སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་ཚུལ་ལ་གསར་དུ་དཔྱད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་ཚུལ་ལ་གསར་དུ
སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་ཚུལ་ལ་གསར་དུ་དཔྱད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-03ལྟ་ཀློག (3663)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་ཚུལ་ལ་གསར་དུ་དཔྱད་པ།

རྩོམ་པ་པོ།   ཤེས་རབ་བསྟན་དར།

      བོད་ཀྱི་ལོ་རྒྱུས་རྣམས་ལས་སྲོང་བཙན་གྱི་སྔོན་དུ་བོད་ལ་ཡི་གེ་མེད་པས་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པ་ལས་ཡང་སྙིང་སྒྲུང་ལྡེའུ་བོན་གསུམ་ག་འདྲ་ཡིན་པ་དང་དེས་ཆབ་སྲིད་ཇི་ལྟར་བསྐྱངས་པའི་སྐོར་གསལ་བོར་བཤད་མེད་སྟབས་བོད་རིག་པར་ཞིབ་འཇུག་གི་ཁྲོད་དུ་ད་ལྟའང་དེ་ལ་བསྡོམས་ཚིག་ཡང་དག་ཅིག་ཐོབ་མེད། གསར་སློབ་པ་མང་བོ་ཞིག་ལ་དོགས་པ་ཤིན་ཏུ་ཆེ་བར་བརྟེན་ད་ལན་ཁོ་བོས་སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་བའི་སྐོར་ལ་དཔྱད་པ་ཐུང་ངུ་ཞིག་སྤེལ་བར་འདོད།


གཅིག  སྒྲུང་གིས་ཆབ་སྲིད་ཇི་ལྟར་བསྐྱངས་པ་ཡིན་ནམ། 

        སྒྲུང་ལྡེའུ་བོན་གསུམ་གྱི་སྒྲུང་ནི《མཁས་པའི་དགའ་སྟོན》ལས“མདོ་སྡེ་དར་བའི་ལྟས་སུ་སྒྲུང་རྣམས་དར། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང༌། མ་སངས་ཀྱི་སྒྲུང་མཆིལ་བའི་སྒྲུང་སོགས་ཉན་བཤད”ཅེས་འབྱུང་བ་བཞིན་དེ་དག་གིས་རིག་པའི་སྒོ་ཕྱེས་ཏེ་ཆབ་སྲིད་བསྐྱངས་པར་འདོད་ནའང་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང༌། མཆིལ་བའི་སྒྲུང་སོགས་ངོས་འཛིན་ལ་རྟ་མོག་མོག་གི་སྤུ་ལྟར་བཞེད་པ་མི་མཐུན་པ་གང་མང་ཞིག་ཡོད། གང་ལྟར་ཡང་དེ་དག་ཕལ་ཆེར་མི་ཆོས་གཏམ་དུ་སྨྲ་བའི་སྒྲུང་གཏམ་ཞིག་ཏུ་ངེས་ཤིང༌། “སོགས”ཁོངས་ནས་ད་དུང་རི་དྭགས་གཡུང་ལ་ཕབ་ཚུལ་དང༌། མི་ལ་རྗེ་བོ་བྱུང་ཚུལ། ཉི་ཟླ་སྐར་གསུམ་དང་འབྲུ་རིགས་སྣ་ལྔ། མགུར་ལྷ་བཅུ་གསུམ་སོགས་ཀྱི་གཏམ་རྒྱུད་བྱུང་བར་གདོན་མི་ཟ་ནའང་ང་ཚོས་མཐའ་གཅིག་ཏུ་མཆིལ་བའི་སྒྲུང་ལྟ་བུ་ལས་ཆབ་སྲིད་ཇི་ལྟར་བསྐྱངས་སྙམ་པའི་དོགས་པའང་གཏན་ནས་མི་དགོས། 
  སྒྲུང་ཞེས་པ་ནི་སྔོན་གྱི་གཏམ་བརྗོད་པའི་ངག་གི་ཕྲེང་བ་ཞིག་སྟེ་བརྗོད་བྱ་ཕུན་སུམ་ཚོགས་ལ་གསོན་ཤུགས་ལྡན་པས་ཡིད་འཕྲོག་པ་ཞིག་ཀྱང་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“དེ་བཞིན་སྔོན་གྱི་གཏམ་རྒྱུད་མང་བོ་ལ་ཚད་མར་བྱེད②”ཅེས་གསུངས་པ་བཞིན་སྔོན་གྱི་མི་རྣམས་ཀྱིས་སྒྲུང་གི་མི་སྣས་བཀོད་པའི་ཟིན་ཐོ་དང་སྤྱི་ཚོགས་ཀྱི་གནད་དོན་མང་བོ་ཐག་གཅོད་ཐུབ་པ་བྱུང་བས་རིམ་གྱིས་སྒྲུང་དང་མི་རིགས་ གོམས་སྲོལ་ལ་མ་བུ་ལྟ་བུའི་འབྲེལ་བ་དམ་པོ་ཆགས་པར་བརྟེན། སྔོན་གྱི་བཙན་པོ་རྣམས་ཀྱིས་བརྗོད་བྱ་ཕུན་སུམ་ཚོགས་པའི་སྒྲུང་སྣ་ཚོགས་ཀྱིས་ཆབ་སྲིད་ཐག་གཅོད་པ་ལ་བརྟེན་ནས“ཆབ་སྲིད་སྒྲུང་གིས་བསྐྱངས”ཞེས་པའི་གཏམ་འདི་བྱུང་བ་རེད། དེས་ན་སྒྲུང་གིས་ཆབ་སྲིད་ལ་ནུས་པ་ཇི་ལྟར་ཐོན་ཚུལ་ཐད་ལ་ཁོ་བོས་དབྱེ་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་ཐུབ་པ་འདི་ལྟ་སྟེ། 
༡ མནའ་ཡི་ནུས་པ་ཐོན་པའི་སྐོར།
        སྤྱི་ཚོགས་འཕེལ་རིམ་ལ་བལྟས་ན་སྒྲུང་ཡོད་ཚེ་ལྷ་ཡོད་ལ་ལྷ་ཡོད་པར་ངོས་འཛིན་གྱིས་དེ་བདེན་དབང་དུ་འཇོག་པའི་ལམ་སྲོལ་བྱུང་ཞིང༌། ལྷའམ་ཉི་ཟླ་སྐར་གསུམ་བདེན་དཔང་དུ་བྱས་ནས་མནའ་བསྐྱེལ་ན་དེ་ལས་བདར་མི་ཐུབ་པའི་ནུས་པ་ཞིག་བྱུང་བ་བོད་ཀྱི་གཏམ་དཔེར། “མིས་མི་བཟའ་མནའ་དང་ཁྱིས་མི་བཟའ་ལྕགས”ཞེས་དང“མནའ་ཟོས་པའི་བུ་ལ་ཐར་བ་མེད”ཅེས་པ་སོགས་ལས་གསལ་བར་མཐོང་ཐུབ། ལྷག་པར《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ཞེས་པ་ལས།“རྗེ་བློན་རྣམས་ཀྱིས་འདུན་མ་ཆུང་ངུ་རེ་བསྡུ་སྟེ། ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད། ཐོག་མར་སྲོག་ཆགས་དེ་དག་གི་རྐང་ལག་འབྲེག  དོན་སྣོད་མདུན་དུ་སྤུངས་ནས་བན་དེ་ཞིག་གིས་གནམ་ས་རི་ལུང་ཉི་ཟླ་གཟའ་སྐར་ལ་སོགས་པ་དཔང་དུ་གསོལ་ཏེ། གལ་ཏེ་འདུན་མ་དང་འགལ་ཏེ་བསམ་ངན་བྱེད་ན། ལྷ་ལ་མངོན་མཁྱེན་ཡོད་པས། ཁྱོད་ཚོ་ཡང་ལུག་ཁྱི་འདི་རྣམས་བཞིན་དུ་མི་བགྱིད་རི་ཞེས་མནའ་འདོར་རོ། །ལོ་གསུམ་ན་འདུན་མ་ཆེན་པོ་རེ་བསྡུ། མཚན་མོ་ཁྲི་ཐོག་ཏུ་མཆོད་ཟས་རྣམས་བསྒྲིགས་པ་དང༌། ཁྱི་རྟ་གཡག་གསུམ་དང་བོང་བུ་རྣམས་བསད་དེ་ཁྱོད་ཅག་ཡོད་དོ་ཅོག་གིས་སེམས་རྩ་མཐུན་པའི་སྒོ་ནས་རང་ཡུལ་སྲུང་བར་གྱིས་ཤིག གནམ་སའི་ལྷ་རྣམས་ཀྱིས་ཁྱོད་ཅག་སེམས་པ་ཐམས་ཅད་མཁྱེན་པས། གལ་སྲིད་མནའ་དང་འགལ་ན་ད་ལྟ་བསད་པའི་སྲོག་ཆགས་འདི་རྣམས་བཞིན་དུམ་བུར་བྱས་ལ་གསོད་ཅིག་ཅེས་མནའ་འདོར་རོ། །③”ཞེས་པ་འདི་དང་གནའ་བོའི་རྡོ་རིང་ཡི་གེ་དག་ལ་བལྟས་ན་དགྲ་འདུལ་གཉེན་སྐྱོང་དང་ཆོས་སྲིད་ཀྱི་བྱ་བ། ཡང་ན་སྲིད་དོན་གལ་བོ་ཆེ་ཞིག་ལ་ཐུག་དུས་རྒྱལ་བློན་དང་འབངས་དག་གི་འཐུས་མི་དང་བཅས་པས་ལྷན་ཅིག་བྲོ་བོར་ཏེ་བློ་བརྟན་འགྱུར་བ་མེད་པ་བྱེད་ཅིང་དེ་ལས་འབྲས་བུ་ཆེན་པོ་ཕྱིའི་དགྲ་འདུལ་བ་དང་ནང་གི་ཆབ་སྲིད་བརྟན་པར་བློ་ལས་འགོངས་པའི་ནུས་པ་ཞིག་བཏོན་ཡོད། ལྷག་པར་ད་ལྟའི་བར་དུ་རང་རེའི་རོང་འབྲོག་ས་ཁུལ་དུ་སྲོལ་འདི་ཡོངས་ཁྱབ་ཏུ་དར་བ་ལ་བརྟགས་ན་སྒྲུང་དང་མནའི་ནུས་པ་ལ་འབྲལ་དུ་མེད་པའི་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་ཡོད་པས་ཚུལ་དེ་ལ་བལྟས་ན་མནའ་ཡིས་ཆབ་སྲིད་ལ་ནུས་པ་ཐོན་པའི་གནད་དེ་སྒྲུང་ལའང་ཐད་ཀར་འབྲེལ་ཡོད་ཅིང༌། སྐབས་དེར་མནའ་སྐྱེལ་བའི་གཏམ་རྒྱུད་མང་བོ་ཞིག་ཡོད་ངེས་ཤིང༌། མི་ཆེ་གེ་མོས་མནའ་ཟོས་པས་རྐྱེན་ངན་དེ་དང་དེ་བྱུང་ལྟ་བུའི་སྒྲུང་ད་ལྟའང་ཀློང་ལ་ཁྱབ་འདུག་པ་འདིས་སྒྲུང་གིས་ཆབ་སྲིད་བསྐྱངས་པའང་མནའ་དང་སྦྲེལ་ནས་བཤད་ཆོག
 ༢  ཁྲིམས་ཀྱི་ནུས་པ་ཐོན་པའི་སྐོར
        སྲོང་བཙན་གྱི་སྔ་རོལ་དུ་བོད་ལ་ཡི་གེ་མེད་པས་གཅིག་གྱུར་གྱི་ཁྲིམས་ཡིག་མ་བྱུང་ཡང་ཁྲིམས་མེད་པ་ག་ལ་ཡིན། 《ལ་དྭགས་རྒྱལ་རབས》ལས། “མངའ་ཐང་བཀའ་ཁྲིམས་ཀྱིས་སྐུ་བརྒྱན་མཛད། རྗེ་བཀའ་གངས་ལ་ཉི་མ་ཤར་བ་དང་འདྲ།④ ”ཞེས་པས་གཉའ་ཁྲིའི་སྐབས་ནས་བོད་ལ་ཁྲིམས་སྲོལ་དར་ཡོད་པ་གསལ་ཆའང་ཁྲིམས་ཡིག་མེད་པས་སྒྲུང་གིས་ཁྲིམས་ཡིག་གི་ཚབ་བྱས་ཏེ་གནད་དོན་ཐག་གཅོད་པའི་སྲོལ་བྱུང་ཡོད་ཅིང༌། དེའི་རྨང་གཞིའི་སྟེང་ནས་རྗེས་སུ་ཁྲིམས་ཡིག་གཏན་ལ་འབེབ་སྐབས་ཀྱང་སྒྲུང་ལ་བརྟེན་ནས་ཁྲིམས་ཡིག་བཟོས་པ། དཔེར་ན། 《མཁས་པའི་དགའ་སྟོན》ལས།“གཉི་གས་ལན་པ་ལ་བྲམ་ཟེ་དབྱུག་པ་ཅན་གྱིས་ཁྱིམ་བདག་གི་གླང་གཡར་ནས་གཏོང་དུ་ཕྱིན་པས་ཁྱིམ་བདག་གི་ར་བར་བཏང་སྟེ་ཅི་ཡང་མ་སྨྲས་པར་ལོག  ཁྱིམ་བདག་གིས་གླང་སྐྱེལ་བ་མཐོང་ཡང་མ་བཏགས་པར་བཞག་པས་གླང་ཕུགས་ཀྱི་སྒོ་ནས་ཐོན་ཏེ་སྟོར་བ་རྒྱལ་བོ་མེ་ལོང་གདོང་ལ་ཞལ་ལྕེ་ཞུས་པས་བྲམ་ཟེས་གླང་བཏང་ཡོད་དོ། །ཞེས་མ་སྨྲས་པས་ལྕེ་ཆོད། ཁྱིམ་བདག་གིས་མཐོང་ཡང་མ་བཏགས་པས་ལག་པ་བྲེགས། ཞེས་ཞལ་ལྕེ་བཅད་པ་ལ་དཔེ་བྱས་ནས་ཆད་པ་གཉིས་མཉམ་དུ་གཅོད་པ་དབང་ཆེན་བཅད་ཀྱི་ཁྲིམས། གཉི་ག་བདེན་ན་ཁྱིམ་བདག་ཞིག་གི་བུ་སྐྱེས་མ་ཐག་ཆུར་ལྷུང་བ་ཉ་ཞིག་གིས་མིད་པ་རིའི་འོག་གི་གྲོང་ན་གནས་པའི་ཁྱིམ་བདག་གཞན་ཞིག་གི་གཡོག་གིས་ཉ་དེ་ཟིན་ནས་བཤས་པས་ཁྱེའུ་ཞིག་མ་ཤི་བར་བྱུང་བ་ཁྱིམ་བདག་དེས་བུར་གསོས་པ་ཁྱིམ་བདག་གཞན་གོང་མས་ཐོས་ནས་རྩོད་དེ་རྒྱལ་བོ་ལ་ཞལ་ལྕེ་ཞུས་པས་གཉི་གས་ཁྱེའུ་རེས་མོས་སུ་གསོས་ལ་བུད་མེད་རེ་རེ་ལོངས། བུ་བྱུང་ན་ཁྱིམ་བདག་སོ་སོས་ཁྱེར་ཞིག་སྨོས་བྱུང་ནས་ཁྱེའུ་རིགས་གཉིས་པར་མིང་ཆགས། བུ་རེ་རེ་སོ་སོས་ཁྱེར། ཕྱིས་རབ་ཏུ་བྱུང་བས་དགེ་སློང་རིགས་གཉིས་པར་གྲགས་པ་དེ་ལ་དཔེ་བྱས་ནས་བདེན་གཉིས་དགའ་གསུམ་དུ་གཅོད་པ་ཁབ་སོ་ནང་པའི་ཁྲིམས་ཡིག་ཏུ་གྲགས⑤”ཞེས་བྱུང་བ་དག་ལས་སྒྲུང་ལ་བརྟེན་ནས་ཁྲིམས་བྱས་པ་ཤིན་ཏུ་གསལ་ཞིང་བོད་ལ་གཅིག་གྱུར་གྱི་ཁྲིམས་ཡིག་གཏན་ལ་མ་ཕབ་པའི་སྔོན་དུ་ད་ལྟའི་ཨ་མདོའི་ས་ཁུལ་དུ་དར་བ་བཞིན་གནའ་སྔ་མོར་ཆེ་གེ་མོས་གཟུ་བྱེད་དུས་གནད་དོན་འདི་ལྟར་ཐག་བཅད། དེ་ལྟར་ན་འདི་ལྟར་བྱེད་དགོས། ག་གེ་མོས་འདི་ལྟར་ཐག་བཅད། དེ་ལྟར་ན་འདི་ལྟར་བྱེད་དགོས་ཞེས་ཐ་ན་སྔོན་གྱི་མིས་བཤད་པའི་སྐད་ཆ་དང་གཏམ་དཔེ་སོགས་ཀྱང་ཆུ་བཞུར་བ་བཞིན་ཐོན་ཐུབ་པ་ཞིག་ཡིན་ངེས། དེས་ན་ད་ལྟའི་ཨ་མདོའི་ས་ཁུལ་དུ་དར་བའི་སྲོལ་འདི་ནི་སྔོན་གྱི་རྒྱུན་ཞིག་ཏུ་གདོན་མི་ཟ་བས་འདི་ལ་དཔྱད་ན་སྐབས་དེའི་ཁྲིམས་དཔོན་དག་ནི་སྒྲུང་ལ་མཁས་ཤིང་བློ་ཐོས་ཡངས་པ། གཏམ་དང་ཁ་ལྕེ་ལྡན་པ་ཞིག་ཏུ་ཤེས་ཐུབ། 
༣ རྗེ་བློན་གྱི་བརྩི་བཀུར་ལ་ནུས་པ་ཐོན་པའི་སྐོར།
        དབང་སྒྱུར་གྲལ་རིམ་གྱིས་རང་གི་ཁེ་ཕན་གྱི་ཆེད་དུ་ལྷ་སྒྲུང་མང་བོ་དར་སྤེལ་བཏང་སྟེ་རྒྱལ་བོ་དང་བློན་པོ་ལྷ་ནས་ཆད་པའམ་ལྷ་ཡིས་བསྐོས་པའི་ལྷ་སྒྲུང་ངམ་བཤད་ཚུལ་བྱུང་བ་དེས་གདོད་མའི་མི་རྣམས་ཀྱིས་དོན་དངོས་ལ་བརྟག་དཔྱད་བྱེད་མ་ཐུབ་པར་ལྷར་ཡིད་ཆེས་ཀྱིས་དེ་དག་བརྩི་ཞིང་བཀུར་བའི་སྲོལ་འདི་བྱུང་བ་རེད། དཔེར་ན། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》  ལས“ལྷ་གནམ་གྱི་སྟེང་ནས་གཤེགས་པ། གནམ་ལྷབ་ཀྱི་བླ་ན། ཡབ་ལྷ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཚིགས་དང་བདུན། ཁྲིའི་བདུན་ཚིགས་ཀྱི་སྲས། ཁྲི་ཉག་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །ལྷ་རི་གྱང་དོར་གཤེགས་ན། རི་རབ་ལྷུན་པོ་ཡང་དགའ་དུད་དུད། ལྗོན་ཤིང་སྡོང་བོ་ཡང་བང་ཐང་ཐང༌། ཆབ་ལུ་མ་ཡང་དངོ་སིལ་སིལ། གོར་ཕ་བོང་ལ་སྩོགས་པ་ཡང་གཉེན་ཁྲུང་ཁྲུང་གིས་ཕྱག་འཚལ་ལོ། བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ། །⑥”ཞེས་པ་འདི་ལས་གཉའ་ཁྲི་ལྷ་ནས་མཆེད་པ་དང༌། བོད་དུ་བྱོན་དུས་རི་ཆུ་ནགས་ཚལ་ཐམས་ ཅད་ཀྱིས་ཕྱག་བྱས་པ་ལ་སོགས་སྒྲོ་བཏགས་ཀྱི་སྒྲུང་གཏམ་ངོ་མཚར་ཅན་ཞིག་བཟོས་ཏེ་མི་རྣམས་བློ་འགུག་གིས་བརྩི་བཀུར་གྱི་ནུས་པ་ཞིག་ངང་གིས་ཐོན་བཅུག་སྟེ་ད་ལྟའི་བར་དུ་རང་རེའི་མི་རྣམས་ཀྱི“མི་རྗེ་ལྷ་ནས་མཆེད”ཅེས་པའི་གཏམ་འདི་བྱུང༌།  གཞན་ཡང《ལེགས་བཤད་མཛོད》ཀྱི“བོན་སྙད་པ་བསྣུབས་བོན་གཤེན་མཐའ་རུ་སྤྱུགས། བོན་བསྣུབས་པའི་དབུ་ཡོག་རྒྱལ་ལ་བབ། རྒྱལ་བོ་ཐེའུ་རང་མང་སྙ་ཡུ་ཝེར་གྱི་སྐྱེ་བ་ཡིན། འབངས་ལོ་ངམ་རྟ་རྫི་ཡིས་ལྟག་པ་གཅུས་ནས་བསད⑦”ཅེས་པའི་གཏམ་རྒྱུད་དེ་ལས་གྲི་གུམ་ཐེའུ་རང་གི་སྤྲུལ་པར་བཤད་པ་འདིས་རྒྱལ་བོ་ཆེས་དམན་པ་ཞིག་ཏུ་བཏང་ཡོད་ལ། ལོ་ངམ་བོན་གྱི་ཆོས་སྐྱོང་གི་སྤྲུལ་པ་ཡིན་པས་རྒྱལ་བོ་དཀྲོངས་པ་ནི་བོན་བསྣུབས་པའི་ལེ་ལན་ཡིན་པ་སོགས་ལས་ལོ་ངམ་གྱིས་རྒྱལ་བོ་ལྔ་ལམ་དུ་གཏོང་འོས་ཤིང་འཚམ་པ་ཞིག་ཏུ་བཤད་ནས་དམངས་ལ་བསླུ་བྲིད་ཀྱི་ནུས་པ་ཐོན་པའི་སྒྲུང་གཏམ་དེས་ལོ་ངམ་བཀུར་འོས་པ་ཞིག་ཏུ་དོན་གྱིས་བསྟན་ཡོད། ཡང་རུ་ལས་སྐྱེས་ཡར་ལྷ་ཤམ་པོའི་བུ་རུ་བཤད་པའི་སྒྲུང་སོགས་ཀྱིས་ཁོང་རང་ཐང་བུ་ཡིན་པར་དམོད་པ་འགོག་པ་སོགས་ཏེ་ལྷར་དད་པ་བེད་སྤྱད་ནས་རང་གི་ཆབ་སྲིད་ཇེ་བརྟན་དུ་གཏོང་བའི་ཐབས་ལམ་ཞིག་ལས་མ་འདས་སོ། །
༤ དགྲ་འདུལ་གཉེན་སྐྱོང་ལ་ནུས་པ་ཐོན་པའི་སྐོར།
        བོད་ཀྱི་ལོ་རྒྱུས་སྟེང་དུ་དགྲ་འདུལ་གཉེན་སྐྱོང་གི་བྱུང་བ་བགྲང་ལས་འདས་པ་ཞིག་ཡོད་ལ་དེ་དག་བརྗོད་བྱར་བྱས་པའི་སྒྲུང་གཏམ་ཡང་གང་མང་ཞིག་ཐོན་ཡོད། 《ལྡེའུ་ཆོས་འབྱུང》ལས། “བཙན་པོའི་ཞལ་ནས་མ་གི་ལ་རྐུ་ཡོད། སྡང་ཡོད། དགྲ་ཡོད། དུག་ཡོད། གཡག་ཡོད། བྱད་ལྟེམས་ཡོད་གསུངས་པས། རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། དུག་ལ་སྨན་ཡོད། གཡག་ལ་མཚོན་ཡོད། བྱད་ལྡེམས་ལ་འགྲོལ་ཐབས་ཡོད།⑧ ”ཅེས་པ་སོགས་ཀྱི་སྒྲུང་ལས་གཉའ་ཁྲི་དགྲ་འདུལ་གཉེན་སྐྱོང་ལ་མཁས་ལུགས་བསྟན་ཡོད་ཅིང༌། གཞན་ཡང་དེ་ལྟ་བུའི་སྒྲུང《རྟ་རྐྱང་རབ་དབྱེ》སོགས་ཀྱང་བྱུང་མྱོང་བས་ད་ལྟའི་བར་དུ“དགྲ་འདུལ་གཉེན་སྐྱོང”ཞེས་པའི་གཏམ་རྒྱུད་འདི་བྱུང་བ་ཡིན་ལ་དེའི་ཕྱིར《ལ་དྭགས་རྒྱལ་རབས》ལས“སྐུ་སྲུང་སྡེ་བཞིས་སྐུ་སྲུངས་རྒོད་ལྡོད་སྡེ་མི་བཞི་བཅུ་རྩ་བཞིས་ནི་ཕྱིའི་དགྲ་འདུལ། རོང་དོར་ཁབ་སོ་ཉི་ཤུ་རྩ་གཉིས་ཀྱིས་བང་མཛོད་འགྱེངས། ཚོང་འཕྲོས་བཅུ་གཉིས་ནས་ནོར་གྱི་དབྱིག་འབུལ།  ལེགས་ཉེས་ཀྱི་བྱ་དགའ། དཔའ་མཛངས་ཀྱིས་ཤན་འབྱེད། ནོངས་ཀྱི་ཆད་པའི་ཤ། གཡོའི་ཁུང་སྣུབས། མཛད་སྣ་ལྔའི་གསེར་གཡུ་དང་ཡིག་ ཚང་གིས་བསྟོད། དཔལ་སྣ་ལྔས་སེང་གེ་དང་གུང་སྟག་གིས་བརྒྱན། མགྱོགས་སྣ་ལྔས་ཆིབས་སུ་མཛད་ནས་རྒྱུགས་སུ་སྤྲོ། རྗེའི་བཀའ་ཁྲིམས་ནི་གངས་ལ་ཉི་མ་ཤར་བ་དང་འདྲ། མཛད་པ་ལས་སུ་ཕོ་བྲང་འུམ་བུ་བླ་སྒང་བརྩིགས། རྐུ་འཕྲོག་དང༌། རྫུན་སྤྱོད་ཅིང༌། ཚོང་ དང་ཁེ་སྤོགས་ལ་མི་ལྟ། རྒྱལ་ཁམས་ཐམས་ཅད་བདེ་ཞིང༌། མངའ་ཐང་ཐམས་ཅད་སྐྱིད⑨”ཅེས་པ་འདི་ལྟ་བུ་དག་ཀྱང་རྒྱལ་རབས་རྗེས་མའི་རྒྱལ་སྲིད་སྐྱོང་བའི་དཔེ་རུ་འཇོག་པ་ཡིན་ལ་ཡང《རྒྱ་བོད་ཆོས་འབྱུང་རྒྱས་པ》ལས།“དབང་མཛད་བཅུ་གཉིས་ཀྱི་ལོ་རྒྱུས་དང་བཅས་པ་ཟེར་བས་དེ་ལྟར་བསྐོས་པའི་རྒྱལ་བོ་ཕྱོགས་བཞི་ཁ་ན་གྲགས། བོད་དབུས་ན་རྨོངས་པས་ཁས་ཉེན་ཏེ། རྒོལ་དུ་མི་ཐུབ་བྲག་རི་བཙན་པོ་འཛིན་སྐད⑩”ཅེས་བྱུང་ཞིང་དེའི་དུས་སུ་ཕྱོགས་བཞིའི་རྒྱལ་བོ་འདི་ལ་དཔྱད་ན་དབང་མཛད་ཀྱི་གོང་ནས་དགྲ་འདུལ་གཉེན་སྐྱོང་གི་སྲོལ་ག་བྱུང་ལ་དེ་ལས་ངོ་མཚར་བའི་སྒྲུང་གང་མང་བྱུང་བའང་གདོན་མི་ཟ་བས་སྒྲུང་གིས་དགྲ་འདུལ་གཉེན་སྐྱོང་ལ་ནུས་པ་བཏོན་པ་ནི་བཙན་པོའི་སྐབས་ཁོ་ན་མ་ཡིན་པར་དེའི་སྔ་རོལ་ནས་ཡོད་ལ། བཙན་པོ་ཞེས་བཀུར་བ་འདིའང་དགྲ་འདུལ་གཉེན་སྐྱོང་དང་དེའི་སྒྲུང་ལ་ཐད་ཀར་འབྲེལ་བའི་ཐ་སྙད་ཅིག་ཏུ་མངོན། གཞན་ཡང་བོད་ཀྱི་ལོ་རྒྱུས་སུ《རྒན་མོ་གསེར་འཁུར》ཞེས་པའི་སྒྲུང་དེ་སྤྱི་ཚོགས་བདེ་བའི་ཚད་དུ་ད་ལྟའང་གླེང་བཞིན་ཡོད་ལ་དེ་དག་གིས་དགྲ་འདུལ་གཉེན་སྐྱོང་ལ་ནུས་པ་ཐོན་པ་བསྙོན་ པར་ག་ལ་ནུས། ད་དུང་སྟོད་སྨད་བར་གྱི་དཔའ་སྡེ་ཞེས་པ་དག་གི་དགྲ་འཐབ་ཀྱི་ནུས་པ་དེའང་སྒྲུང་དང་འབྲེལ་ཡོད་པར་སེམས་ཏེ་དཔྱད་པར་རིགས་སོ། །
གཉིས། ལྡེའུ་དང་དེས་ཆབ་སྲིད་ཇི་ལྟར་བསྐྱངས་པའི་སྐོར།
  《མཁས་པའི་དགའ་སྟོན》ལས།“མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྲོད། སྲང་ལ་ཐེམ་གཉེར་ལྭ་བ་ཆེ་བ་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་བ་སོགས་ཏེ⑴”ཞེས་པ་འདི་དག་ལ་དཔྱད་ན་ལྡེའུ་ནི་ད་ལྟའི་ཁེད་དུ་སྣང་བས་མང་བོ་ཞིག་གིས་ཁེད་ཀྱིས་རྒྱལ་སྲིད་ཇི་ལྟར་བསྐྱངས་བར་སོམ་ཉི་བྱེད་ལ། ལོ་རྒྱུས་སྨྲ་བ་འགས་ལྡེའུ་ནི་ཞང་ཞུང་སྐད་དེ་རིག་པའི་མིང་ཡིན་པར་འདོད་མོད་དོན་དུ་འཁྱོག་པའི་བརྡ་རྙིང་ཡིན་པ་རྗེ་ཙོང་ཁ་པས《ལེགས་བཤད་གསེར་འཕྲེང》དུ་གསུངས་ཏེ་དེ་ཉིད་ལས།“ཐད་ཀར་མི་སྟོན་པ་འཁྱོག་པའི་ངག་གིས་བསྟན་པའི་དགོས་པ་འདིའོ་ཞེས་དགོས་པ་སྟོན་པའི་ཆ་ནས་ལྡེམ་པོར་དགོངས་པ་སྟེ་ལྡེམ་པོའམ་ལྡེའུའི་ངག་ནི་འཁྱོག་པོ་ཡིན་པས་སོ། །”ཞེས་འབྱུང་བ་ལྟར་རོ། །འདི་ལ་དཔྱད་ན་ཐད་ཀར་དྲང་བོར་མི་སྟོན་པ་ནི་ལྡེའུ་ཡིན་པ་གདོན་མི་ཟ་ལ་ཁེད་ཀྱི་གོ་དོན་ཡང་ཕལ་ཆེར་དེ་ལས་མ་འདས་སྙམ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི《གསེར་གྱི་ཐང་མ》ལས། “བརྡ་ཐབས་ཡིན་ཁུལ་མང་བོ་སྨྲ་བ་ལ་དགའ་བར་བྱེད། བློན་ཆེན་ལྟ་བུ་ཞིག་གིས། འདི་ལྟར་བྱས་ན་ཤར་གྱི་རི་ནུར་ཏེ་ནུབ་ཀྱི་མཚོ་ཁ་བཅད་ཡོང་ཞེས་སྨྲས་པ་ལ། རྒན་མོ་རིག་པ་ཅན་རྣམས་ཀྱིས་དེའི་དོན་ཅི་ཡིན་ཞེས་ཉིན་མང་བོ་ལ་བསམ་བློ་གཏོང་བར་བྱེད།⑶ ”ཅེས་པ་ལ་བསམ་ན་ཡང་ཤེས་ཐུབ་ལ་གོང་གི་ཚིག་འདི་ལས་ལྡེའུའི་ལམ་ནས་གཏམ་སྨྲ་བའི་སྲོལ་ཤིན་ཏུ་དར་ཁྱབ་ཆེ་བ་ཤེས་ཐུབ། དེ་བཞིན《མཁས་པའི་དགའ་སྟོན》དུའང༌།“འཕན་ཡུལ་དར་རྒྱལ་བྱིས་པ་མང་བོ་རྗེ་བྱ་བ་འཕྲུལ་ཆེ་བ་ར་ཐོས་ནས་བློན་པོ་བཞི་འཚོལ་དུ་ཕྱིན་པས་ནེའུ་གསིང་ཆེན་པོ་ཞིག་གི་མཐར་བྱིས་པ་དང་འཕྲད། ན་འདིའི་གཞུང་གཅོད་དམ་མཐའ་བསྐོར་དྲིས་པས་དལ་ན་གཞུང་ཆོད། རིངས་ན་མཐའ་བསྐོར་ཟེར། བློན་པོ་བཞིས་གཞུང་བཅད་པས་འདམ་དུ་ཚུད་ནས་ཡུན་རིང་འགོར། བྱིས་པ་དེ་ལ་ཕ་མ་གར་སོང་དྲིས་པས་ཕ་གཏམ་འཚོལ་དུ་སོང༌། མ་མིག་འཚོལ་དུ་སོང་ཟེར། དར་ཅིག་ན་ཕས་ཆང་ཁྱེར། མས་མེ་ཁྱེར་བྱུང་སྐད⑷”  ཅེས་གསལ་བ་དག་གིས་ཀྱང་ར་འཕྲོད་ཐུབ། དེ་ལྟར་སྤྱི་ཚོགས་སྟེང་དུ་ལྡེའུ་དར་ཁྱབ་ཆེ་ ནའང་དེས་ཆབ་སྲིད་སྐྱོང་བ་ནི་ཕལ་ཆེར་གསང་འཕྲིན་ལ་འབྲེལ་བ་ཡོད་པ་ཞིག་སྟེ་ངག་གམ་བརྡ་ཐབས་སྣ་ཚོགས་བརྒྱུད་ནས་གསང་བ་སྐྱེལ་བ་ཞིག་ཡིན་པར་མངོན། ཁོ་བོས་དཔྱད་པ་ལྟར་ན་ལྡེའུ་ལ་ངག་གི་ལྡེའུ་དང་རྫས་ཀྱི་ལྡེའུ་གཉིས་ཡོད་ཅིང་སྤྱོད་སྟངས་ལའང་ནམ་རྒྱུན་འཚོ་བའི་ནང་དུ་སྤྱོད་པ་དང༌། རྩེད་མཚར་གྱི་སྐབས་སྤྱོད་པ། གསང་འཕྲིན་ལ་སྤྱོད་པ། དགོས་པ་གལ་ཆེན་ཞིག་གི་ཆེད་དུ་སྤྱོད་པ་སོགས་ཡོད་ནའང་འདིར་གསང་འཕྲིན་ལ་འབྲེལ་བ་ཡོད་པའི་ལྡེའུ་གཉིས་གླེང་བར་བྱ་སྟེ། 
༡ ངག་གི་ལྡེའུ་ནི《རྒྱལ་རབས་གསལ་བའི་མེ་ལོང》ལས། “བོད་བློན་རྣམས་ཀྱིས་རྫུས་མའི་སྤྲང་བོ་ཞིག་བཏང་བྱུང་ངོ༌། །དེར་བློན་པོ་ལོག་པའི་སྐད་བྱས་ཏེ་ར་ཕོ་རྒྱ་བོ་ལ་ངོ་ཤེས་མི་བྱའོ། །ཁ་རོག་སྡོད་ལ་ཀུ་ཅོ་ཐོང༌། ནག་མོ་ལྕགས་མཁར་ཐུག་ནས་ཡོང༌། །ལུང་པ་ཕུ་བརྡུགས་མདའ་བརྡུགས་སུ། །ཐུ་རུ་ཅོ་བྲགས་ཁོང་ལ་ཞོག །དར་དཀར་དྲིལ་ལ་དར་ནག་ བསྐྱོད། །ཟླ་བ་ཉི་མའི་རྩ་རུ་སླེབ། །ཟེར་ནས་དེར་སྤྲང་བོ་དེ་ལོག་གོ⑸”ཞེས་སྐད་བཏང་བ་དེའང་ངག་གི་ལྡེའུ་ཁོངས་སུ་གཏོགས་པ་ཡིན་ཏེ་དེའི་དོན་ནི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མ་བྱེད་ཅེས་པ་རྒྱའི་བློན་པོ་ལ་ཁོང་རང་གི་རྒྱུ་མཚན་མ་བཤད་ཅེས་པའི་བརྡ་ཡིན་ལ། ནག་མོ་ལྕགས་མཁར་ཐུག་ནས་ཡོང་ཞེས་པ་དེ་རྒྱ་རྣམས་ལ་ས་བོན་ཡོས་སུ་བརྔོས་ནས་འདེབས་སུ་བཅུག་པའི་བརྡ་ཡིན། ལུང་པ་ཕུ་བརྡུགས་མདའ་བརྡུགས་སུ། །ཐོ་རུ་ཅོ་བྲགས་ཁོང་ལ་ཞོག་བྱ་བ་དེ་དོང་བར་མདའ་མོ་མང་བོ་བཅུག་ཅེས་པའི་བརྡ་ཡིན། དར་དཀར་དྲིལ་ལ་དར་ནག་བསྐྱོད་ཅེས་པ་དེ་ཉིན་མོར་བསྡད་དེ་མཚན་མོར་འོང་ཞེས་པའི་བརྡ་ཡིན། ཟླ་བས་ཉི་མའི་རྩར་སླེབ་ཟེར་བ་དེ་ང་ཁྱེད་རྣམས་ཀྱི་སར་མགྱོགས་པོར་ཡོང་ཟེར་བའི་དོན་ཡིན་པ་སོགས་ཁེད་དང་ཆ་འདྲ་བར་བརྡ་འཕྲིན་སྐྱེལ་བ་འདི་ལྟ་བུ་དམངས་ཁྲོད་གཏམ་རྒྱུད་དག་ན་ཤིན་ཏུ་མང༌། དེ་དག་ལས་དཔེ་མཚོན་རེ་བཀོད་ན། བློན་པོ་མགར་སྟོང་བཙན་ལོ་ན་བགྲེས་དུས་རྒྱའི་མྱུལ་མ་གསུམ་སླེབས་ཏེ་མགོ་འཛུལ་ཚུལ་བསྟན་པར་ཁོང་གིས་ཤིན་ཏུ་ལེགས་མོད་ཀྱི་ཁོ་བོ་ན་སོ་སྨིན་པས་ད་སྐབས་བུ་ཆེ་བས་འགན་འཁྲི་བཞེས་བཞིན་ལགས་པས་དེར་སོངས་ཞེས་གདམས་ཏེ་གཅིག་རང་གི་མདུན་དུ་འདུག་བཅུག་པ་དང་གཞན་གཉིས་བུ་ཆེ་བའི་སར་མངགས་པ་སྐྱེལ་མ་ལ། ཁྱོད་ཀྱིས་བཙན་སྙ་ལ་ཤོད་དང༌། ར་གྭ་གཞི་པོ་བཀྱིགས་ཏེ་ར་རྒྱ་བོ་བཤས་ནས་མགྲོན་པོ་ལ་གསོལ་སྟོན་ཤོམས། ཡ་གིའི་གྲི་ཆུང་གཡུ་དཀར་གྱིས་མི་ཆོད་ན་མ་གིའི་གཡའ་མའི་རྡར་ལ་དངོ་ལེན་པར་གྱིས། ཞེས་བརྗོད་དེ་འགྲོ་རུ་བཅུག་བཙན་སྙའི་ཁྱིམ་དུ་སླེབས་པ་ན་སྐྱེལ་མས་ཡབ་ཀྱི་ངག་འཕྲིན་ཇི་བཞིན་སྨྲས་ཀྱང་ཁོང་ཧ་མ་གོ་བས་ཆུང་མར་དྲིས་པར་མོས་བསམ་བློ་ཅུང་བཏང་སྟེ་བཙན་སྙ་ལ་ར་གྭ་གཞི་པོ་བཀྱིགས་ཟེར་བ་ནི་མགྲོན་པོ་གཉིས་ལས་ངོ་དཀར་པོ་ཅན་འདི་ཁྱིགས་ཟེར་བའི་བརྡ་ཡིན། ར་རྒྱ་བོ་བཤས་ཟེར་བ་ནི་ངོ་དམར་ཞིང་སྨྲ་ར་ཅན་འདི་སོད་ཅེས་བའི་བརྡ་ཡིན། ཡ་གིའི་གྲི་ཆུང་གཡུ་དཀར་ཁྱོད་ལ་ཟེར་ཞིང༌། མ་གིའི་གཡའ་མ་སྔོན་མོ་མོ་སྨན་ང་ལ་ཟེར་ཏེ་དོན་མི་ཤེས་ན་ང་ལ་དྲིས་ཞེས་པའི་བརྡ་ཡིན་འདུག་ཟེར་བས་བཙན་སྙས་བདེན་པར་གོ་ནས་དེ་ལྟར་བྱས་པས་བཀྱིགས་པ་དེས་གསང་བ་བརྗོད་པས་འཕྲལ་དུ་ཡབ་ཀྱི་སར་རྒྱུགས་ནས་གསང་མྱུལ་གཞན་པ་དེའང་བཟུང༌། གོ་ཧྲགས་ཀྱི་དམག་བསྐུལ་ནས་གློ་བུར་དུ་དགྲ་ལ་འཐབ་ནས་རྒྱལ་ཁ་ཆེན་པོ་བླངས་པའི་གཏམ་རྒྱུད་འདི་ལས་བཙན་པོའི་དུས་དམག་དོན་གྱི་གསང་འཕྲིན་ལྡེའུ་སྤྱོད་པ་ཤིན་ཏུ་གསལ་ཅིང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གཅུང་མོ་ལྷ་ལྕམ་སད་མ་ཀར་གྱིས་བཙན་པོས་མངགས་པའི་ཕོ་ཉ་ལ་བླངས་པའི་མགུར་ལས། “མཆིལ་བའི་ནི་རུ་སྲུབས་ལ། །ག་གི་ནི་ཤ་བཏཊ་ཤིང༌། །གཡས་སུ་མ་ཡོ་ཞིག། གཡོན་དུ་ནི་མ་རྡལ་ཆིག །གཡས་སུ་ནི་ཡོ་བ་ན། །སོ་བྱ་ནི་གྲེ་བོ་ཆུང༌། །གཡོན་དུ་ནི་རྡལ་བ་ན། །སྲམ་བུ་ནི་གོང་དེ་དངུལ། །མར་གྱི་ནི་ཆང་ཚང་ལ། །གྱུར་གྱིས་ནི་མ་མནན་ན། །སིང་ཕྱི་ནི་ གནངས་སླང་ན། །སྲམ་གྱིས་ནི་འཚལ་ཏ་རེ། །⑹”ཞེས་བྱུང་བ་འདི་ལྷ་ལྕམ་སད་མ་ཀར་གྱིས་སྲོང་བཙན་ལ་བསྐུར་བའི་ལྡེའུ་ཞིག་ཡིན་ཅིང༌། དེའི་དོན་ནི་མྱུར་མོར་ཞང་ཞུང་དབང་དུ་མ་བསྡུས་ན་རྒྱལ་ཁབ་གཞན་གྱིས་དབང་དུ་སྡུད་པའི་ཉེན་ཁ་ཡོད་པ་དེ་ཡིན་མོད་ཁོ་མོས་ཇི་བཞིན་མ་བརྗོད་པར་ཉ་ཡིས་ཞང་ཞུང་མཚོན་པ་དང༌། སྲམ་གྱིས་རྒྱལ་ཁབ་གཞན་མཚོན་པར་བྱས་ནས་བརྗོད་བྱ་འཁྱོག་པོའམ་སྦས་པའི་ཚུལ་གྱིས་བསྟན་ཏེ་དེའི་དགོས་པ་གཙོ་བོ་ནི་གསང་འཕྲིན་གཞན་གྱིས་ཤེས་མ་ ཐུབ་པར་དོན་དེ་བདེ་བླག་ཏུ་འགྲུབ་པ་ལ་ཕན་ནུས་ཆེན་པོ་གདོན་ཐུབ་པ་ཡིན། 
༢ རྫས་ཀྱི་ལྡེའུ་ནི་རྫས་ཀྱིས་དོན་སྣ་ཚོགས་མཚོན་ཞིང་དེའི་དོན་ཕ་རོལ་བས་དཔྱད་པས་གོ་ནུས་པ་ཞིག་ཡིན་པས་བཙན་པོའི་དུས་སུ་ཆབ་སྲིད་ཀྱི་དགོས་མཁོ་བཞིན་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད། དཔེར་ན། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས། “རྨང་ཅུང་བགྱིས་པ་ལས། བཙན་པོ་དྲལ་ལ། བཀའ་ལན་གསོལ་བ་ནི་ཅང་མ་མཆིས་སོ། །བཙན་པོ་དྲལ་གྱི་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་གློ་བ་དགའ་ཤིང་མཆིས་སོ། །བཙན་པོས་བཀའ་སྩལ་བ་ནི། གུམ་ཆད་གཉིས། རྔོ་ཇི་ཐོག་གིས་འཚལ་ཞིང་མཆིས་སོ། །བཙན་པོའི་པྱག་ཏུ་འདི་པུལ་ཆིག་ཆེས། ཞུ་གཡག་ཞུ། གཆིག་པྱག་རྒྱས་བཏབ་ནས་བསྐུར་རོ། །གྱིམ་བརྩན་རྨང་ཅུང་སླར། བཙན་པོའི་སྤྱན་སྔར་མཆིས་ནས་བཙན་མོས་བཀའ་ལན་ཡི་གེ་གསོལ་བ་ཅང་མ་མཆིས། མགུར་བླང་བའི་ཚིག་ནི་འདི་ཞེས་མཆིས། ཕྱག་རྒྱས་བཏབ་སྟེ་སྐུར་བ་འདི་ལགས་ཤེས་གསལ་བ་ལས། ཞུ་པྱག་རྒྱ་པྱེ་སྟེ་གཟིགས་པ་ན་གཡུ་རྙིང་བཟང་བོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོའི་དགོངས་དགོངས་ནས། ཡུ་བུས་ལིག་མྱི་དྷྱ་ལ་རྒོལ་པོད་ན་གཡུ་ཐོགས་ཤིག རྒོལ་མ་ཕོད་ན་ནི་བུད་མྱེད་དང་མཚུངས་ཞུ་གྱོན་ཆིག་ཟེར་བ་ལྟ་ཞེས་བཀའ་སྩལ་ནས། རྗེ་བློན་བློད་བློད་དེ་ལིག་མི་དྷྱའི་སྲིད་བརླག་གོ ། ”ཞེས་པ་ལྟ་བུ་སྟེ་འདི་ལས་རྫས་ཀྱི་ལྡེའུས་བོད་ཀྱི་དམག་དོན་དང་ཆབ་སྲིད་ལ་ནུས་པ་ཆེན་པོ་བཏོན་པ་གསལ་བོར་ཤེས་ཐུབ། འོན་ཀྱང་ངག་གི་ལྡེའུ་མཐའ་དག་གསང་འཕྲིན་ལ་སྤྱོད་པའི་ངེས་པ་མེད་ལ་རྫས་ཀྱི་ལྡེའུ་འདི་གཞན་དུ་སྤྱོད་པའང་ཡོད་དེ། 《ཆོས་འབྱུང་མེ་ཏོག་སྙིང་བོ》ལས། “བློན་པོ་མགར། གྱེས་དུང་ཙེ་བདུན་ཕྱག་རྟེན་དུ་ཕུལ། རྒྱལ་བོ་ལ་ཕྱག་དང་ཞེ་ས་རྫོགས་པར་བྱས་ཏེ་རྒྱལ་བོའི་མདུན་དུ་བཻརྱའི་རྨོག་བཞག”ཅེས་བྱུང་བ་ལྟར་ཁྲབ་དང་རིན་པོ་ཆེ་བསྐུར་བ་དེར་ཡང་ལྡེའུ་དང་འབྲེལ་བ་ཡོད་དེ། གང་གིས་ན། ཁྲབ་ཀྱིས་ཀོང་ཇོ་མ་བྱིན་ན་དམག་བྱེད་དགོས་པ་དང༌། གསེར་སོགས་ཀྱིས་རིན་པོ་ཆེས་ཀོང་ཇོ་བྱིན་ན་གཉིས་ག་མཛའ་མཐུན་གོང་འཕེལ་དུ་གཏོང་ཆོག་པའི་བརྡར་མངོན། གཞན་ངག་རྒྱུན་དང་དམངས་ཁྲོད་གཏམ་རྒྱུད། ད་ལྟའི་བོད་ཀྱི་གོམས་སྲོལ་བཅས་ལ་བརྟག་ན་ལྡེའུ་དང་ཁེད་ནི་ཕལ་ཆེར་འདྲ་ནའང་ཁྱབ་ཆེ་ཆུང་ཡོད་ལ་སྔོན་གྱི་སྐབས་སུ་ལྡེའུ་ལ་བརྟེན་ནས་བློན་པོ་རིག་པ་ཅན་བསྐོ་བཞག་བྱེད་པའི་ཚུལ་ཞིག་ཀྱང་སྣང་བར་མ་ཟད། བག་མ་ལེན་པ་དང་ཕ་རོལ་ཚོད་བགམ་བྱེད་པ་བཅས་ལ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་འདྲ། དེ་དག་ཕྲ་ཞིབ་ད་དུང་མུ་མཐུད་དུ་ཞིབ་འཇུག་བྱེད་དགོས་ཏེ་མགར་གྱིས་བག་མ་བླངས་པའི་གཏམ་རྒྱུད་སོགས་ལྡེའུ་དང་འབྲེལ་བ་ཡོད་པའི་མནའ་གཏམ་ཅུང་མང་ངོ༌། །
གསུམ། བོན་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་པ།
   འདིར་བོན་ཞེས་པ་ནི་ལྟ་གྲུབ་ཅིག་གམ་དེའི་སྲོལ་འཛིན་པའི་གང་ཟག་ལ་གོ་དགོས། སྲོང་བཙན་གྱི་ཡར་སྔོན་ན་བོན་གྱི་བསྟན་པ་རྒྱ་ཆེར་དར་བས་དེས་ཆབ་སྲིད་ལ་ཤུགས་རྐྱེན་ཞིག་མི་ཐེབས་པ་གཏན་ནས་མི་སྲིད། དེ་ཡང་རྒྱལ་ཕྲན་བཅུ་གཉིས་རྒྱལ་བོ་བཙལ་བའི་གནད་དེ་ཡང་བོན་ལ་འབྲེལ་ཏེ《མཁས་པའི་དགའ་སྟོན》ལས། “དེ་ཚེ་བོད་མི་སྐལ་ལྡན་འགའ་ཡིས་མཐོང༌། བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྤོ་སྟེ་ཡབ་འབངས་རུས་དྲུག་དང་ལྷ་བོ་ལྷ་སྲས། སེ་བོན་རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་སོགས་ཤེས་པ་ཅན་བཅུ་གཉིས་དང་མཇལ⑼”ཞེས་གསལ་བ་དེ་ལས་བོན་གྱི་མི་སྣས་རྒྱལ་ཕྲན་གྱི་ཚབ་བྱས་ཏེ་རྒྱལ་བོ་སྲིད་ལ་དབང་བསྐུར་བ་དེ་ལ་བལྟས་ན་བོན་གྱི་ཤེས་པ་ཅན་དེ་དག་བོད་མི་ཡོངས་ཀྱིས་ཁས་ལེན་པའམ་དབང་ཤུགས་ངེས་ཅན་ཞིག་ཡོད་པ་མཐོང་ཐུབ་ལ། དེའི་ཕྱིར་གཉའ་ཁྲི་བཙན་པོ་བོན་གྱི་ཚབ་བྱེད་མི་སྣ་ཞིག་ཡིན་པར་མ་ཟད། དེ་དང་ལྷན་ཏུ་སྐུ་གཤེན་བྱུང་བ་དེས་བཙན་པོའི་ཆབ་སྲིད་ལ་བོན་གྱི་རྒྱབ་སྐྱོར་གྱི་ནུས་པ་ཆེན་པོ་ཞིག་ཐོབ་ཡོད་ཅིང༌། དེ་ལས་རྒྱལ་བོ་དང་བོན་ཟུང་དུ་སྦྲེལ་ནས་ཆབ་སྲིད་སྐྱོང་བ་རགས་ཙམ་ཤེས་ཐུབ། དེ་དུས་ཀྱི་བོན་ཞེས་པ་ནི། འབྲས་བུའི་བོན་བདེ་མཐོ་རིས་ཀྱི་ལམ་སྟོན་པ་དང༌། རྒྱུའི་བོན་མི་ནོར་རྒྱས་བྱེད་ཕྱཱ་གཡང་འགུགས་པ། བར་ཆད་སེལ་བྱེད་མདོས་གཏོ། ལེགས་ཉེས་སྟོན་བྱེད་མོ་རྩིས་བྱེད་པ་ལ་བོན་ཟེར་ཞིང༌། རྒྱལ་བོས་དེ་དག་བྱེད་མཁན་ཞིག་ཨ་མཆོད་དུ་བསྟེན་ནས་རྒྱལ་སྲིད་ཀྱི་དོན་དུ་གཡང་འགུགས་མདོས་གཏོ། མོ་རྩིས་བྱས་ཏེ་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་པ་དང༌། རྒྱལ་བོའི་བློ་འདྲི་ས་བྱེད་ཅིང་ཆོས་སྲིད་གང་ལའང་ནུས་པ་ཆེན་པོ་འདོན་པ་སྨོས་མི་དགོས་སྙམ། འོ་ན་ཆབ་སྲིད་ཀྱི་ཕྱོགས་གང་ཐད་ནས་ནུས་པ་ཐོན་ཞེ་ན་ཁོ་བོས་དབྱེ་ཞིབ་ཅུང་བྱས་པ་ལས་འདི་ལྟར་བརྗོད་འདོད།
༡ རྒྱལ་བོའི་སྐུ་དང་ཆབ་སྲིད་ཀྱི་བདེ་འཇགས་ལ་ནུས་པ་ཐོན་པའི་སྐོར།
        དེ་ཡང《མེ་ཏོག་སྙིང་བོ》ལས། “རྒྱལ་བོའི(གཉའ་ཁྲི)རིམ་གྲོ་བ་བོན་པོ་ཅོ་ན་གཤེན་གྱི་ཕྱག་གར་ཚ་དང༌། འཚེ་མི་གཤེན་བུ་རྒྱལ་ཚ་གཉིས་ཀྱིས་སྐུ་བསྲུངས་སོ། །དེའི་སྲས་དིང་ཁྲི་བཙན། དེའི་དུས་སུ་ཞང་ཞུང་བོན་ཤུན་འདུས་ཐེག་ཆེན་གྱིས་སྐུ་བསྲུངས་སོ། །དེའི་སྲས་མུ་ཁྲི་བཙན་པོ། བོན་པོ་གཤེན་པོ་ཚེ་རྒྱལ་གྱིས་སྐུ་བསྲུངས་སོ། །དེའི་སྲས་སྲིབས་ཁྲི་བཙན་པོ། ཞང་ཞུང་གཤེན་པོ་ཀུན་རིགས་རྒྱལ་བོས་སྐུ་བསྲུངས་སོ། །”ཞེས་འབྱུང་བ་བཞིན་བོད་ཀྱི་ལོ་རྒྱུས་རྣམས་སུ་སྲོང་བཙན་སྔོན་དུ་རྒྱལ་བོ་རེ་རེར་སྐུ་གཤེན་ནམ་སྐུ་སྲུང་རེ་ཡོད་པ་དེ་ནི་བོན་པོའི་མི་ཞིག་ཡིན་པ་མ་ཟད་མཐུ་ནུས་ཆེ་ཞིང་རྒྱལ་བོས་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་བླང་དོར་འདྲི་ས་ཞིག་རེད། སྐུ་གཤེན་གྱིས་རྒྱལ་བོ་གནམ་ནས་ཆད་པའམ་བོན་གྱི་ལྷ་ག་གེ་མོའི་སྤྲུལ་པ་ཡིན་པའི་གཏན་ཚིགས་བརྗོད་དེ་བོན་ལ་དད་པའི་དམངས་ཚོགས་ཀྱི་བསམ་བློའི་འཁོར་ཕྱོགས་བེད་སྤྱད་ནས་རྒྱལ་བོའི་ཆབ་སྲིད་སྲ་བརྟན་ལ་ནུས་པ་ངེས་ཅན་ཞིག་ཐོན་ཡོད། མདོར་ན། ཕན་ཚུན་ལ་ཡོད་པའི་ཕྱོགས་གཉིས་ཀྱི་ཁེ་ཕན་དེར་བརྟེན་ནས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་བདེ་འཇགས་ཐད་ནུས་པ་གང་མང་ཞིག་བཏོན་པ་མ་ཟད་བོན་ཆོས་སྤེལ་བ་ལའང་ཕན་ནུས་ཆེན་པོ་ཞིག་ཐོན་ཐུབ་ཡོད། 
༢ ལྷ་གསོལ་འདྲེ་མཆོད་ཀྱི་ཁེ་ཕན་སྒྲུབ་པའི་སྐོར།
        དེ་ཡང《རྒྱལ་རབས་གསལ་བའི་མེ་ལོང》ལས། “རྒྱུའི་བོན་པོ་རིགས་བཞི་ནི། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན་ཅན། ཕྱཱ་གཤེན་ཇུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན་ནོ། །དེ་ལ་སྣང་གཤེན་ བལ་ཐོད་ཅན་གྱིས་ཕྱཱ་དང་གཡང་འགུག་ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་མདོས་དང་ཡས་གཏོང༌།  སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་ཐམས་ཅད་སེལ་བར་བྱེད། ”ཅེས་པ་དག་ལས་གདོད་མའི་བོན་ཆོས་ཀྱིས་ལྷ་དང་འདྲེ་ངོས་འཛིན་གྱིས་དེ་དག་མཆོད་པའི་ཕན་ཡོན་དང་མ་མཆོད་པའི་ཉེས་དམིགས་བཤད་དེ། དེ་ལས་ལྷ་འདྲེས་གནོད་པ་བཟློག་པར་མདོས་གཏོ་དང་དར་ལྕོག་རྨུ་ཐག་འཐེན་པ། གཡང་འགུག དམར་མཆོད་བྱེད་པ་ལ་སོགས་ཀྱིས་རྒྱལ་བོའི་ཞབས་པད་བརྟན་ཞིང༌། སྲིད་ཀྱི་བར་ཆད་སེལ་བ་རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་སོགས་སུ་ལེགས་ལམ་སྒྲུབ་པ་མ་ཟད། དམག་བྱེད་པའི་དུས་སུ་ཆེད་དུ་སྒྲུབ་པར་མངོན། 《མཁས་པའི་དགའ་སྟོན》ལས། “ཕྱཱ་དང་གནམ་ལ་དགའ་ཞིང་བླུན་པ་ཡི། །བོད་ཡུལ་མནའ་མི་སྤྱི་མཐུན་གཟུང་ཕྱིར་བསྟན། །སྤྱིར་ཡོ་ག་ལྷ་གྱེས་ལུགས་ལ་རྩིབས་ཀྱི་ལྷ་ཀ་ཡོལ་སྡེས་སྤྱན་དྲངས་པ་དང༌། ལྷ་གླང་རུ་དཀར་སོགས་དཀོར་ནོར་བརྫངས་ཚུལ་སོགས་དང་སྲིད་པའི་ལྷ་ཕལ་ཆེར་བྱུང་ཚུལ་དང་བཅས་པ་སྣང་ངོ༌། །”ཞེས་པ་འདིར་བལྟས་ན་ལྷ་ཡི་ངོས་འཛིན་སོགས་རྒྱས་པར་གཉའ་ཁྲིའི་དུས་སུ་བྱུང་བར་མངོན་ཞིང༌། གཉའ་ཁྲིའི་དུས་ནས་གསོལ་མཆོད་རྒྱས་པར་དར་བ་དེའི་སྟེང་ནས་བཙན་པོའི་ཆབ་སྲིད་ལ་བོན་གྱི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པ་ཤེས་ཐུབ། 
༣ མོ་རྩིས་སོགས་ཀྱིས་ཆབ་སྲིད་ལ་ནུས་པ་ཐོན་པའི་སྐོར།
        《རྒྱལ་རབས་གསལ་བའི་མེ་ལོང》ལས། “ཕྱཱ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད་དོ། །དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལ་བལྟ། སའི་འདྲེ་འདུལ་བ་ཡིན་ནོ། །⒀”ཞེས་དང༌། མཁས་དབང་དམུ་དགེ་བསམ་གཏན་གྱི《དྲིས་ལན་ལི་དྭངས་རང་སྒྲ》ལས། “དེའི་དུས་ཀྱི་བོན་བརྒྱུད་འགའ་ནི། ད་ལྟ་སི་ཁྲོན་ཞིང་ཆེན་གྱི་རྒྱལ་མོ་ཚ་བ་རོང་གི་བོན་དང་ཆའང་རིགས་ཞེས་པའི་མི་རིགས་ཤིག་ཡོད་པ་དེའི་ནང་དུ་ཡོད་ལ། དེ་དག་ལ་ཡི་གེ་མེད་ཀྱང་ཕས་བུ་ལ་ངག་ཐོག་ནས་སློབ་པར་བྱེད། གཡང་འགུག མདོས་གཏོ། མོ་རྩིས་སོགས་བྱེད་པ་མ་ཟད། ད་དུང་མདའ་དང་ཅོག་ཙེ་སོགས་ལ་ལྷ་ཕབ་རྒྱུ་དང༌། ལྕགས་བསྲེག་ལ་ལྕེས་བལྡག་སྟེ་སྔགས་འདེབས་པ་སོགས་འཕྲུལ་སྣང་སྣ་ཚོགས་སྟོན་རྒྱུ་ཡོད་ལ་ལྟ་བ་དང་གྲུབ་མཐའ་ལས་འབྲས་སོགས་བཤད་རྒྱུ་ཅང་མེད་ཟེར⒁”ཞེས་པ་དག་ལ་བསམ་ན་རྒྱུ་བོན་རིགས་བཞིའི་གསུམ་པ་མོ་བ་ཡིན་པས་དེའི་དུས་སུ་དམག་ལ་འགྲོ་བ་དང༌། རྒྱལ་བོ་ཁྲིར་འདོན་པ། ཁྲིམས་ལུགས་གཏན་ལ་འབེབ་པ། དགའ་སྟོན་རྟེན་འབྲེལ། ཕོ་ཉ་འགྲོ་འོང༌། བཙུན་མོ་བཞེས་པ། ཕྱི་ཕྱོགས་ལ་འབྲེལ་བ་འཛུགས་པ་སོགས་ཆབ་སྲིད་དང་འབྲེལ་བའི་བྱ་བ་ཆེ་ཆུང་མང་བོའི་མཐའ་མའི་ཐག་གཅོད་མོ་དང་ལྷ་ཕབ་པ། བཟང་ངན་གྱི་ལྟས་ལ་བརྟག་སྟེ་བྱེད་ཅིང༌། སྲོལ་དེ་རིམ་བཞིན་དགའ་ལྡན་ཕོ་བྲང་བར་དུ་བྱོན་ལ། བཀའ་ཤག་གིས་སྐུ་རྟེན་ལ་བརྟེན་ནས་གནད་དོན་ཆེན་པོ་དག་ཐག་གཅོད་པ་དེས་ཀྱང་གསལ་བོ་མཚོན་ཐུབ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས“བོན་ཞེས་སྨད་ཀྱང་གལ་ལ་ཐུག་པའི་དུས། །བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི⒂”ཞེས་པ་བཞིན་སྤྱི་ཚོགས་ཐོག་མོ་དང་པྲ་རྩིས་བྱེད་པ། ལྷ་ཕབ་པ་སོགས་དར་ཁྱབ་ཆེ་བ་ལ་བལྟས་ནའང་གསལ་བོར་ཤེས་ཐུབ། 
༤ བོན་གྱིས་ཕྱི་འབྲེལ་ལ་ནུས་པ་ཐོན་པའི་སྐོར།
        གཉའ་ཁྲི་རྒྱལ་ཕྲན་བཅུ་གཉིས་ཀྱི་རྗེ་བོར་བོན་གྱིས་མངའ་གསོལ་བ་བཞིན་རྒྱལ་བོས་བོན་གྱི་སྐུ་གཤེན་བསྟེན་པ་དེ་ལས་རྒྱལ་ཕྲན་བཅུ་གཉིས་ནང་ཁུལ་དུ་མཐུན་སྒྲིལ་གྱི་ནུས་པ་ཞིག་ཐོན་པ་མ་ཟད། བོན་ཆོས་ དར་བའི་རྒྱལ་ཁབ་གཞན་ལའང་ཆོས་ལུགས་སྟེང་གི་འབྲེལ་བ་བྱུང་ཡོད་དེ། སྐུ་གཤེན་དེ་དག་རྒྱལ་ཕྲན་བཅུ་གཉིས་ཀྱི་བོན་ལས་ཅུང་མཁས་ཤིང་མིང་གྲགས་ཡོད་པ་ཞིག་ཏུ་མ་ཟད་ཡུལ་གྲུ་གཞན་ལས་བོན་སྦྱངས་པའམ་གཞན་གྱི་བོན་དང་འབྲེལ་འདྲིས་བྱས་ཏེ་ཆོས་ལུགས་ཀྱི་རང་བཞིན་ལྡན་པའི་འབྲེལ་བ་ཞིག་བྱུང་བ་དེས་ཆབ་སྲིད་དང་དམངས་ཚོགས་ཀྱི་བར་ལའང་འབྲེལ་བ་ཞིག་ངང་གིས་འབྱུང་སྲིད་པ་འདས་པའི་ལོ་རྒྱུས་མང་བོས་ར་འཕྲོད་ཐུབ། གྲི་གུམ་གྱིས་བོན་བསྣུབས་པ་ལས་བྱུང་བའི་ཡ་ང་བའི་ཆག་འཇིག་དང་འཐབ་རྩོད་དེས་རྒྱལ་ཕྲན་བར་དུའང་འགལ་བ་ཆེན་པོ་ཞིག་བྱུང་བ་མཚོན་ཐུབ། འདི་ནི་ཆབ་སྲིད་བོན་གྱིས་བསྐྱངས་པའི་ཟུར་ཞིག་ཡིན་ནའང་སྔོན་བོན་གྱིས་ཆབ་སྲིད་བསྐྱངས་པའི་གྲས་སུ་བཞག་མེད་པ་འདྲའོ། །

མཇུག་གི་གཏམ།

        སྒྲུང་ལྡེའུ་བོན་གསུམ་ལ་སྔོན་གྱི་རྩོམ་རིག་དང༌། ཆབ་སྲིད། ཤེས་རིག སྤྱི་ཚོགས་བཅས་ལ་དབྱེ་ཞིབ་བྱེད་པའི་རིན་ཐང་ཆེན་པོ་ཡོད་ལ་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཀྱང་ཡིན་པས་གོང་དུ་བརྗོད་པ་ནི་སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་ཚུལ་ ཙམ་ལས་སྒྲུང་ལྡེའུ་བོན་གསུམ་གྱི་ངོ་སྤྲོད་བྱས་པ་མིན་ན། རྩོམ་ཡིག་འདིས་ལོ་རྒྱུས་ལས་བྱུང་བའི་ཡུལ་སྲོལ་གོམས་འདྲིས་དང་དམངས་ཁྲོད་གཏམ་རྒྱུད་ཀྱི་བཤད་ཚུལ་འགའ་རེས་ཟུར་བརྒྱན་ནས་བཀོད་པའི་བསྡོམས་ཚིག་དག་ཀྱང་མི་གཅིག་གི་མཐོང་རྒྱ་ནི་ཁབ་གཅིག་གི་བུ་གའི་དཔེ་བཞིན་ཡོད་ཚད་བདེན་པའི་ངེས་པ་མེད་ན་མཁྱེན་ལྡན་དག་གིས་ སྐྱོན་བརྗོད་དང་མཛུབ་སྟོན་གྱི་བཀའ་དྲིན་སྐྱོང་བར་ཞུ།

མཆན་འགྲེལ།
  དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ 164
 ②《དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་ཕྱོགས་བསྒྲིགས》པོད་གཉིས་པ།  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌།  ཤ 77
དོན་འགྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གྱིས་བསྒྱུར།《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།  ཤ130
④《ལ་དྭགས་རྒྱལ་རབས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་) ཤ27
དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ 193
དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས།《ཏུན་ཏོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》མི་རིགས་དཔེ་སྐྲུན་ཁང༌། ཤ97
ཤར་རྫ་བཀྲ་ཤིས་རྒྱལ་མཚན།《ལེགས་བཤད་རིན་པོ་ཆེའི་མཛོད》མི་རིགས་དཔེ་སྐྲུན་ཁང༌། ཤ 187
  ལྡེའུ་ཇོ་སྲས།《ལྡེའུ་ཆོས་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤl0l
 《ལ་དྭགས་རྒྱལ་རབས》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌། ཤ 27
མཁས་པ་ལྡེའུ།《རྒྱ་བོད་ཆོས་འབྱུང་རྒྱས་པ》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌།ཤ 223
  དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ 164
ཙོང་ཁ་བ་བློ་བཟང་གྲགས་པ།《ལེགས་བཤད་གསེར་འཕྲེང》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤ 51
⑶《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》པོད་གཉིས་པ།བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌། ཤ77
  དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ 185
ས་སྐྱ་བསོད་ནམས་རྒྱལ་མཚན།《རྒྱལ་རབས་གསལ་བའི་མེ་ལོང》མི་རིགས་དཔེ་སྐྲུན་ཁང༌། ཤ119
དབང་རྒྱལ་དང་བསོད་ནམས་ཀྱིས་བསྒྲིགས།《ཏུན་ཏོང་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》མི་རིགས་   དཔེ་སྐྲུན་ཁང༌། ཤ 78 དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས།《ཏུན་ཏོང་ཐོན་པའི་བོད་བྱི་ལོ་རྒྱུས་ཡིག་ཆ》མི་རིགས་དཔེ་སྐྲུན་ཁང༌། ཤ 78
 ཉང་ཉི་མ་འོད་ཟེར།《ཆོས་འབྱུང་མེ་ཏོག་སྙིང་པོ》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌། ཤ209
དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ 159

 ཉང་ཉི་མ་འོད་ཟེར།《ཆོས་འབྱུང་མེ་ཏོག་སྙིང་པོ》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌། ཤ160
ས་སྐྱ་བསོད་ནམས་རྒྱལ་མཚན།《རྒྱལ་རབས་གསལ་བའི་མེ་ལོང》མི་རིགས་དཔེ་སྐྲུན་ཁང༌། ཤ 57
 དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ 156
ས་སྐྱ་བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང》མི་རིགས་དཔེ་སྐྲུན་ཁང༌། ཤ 27
རྔ་བ་ཁུལ་རྩོམ་སྒྱུར་ཅུའུ།《རྔ་བ་ཁུལ་ལོ་རྒྱུས་རིག་གནས་དཔྱད་ཡིག》དེབ་གསུམ་པ། ཤ19
ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།《ཐུའུ་བཀྭན་གྲུབ་མཐའ། 》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 389


རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ།  ཨ་བུ་འབྲོང་། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497879
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།