས་ལ་འཁྲུལ་མེད་ཀྱི་ལན་ཐོབ་ན་སྐར་གྲངས་བཅུ་དང་འགྲན་གླེང་བས་མ་ཤེས་ན་གཤམ་གྱི་འཛིན་གྲྭ་ཡོངས་ལ་དྲིས་ནས༼འགྲན་གླེང་བས་མ་ཤེས་ཚེ་དྲི་ཚིག་གང་ཡིན་ཡང་འཛིན་གྲས་ལན་བཏབ་ཆོག༽ལན་བཏབ་ཚེ་སྐར་མ་གཅིག་རེ་བྱིན་ནས་འགྲན་གླེང་བར་རམ་འདེགས་བྱེད་དུ་འཇུག

བཞི་བ། མཚར་གཏམ་གད་མོའི་རིགས་རྩལ།

       མཚར་གཏམ་དང་དགོད་གཏམ་ནི་ནམ་ཡང་མིའི་རིགས་ཀྱི་འཚོ་བ་དང་འབྲལ་ཐབས་མེད་ཅིང་།   ཁྱད་པར་ལོ་ཆུང་སློབ་བུ་དག་ལ་མཚོན་ན་ལྟོགས་པའི་ཟས་བཞིན་གལ་ཆེ་བ་ལྟ་ཅི་སྨོས།   རྩོད་རིགས་འགྲན་བསྡུར་དང་།   ལོ་རྒྱུས།   སྐབས་བབས་སྦྱང་བྱ་དག་ལ་ཁྱོད་མཁས་ང་མཁས་ཀྱི་རྒྱལ་ཕམ་རྩོད་པའི་བར་གླགས་ནས་རེ་ཞིག་ངལ་གསོ་ཕྱིར།   མཚམས་འདིར་འགྲན་གླེང་བ་རེས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་བྱ་བ་ག་གེ་མོ་ཞིག་བརྗོད་སྙིང་བྱས་ཏེ་ཁ་གསལ་ཞིང་ཉན་སྤྲོ་ལ།  དགོད་ཁ་སློང་བའི་མཚར་གཏམ་ཐུང་ཐུང་ཅི་རིགས་བཤད་ནས་སྒྱུ་རྩལ་གང་བཟང་ལ་འགྲན་བསྡུར་བྱེད། འདི་ཡང་སྤྱིར་བཏང་གི་མཚར་གཏམ་ཙམ་མིན་པར་མཁྲེགས་འཛིན་དང་ཚུལ་འཆོས་གླེན་རྟགས་དང་ལོག་སྤྱོད་སོགས་ངན་དགུའི་རིགས་མང་བོ་མཚར་གཏམ་སྒྱུ་རྩལ་ལ་བརྟེན་ནས་ཐེར་འདོན་བྱེད་པ་གཙོ་བོར་འཛིན་ཞིང་། ཐེར་འདོན་གྱི་དམིགས་ཡུལ་ནི་བསྒྱུར་བཅོས་ཡིན་པས་སུ་ཞིག་གིས་མཚར་གཏམ་དངོས་ཡོད་འཚོ་བ་དང་ཐག་ཉེ་ཞིང་ཡིད་འགུག་པའི་སྒྱུ་རྩལ་ལྡན་ན་དེར་སྐར་གྲངས་མཐོ་ཤོས་ཐོབ་བོ། །

ལྔ་བ།  རྩ་ཁྲིམས་དང་བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།

       ལུགས་མཐུན་གྱི་ཁྲིམས་དང་བཅའ་ཁྲིམས་ནི་རྐང་གཉིས་ལེབ་མོ་ས་རུ་འཛུགས་པའི་འགྲོ་བ་མིའི་རིགས་ཡོད་དོ་ཅོག་གི་འཚོ་བའི་ལམ་སྟོན་དང་ཞི་བདེའི་དེད་དཔོན་ཡིན་ལ།  མུན་ནག་གི་འཇིག་རྟེན་གཞོམ་པའི་ཉི་གཞོན་ཡང་ཡིན་སྲིད།   ཁྲིམས་ལུགས་མེད་པའི་རྒྱལ་ཁབ་བམ།   ཚོགས་པ་ཞིག་ཡིན་ཕྱིན་དེའི་སྤྱི་ཚོགས་ནི་ནམ་ཡང་འཇིགས་རུང་གཤིན་རྗེའི་གྲོང་ཁྱེར་འབའ་ཞིག་ཏུ་གྲུབ།   ཁྲིམས་ལུགས་མི་ཤེས་པའི་མི་རིགས་གང་ཡིན་ཡང་དེ་ལ་ཡར་ཐོན་གྱི་རེ་བ་མེད་ལ།   ཁྲིམས་མཐུན་མིན་པའི་མི་སུ་ཡི་ན་ཁོ་ཇི་སྲིད་ནམ་གནས་ཀྱི་བར་དུ་སྤྱི་ཚོགས་ཀྱི་ གདོན་འདྲེ་ཁོ་ན་ཡིན།   དེའི་ཕྱིར་མི་ཚེའི་བགྲོད་ལམ་རིང་མོར་གོམ་པ་གསར་དུ་སྤོ་ཞིང་མ་འོངས་འཇིག་རྟེན་གྱི་བདག་པོར་ངེས་པའི་སློབ་བུ་སུ་ཡིན་ཡང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སློབ་ གྲྭའི་སྒྲིག་ཁྲིམས་སོགས་ལ་མི་འགལ་བར།   སྒོ་གསུམ་སྐྱོན་གྱིས་མ་གོས་པའི་ངང་ཤེས་ལྡན་མི་སྣ་རྣམ་དག་ཅིག་ཏུ་འཚར་ལོངས་ཡོང་བ་བྱས་ནས་མེས་རྒྱལ་ལ་བྱས་རྗེས་འཇོག་ཅིང་།  མི་རིགས་ལ་གཅེས་སེམས་བརྟན་པ།   ཕ་མ་ལ་དྲིན་ལན་འཇལ་མཁན་ཞིག་ཏུ་འགྱུར་དགོས་ན།   རྩ་ཁྲིམས་དང་བཅའ་ཁྲིམས་སྐོར་ལ་སློབ་སྦྱོང་དང་ངེས་ཤེས་བསྐྱེད་རྒྱུ་ནི་ཇི་འདྲའི་མཁོ་གལ་ཆེ་བ་ཞིག་རེད་ཨང་།   བདེན་དོན་རྐྱང་རྐྱང་གི་འདྲི་རྟགས་ང་ཚོར་གཏད་པའི་སྐབས་འདིར།  སྒེར་གྲུབ་སློབ་གྲྭ་འདིས་༼རྩ་ཁྲིམས་བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན༽གྱི་འོད་སྣང་དཀར་བོར་འཇུས་ནས་མདུན་སྐྱོད་བྱེད་བཞིན་ཡོད་དེ།  འགྲན་གླེང་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཐེངས་གསུམ་པའི་གཅིག་གྱུར་སློབ་དེབ་《བཅའ་ཁྲིམས་ཤེས་བྱའི་འདྲི་གཞི་ཆིག་བརྒྱ་མ》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》《མཚོ་སྔོན་ཁྲིམས་ལུགས་ཚགས་པར》སོགས་གཞིར་བྱས་ནས་དངོས་ཡོད་འཚོ་བ་དང་འབྲེལ་བའི་སྐོར།  དཔེར་ན།   འོས་འགན་སློབ་གསོའི་བཅའ་ཁྲིམས།  སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་སྐོར་གྱི་གྲོས་ཆོད།   དུག་འགོག་པའི་སྐོར་གྱི་གྲོས་ཆོད།  ཁྲལ་ཁྲིམས།  རྩ་ཐང་བཅའ་ཁྲིམས་དང་ཆུ་ཁྲིམས།  གློགས་ཤུགས་བཅའ་ཁྲིམས།  བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག    ལོ་ན་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས། ནགས་ཚལ་བཅའ་ཁྲིམས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་སོགས་ཕྱོགས་སྣ་ཚོགས་ནས་དྲིན་བ་བཏོན་ཏེ་འགྲན་གླེང་བ་གཙོར་བྱས་ཚོགས་རར་ཞུགས་པའི་སློབ་བུ་སུ་ཞིག་གིས་ཤེས་ན་གཟེངས་བསྟོད་སྐར་མ་སྟེར་བར་བྱེད།

དྲུག་པ།  ཡིག་གཟུགས་སོགས་ལགརྩལ་འགྲན་པ།

       ཡིག་གཟུགས་སོགས་ལག་རྩལ་འགྲན་པའི་སྐབས་མདོ་འཛིན་པའི་བཀོད་འདོམས་བཞིན་འཛིན་གྲྭ་སོ་སོའི་འགྲན་གླེང་བ་རེས་ས་སྨྱུག་གིས་སྒོ་སམ་ངོས་སུ་གནའ་དེང་གང་རུང་གི་རི་མོ་འབྲི་སྲོལ་གྱི་སྒོ་ནས་རི་ར་བ་དང་ཁང་ཁྱིམ། སྐྱ་སེར་ཕོ་མོ།  རི་སྐྱེས་དང་སྲོག་ཆགས་སོགས་སུ་ཞིག་གིས་དྲིས་པ་མགྱོགས་ཤིང་གསོན་ཉམས་ལྡན་མི་ལྡན་འགྲན་ཞིང་། ཡིག་གཟུགས་ལ་གནའ་བོའི་རྒྱ་གར་གྱི་ལཎྫ་ དང་།  ཝརྟུ།   ད་ལྟའི་འཕགས་ཡིག  བོད་ཀྱི་ཡི་གེའི་ཐིག་ཚད་ཆེ་ཆུང་གི་ཁུངས་དང་མཐུན་པར་འབྲི་བ།  དབུ་མེད་ཀྱི་སུག་རིང་།  སུག་ཐུང་།  འབྲུ་ཚ།  འབྲུ་ཆེན།  རྒྱུག་བྲིས། འཁྱུག་བྲིས། ཧོར་ཡིག་ཁོངས་གསེང་མ། རྒྱ་ཡིག དབྱིན་ཡིག གཞན་ཡང་སྒྱུ་རྩལ་སྣ་ཚོགས་ཀྱི་སྒོ་ནས་འཛམ་གླིང་སྤྱིའམ་ཨ་ལ་པོའི་ཨང་ཀི་སོགས་༼གཙང་ལེགས་མགྱོགས༽གསུམ་གྱིས་བྲིས་ཏེ་བཟོ་བ་རིག་པའི་ལུས་བཟོའི་སྒྱུ་རྩལ་གང་བཟང་ལ་འགྲན་བསྡུར་བྱེད་དོ། །

བདུན་པ། ཚན་རིག་རྒྱུན་ཤེས་སྐོར་གྱི་དྲི་བ་དྲིས་ལན།

      རྟོགས་སད་ཐེངས་གཅིག་གི་གླུ་དབྱངས་གསེང་མཐོར་འཐེན་བཞིན་རྒྱལ་ཁབ་དང་མི་རིགས་གཞན་དག་ཉི་མའི་ཁྱིམ་དང་ཟླ་བའི་གོ་ལར་ལྟད་མོར་ཆས་ཤིང་། འཕྲུལ་གྱི་གཡོག་མོ་ བཀོལ། སྐུད་པས་སྐད་ཆ་བཤད་བཞིན་པའི་དེ་རིང་། ང་ཚོའི་སྦྲ་ནག་གྲུ་བཞིའི་ཡ་ཁྱིམ་ན་མེས་པོས་ལྷ་སྒྲུང་ཟློས་ཤིང་།  གཡག་རྒན་རོག་པོའི་གྲུག་རྒྱབ་ན་འགྱིང་སྟོབས་ངོམ་པས་མི་ཆོག་པར་གླིང་བཞི་འཕྲུལ་གྱིས་བསྐོར་བའི་སྔོན་ཐོན་པ་དག་གི་རྗེས་སུ་ཤུགས་ཅི་ཡོད་ཀྱིས་བསྙེག་དགོས་པའི་དུས་ལ་སླེབས་པ་མངོན་སུམ་རེད། ཚན་རིག་ཤེས་བྱ་ནི་བདེན་དོན་གང་མང་གི་ཚེ་སྲོག་ཡིན་ཕྱིར་དེང་གི་མཁས་པ་ཕལ་མོ་ཆེས་རྒྱལ་ཁབ་དང་མི་རིགས་སྔོན་ཐོན་ཡིན་མིན་ཚན་རིག་དར་མ་དར་གྱི་ཆ་ནས་འཇོག་པས། ཤེས་རིག་མེ་ཏོག་གི་དྲི་བསུང་དཀྲིགས་པའི་གླིང་ག་འདིར་འཛོམས་པའི་སློབ་བུ་བརྒྱ་ཕྲག་མང་བོ། རྦམ་མཐུག་པའི་ཁ་བའི་རྨི་ལམ་གྱི་འོག་ནས་ལངས་ཏེ་སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག་གི་མགུལ་རྒྱན་ལེན་པར་འགྲན་རྩོད་ཀྱིས་བྲེལ་བཞིན་འདུག་སྟེ།   ཚན་རིག་རྒྱུན་ཤེས་སྐོར་གྱི་འགྲན་གླེང་སྐབས་སུ་《རང་བྱུང་ཚན་རིག་གི་ཤེས་བྱའི་སྒོ་འབྱེད་ལྡེ་མིག》ཅེས་པའི་དཔེ་ཚོགས་དང་། 《འཛམ་གླིང་ཚན་རིག་ལག་རྩལ་མཐོ་ཤོས》 《སྐར་མའི་གོ་ལར་བརྟགས་དཔྱད་བྱས་པའི་ཟིན་བྲིས》《མཚོ་སྔོན་ཚན་རྩལ་ཚགས་པར》སོགས་གཞིར་བྱས་ནས་རང་བྱུང་ཁམས་ཆེན་པོའི་གྲུབ་ཚུལ་དང་འཕོ་འགྱུར། གནམ་རིག་ལོ་རྩིས། དངོས་ཁམས།  རྫས་འགྱུར།  སྐྱེ་དངོས་ཀྱི་རྒྱུན་ཤེས། ཉེར་མཁོའི་འཕྲུལ་ཆས་སྐོར་གྱི་རྒྱུན་ཤེས།  འཕྲོད་བསྟེན་རྒྱུན་ཤེས་སོགས་ཕྱོགས་སྣ་ཚོགས་ནས་དྲི་བ་བཏོན་ཏེ་དོན་མཐུན་གྱི་ ལན་ཐེབས་པའི་འགྲན་གླེང་བ་དག་ལ་སྐར་མ་སྟེར་བ་སོགས་ཉེར་མཁོའི་རྒྱུན་ཤེས་སྐོར་ལ་མི་རྨོངས་ཤིང་ཚན་རིག་རྒྱ་མཚོར་འཇུག་པའི་སྟ་གོན་བཟང་བོར་བརྩོན་ནོ། །

བརྒྱད་པ། རིག་པ་གང་མྱུར་གྱི་འགྲན་བསྡུར།

        ཤེས་རིག་གི་ཟླ་འོད་དབེན་ས་ན་རྨོངས་འཐོམ་གྱི་སྨག་རྫོང་གཞན་ལས་མཐུག་ཅིང་། བླང་དོར་གྱི་ཞིབ་དཔྱོད་མེད་ས་ན་གླེན་རྟགས་ཀྱི་གཏམ་རྒྱུད་རྫོགས་མཐའ་མེད། མིའི་རིགས་ཀྱི་བློ་གྲོས་ནི། ཆུ་ཁོལ་བ་དང་མེ་ཚ་བ་བཞིན་རེ་ཞིག་ནས་གོང་འཕེལ་དུ་འགྲོ་རྒྱུ་མེད་པ་ཞིག་མ་ཡིན་པར། ཇི་ཙམ་སྦྱངས་པ་དེ་ཙམ་གྱིས་ཡར་རྒྱས་སུ་ཕྱིན་ཏེ་ནང་སེམས་ཀྱི་སྣང་བརྙན་འདི་མུན་ ཁུང་ལ་ཉི་འོད་ཕོག་པ་བཞིན་ཆོས་ཐམས་ཅད་ཀྱི་མཚན་ཉིད་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་རྟོགས་པའི་དུས་ཀྱང་ངེས་པར་དུ་ཡོད་སྲིད། ནང་སེམས་ཁམས་རིག་པ་ཡར་བསྐྱེད་ཅི་ཙམ་ཡོང་བ་དེ་སྲིད་དུ་ཕྱིའི་སྤྱི་ཚོགས་དང་ཚན་རིག་གང་གི་ཐད་ནས་ཀྱང་མིའི་རིགས་ཀྱི་སེམས་ཁམས་རིག་པར་མ་བརྟེན་པའི་ཚན་རིག་ཅིག་ལོགས་སུ་མེད་གཤིས་བྱ་དངོས་གང་ཞིག་གི་གྲུབ་ཚུལ་དང་བེད་སྤྱོད་སྟངས། འཕོ་འགྱུར་སོགས་ལ་དཔྱད་ཞིབ་བྱེད་རྒྱུ་ནི་དུས་རབས་གསར་བའི་མི་རྣམས་ལ་མཚོན་ན་ལྷག་པར་དགོས་མཁོ་ཆེ་བ་ཞིག་ཏུ་གྲུབ། དེའི་ཕྱིར་ན་ཆུང་བློ་གསལ་དག་གི་བློ་གྲོས་ཀྱི་སྒོ་འཕར་ཡངས་པོར་འབྱེད་ཅིང་དོན་གང་ཡིན་ལ་དཔྱད་སྟོབས་ཀྱིས་འཇུག་པའི་སྔོན་འགྲོར། ༼རིག་པ་གང་མྱུར་གྱི་འགྲན་རྩོད་༽བཙུགས་ཏེ་བསྡུས་བརྗོད་དང་གབ་ཚིག སྒྱུ་འཕྲུལ་སོགས་ཀྱི་ལམ་ལ་དྲངས་ཏེ་ཚིག་ལ་བསམ་གཞིག་གཏོང་དུ་འཇུག་པ། རྣམ་པ་དང་ཟུར། ཕྲ་མོ་དང་ཆའི་སྒོ་ནས་བརྟག་ཐབས།    བརྡ་མཚོན་རི་མོར་བལྟས་ཏེ་བརྗོད་སྙིང་རྟོགས་པ། དབྱིབས་དང་ལད་ཟློས་ལ་བརྟགས་ཏེ་དྲིས་ལན་འདེབས་པ་སོགས་སྣ་མང་སྣེ་འཛིངས་ཀྱི་ལམ་ནས་རིག་པ་གང་མྱུར་གྱི་འགྲན་བསྡུར་ངོ་མཚར་ཞིང་ཡིད་དབང་འགུགས་པར་བྱེད་པས།  འགྲན་རྩོད་འདི་ནི་སློབ་མ་ཚོས་ཆེས་དོ་སྣང་བྱེད་ས་དང་གཟའ་འཁོར་རེ་རེར་རེ་སྒུག་གི་མིག་ཞགས་ལྷོད་མ་མྱོང་ས་ཞིག་རེད།

དགུ་བ། ལྗགས་རྩལ་འགྲན་བསྡུར།

       ཆོས་ནོར་འདོད་པ་ཐར་བ་སྟེ་བརྗོད་བྱ་སྡེ་བཞི་སོགས་གང་ཡིན་ཡང་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ་ཞིག་དགོས་ན་སྡེབ་ལེགས་པའི་རྗོད་བྱེད་ཀྱི་ཚིག་བཅད་ལྷུག་སྤེལ་མ་དང་། འོས་འཚམ་གྱི་ཚིག་རྒྱན།  སྒྲ་ཉམས་དང་དོན་ཉམས་སོགས་ནི་མེད་ཐབས་མེད་པའི་སྙན་ངག་གི་གྲུབ་ཆ་གཙོ་ཤོས་ལགས།  ཆེས་ཁྱད་དུ་འཕགས་པའི་བརྩམས་ཆོས་གང་ཞིག་ཀློག་ཀྱང་། ངལ་གསོའི་སྡོད་མཚམས། གདངས་ཀྱི་མཐོ་དམའ་དང་འཇམ་རྩུབ།    ཚིགས་བཅད་ལྷུག་རང་རང་གི་ཁྱད་ཆོས་གསལ་བ།  བརྗོད་བྱའི་དོན་དང་འབྲེལ་ཏེ་ཕྱིའི་ལུས་ངག་ཏུ་དགའ་སྐྱོ་ཆགས་སྡང་སོགས་ཉམས་མ་ཐོན་ན་སྙན་ངག་གི་བྲོ་བའམ་ཚོར་བ་གསར་བ་སོགས་ཅི་ཡང་སྟེར་མི་ཐུབ་པས༼ལྗགས་རྩལ་འགྲན་བསྡུར༽སྐབས་གནའ་དེང་མཁས་པའི་སྙན་རྩོམ་མམ། ཡང་ན་འགྲན་གླེང་དུ་ཞུགས་པའི་སློབ་མ་རང་ཉིད་ཀྱི་རྩོམ་ཐུང་རེ་༼གསལ་དག་མྱུར་༽ གསུམ་གྱི་ཁྱད་ཆོས་ཚང་བའི་སྒོ་ནས་ཀློག་འདོན་དང་གྱེར་འདོན་གང་རུང་བྱས་ཏེ་ལྗགས་རྩལ་གང་བཟང་དང་ཉམས་འགྱུར་སུས་ཐོན་ལ་འགྲན་བསྡུར་བྱེད་པ་མ་ཟད་རྒྱ་སྐད་དང་དབྱིན་སྐད་སོགས་སྐད་ཆའི་སྒྱུ་རྩལ་ཀྱང་འགྲན་ནོ། །

བཅུ་བ། གླུ་དང་རྡུང་ལེན་འགྲན་བསྡུར།

     དོན་སྙིང་ལྡན་པའི་ཤེས་རིག་འགྲན་གླེང་ཆེན་མོ་ཐེངས་གཅིག་རེ་མཇུག་སྒྲིལ་བའི་དགའ་སྟོན་དང་འབྲེལ་ཏེ་འགྲན་གླེང་བ་སོ་སོས་དམངས་གླུ་དང་རྡུང་ལེན།  རྒྱ་བོད་དབྱིན་གསུམ་གྱི་གླུ་དབྱངས་སོགས་ཐོས་འཛིན་གྱི་བདུད་རྩིར་གྱུར་བ་མང་བོས་འགྲན་བསྡུར་བྱས་ནས་དགེ་སློབ་ཡོངས་ལ་སྤྲོ་བ་བསྐྱེད་ཅིང་བོད་གངས་ཅན་གླུ་གར་གྱི་རྒྱ་མཚོ་ཡིན་པ་ར་སྤྲོད་གསལ་བོར་བྱེད། མཇུག་ཏུ་མཁྱེན་རྒྱ་ཡངས་ཤིང་གཟུ་བོར་གནས་པའི་སློབ་དཔོན་དག་གིས་ཐེངས་དེའི་འགྲན་གླེང་གི་དགེ་མཚན་དང་ཞན་ཆ་ཡོད་ཚད་ལ་སྤྱི་སྡོམ་དང་འབྲེལ་ཤེས་རིག་འགྲན་རྩོད་ལས་རྒྱལ་བའི་འཛིན་གྲྭ་གང་རུང་གི་འགྲན་གླེང་བ་དག་ལ་གཟེངས་བསྟོད་དང་། དགའ་དར་གནང་ཚེ་ཚོགས་ར་ཡོངས་རྫོགས་བསྟོད་པའི་དབྱངས་སྙན་དང་ཐལ་མོ་སྡེབ་སྒྲས་ཡོམ་ཡོམ་གཡོ། དེ་ལྟར་གཟའ་འཁོར་རེ་རེར་འཛོན་གྲྭ་སོ་སོའི་སློབ་མ་༼དམའ་རིམ་འཛིན་གྲྭ་ཡན༽སུ་ཡིན་ཡང་འགྲན་གླེང་ལ་ཞུགས་དགོས་ཤིང་། སློབ་སྐབས་གཅིག་རེའི་མཚམས་ནས་སྤྱི་སྡོམ་ཆེན་མོ་ཐེངས་རེ་བྱས་ཏེ་གཟེངས་བསྟོད་དང་བྱ་དགའ་ཆེན་མོ་གནང་བས། སློབ་མ་རྣམས་ཀྱིས་བློ་གྲོས་ཀྱི་སྒོ་འཕར་སྔར་ལས་སྔར་ལས་ཡངས་པོར་ཕྱེ་ཐུབ་པ་བྱུང་བ་ལས་གངས་ལྗོངས་གསར་བསྐྲུན་གྱི་བདག་པོ་དང་རྒྱུད་འཛིན་པ་ཆེས་མང་བོ་ཞིག་གི་བློ་གྲོས་ཀྱི་བང་མཛོད་ཤེས་རིག་ནོར་བུ་འབུམ་གྱིས་ཡོངས་སུ་གཏམས་ཤིང་། ཆབ་སྲིད་ཐོག་མེས་རྒྱལ་ལ་དགའ་ཞེན་ཆེ་བ་དང་མི་དམངས་ལ་གཅེས་སེམས་བརྟན་པའི་རྒྱལ་གཅེས་དམངས་ཕན་གྱི་གོ་རྟོགས་མཐོན་པོར་སླེབས་པ་དང་བསམ་བློའི་སྟེང་སྙིང་སྟོབས་དང་ཕུགས་བསམ་ལྡན་པ། ཀུན་སྤྱོད་ལེགས་པ། རིག་གནས་ལྡན་པ། སྒྲིག་ཁྲིམས་ལྡན་པ་སོགས་དཔལ་ཡོན་གཉིས་ལྡན་གྱི་དཔུང་ཁག་ཆེན་པོ་ཞིག་སྐྱེད་བསྲིངས་བྱས་པས་ད་ལྟའི་བར་དུ་སློབ་མཐར་ཕྱིན་པའི་སློབ་མའི་ཁྲོད་སློབ་གྲྭ་ཆེན་མོར་རྒྱུགས་སྤྲད་པའི་འཕྲོད་ཚད་བརྒྱ་ཆའི་དགུ་བཅུ་ལ་སླེབས་པས་ཕལ་ཆེར་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་གྲུབ་འབྲས་ཀྱི་སྟེགས་བུ་མཐོན་པོར་དབང་ལ། རྩོམ་ཡིག་གཅིག་པུའི་ཆ་ནས་ཀྱང་༼རྨ་རྒྱལ་མྱུག་གསརདང་།༽ ༼མར་མེ་ཚགས་པར།༽  ༼ལྷ་སྲས་གོས་དཀར།༽  ༼སྣ་ཚོགས་དཔྱད་བརྗོད་ཀྱི་བསྒྲགས་གཏམ།༽  ༼ཕུག་རོན་དཀར་མོའི་གསང་འཕྲིན།༽ ༼ཤམ་བྷ་ལའི་སྐུ་མགྲོན།༽ ༼གངས་རིའི་གཟི་བྱིན།༽ ༼དུང་ཟླའི་འཛུམ་ཟེར།༽ ༼ཧི་མ་ལའི་ཆབ་རྒྱུན།༽ ༼ལྷག་བསམ་གྱི་གླིང་ག་༽བཅས་ལོ་རེའི་མཐར་ཕྱིན་སློབ་མའི་མཐར་ཕྱིན་ཆེད་དེབ་གཅིག་རེ་དང་། སློབ་བུ་རང་སྒེར་ནས་ཀྱང་༼རྣམ་རྟོག་གིས་བཞེངས་པའི་འཇིག་རྟེན།༽  ༼མེ།༽ ༼ན་བུན་ཁྲོད་ཀྱི་གླུ་སྐད།༽ ༼རིགས་ཞེན་གྱི་གསང་བརྡ།༽ ༼ཁ་བའི་སྙན་ངག༽ ༼དཔལ་འབར་གྱི་ལང་ཚོ།༽ ༼རེ་སྒུག་གི་རྣམ་ཤེས།༽ ༼ང་དང་གངས་རིའི་ཚེ་སྲོག༽ ༼མྱ་ངན་གྱི་རོལ་དབྱངས།༽ ༼ལང་ཚོའི་མཆོད་ཡོན།༽ ༼དཔྱིད་རླུང་།༽ ༼ངང་བ་སེར་བོའི་མིག་ཆུ།༽  ༼སྦྲ་ནག་ལ་འཁྱུད་པའི་རྣམ་ཤེས།༽   ༼ང་དང་གངས་རིའི་ལང་ཚོ།༽ ༼སེམས་སྒྲ།༽ ༼བོད་རྩིས་ཀྱི་བྱུང་འཕེལ།༽   ༼འོད་ཀྱི་ཞབས་རྗེས།༽ ༼ལངས་ཚོའི་མེ་ཏོག༽ ༼གླག་གི་གཤོག་འགྱུ།༽ ༼འོད་ཀྱི་བཀའ་བརྡ།༽ ༼ཧི་མ་ལའི་འབྲོང་ཕྲུག༽ ༼རོལ་དབྱངས།༽ ༼ཁབ།༽ ༼ཁ་བའི་གླུ་སྐད།༽ ༼མེ་ལྕེ།༽ ༼དུར་འཇུག་གི་འདས་དོན།༽ ༼སེམས་ཀྱི་རོལ་དབྱངས།༽  ༼སེངས་ཀྱི་ལང་ཚོ།༽  ༼ཟླ་ངོག་གི་སེམས་འགྱུ།༽༼ཁེར་རྐྱང་གི་སེམས་འཕྲིན་》སོགས་སྙན་དཔྱད་རྩོམ་དེབ་བཅུ་ཕྲག་གསུམ་ལྷག་ཡོད། བོད་ཁུལ་གྱི་དུས་དེབ་དང་ཚགས་པར། དཔེ་ཚོགས་སོགས་སུ་སློབ་གླིང་འདིའི་རྩོམ་ཡིག་སྟོང་ཕྲག་ཁ་ཤས་བཀོད་པ་ནི་དགེ་སློབ་ཡོངས་ཀྱིས་དཀའ་སྤྱད་ཀྱི་འབྲས་རྟགས་བླ་ན་མེད་པ་ཞིག་ཡིན་ནོ། །

དགེ་འདུན་གྲགས་པས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5784846
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号