དྲུག་ཅུ་རྒན་པོའི་རེ་འདུན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »དྲུག་ཅུ་རྒན་པོའི་རེ་འདུན།
དྲུག་ཅུ་རྒན་པོའི་རེ་འདུན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-03ལྟ་ཀློག (3890)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དྲུག་ཅུ་རྒན་པོའི་རེ་འདུན། 

ཀིརྟི་བློ་བཟང་བསྟན་འཛིན།

     ༄༅།  ། རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ། མ་དང་མཁའ་འགྲོ་འདུ་བའི་གནས་མཆོག་སྟག་ཚང་དཔལ་གྱི་ལྷ་མོའི་གནས་མདུན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱིས་གཙོས་ལས་དང་སྨོན་ལམ་བཟང་པོས་འབྲེལ་བའི་རིས་སུ་མ་ཆད་པའི་དགེ་འདུན་པའི་འདུས་སྡེ་རྣམས་ཀྱི་སྙན་དབང་དམ་པར་གསོལ་རྒྱུ། ལོ་ཤས་སྔོན་སྒྲིགས་ལམ་ཀུན་སྤྱོད་སྐོར་ལས་བརྩམས་པའི་སྙན་སྒྲོན་དོན་ཚན་བཅུ་གསུམ་ཅན་ཞིག་གསོལ་འདེབས་་ཚུལ་དུ་ཕུལ་བར། ༧རྒྱལ་བའི་བསྟན་པ་རིན་པོ་ཆེར་སེམས་པའི་ལྷག་བསམ་ལ་ཐུགས་དཀྱེལ་ཆེན་པོས་རྩིས་མཐོང་མཛད་དེ་ལམ་སེང་སྒྲིགས་ལམ་ལ་དག་ཐེར་དང་ལེགས་བཅོས་གནང་།    ལྷག་པར་ངོས་དང་འབྲེལ་ཡོད་མེད་ལ་མ་གཟིགས་པར་ཚོགས་སྡེ་ཆེ་ཆུང་མང་པོ་ཞིག་གིས་སྤྱི་བའི་ཐོག་ནས་དམར་ཟས་སྤངས་པས་སེམས་ཅན་སྟོང་ཕྲག་མང་པོར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གནང་བས་དཔེ་བཟང་ཅན་གྱི་མཚན་སྙན་ཕྱོགས་བཅུར་ཁྱབ་པ་དང་ཆབས་ཅིག   བསྟན་པ་རིན་པོ་ཆེའི་མཚན་ལ་དགུང་དུ་འདེགས་པའི་མཛད་བཟང་རླབས་པོ་ཆེ་ཞིག་བསྐྲུན་ཐུབ་པར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱི་གནས་སུ་གྱུར་ཡོད།  དེའི་རྗེས་སུ་དགོན ་སྡེ་ཁག་གི་འཛིན་སྐྱོང་གནང་སྟངས་སྐོར་དེང་དུས་དང་མཐུན་པའི་འགྱུར་བ་གཏོང་ཕྱོགས་ཐད་དོན་ཚན་བཅུ་གསུམ་ཅན་ཞིག་ཕུལ་བ་ལའང་སྔར་བཞིན་དགོངས་པ་ཆེར་བཞེས་ཀྱིས་ལེགས་བཅོས་འཕྲལ་དུ་གནང་ཐུབ་པ་ཁག་ཕྱག་ལེན་དུ་བསྟར་བས་རང་ཅག་བླ་སློབ་ཀྱི་དམ་ཚིག་ལ་རྒྱ་དང་ལྷག་བསམ་ལ་གདེང་ཆེན་པོ་མཛད་ནས་དོན་འབྲས་མི་དམན་པ་ཞིག་མིག་མཐོང་ལག་ཟིན་བྱུང་བས།  སླར་ཡང་ཕྲན་གྱི་ལྷག་བསམ་དང་དགའ་སྤོབས་གོང་མཐོར་འཕེལ་བའི་རྒྱུར་སོང་བར་བརྟེན།  ད་ལམ་ཡང་བཅའ་ཡིག་གི་ལྷན་ཐབས་ལྟ་བུར༧སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་གསུང་ལས་ལམ་སྟོན་བཀའ་སློབ་ཁག་ཕྱོགས་བསྒྲིགས་ཀྱིས་དོན་ཚན་བཅུ་གསུམ་དུ་བསྡུས་ནས་འབུལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྗེ་བློ་བཟང་འཕྲིན་ལས་ཚང་གི་རྣམ་ཐར་ཆེན་མོ་དང་བསླབ་བྱ་ཁག་སྟག་ཚང་དཔལ་གྱི་ལྷ་མོའི་གསང་སྔགས་རྒྱུད་པ་གྲྭ་ཚང་གི་བཅའ་ཡིག་ནོར་བུའི་ཕྲེང་བ་དང་སྟག་ཚང་དཔལ་གྱི་ལྷ་མོ་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་བཅའ་ཡིགསྟག་ཚང་ལྷ་མོའི་མཚན་ཉིད་གྲྭ་ཚང་བློ་གསལ་གླིང་གི་རྩོད་གྲྭའི་བཅའ་ཡིག  ཀིརྟིའི་མ་དགོན་བཀྲ་ཤིས་ལྷུན་གྲུབ་གླིང་གི་བཅའ་ཡིག་དང་རྔ་པ་ཀིརྟིའི་དགོན་གསར་དགེ་ལྡན་ལེགས་བཤད་གླིང་གི་བཅའ་ཡིག   ཧོར་གཙང་ཀིརྟིའི་དགོན་གསར་དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་གི་བཅའ་ཡིག་དང་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་བཀྲ་ཤིས་ཆོས་གླིང་གི་བཅའ་ཡིག་དབེན་གནས་བཀྲ་ཤིས་དགེ་འཕེལ་གླིང་གི་བཅའ་ཡིག་དང་སྟག་ཚང་ལྷ་མོའི་པར་རྐོན་པའི་བཅའ་ཡིག་སོགས་ཡིག་ཆ་ཁག་ལ་ཞིབ་ཏུ་མཇལ་བའི་སྐབས་རྗེ་བློ་བཟང་འཕྲིན་ལས་ཚང་གིས་སློབ་རྒྱུད་ཡོངས་ལ་གདམས་པའི་བསླབ་བྱ་རྣམས་ནི།  གལ་འགངས་ཆེ་ཞིང་དུས་དང་མཐུན་པའི་གསུང་བཀོད། ཕྱོགས་ཡོངས་ནས་མ་ཚང་བ་མེད་པ་ཞིག་ཡོད་པ་འདི་ལ་དོ་སྣང་ཆེར་མེད་པར་གསུང་འབུམ་མཆོད་བཤམ་ནང་རྩིག་པའི་ཁྲོད་དུ་ལུས་ཚེ་སློབ་སྟོན་གནང་བའི་དགོས་པ་ཆེར་མ་གྲུབ་སྙམ་པའི་ཕངས་སེམས་ཀྱིས་བསླབ་བྱ་རྣམས་དཀྱུས་གཅིག་ཏུ་བསྒྲིགས་ནས་མང་ཚོགས་ཀྱིས་གཟིགས་ཐུབ་ན་ཕན་ཐོགས་ངེས་ཅན་ཞིག་འབྱུང་སྲིད་སྙམ་པའི་ཀུན་སློང་གི་རྐྱེན་གྱིས་བསྐུལ་བ་དང་།  དེ་སྔོན་གོས་ཆེན་ཐོག་བྲིས་པའི་བཅའ་ཡིག་གི་མགོར་མཆོད་བརྗོད་གསུམ་རྐང་ཅན། མཇུག་ཏུ་སྐྱེས་བུ་གསུམ་གྱི་ཆོས་སྲུང་གི་སྐུ་འདྲ།  བཀའ་ཐམ་བཅས་ཡོད་པའི་ཡིག་ཆ་རྫིག་ཉམས་ལྡན་པ་དེ་ཚོ་དགེ་བསྐུལ་སོ་སོའི་རྩིས་སྤྲོད་ཀྱི་ཁོངས་སུ་རྩ་ཆེར་བཟུང་ནས་མང་ཚོགས་ཀྱིས་ཀློག་ཐུབ་པའི་གོ་སྐབས་ཆེས་ཉུང་ངུ་ཞིག་ལས་མེད། ཀློག་པའི་སྐབས་ཀྱང་ཆོས་ཐོག་སོ་སོའི་ཉིན་གྲངས་དང་ཉིན་རེའི་བྱེད་སྒོ་ཕལ་བ་ཁག་ལ་དོ་སྣང་ཆེ་ཙམ་བྱེད་པ་མ་གཏོགས་མགོ་མཇུག་ཏུ་འཁོད་པའི་གལ་ཆེ་བའི་ལམ་སྟོན་གྱི་བསླབ་བྱ་ཁག་ལ་དེ་ཙམ་གྱི་དོ་སྣང་མེད་པར་མཚམས་ལུས་སུ་འགྲོ་བཞིན་པ་ལྟ་བུའི་སྣང་ཚུལ་ཞིག་ཀྱང་ཤར་བར་བརྟེན་གཟིགས་བདེའི་ཆེད་དེ་དག་ཏུ་འཁོད་པའི་བསླབ་བྱ་རྣམས་དཀྱུས་གཅིག་ཏུ་བཀོད། ལེ་ཚན་སོ་སོར་འབྲེལ་ཡོད་རྗེ་གུང་ཐང་བའི་གསུང་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱའི་ཚིགས་བཅད་དང་ཕྲན་གྱི་བསམ་ཚུལ་འགའ་རེ་ཁ་སྣོན་གྱིས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་སྟབས་ནང་དོན་འགའ་ཤས་ལ་གཉིས་བཟློས།  ཚིག་མཚམས་གོང་འོག་མ་འབྲེལ་བ་དང་།  སྐབས་འགར་མ་གུས་པ་ལྟ་བུའི་ཚིག་རྩུབ་མོ་དང་ཚིག་དམར་རྗེན་དུ་ཐོན་པ་སོགས་ཀྱི་སྐྱོན་ཡོད་ནའང་ཀུན་སློང་རྣམ་པར་དག་པས་སེམས་གཏིང་ནས་ཐོན་པའི་རང་སྒྲ།  དྲུག་ཅུ་རྒན་པོའི་རེ་འདུན་གྱི་ཁ་ཏ་བསླབ་བྱ་ཞིག་ཡིན་པས་བླ་སློབ་ནང་དུ་ཚིག་ལས་དོན་གཙོ་ཆེ་བར་བཟུང་ནས་སྐྱོན་དེ་དག་སེལ་བའི་ཐབས་ལ་འབད་མེད། བསླབ་བྱ་འདི་དག་གི་ནང་དོན་ཧྲིལ་གྱིས་བསྡུས་ན།   བོད་གངས་ཅན་གྱི་ལྗོངས་སུ་བྱོན་ཟིན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་།  ད་ལྟ་བསྟན་འགྲོའི་མཛད་འགན་ཕྲག་པར་བཞེས་བཞིན་པའི་བསྟན་པའི་སྲོག་ཤིང་དམ་པ་རྣམས་དང་།  མ་འོངས་པ་ན་འབྱོན་པར་འགྱུར་བའི་བསྟན་པའི་རྩ་ལག་ཐམས་ཅད་ཀྱིས་དགོངས་པ་གཅིག་དང་མགྲིན་གཅིག་དབྱངས་གཅིག་གིས་གསུངས་པ་ཞིག་ཡིན་པ་གདམས་ངག་འདི་དག་གི་ནང་དོན་དང་སྔ་ཕྱིའི་བཀའ་སློབ་ཁག་བསྡུར་ན་གསལ་བོར་མཁྱེན་ཐུབ།  དེས་ན་སྙིགས་དོར་བཅུད་ལེན་ཞེས་ཡོངས་གྲགས་སུ་བཤད་སྲོལ་ཡོད་པ་ལྟར་བསླབ་བྱ་ཕྱོགས་བསྡུས་འདིའི་ནང་དོན་ལག་ལེན་དུ་འཁེལ་ཐུབ་པའི་ལེགས་ཆ་གང་ཡོད་ལམ་སེང་ཕྱག་ལེན་དུ་བསྟར།  གལ་སྲིད་དགོངས་པར་མི་འཇུ་མཁན་གྱི་རིགས་ལ་བཙན་བསྐུལ་མཛད་ན་དགོས་ཆེར་མི་འགྲུབ་པས་གནས་སྐབས་རང་བབས་སུ་བཞག་སྟེ་ཆོས་ཕྱོགས་ཀྱི་བསམ་བློའི་གནས་ཚད་གོང་མཐོར་སོང་བའམ་འཛམ་གླིང་སྤྱི་བྱེའི་གནས་སྟངས་མཁྱེན་པའི་བློ་གྲོས་ཀྱི་རྩལ་རྒྱས་པའི་མཚམས་སུ་ཁོང་ཚོའི་བསམ་ཚུལ་ལའང་འགྱུར་བ་འགྲོ་སྲིད་པས་དེ་དུས་ལེགས་བཅོས་མཛད་དགོས། འདིའི་ནང་དོན་ནི་ཆོས་ལུགས་ཀྱི་གནད་དོན་ཁོ་ན་མ་གཏོགས་ཆབ་སྲིད་ཀྱི་དྲི་ཙམ་ཡང་གོས་མེད་པས་དུས་ཚོད་ལ་ཁག་འདོགས་ཀྱིས་ལེགས་པའི་ཕྱོགས་ལ་བཀག་འགོག་མཛད་མི་འོས་ཤིང་ཕྱོགས་རིས་འཐེན་འཁྱེར་གྱི་ཀུན་སློང་གིས་མ་བསླད་པར་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་པ་ཞིབ་མོར་མཛད་རྒྱུ་གལ་ཆེ།    མདོར་བསྡུ་ན། དུས་རབས་ཉེར་གཅིག་པའི་དུས་འདིར་སྐྱེ་འགྲོའི་བདེ་སྐྱིད་འཕེལ་བའི་རྒྱུའི་གཙོ་བོ་ནི་འཛམ་གླིང་འདི་ཉིད་ཞི་བདེར་གནས་དགོས། དེ་ཡང་བྱམས་སྙིང་རྗེ་ལྡན་ཞིང་ཕན་བརྩེ་བ་ཡོད་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་འཚེ་མེད་ཞི་བའི་བསླབ་བྱ་འདི་ཉིད་འཛིན་ཅིང་སྤེལ་བར་བྱེད་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པ་ལ་རག་ལས། དེ་ཡང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་འདུས་པའི་དགེ་འདུན་གྱི་སྡེ་ཞིག་ཡོད་མེད་ལ་རག་ལས་ནའང་དུས་ངན་སྙིགས་མའི་མཐར་སླེབས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་ཞིང་དགེ་ཚུལ་སློང་གི་རྟགས་ཙམ་འཛིན་པ་དེང་སྐབས་ཇེ་མང་དུ་འཕེལ་བ་དེ་ཙམ་གྱིས་བསྟན་པར་ཕན་པ་ལས་གནོད་ཚབས་ཆེ་བའང་ཡོང་སྲིད་པས། རྒྱལ་བའི་བསྟན་པ་རིན་པོ་ཆེར་ཤ་ཚ་བའི་སྟོན་པའི་རྗེས་འཇུག་གི་མིང་ཅན་རང་ཅག་ཀུན་ཐུགས་མཐུན་ཁྲིམས་གཙང་བའི་ངོས་ནས་དགེ་འདུན་པའི་འདུས་སྡེ་གང་ན་ཅི་ཡོད་རྣམས་ཀྱི་ཕྱིའི་ལུས་ངག་གི་ཀུན་སྤྱོད། ནང་སེམས་ཀྱི་འཁྱེར་སོ་ལ་ཆོས་མེད་ལོག་པར་སྨྲ་བ་ཞིག་གིས་བལྟས་ཀྱང་འཇིག་རྟེན་མིའི་ལུགས་ཀྱི་ཡ་རབས་བཟང་སྤྱོད་ལྡན་ལ། ཕྱག་བྱ་བའི་འོས་དང་དད་པའི་ཡུལ་དུ་གྱུར་པ་ཞིག་ཏུ་མཐོང་ཐུབ་པའི་ཆེད་སྒོ་གསུམ་གྱི་ནུས་པ་ཡོད་རྒུ་གཅིག་ཏུ་བསྒྲིལ་ནས་འབད་དགོས་པ་ང་ཚོ་ལ་སྐྱེས་སྟོབས་ཀྱིས་འཁྲི་བའི་ལས་འགན་ཞིག་ཡིན་སྟབས༧སྐྱབས་རྗེ་ཀུན་གཟིགས་བློ་བཟང་འཕྲིན་ལས་ཚང་གིས་གསུངས་པའི་ལམ་སྟོན་གྱི་གདམས་ངག་བརྗེད་དུ་ཕངས་པ་རྣམས་འདིར་དཀྱུས་གཅིག་ཏུ་འགོད་པ་ལ།

རོང་ཆེན་བསྟན་པའི་སྒྲོན་མེའི་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་གོང་འོག་གིས་གཙོས་དགེ་འདུན་པའི་སྡེ་རྣམས་སུ་འཇུག་པ་པོའི་རྟེན་གྱི་གང་ཟག་ཇི་ལྟ་བུ་ཞིག་དགོས་ཤེ་ན། རྟེན་གྱི་གང་ཟག་ནི། འདུལ་བ་ནས་བཤད་པའི་བར་ཆད་ཀུན་དང་བྲལ་བ་མཁན་སློབ་ཚད་ལྡན་ལས་རབ་ཏུ་བྱུང་ཞིང་། ན་ཚོད་དང་བསྟུན་ཏེ་དགེ་ཚུལ་སློང་གང་རུང་གི་སྡོམ་པ་ནོད་པ། རང་དང་འབྲེལ་ཡོད་མེད་ལ་མ་ལྟོས་པར་དགོན་སྡེ་གཞན་ནས་གནས་དབྱུང་བྱས་པ་སོགས་ཀྱི་ཁ་སྨྲས་ངན་པ་ཕོག་པ་མ་ཡིན་པ་ཞིག་དགོས། བསླབ་པ་བླངས་པ་ཙམ་དུ་བཞག་སྟེ་རྙེད་པ་ཁོ་ན་དོན་དུ་གཉེར་བ་ནི། ཁྱིམ་པ་དང་གོས་ཀྱི་ཁྱད་ཙམ་ལས་མ་ཞིག་པ་ཡིན་པས་ཤིན་ཏུ་མི་རུང་། ཡོན་ཏན་ཐམས་ཅད་ཀྱི་གཞི་མ། བསྟན་པའི་གདུང་འཚོབ།སོ་སོར་ཐར་པའི་བསླབ་ཁྲིམས་རྣམ་པར་དག་པ་སྲུང་བ་ཉམས་ལེན་གྱི་མཐིལ་དུ་མཛད་མཁན་ཞིག་དགོས། དགེ་སློང་ལ་ཕམ་པ། ལྷག་མ། ལྟུང་བྱེད། སོར་བཤགས། ཉེས་བྱས་ཏེ་སྡེ་ལྔ་དང་། དགེ་ཚུལ་ལ་བླངས་འདས་སོ་དྲུག་སོགས་སྡོམ་དང་གཞིས་བསྡུས་པའི་བཅས་མཚམས་མཐའ་དག་ཤེས་པར་བྱས་ནས་སྲོག་དང་མིག་འབྲས་བཞིན་དུ་སྲུང་ཞིང་། བརྒྱ་ལ་ཅུང་ཟད་འདས་ཀྱང་ཕྱིར་བཅོས་ཚུལ་འདུལ་བ་ནས་བཤད་པ་བཞིན་དུ་མཛད། ཁྱད་པར་ཏུ་ཕམ་པ་བཞི་གང་ཡང་རུང་བས་གོས་ན་སྡོམ་པ་གཏོང་བས་སླར་ཡང་བླང་དུ་མེད་པས་གདན་ས་གོང་འོག་གིས་མཚོན་དགོན་སྡེ་གང་དུའང་འཇུག་མི་རུང་། ཆང་ནི་ཉེས་པ་ཀུན་གྱི་སྣ་འདྲེན། རྩྭ་རྩེའི་བཏུང་བ་ཙམ་གྱིས་ཀྱང་སྟོན་པའི་ཉན་ཐོས་སུ་མི་རུང་བར་གསུངས། མི་ཚངས་པར་སྤྱོད་པ་དང་། མ་བྱིན་པར་ལེན་པ་དང་། མི་གསོད་པ་དང་། མི་ཆོས་བླ་མའི་རྫུན་སྨྲ་བ་སྟེ་རྩ་བ་བཞི། ཆང་དང་ལྔ་བོ་འདིས་མཐོང་ཐོས་དོགས་གསུམ་མེད་པའི་གཙང་སེང་ངེ་བ་ཞིག་སེམས་ལ་འཛིན་རྒྱུ་མེད་ན། སྤྱིར་ཡུལ་ཁམས་དེར་བསྟན་པ་དར་ཡོད་ཀྱང་རང་གི་རྒྱུད་ལ་བསྟན་པ་སྒོས་ནུབ་ཏུ་གྱུར་པ་ཡིན་ཞིང་། ས་ལམ་གྱི་ཡོན་ཏན་སྐྱེ་བའི་སྒོ་བཀག་སྟེ་ཕྱི་མར་བཟོད་པར་དཀའ་བའི་སྡུག་བསྔལ་མྱོང་བར་འགྱུར་བའི་ཚུལ་ལེགས་པར་བསམས་ནས་སྲོག་དང་བསྡོས་ཏེ་སྲུང་དགོས།། རྗེ་བློ་བཟང་འཕྲིན་ལས་པས། སྐྲ་བྲེག་དགོས་པར་ཐར་པ་བསྒྲུབ་པ་སྟེ།། གཞུང་ལུགས་སྦྱངས་པའི་དགོས་པ་ཉམས་ལེན་ཡིན།། ཉམས་ལེན་དགོས་དོན་སེམས་རྒྱུད་ཐུལ་བ་དགོས།། དགོས་དོན་དེ་གསུམ་སྙིང་གི་དཀྱིལ་དུ་ཆོངས།། ཞེས་གསུངས་པ་ལྟར་སྡེ་འདིར་ཞུགས་པའི་རབ་ཏུ་བྱུང་བ་རྣམས་ཀྱི་ལས་སུ་བྱ་བ་ནི། ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་བསྟན་པ་རིན་པོ་ཆེ་ལ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཕྱག་རྗེས་བཞག་སྟེ་དལ་འབྱོར་དོན་ལྡན་དུ་བྱེད་པ་ཉིད་ཡིན་ལ། བསྟན་པ་ཞེས་པ་ཡང་གྲྭ་པ་མང་པོ་ལྷན་ཅིག་ཏུ་འཚོགས་ནས་འདོན་རྟ་དབྱངས་གང་ལེགས་གྱེར་ཞིང་རྔ་སྦུབ་དུང་ཆེན་གྱི་སྒྲ་རྫིག་ཉམས་ལྡན་པ་ཙམ་དང་། སྐྱེ་བོ་མང་པོའི་འདུ་ལོང་ཆེ་ཞིང་། ཕྱིའི་ཆ་ལུགས་མཛེས་པ། ལྷ་ཁང་དང་འདུ་ཁང་བརྗིད་ཉམས་ལྡན་ཞིང་སྐུ་གསུང་ཐུགས་རྟེན་མང་བ། བསྙེན་བཀུར་དང་མང་ཇ། སྦྱིན་བདག་དང་འབུལ་བ་མང་བ་ཙམ་ལ་མི་ཟེར་གྱི། བསྟན་པའི་རྩ་བ་འདུལ་བའི་བཅས་ཁྲིམས་གཙང་མ་ཡོད་པའི་དགེ་འདུན་པའི་སྡེ་གཞི་གསུམ་ཆོ་གའི་ཕྱག་ལེན་ངོས་གཙང་ཞིག་ཡོད་མེད་ཀྱི་སྒོ་ནས་བསྟན་པ་གནས་མི་གནས་འཇོག་དགོས་ན རང་རང་གིས་ཁས་བླངས་པའི་དགེ་ཚུལ་སློང་གི་བསླབ་ཁྲིམས་རྣམ་པར་དག་པ་ཞིག་དགོས། དེ་ཡོང་བ་ལ་སྲུང་ཚུལ་ཤེས་དགོས་པས་གསར་བུ་བ་རྣམས་རྡོ་གཅལ་ཐོག་ལ་མ་སླེབས་པར་དུ་བསླབ་པ་རྒན་པ་དང་གནས་ཀྱི་བླ་མའམ་ཤག་གི་དགེ་རྒན་རེ་མ་བུ་ལྟོ་འབྱར་གྱི་ཚུལ་གྱིས་བསྟེན་དུ་བཅུག་ནས་དེའི་ཤག་ཏུ་སྡོད་པ་མ་གཏོགས་རང་ཉིད་གཅིག་པུས་གྲྭ་ཤག་ལོགས་སུ་བཟུང་ནས་སྡོད་མི་རུང་བའི་ཕྱག་བཞེས་ཡོད་པ་བཞིན་ནན་ཏན་མཛད་དགོས་གསར་བུ་རྣམས་བསླབ་པ་རྒན་པའམ་གནས་ཀྱི་བླ་མ་ཁ་མིག་ཡར་ལྟའི་སྒོ་ནས་སྒོ་གསུམ་གྱི་སྤྱོད་ལམ་ཞི་ཞིང་དུལ་བ་ཆོས་དང་མཐུན་པར་ལག་ལེན་ལ་བསྟར་ཅི་ཐུབ་ལ་དང་པོ་ནས་གོམས་སུ་འཇུག་དགོས། དགེ་འདུན་པའམ་གྲྭ་པ་ནི་བསྟན་པའི་རྩ་ལག་འདུལ་བའི་བཅས་ཁྲིམས་རྣམ་པར་དག་པ་ལ་གནས་པའི་སྒོ་ནས་འགྲོ་བ་ཐམས་ཅད་ཀྱིས་བསོད་ནམས་གསོག་པའི་ཞིང་། ཕྱག་བྱ་བའི་གནས། བསྟན་པའི་རྒྱན་དུ་གྱུར་པ་ཞིག་མཛད་དགོས། རྒྱུན་དུ་བསླབ་པ་རྒན་གཞོན་ལ་བརྟགས་ཏེ་བསླབ་པ་རྒན་པ་གྲལ་གོང་དུ་འཇོག་པ་སོགས་ཀྱི་ཡ་རབས་སྤྱོད་བཟང་རྒན་རིམ་ནས་ཕྱག་ལེན་བསྟར་ཏེ་བཀུར་རེས་མཛད་ན་རང་གཞན་གྱི་བསླབ་པ་ལ་གུས་པ་བྱ་བའི་ཕན་ཡོན་ཡོད་པར་མ་ཟད་མིག་ལྟོས་ལའང་ཤིན་ཏུ་ལེགས། མཁན་པོ་དང་ལས་སྣེ། ལས་སྣེ་ཐོན་ཟུར། དཔེ་ཁྲིད་དགེ་རྒན། བསླབ་པ་རྒན་པ་སོགས་ལ་ཞྭ་ཕུད་གཟན་འབེབས། ལམ་འོག་ཏུ་ག ཟུར་བ་སོགས་ཀྱིས་གུས་བཀུར་རྒྱུན་དུ་མཛད་ན་ཕྱི་མི་ཆོས་ཁས་མི་ལེན་པ་ཞིག་གིས་བལྟས་ཀྱང་འཇིག་རྟེན་མི་ཆོས་ཀྱི་ཡ་རབས་སྤྱོད་བཟང་དང་ལྡན་པ་ཞིག་ཏུ་མཐོང་བས་རྒྱུན་དུ་འདིའི་ཐད་དོ་སྣང་མཛད་པ་གལ་ཆེ།

      ༢གནས་ཀྱི་བླ་མའམ་ཤག་གི་དགེ་རྒན་ཇི་ལྟ་བུ་བསྟེན་དགོས་ཤེ་ན། དགེ་རྒན་ནམ་ཤག་གི་དགེ་རྒན་ནི། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཞེས་གསུངས་པ་ལྟར་གྱི་མཚན་ཉིད་ཆ་ཚང་དང་ལྡན་པ་ཞིག་བྱུང་ན་རབ་དང་གལ་སྲིད་དེ་ལྟར་མ་རྙེད་ན། རང་མ་དུལ་བར་གཞན་འདུལ་བའི་གནས་མེད་ཅེས་གསུངས་པ་བཞིན་དགེ་རྒན་རང་ཉིད་ཀྱི་སྒོ་གསུམ་སྤྱོད་པ་ཆོས་དང་མཐུན་གང་ཐུབ་མཛད་ཅིང་། ཡ་རབས་སྤྱོད་བཟང་ལ་རང་ཉིད་གནས་ཏེ་དགེ་ཕྲུག་གིས་མིག་ལྟོས་ཡར་ལྟ་བྱེད་ས་ཡོད་པ་ཞིག་མ་མཐའ་དགོས་དེ་ཡང་སྤྱི་སྒེར་གྱི་བསྟན་པ་ལ་ལྷག་བསམ་དཀར་བ། ཕྱོགས་རིས་འཐེན་ཁྱེར་ཅན་གྱི་ཀུན་སློང་སྐྱོན་ཅན་མ་ཡིན་པ། སྨྲ་བ་ཉུང་བ། རྒྱུན་དུ་ལུས་ངག་ཡིད་གསུམ་མི་མཐུན་ཕྱོགས་ལས་ལྡོག་པའི་དྲན་ཤེས་བག་ཡོད་བརྟན་པོས་རྒྱལ་བའི་དགོངས་པ་དང་མཐུན་པའི་འདུལ་ཁྲིམས་ཡན་ལག་དང་བཅས་པ་སྲུང་བ་ལ་དགའ་ཞིང་དགེ་འདུན་པའི་ནང་ཁྲིམས་བཅའ་ཡིག་བཞིན་སྒྲིགས་ལམ་ཆེ་ཕྲ་ཀུན་ལ་རང་ཉིད་གནས་གཞན་དེ་ལ་འགོད་པའི་ཐབས་ཚུལ་བཟང་པོ་ལྷུར་ལེན་པ། རྗེ་ཡབ་སྲས་ཀྱི་གསུང་ལ་ཐོས་བསམ་ཉམས་ལེན་གང་ཐུབ་མཛད་ཅིང་། འཆད་སྤེལ་གྱི་སྒོ་ནས་ཚེ་རབས་ཀུན་ཏུ་རྗེའི་རིང་ལུགས་འདི་ཉིད་བསྲེ་སླད་དང་བྲལ་བར་འཛིན་པའི་དམ་བཅའ་སྒྲུབ་པའི་མཆོད་པར་འབུལ་བ། གསར་བུ་བླང་དོར་མི་ཤེས་མཁན་རྣམས་ལ་སྙིང་བརྩེ་ཞིང་ཐབས་མཁས་པས་སློབ་སྟོན་མཛད་པ་སོགས་ཆོས་དང་ཟང་ཟིང་གིས་བསྡུ་ཞིང་ཕན་འདོགས་པ་ལ་བརྩོན་པ་ལས་དགེ་ཕྲུག་ཡལ་བར་དོར་བའམ་ཞེ་བསུན། ཡིད་ཕམ་དུ་འགྲོ་བའི་རིགས་མི་བྱེད་པར་བློ་གྲོས་དང་ལྡན་པའི་ཕས་བུ་བཞིན་དུ་སྐྱོང་བར་བྱེད་ཅིང་། གདུལ་བྱའི་བློ་ཚོད་མཐོ་དམན་དང་བསྟུན་ནས་སློབ་མ་སྐྱོང་ཐུབ་པའི་ཐབས་མཁས་དང་ལྡན་པ་ཞིག་དགོས། དེང་སྐབས་ཀྱི་དགེ་རྒན་འགའ་རེས་དུས་ཚོད་ལ་བསྙད་ནས་རང་ཉིད་སྒྲིགས་ལམ་ལ་མི་གནས་པའི་མིག་ལྟོས་ངན་པ་ཞིག་རང་བཞིན་གྱིས་དགེ་ཕྲུག་ལ་བསྒོས་པ་དང་། འགའ་ཞིག་གིས་དགེ་ཕྲུག་ཚོང་ཁེ་སྤོགས། ལག་ཤེས་དང་སྐད་ཡིག་སློབ་པ་སོགས་དོན་ཆེན་པོ་མིན་པ་དང་། རྩེད་འཇོ། ཡུལ་ལུང་ལྟ་སྐོར། རྒྱུན་དུ་སྤྲོ་སྐྱིད་གཏོང་བ་སོགས་བག་མེད་ཀྱི་བྱ་བར་སྦྱོར་བ་དང་ངོ་ཚ་ཁྲེལ་མེད་ཀྱིས་འོས་དང་མི་འོས་པའི་གཡོག་ཏུ་སྡུག་གཏོང་བ། ཆོས་དང་མི་མཐུན་པའི་ལོང་གཏམ་སྣ་ཚོགས་ཀྱིས་དུས་འདའ་བར་བྱེད་པ་མ་གཏོགས་བློ་ཁ་ཡར་སྐོར་ཐབས་བྱེད་མཁན་ཤིན་ཏུ་དཀོན་པར་འདུག་པས་ཕྱིན་ཆད་དགེ་རྒན་དགེ་ཕྲུག་སོ་སོའི་ཐད་ལ་བླ་མ་ལས་སྣེ་སོགས་ཀྱིས་ཚགས་འཛིན་རེ་ངོས་པར་གནང་དགོས། གདན་ས་གོང་འོག་ཏུ་དང་པོར་མཚན་ཉིད་གྲྭ་ཚང་ནས་འཇུག་དགོས་པའི་ཕྱག་སྲོལ་ཡོད་པ་བཞིན་མཚན་ཉིད་གྲྭ་ཚང་ལ་ཞུགས་པའི་དུས་དེ་ནས་བཟུང་ཤག་གི་དགེ་རྒན་ཞིག་ངེས་པར་བསྟེན་དུ་བཅུག་ནས། འབྲི་བ། འདོན་པ། ཀློག་པ། དཔེ་ཆ་སྐྱོར་སྦྱངས། བསླབ་པ་སློབ་གཉེར་བྱེད་ཚུལ། འགྲོ་འཆག་ཉལ་འདུག   གཟན་ཤམ་གྱོན་སྟངས། ཟས་གོས་གནས་མལ་ལ་ལོངས་སྤྱོད་ཚུལ་སོགས་ཡ་རབས་ཚུལ་མཐུན་ཅན་ཞིག་དགེ་རྒན་སོ་སོས་ལག་ལེན་དམར་ཁྲིད་ཀྱི་སྒོ་ནས་སློབ་དགོས། དགེ་རྒན་གྱིས་དགེ་ཕྲུག་ཚུལ་བཞིན་སྐྱོང་གི་ཡོད་མེད་ཀྱི་ལྟ་རྟོག་ཀྱང་ལས་སྣེས་མཛད་དགོས། གསར་བུ་བས་ཀྱང་དགེ་རྒན་ནས་ཆོས་མཐུན་གྱི་བསླབ་བྱ་གང་གནང་བ་རྣམས་ཚུལ་མཐུན་གྱིས་བསྒྲུབ་པ་མ་གཏོགས་ཉིན་འགྲོ་ཞག་འགྲོའི་སྒོ་ནས་དལ་འབྱོར་དོན་མེད་དུ་འགྲོ་རིགས་མཛད་མི་ཉན། ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་དང་དགེ་རྒན་རྣམས་ལ་དད་གུས་མེད་པར་ཆོས་བྱེད་པར་རློམ་པ་ནི་སྒོ་ལྕགས་འབྱེད་པའི་ལྡེའུ་མིག་བོར་བ་བཞིན་བྱིན་རླབས་དང་དངོས་གྲུབ་ཀྱི་སྒོ་ཕྱེ་བའི་དུས་མེད་པས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ལ་བཤེས་གཉེན་བསྟེན་ཚུལ་ཡང་དང་པོ་ནས་བསླབས་ཏེ་ཤེས་པར་བྱེད་རྒྱུ་གལ་ཆེ།

      ༣གདན་ས་འོག་གི་དགེ་འདུན་པ་རྣམས་ཀྱི་ལས་སུ་བྱ་བ་ཇི་ལྟར་ཡིན་ཞེ་ན། དགེ་ཚུལ་རྣམས་ཀྱིས་བླངས་འདས་སོ་དྲུག་གི་གྲངས་དང་ངོ་བོ་ངེས་པར་བྱས་ཏེ་སྲུངབ་ལ་འབད། དགེ་སློང་རྣམས་ནས་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་སྤང་བླངས་གཅེས་སྤྲས་དགོས་པ་ནི། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོར། སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་དེ་ལྟར་མ་ཡིན་ནོ། དེ་ཅིའི་ཕྱིར་ཅེ་ན། སྲོག་དང་བྲལ་ཞིང་ཤི་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱ་ཡི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པ་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། དེའི་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད།། ཅེས་སོགས་ཀྱིས་སྲུང་བའི་ཕན་ཡོན་དང་མ་སྲུང་བའི་ཉེས་དམིགས་གསུངས་པ་བཞིན་ཚིག་ཙམ་དུ་མ་སོང་བར་ཐུགས་ཉམས་སུ་བསྟར་ཐུབ་པའི་ཆེད་སྡོམ་པ་གང་ཞིག་བླངས་པ་དང་ཆབས་ཅིག   དེའི་བར་སྡོམ་དང་བསླབ་བྱ་རྒྱས་བསྡུས་གང་རུང་རེ་བློ་འཛིན་དང་དཔེ་ཁྲིད་བྱེད་དུ་བཅུག   དགེ་ཚུལ་སློང་དང་བྱང་སེམས་སྔགས་བཅས་ཀྱི་ཕྱིར་བཅོས་ཀྱི་ཆོ་ག་ལམ་སང་བློ་ལ་འཛིན་དུ་བཅུག  སྡོམ་པ་ངོ་བགྲང་ཚུན་ཆད་ཀྱིས་ཡང་ཡང་ངེས་སུ་བཅུག་ནས་བསླབ་པ་ཚུལ་བཞིན་དུ་སྲུང་ཤེས་པ་ཞིག་ལས་དང་པོ་བའི་སྐབས་ནས་བཟུང་མཛད་རྒྱུ་གལ་ཆེ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཞེས་སོགས་ཀྱི་དོན་ལ་གནས་ནས་དེའི་རང་བཞིན་བྱེད་པ་བཟོད་པ་ཡིན་ཏེ། གཤེ་ཡང་སླར་ཡང་མི་གཤེ  ཁྲོས་ཀྱང་སླར་མི་ཁྲོ། བརྡེགས་ཀྱང་སླར་མི་བརྡེག མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་ལ་གནས་ཤིང་མཁན་སློབ་དགེ་འདུན་དང་བཅས་པའི་དྲུང་དུ་ཁས་བླངས་ཤིང་དམ་བཅས་པ་ལྟར་དོན་ལ་གནས་ནས་བསླབ་ཁྲིམས་དག་པར་སྲུང་དགོས་པ་མ་གཏོགས་ལུས་ངག་གི་སྤྱོད་ཚུལ། སེམས་ཀྱི་འཆར་སྒོ་གང་ཐད་ནས་ཁྱིམ་པ་དང་ཁྱད་པར་དོད་པ་ཞིག་མེད་པར་རྒྱབ་ཀྱི་གོན་པ་ཁོ་ནའི་སྟེང་ནས་རབ་བྱུང་དུ་འཇོག་དགོས་ཚེ་བསྟན་པ་སྤྱི་སྒེར་གཉིས་ལ་ཕན་ལས་གནོད་ཆེ་བ་དང་རང་ཉིད་བསྟན་པ་ལ་ཞུགས་པ་དོན་མེད་དུ་འགྱུར་བ་ཡིན།རབ་ཏུ་བྱུང་བའི་བྱ་བ་ནི། ཀློག་པ་དང་བསམ་གཏན་གང་རུང་དུ་ངེས་ཤིང་། ཟས་གོས་དང་གནས་ལམ་གང་བྱུང་གིས་ཆོས་ཤེས་པ་སོགས་འཕགས་པའི་རིགས་བཞི་ལ་གནས་དགོས། གྲྭ་ཤག་ལེགས་ཉེས་དང་། རྒྱུ་ཅ་ལག་འགྲན་བསྡུར། དགེ་འདུན་པའི་ཆེད་མ་ཡིན་པར་ཚོང་བུན་སྐྱེད་བྱེད་པ་སོགས་ཀྱི་བྱ་བ་མང་པོས་སྤངས་ཏེ་འདོད་ཆུང་ཆོག་ཤེས་ལ་འབད་དགོས། རྙིང་མ། ས་སྐྱ། བཀའ་རྒྱུད། ཇོ་ནང་སོགས་བོད་ཡུལ་གྱི་གྲུབ་མཐའ་སོ་སོའི་དམ་པ་གོང་མ་རྣམས་ཀྱི་བཞེད་པ་ནི་རྗེ་བླ་མའི་དགོངས་བཞེད་དང་མཐུན། ལྟ་སྒོམ་སྤྱོད་པའི་གནད་གང་ལ་ཡང་འཁྲུལ་བའི་སླད་ཕྲ་མོ་ཙམ་ཡང་མ་ཞུགས་པ་ཉམས་མེད་དགེ་ལྡན་པའི་ལུགས་སྲོལ་འདི་ཉིད་ཡིན། རང་རང་གང་ལ་ཞུགས་པའི་གྲུབ་མཐའ་དེ་ཉིད་ཀྱི་སྒོམ་ཁྲིད་རྣམས་གཞན་དང་བསྲེ་སླད་མེད་པར་ཉམས་སུ་བླངས་ན་ཀྲི་ཀྲིའི་རྨི་ལྟས་ཀྱི་ལུང་བསྟན་པའི་མདོའི་དོན་ལྟར་སྡེ་བ་བཅོ་བརྒྱད་དུ་གྱེས་ཀྱང་རྣམ་པར་གྲོལ་པའི་འབྲས་བུ་ཉམས་པ་མེད་པ་རེ་ཐོབ་པར་བཤད་པ་དང་ཕྱོགས་མཚུངས་པ་ཡིན། འགའ་ཞིག་གིས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་དོན་གྲུབ་མཐའ་མི་མཐུན་པ་རྣམས་ཀྱི་བཤད་ཚད་ཐམས་ཅད་རིགས་པའི་ལམ་ནས་འཐད་མི་འཐད་ཀྱི་རྟོག་དཔྱོད་མི་བྱེད་པར་དག་སྣང་སྦྱོང་བའི་ཁུལ་གྱིས་ཐམས་ཅད་དགོངས་པ་མཐུན་པར་སྨྲ་བ་དངོས་འགལ་ངོ་མ་ཤེས་པའི་གཏམ་ཡིན་ཏེ། ཆོས་ཐམས་ཅད་བདེན་མེད་དུ་བཤད་པ་དང་སྟོང་ཉིད་བདེན་གྲུབ་ཏུ་བཤད་པ་གཉིས་ལས་སྔ་མ་བདེན་པར་སྨྲས་ཚེ་གཅིག་ཤོས་མི་བདེན་པར་དོན་གྱིས་གོ་བ་བཞིན་ཡིན་པས་བཤད་ཚད་ཐམས་ཅད་བདེན་པར་སྨྲ་མི་རུང་། ཆོས་ཆོས་མ་ཡིན་པར་སྨྲ་བ་དང་ཆོས་མ་ཡིན་པ་ཆོས་སུ་སྨྲ་བ་གཉིས་ཀ་ཆོས་སྤོང་གི་ལས་སུ་འདྲ་བར་གསུངས་པས། ཆོས་ཐམས་ཅད་འཐད་ལྡན་དུ་སྨྲ་བ་དེའང་ཆོས་སྤོང་དུ་འགྲོ་ཉེན་ཡོད་ཚུལ་ཤེས་སླ།ཇི་སྐད་དུ། དོན་ཆུང་ནོར་གྱི་ཉོ་ཚོང་ལ།། བསམ་གཞིག་གྲོས་ཀྱིས་བརྟགས་ནས་བྱེད།། གཏན་གྱི་སོ་ནམ་དམ་ཆོས་ལ།། མ་བརྟག་ཅི་དགར་འཇུག་འདི་མཚར།། ཞེས་གསུངས་པ་ལྟར་འཇིག་རྟེན་ན་ཚོང་དང་ཞིང་ལས་སོགས་དོན་ཆུང་ངུའི་ཆེད་དུའང་རྟོག་དཔྱོད་མང་དུ་བྱེད་ན། ཚེ་རབས་གཏན་གྱི་སོ་ནམ་དམ་ཆོས་བཤད་སྒྲུབ་ཁོ་ནའི་སྟེང་ནས་ཡོང་དགོས་པ་འདི་ལ་རྟོག་དཔྱོད་མེད་པར་བཤད་ཚད་ཐམས་ཅད་ཀྱི་རྗེས་སུ་འབྲང་ན་ཁེ་ལས་གྱོང་ཆེ་སྟེ། འཇམ་པའི་དབྱངས་ཀྱིས་ཉིན་བཞིན་གདམས་པ་ཡི།། རྒྱལ་བའི་དགོངས་པ་མཐའ་དག་མངོན་གྱུར་པ།། བློ་བཟང་རྒྱལ་བ་ཡིས་ཀྱང་མ་ཐོན་པའི།། གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས།། ཕན་ལས་གནོད་པ་ཆེ་བས་སྒྲིམས་ཤིག་ཨང་།། ཞེས་གསུངས་པ་ལྟར་དེང་སང་ལྟ་བ་སྙིགས་མའི་དུས་ལ་སླེབས་པའི་དབང་གིས་རྗེ་ཐམས་ཅད་མཁྱེན་པའི་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་ཆ་ཚང་ལ་མ་ནོར་འདི་ཡལ་བར་བོར་ཏེ། འདི་ལས་ལྷག་པའི་སངས་རྒྱས་ལག་བཅངས་སུ་སྩོལ་བའི་གདམས་པ་ཡོད་ཚུལ་གྱི་ཁ་བོ་ཆེ་བསྒྲགས་པ་བདེན་པར་ཞེན་པས་ཅལ་རྒྱུག་བྱེད་པ་ནི། ཡན་ལག་བརྒྱད་ལྡན་གྱི་མཚོ་འགྲམ་དུ་བ་ཚྭའི་ཁྲོན་པ་བརྐོས་པ་དང་ཁྱད་མེད་ཅེས་བཀའ་གནང་ཡོད།
      ༤ཐོས་བསམ་སློབ་གཉེར་མཛད་ཚུལ་ཇི་ལྟར་ཡིན་ཞེ་ན།བསླབ་པར་བྱ་བའི་གཞི་ཕྱོགས་རེ་བ་མ་ཡིན་པ་བསྟན་པའི་གནད་ཡོངས་སུ་རྫོགས་པ་ལ། བསླབ་ཚུལ་ཕྱོགས་རེ་བ་མ་ཡིན་པའི་ཐོས་པ་དང་། བསམ་པ་དང་། སྒོམ་པ་གསུམ་བསྒྲིལ་གྱི་སྒོ་ནས་བསླབ་པའི་ཁྲིམས་སུ་བཅའ་བ་འདི་དག་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ལ་བསླབ་བྱའི་གནས་ལ་བག་ཡོད་ཚུལ་མཐུན་གྱིས་གནས་པ་གཞིར་བཟུང་། མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་པའི་དོན་བཞིན་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་གྱི་སྒོ་ནས་བསླབ་སྦྱངས་ལ་སྙིང་ཐག་པས་བརྩོན་པ་ཆེན་པོས་ཐོས་པའི་ཤེས་རབ་ཀྱིས་མཁས་པའི་གྲལ་དུ་སོན་པ་དང་། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད།། སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་པར་འགྱུར།། ཞེས་གསུངས་པ་ལྟར་ཁ་ཕྱིར་བལྟས་སུ་མ་སོང་བར་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ལ་གཞོལ་བས་ལུང་རྟོགས་ཀྱི་བསྟན་པ་འཕེལ་བར་མཛད་དགོས།སྤྱིར་སངས་རྒྱས་ཀྱི་བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས་པ་དང་། དེའི་ནང་ནས་ཀྱང་བསྟན་པའི་སྙིང་པོ་དྲི་མ་མེད་པ་ཞྭ་སེར་ཅོད་པན་འཆང་བའི་སྡེ་ཁོ་ན་ལ་རག་ལས་ནའང་། མ་བུ་དགོན་འདི་དག་ཏུ་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་རྨད་དུ་བྱུང་བའི་ངང་ཚུལ་ལས་འགོངས་ནས་ཕྱིའི་རྒྱས་སྤྲོས་ཙམ་ཁོ་ན་གཙོ་བོར་བཟུང་ཚེ་ཆུ་མགོ་ནས་རྙོག་པའི་དཔེ་ལྟར་དུ་འབྱུང་སྲིད། དེས་ན་གདན་ས་གོང་འོག་གིས་གཙོས་དགེ་འདུན་པའི་སྡེ་རྣམས་སུ་སློབ་གཉེར་ལ་རྟིང་བསྐུལ་ནན་མོ་མཛད་དགོས། ད་ལྟ་བཟའ་བཏུང་གཉིད་ཀྱི་བདེ་བ་ལ། ཆགས་པའི་སྐྱིད་ཆོས་འདི་ཡིས་མི་འགྲུབ་པས།། དཀའ་སྤྱད་སྡུག་རུས་བཟོད་པར་གྱིས་ཤིག་ཨང་།། ཞེས་གསུངས་པ་ལྟར་དགེ་འདུན་པ་ཡིན་ཕྱིན་ལོ་ན་བགྲེས་གཞོན་གྱི་དབྱེ་བ་མེད་པར་རྒྱུན་དུ་དཀའ་སྤྱད་སྡུག་རུས་དང་ཁ་མ་བྲལ་བར་ཐོས་བསམ་སྒོམ་གསུམ་མཛད་ན་འདི་སྐྱིད་ཕྱི་སྐྱིད་ཅིག་འོང་།
སྤྱིར་གསུང་རབ་ཀྱི་གནད་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་རིམ་དང་། ལམ་གྱི་གཙོ་བོ། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་དུ་འདུ། ངེས་འབྱུང་གི་བསམ་པ་རྣལ་མ་སྐྱེ་བ་ལ་སྡུག་བདེན་འཁོར་བའི་སྣོད་བཅུད་ཀྱི་རྣམ་བཞག་དང་། དེ་སྐྱེད་བྱེད་ཀུན་འབྱུང་ལས་འབྲས་ཕྲ་རྒྱས་ཀྱི་དབྱེ་བ་དང་། དེ་ལས་གྲོལ་བྱེད་ལམ་གྱི་བདེན་པ་དང་། གྲོལ་བ་འགོག་པའི་རང་བཞིན་བཅས་མཛོད་ལས་རྒྱས་པར་བསྟན་པ་ལྟར་ཤེས་པ་གལ་ཆེ་བས་མཛོད་ལ་བསླབ་སྦྱོང་མཛད་དགོས། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཐོབ་པ་ཐོབ་པ་དང་། ཐོབ་པ་མི་ཉམས་པར་སྲུང་བ། ཉམས་པ་ཕྱིར་བཅོས་པའི་ཚུལ་སོགས་དགག་སྒྲུབ་གནང་གསུམ་གྱིས་བསྡུས་པའི་བཅས་མཚམས་མཐའ་དག་ཕྲ་ཞིང་ཞིབ་པ་མཁྱེན་པ་འདུལ་བའི་གཞུང་ལ་རག་ལས་པས་དེར་སྦྱོང་དགོས། བྱང་ཆུབ་ཀྱི་སེམས་སྐྱེ་གནས་འཕེལ་པའི་ཐབས་སོགས་རྒྱ་ཆེ་བའི་ལམ་འབྲས་བུ་དང་བཅས་པ་ཕར་ཕྱིན་ལས་རྒྱས་པར་སྟོན་པས་ཕར་ཕྱིན་དང་། ཟབ་མོ་ལྟ་བའི་གནད་མཐར་ཐུག་པའི་གོ་བ་དབུ་མའི་གཞུང་ཐོས་བསམ་ལ་རག་ལས་པས་དབུ་ཕར་གཉིས་ལ་ངེས་པར་སྦྱོང་དགོས། དབུ་ཚད་སེངྒེའི་མཇིང་བསྣོལ་དུ་གྲགས་པ་བཞིན་རྣམ་འགྲེལ་གྱི་རིགས་ལམ་སྦྱངས་པ་དབུ་མའི་ལྟ་བུའི་རྒྱུད་སྨིན་བྱེད་དུ་འགྲོ་བར་མ་ཟད། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་རིགས་པའི་རྗེས་སུ་འབྲང་བའི་ངེས་པ་རྙེད་པའི་སྒོ་ནས་སྐྱབས་འགྲོ་བརྟན་པོ་འོང་བ་ཡང་ཚད་མའི་གཞུང་ལུགས་ལ་རག་ལས་པས་ཚད་མ་ངེས་པར་སྦྱོང་དགོས། མདོར་ན། བསྟན་པའི་གནད་དང་། ས་ལམ་བགྲོད་ཚུལ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཤེས་པ་ལ་མཚན་ཉིད་ཀྱི་བསླབ་སྦྱངས་ལ་རག་ལས་པའི་རྒྱུ་མཚན་གྱི་མདོ་དབུས་ཀྱི་ཆོས་སྡེ་ཆེན་པོ་ཀུན་ཏུ་ཐོག་མ་ནས་མཚན་ཉིད་ཀྱི་བཤད་གྲྭ་ཚུགས་པ་ཡིན། མདོ་ཕྱོགས་ཀྱི་བཀའ་དགོངས་འགྲེལ་མཐའ་དག་གི་དོན་བསྡུས་པ་བཀའ་པོད་ཆེན་པོ་ལྔ་ཡིན། དེ་དག་གི་སློབ་གཉེར་ཡང་ཁ་ཕྱིར་བལྟས་སུ་མ་སོང་བར་རྒྱུད་སྟེང་དུ་བསྐོར་ནས་ཚིག་གཅིག་ཀྱང་འདོར་རྒྱུ་མེད་པར་ཉམས་སུ་ལེན་དགོས།ལམ་རིམ་ཡང་པོ་ཏི་ལྔ་ལས་དོན་གཞན་ཞིག་སྟོན་པ་མིན་པར་ཕར་ཕྱིན་གྱི་གཞུང་ནི་ལམ་གྱི་ཉམས་ལེན་དངོས་གཞི་དང་། ཁྱད་པར་ཕར་ཕྱིན་ཐ་མ་གཉིས་སློབ་ཚུལ་དབུ་མ། སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་སྟེ་རང་གཞན་གྱི་སྟོན་པ་དང་བསྟན་པའི་ཁྱད་པར། རང་གི་སྟོན་པ་ཁོ་ན་སྐྱབས་སུ་འོས་པའི་རྒྱུ་མཚན། སྐྱབས་སུ་འགྲོ་ཚུལ་སོགས་ཐར་པ་དང་ཐམས་ཅད་མཁྱེན་པ་རིགས་པས་བསྒྲུབ་སྟེ་ཚད་མས་ངེས་པ་རྙེད་པ་རྣམ་འགྲེལ་ལ་རག་ལས་པས། རྣམ་འགྲེལ་ནི་ལམ་རིམ་རིགས་པས་སྒྲུབ་ཚུལ་ཡིན། མཛོད་གནས་དང་པོ་གསུམ་གྱིས་སྡུག་བདེན། བཞི་པས་ལས་དང་ལྔ་པས་ཉོན་མོངས་པ་ཕྲ་རྒྱས་བསྟན་པས་དེ་གཉིས་ཀྱིས་ཀུན་འབྱུང་། ཉམས་སུ་ལེན་པ་པོའི་གང་ཟག་དང་སྦྱང་བྱའི་ལམ། འབྲས་བུ་སྙོམས་འཇུག་སོགས་གནས་ཕྱི་མ་གསུམ་གྱིས་སྟོན་པས་མངོན་པ་མཛོད་ཀྱིས་ཆུང་འབྲིང་ཐུན་མོང་བའི་ལམ་བསྟན། ས་ལམ་གྱི་རྟོགས་པ་དང་ཡོན་ཏན་དེ་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་ལ་རག་ལས་ཤིང་དེ་སྟོན་བྱེད་འདུལ་བ་ཡིན་པས་དེ་ཐམས་ཅད་ལམ་རིམ་གྱི་སྟེང་དུ་འབབ་པས་ཐོས་བསམ་སྒོམ་གསུམ་གཅིག་གཅིག་གི་འགལ་ཟླར་མ་སོང་བར་ཕན་ཚུན་གྲོགས་དང་ཡ་མ་བྲལ་བར་མཛད་དགོས།
     རྗེའི་རིང་ལུགས་ནི་ལྟ་སྒོམ་སྤྱོད་གསུམ་ཆ་གང་ནས་བཀའ་དང་དགོངས་འགྲེལ་དཔང་བོར་བཞག་ནས་དཔྱད་ན་འཁྲུལ་བ་དང་བྲལ་བ། མཆོག་ཐུན་གྱི་དངོས་གྲུབ་གང་ཞིག་བསྒྲུབ་ཀྱང་འདིས་མ་ཆོག་པ་མེད་པས་ཆོས་ཚུལ་འདི་ལ་ཐོས་བསམ་སྒོམ་གསུམ་ཆིག་དྲིལ་དུ་བྱེད་པ་ལས་གཞན་ལ་འགྲམ་ཆུ་ལྡང་མི་དགོས། གང་ཡང་མ་སྦྱངས་པའི་ལས་དང་བོ་བ་ཞིག་ལ་སེམས་ངོ་བསྟན་པ་ཙམ་གྱིས་གྲོལ་པ་ཐོབ་མི་སྲིད་པར་མ་ཟད་ལམ་གོལ་བར་འགྱུར་སྲིད་ལ། རྩ་རླུང་དང་སེམས་གནས་པའི་ཉམས་ལེན་ཉི་ཚེ་བ་ཅུང་ཟད་གོམས་པསའབྲས་བུ་སྤངས་རྟོགས་མ་ཚང་བ་མེད་པའི་སངས་རྒྱས་འགྲུབ་ན་རྒྱུ་འབྲས་འཆོལ་བར་འགྱུར། དེས་ན་བཀའ་པོད་སོ་སོའི་རྩ་བ་དང་། རྒྱ་འགྲེལ་ཚད་ལྡན། རྗེ་ཡབ་སྲས་ཀྱི་གསུང་རབ། ཡིག་ཆའི་ཐལ་ཕྲེང་། སྤྱི་དོན། ཟུར་བཀོལ་གང་ཡོད་བཅས་ལ་དཔྱད་པ་དང་སྦྲགས་པའི་སྐྱོར་སྦྱངས་རྡོ་རུས་ཐུག་པ་དང་། རྩོད་ཡིག་གི་གོ་རིམ་བཞིན་རྩོད་པ་མཛད་ན་གཞུང་ཆེན་མོའི་ས་ཁོངས་ཀུན་ལ་མཚམས་ལུས་མེད་པར་ཆ་སྙོམས་ཀྱིས་རྩོད་པ་འགྲོ་ཐུབ་པའི་དགེ་མཚན་ཆེ་ལ། རིང་པོར་མི་ཐོགས་པར་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་པའི་གོ་འཕང་ཐོབ་པར་འགྱུར་ཞིང་། གཞུང་ཆེན་མོར་ལུང་རིགས་ཀྱིས་བརྡར་ཤ་ཆོད་པ་ཞིག་མེད་པའི་ཐོས་བསམ་དང་ཉམས་ལེན་ནི་གཟུགས་བརྙན་ཙམ་དུ་འགྲོ།
     ༥.ཉིན་རེའི་སློབ་གཉེར་ཇི་ལྟར་མཛད་དགོས་ཤེ་ན།ཆོས་རའི་རྩོད་པ་དང་དམ་བཅའ་སོགས་གང་གི་སྐབས་སུ།  ཐ་སྙད་འཁོར་གསུམ། ཐལ་རྡེབ། རྣམ་འགྱུར། རྟགས་གསལ་གཏོང་ཚུལ། ལན་འདེབས་ཚུལ་སོགས་གྲྭ་ས་ཆེན་པོའི་ལུགས་སྲོལ་དང་མཐུན་པ་སྤྲོ་སང་ངེ་བ་བྱ། རྩོད་པ་གནད་དུ་འགྲོ་བ་སྐྱོར་སྦྱངས་ལ་རག་ལས་པས། ཚ་གྲང་བཀྲེས་སྐོམ་སོགས་ཀྱི་དཀའ་བ་ཁྱད་དུ་བསད་ནས། རང་རང་གི་བློ་ཚོད་དང་བསྟུན་པའི་བློ་འཛིན་དང་། སྐྱོར་སྦྱངས་ལ་ཆུ་བོའི་རྒྱུན་ལྟར་འབད་དགོས།མཚན་ཉིད་གྲྭ་ཚང་གི་གཞུང་རྒྱུགས་སུ་བསྡུས་གཞུང་། བློ་རྟགས། ཕར་ཕྱིན་སྤྱི་དོན་དང་མཐའ་དཔྱོད། ལེགས་བཤད་སྙིང་པོའི་རང་རྒྱུད་པའི་བར་དང་།རྩ་ཤེས། དབུ་མའི་སྤྱི་དོན་དང་མཐའ་དཔྱོད་རྣམས་མཐར་ཆགས་སུ་རྫོགས་དགོས། འདུལ་སྡོམ་རྒྱས་བསྡུས་དང་མཛོད་ཏཱིཀ་ཐར་ལམ་གསལ་བྱེད་གཉིས་རྩོད་པའི་བབས་དང་བསྟུན་ཏེ་གང་འགྲོ་རེའི་རྒྱུགས་སྤྲོད་རྒྱུ་དང་། རང་བློའི་ནུས་པ་དང་བསྟུན་ནས་སྐབས་གང་བབས་ཀྱི་རྒྱ་གཞུང་ཚད་ལྡན་རྣམས་དང་། རྗེ་ཡབ་སྲས་ཀྱི་གསུང་རབ། འདི་གའི་ཡིག་ཆ་སོགས་ཚོགས་རྒྱུགས་ལོ་ལྟར་འཆར་ཅན་དང་། རྩ་འཇུག་གི་ཏཱིཀ་ཆེན། ལམ་རིམ་ཆེ་ཆུང་། རྣམ་བཤད། གསེར་ཕྲེང་སོགས་རྗེ་ཡབ་སྲས་ཀྱི་ལེགས་བཤད་བློ་དང་འཚམས་པ་རེ་ཐུགས་ལ་འཛིན་ཐུབ་ན། དེ་ལས་ལྷག་པའི་བདག་ལ་དྲིན་གཟོ་དང་སྒྲུབ་པའི་མཆོད་པ་འབུལ་ཚུལ་མེད་ཅེས་གསུངས་ཡོད། རྗེ་གུང་ཐང་བས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།། བརྟེན་ཕྱིར་གཞུང་ཆེན་བློ་འཛིན་མི་བྱེད་པར།། དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས །། ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས།། དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།། ཞེས་གསུངས་པ་ནི་ཉམས་མྱོང་རྒན་པོའི་ལམ་སྟོན་ཡིན་པས། སྔོན་གྱི་སྒྲིགས་ལམ་བཞིན་གཞུང་ཆེན་མོའི་རྩ་འགྲེལ་གལ་ཆེན་རྣམས་བློ་འཛིན་མཛད་དགོས་པ་མ་གཏོགས། དུས་རབས་གསར་བའི་ཕྱི་རྒྱལ་བ་ཚོའི་སློབ་གཉེར་བྱེད་སྟངས་ཀྱི་ལམ་སྲོལ་ཡམ་ཡོམ་དཔེ་ཀློག་ཙམ་འདིས་གཞུང་ཆེན་མོར་གཏིང་ཟབ་ཅིང་བརྡར་ཤ་ཆོད་པའི་སློབ་གཉེར་ཡོང་མི་ཐུབ་པས། དཔེ་ཆ་བློ་འཛིན་འདིའི་ཐོག་ལས་སྣེས་རྟིང་བསྐུལ་ནན་པོ་ཞིག་རྒྱུན་དུ་མཛད་དགོས། དཔེ་ཆ་བཟུང་བ་བརྗེད་དུ་བཅུག་པ་དང་། མ་བརྗེད་ཀྱང་ནེ་ཙོའི་མ་ཎི་འདོན་པ་ལྟར་སོང་ན་དགོས་པ་ཆུང་བའི་དཔྱད་པ་དང་སྦྲགས་པའི་སྐྱོར་སྦྱངས། བློ་ཁ་གང་མཐོ་བའི་དགེ་བའི་བཤེས་གཉེན་དག་ལས་དཔེ་ཁྲིད་ཞུ་བ་དང་འཕྲོས་པ་དོགས་གཅོད་སོགས་མཛད་དགོས།རང་རང་གཞུང་གི་བརྗོད་བྱ་དགོས་དོན་སོགས །། མ་མཐོང་ཤགས་འགྱེད་ཚིག་འཁྲི་སྐམ་པོ་དང་།། རིགས་པས་དཔྱད་པ་མི་བཟོད་གོ་ཐོབ་ཀྱི།། བམ་བཤད་འདིས་ཀྱང་བརྡར་ཤ་མི་ཆོད་པས།། གོ་རིགས་ཟུང་དུ་འབྲེལ་བར་སྐྱོངས་ཤིག་ཨང་།། ཞེས་གསུངས་པ་ལྟར་བམ་བཤད་ཀྱི་གོ་བ་ཙམ་གྱིས་བརྡར་ཤ་མི་ཆོད་པས་ཆོས་གྲྭ་ནས་གྲོགས་དགེ་བའི་བཤེས་གཉེན་རྣམས་དང་ལྷན་ཅིག་ཏུ་གོ་རིགས་ཟུང་འབྲེལ་གྱི་སྒོ་ནས་བརྒལ་བརྟགས་ཀྱིས་གཏན་ལ་འབེབས་དགོས་པ་ལས་ཆོས་གྲྭར་སོང་བ་ཉི་མ་འཕུད་ཐབས་ལྟ་བུར་གྱུར་ན་རིན་ཆེན་གླིང་དུ་གཉིད་ཉལ་ནས་སྡོད་པ་བཞིན་ཅི་ཡང་མི་འོང་།    འགའ་ཞིག་གིས་གཞོན་དུས་སློབ་གཉེར་དགའ་རབ་བྱ་ཁུལ་བྱས་ཀྱང་ནར་སོན་ནས་རྒྱང་བསྐྱུར་དུ་བཏང་སྟེ་འཆི་ཁར་ཅི་ཡང་མི་ཤེས་པའི་གླེན་པ་བྱས་ནས་འཕོ་དགོས་བྱུང་ཚེ་ངལ་བ་འབྲས་མེད་ལྟ་བུར་འགྲོ་བས།མི་ཚེ་ཧྲིལ་བོ་གཞུང་ཆེན་མོར་ཐོས་བསམ་གྱིས་དུས་འདའ་བར་བྱས་ཏེ་ཚེ་འདིའི་སློབ་གཉེར་གྱིས་ཕྱི་མའི་སློབ་གཉེར་ལ་མཚམས་སྦྱོར་ཐུབ་པ་ཞིག་མཛད་དགོས་ཞེས་གསུངས་ཡོད།
     ཤེས་རབ་ཡོད་བཞིན་དུ་ཚོགས་དང་ཆོས་གྲྭ་མི་འགྲིམ་པ་སོགས་བག་མེད་དུ་སྡོད་མཁན་རིགས་བྱུང་ཚེ་བླ་མ་དགེ་བསྐོས་དང་ཤག་གི་དགེ་རྒན་རྣམས་ཀྱིས་རྟིང་བསྐུལ་ནན་པོ་བྱེད་དགོས། གལ་སྲིད་དབང་རྟུལ་ཞིག་ཡིན་ཚེ་ཚོགས་ཆོས་གྲྭར་ཐོས་བསམ་སྒོམ་གསུམ་རྒྱ་ཆེན་པོ་བྱེད་མ་ནུས་ཀྱང་ཚིག་ཙམ་ཐོས་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། སྒྲིགས་འོག་ནས་འཚང་རྒྱ་ཞེས་གསུང་སྲོལ་ཡོད་པ་བཞིན་བསྟན་པ་རིན་པོ་ཆེར་ཡང་ཡང་མཇལ་བར་དཀའ་བའི་ཚུལ་བསམས་ནས་དགེ་འདུན་པའི་ནང་ཁྲིམས་བཞིན་ཚོགས་ཆོས་གྲྭར་རྒྱུན་དུ་ཕེབས་ཐུབ་ན་ཚོགས་གསོག་དང་ཁ་འདོན་དགེ་སྦྱོར་འདི་ལས་ལྷག་པ་མེད་ལ། གྲྭ་མང་གི་མིག་ལྟོས་དང་སྒྲིགས་ལམ་ལའང་ཕན་རླབས་ཆེ།ལས་དང་བོ་བའི་སྐབས་སུ།། ཅི་བྱས་ཆོས་ཀྱི་གེགས་སུ་འགྲོ་བ་འདི།། གྲོགས་ངན་འདུ་ཚོགས་མང་བོའི་སྐྱོན་ཡིན་པས།། ཞེས་གསུངས་པ་ལྟར་བློ་མཐུན་དང་གྲོགས་པོའི་མིང་ཅན་རྣམས་དང་། ནང་མི་ཉེ་འབྲེལ། སྦྱིན་བདག་དང་འགྲུལ་བ་སོགས་གྲྭ་ཤག་ཏུ་ཚོགས་ཏེ་ཁ་བརྡའ་བྱས་ནས་སྡོད་པ་ནི། མི་ཚེ་སྟོང་ཟད་དུ་གཏོང་ན།། དོན་མེད་ངག་འཁྱལ་རང་ཤོད་ཅིག  ། ཅེས་དང་། དོན་མེད་ལོང་གཏམ་ཆགས་སྡང་འཕེལ་བའི་རྒྱུ།། ཟིན་མེད་བྱ་བཞག་མི་ཚེ་སྟོང་ཟད་བྱེད།། གཉེན་དང་ལོངས་སྤྱོད་སྡུག་བསྔལ་སྣོན་པ་སྟེ།། ཉེས་དམིགས་སྙིང་གི་དཀྱིལ་དུ་ཆོངས།། ཞེས་གསུངས་པ་ལྟར་ངག་འཁྱལ་འདི་ནི་བརྩོན་འགྲུས་དང་སློབ་གཉེར་ལས་ཉམས་བྱེད། ཆགས་སྡང་དང་མི་བདེ་བ་ཐམས་ཅད་ཀྱི་ཕུང་སྣེ་འདྲེན་བྱེད། མི་ཚེ་སྟོང་ཟད་དུ་གཏོང་བའི་རྒྱུའི་གཙོ་བོ་ཡིན་པས་ཁ་བརྡའ་བྱས་ནས་བཞུགས་མི་རུང་བས་རྒྱུན་དུ་ལས་སྣེ་དང་དགེ་རྒན་སོགས་ཀྱིས་ཚད་འཛིན་ནན་པོ་ཞིག་མཛད་དགོས།
     ༦སློབ་གཉེར་གྱི་བར་ཆད་དང་དེ་ཟློག་ཐབས་ཇི་ལྟར་ཡིན་ཞེ་ན།འཆད་ཉན་སློབ་གཉེར་མཛད་བཞིན་པའི་སྐབས་གནས་སྐོར་སོགས་ཕྱོགས་གཞན་དུ་འགྲོ་སྡོད་མང་ན་སློབ་གཉེར་མཐར་མི་ཐོན་ཞིང་མིག་ལྟོས་ལ་གནོད་པས། འགྲོ་ནས་ལྷམ་ཟད་པ་ལས་བསྡད་ནས་སྟན་ཟད་པ་དགའ། ཞེས་རང་རེའི་དམ་པ་གོང་མ་རྣམས་ཀྱིས་གསུང་སྲོལ་ཡོད་པ་བཞིན་གདན་སར་སྡོད་ཚུགས་པ་ཞིག་མཛད་དགོས། སྐབས་འགར་ནང་ནས་བཤད་གཏམ་འབུད་ལྟ་བུ་དང་། ངེས་འབྱུང་སྤུ་སུར་ལྟ་བུས་རེ་འགའ་རི་ཁྲོད་དུ་འགྲོ་འདོད་ཤར་བ་དང་། སྐབས་འགར་མཇལ་སྐོར་ལྟ་བུ་སྤྲང་འཁྱམ་ལ་ཕྱིན་ན་སྙམ་པ་དང་། སྐབས་འགར་ནང་དུ་འཛུལ་ནས་ཁ་ཏོན་དགེ་སྦྱོར་ཁོ་ན་བྱེད་འདོད་པ་སོགས་སློབ་གཉེར་བྱེད་བཞིན་པའི་སྐབས་སེམས་ལ་འཆར་སྒོ་སྣ་ཚོགས་ཤར་བ་འདི་ཐོས་བསམ་གྱི་བར་ཆད་མིན་པའི་ངེས་པ་མེད། ཤེར་མདོ་ལས་བདུད་ལས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་ངོ་ཤེས་ནས་སྤོང་བ་གལ་ཆེ།སྙིགས་དུས་བློ་དང་བསོད་ནམས་དམན་པའི་ཕྱིར།། ལྷག་པའི་ལྷ་དང་ཡི་དམ་ཆོས་སྲུང་ལ།། རྩེ་གཅིག་གསོལ་འདེབས་ཕྱག་མཆོད་བསྐོར་བ་སོགས།། ཚོགས་བསགས་སྒྲིབ་སྦྱོང་འབད་པ་དྲག་པོ་ཡིས།། ཞིང་གི་མཐུ་ལ་རྒྱབ་རྟེན་གྱིས་ཤིག་ཨང་།། ཞེས་གསུངས་པ་ལྟར་བསོད་ནམས་དམན་པས་བར་ཆད་དེའི་རིགས་བྱུང་ཚེ་ཟློག་ཐབས་སུ་ལྷག་པའི་ལྷའི་སྒོམ་བཟླས་དང་། ཞིང་ཁྱད་པར་ཅན་ལ་བརྟེན་པའི་ཚོགས་གསོག་མཛད་དགོས། རྗེ་རིན་པོ་ཆེར་འཇམ་པའི་དབྱངས་ཀྱིས་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་ཀྱིས་གསོལ་བ་འདེབས་པ་དང་བསགས་སྦྱོང་གི་སྒོ་དུ་མར་འབད་པ། གཞུང་ཆེན་མོ་རྣམས་ལ་ཞིབ་དཔྱོད་བྱེད་པ་གསུམ་བསྒྲིལ་དུ་འབད་དགོས། ཞེས་བཀའ་བསྩལ་པ་ལྟར་ཉམས་བཞེས་མཛད་ན་བར་ཆད་ཡོང་མི་སྲིད།
     སྤྱིར་སྐུ་གོང་མ་རྣམས་ཀྱིས་མདོ་རོང་གི་མཐའ་འཁོབ་མུན་པའི་གླིང་འདིར་ནག་ཕྱོགས་པ་ཚོར་དྲག་པོའི་ལས་སྦྱོར་མང་ཙམ་མཛད་ནས་བསྟན་པ་བཙུགས་པ་ཡིན་པས།   ཕ་རོལ་མི་མ་ཡིན་རྣམས་ཀྱིས་མ་བཟོད་པར་ཡོད་པའི་རྟགས་སུ་ད་ལྟའང་འཚུབ་ཆ་འགའ་རེ་བླ་སློབ་ཀུན་ལ་རྒྱུན་དུ་ཡོང་གི་ཡོད།   དེང་སྐབས་སྙིགས་མའི་དུས་མཐར་སླེབས་སྟབས་ཆོས་བྱེད་པ་ལ་བར་ཆད་ཤིན་ཏུ་མང་ཞིང་།  ནད་གདོན་སོགས་རྐྱེན་ངན་ཅུང་ཟད་རེ་དང་འཛོམས་དུས་སློབ་གཉེར་བསྐྱུར་གཏོང་མཁན་ཡང་ཡོད།ལུས་སེམས་སྐྱིད་པོ་བྱུང་དུས་གསོལ་འདེབས་སོགས་ནུས་ཤིང་རྐྱེན་ངན་ཅུང་ཟད་རེ་ལ་ཐུག་ཚེ་ལོག་ལྟ་སྐྱེས་ཆོག་ཆོག་ལྟ་བུ་མ་ཡིན་པར་རྐྱེན་བཟང་ངན་གང་འཛོམས་ཀྱང་བླ་མ་མཆོག་གསུམ་ལ་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་སོགས་ཆོས་ལམ་དུ་ལྷོང་བའི་ཐབས་དང་སྦྲགས་ནས་སློབ་གཉེར་ལ་ཧུར་ཐག་མཛད་ན་བར་ཆད་གང་གིས་ཀྱང་མི་ཚུགས་པ་ཞིག་ཡོད་པ་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལས་མཁྱེན་ཐུབ། སྤྱིར་རིམ་གྲོའི་གཙོ་བོ་སློབ་གཉེར་ལ་འབད་པ་འདི་ལས་ལྷག་པ་ཞིག་མེད།  ཤེར་ཕྱིན་གྱི་མདོར་བདུད་སྡིག་ཏོ་ཅན་གྱི་དཔུང་ཚོགས་ཡན་ལག་བཞིར་སྤྲུལ་ནས་ཤེར་སྙིང་གི་མདོ་གསུངས་པ་ལ་བར་ཆད་དུ་འོངས་པ། བརྒྱ་བྱིན་གྱིས་ཤེར་ཕྱིན་ཟབ་མོའི་དོན་ཡིད་ལ་བྱས་པས་བཟློག་པར་གསུངས་པ་ལྟར་རྒྱུན་དུ་ཆོས་གྲྭའི་སྐུ་རིམ་གྱི་མདོ་སྐབས་དམིགས་པ་མ་གཡེང་བར་མཛད་ན་དེས་བཟློག་ཐུབ། ཆོས་རྭའི་སྐུ་རིམ་ཞེས་པ་སློབ་གཉེར་བ་རྣམས་ཀྱི་སྐུའི་རིམ་གྲོ་ལ་ཆེད་དུ་དམིགས་པ་ཡིན་པས་ཁ་གཡེང་མིག་གཡེང་མེད་པར་དམིགས་པ་བརྟན་པོར་མཛད་ན་བར་གཅོད་མཐའ་དག་འདིས་བཟློག་པས། རྔ་བརྡུང་སྦུབ་བརྡུང་གི་ཞབས་རིམ་ལོགས་སུ་བསྒྲུབ་མི་དགོས་སྙམ།འགའ་ཞིག་གིས་སློབ་གཉེར་ལ་བར་ཆད་ཆེ་ཞེས་སློབ་གཉེར་ལྷོད་དུ་བཏང་དུས་བར་ཆད་གཏོང་མཁན་དེའི་འདོད་ཐོག་ཏུ་སོང་བ་ཡིན།  དཔེར་ན། མེ་འབུད་དུ་མི་འཇུག་པའི་རྐྱེན་བྱུང་ཚེ་མེ་མ་སྤར་བར་བཞག་པ་དང་འདྲ།  དེ་བས་བུད་ཤིང་སོགས་བསྣན་ནས་མེ་ཆེར་བཏང་ན་རླུང་སོགས་ཅི་ཙམ་ཆེ་བ་དེ་ཙམ་གྱིས་མེ་སྟོབས་ཆེར་སོང་སྟེ། མེ་མི་འབར་བའི་རང་དབང་མེད་པ་ལྟ་བུ་ཡིན་ཕྱིར་ལས་སྣེ་རྣམས་ཀྱིས་རྟིང་བསྐུལ་དང་མང་མང་གིས་ཀྱང་ཐུགས་ཁུར་བཞེས་ཏེ་བར་ཆད་ཡོང་སྐབས་སུ་ལྷག་པར་སློབ་གཉེར་ལ་འབད་དགོས། སྤྱིར་ཚུལ་ཁྲིམས་དག་པོ་སྲུང་མཁན་དང་། མཆོག་གསུམ་རིན་པོ་ཆེར་བློ་ཁེལ་ངེས་པའི་སྐྱབས་འགྲོ་དང་ལྡན་པ་ལ་གདོན་འདྲེས་གནོད་པ་འབྱུང་མི་སྲིད་མོད། འོན་ཀྱང་རྐྱེན་ངན་རེ་དང་འཕྲད་ཚེ་འདི་ཚོ་རང་རང་གི་འཆར་སྒོ་ཕྱིན་ཅི་ལོག་དང་སྔོན་བསགས་ཀྱི་ལས་ངན་པས་བསྐུལ་བ་ཡིན་པས་རང་གི་རྩ་བའི་བླ་མ་དང་དབྱེར་མེད་འཇམ་མགོན་ཙོང་ཁ་པ་ཆེན་པོར་གདུང་ཤུགས་དྲག་པོས་གསོལ་བ་བཏབ་སྟེ་དམིགས་བརྩེ་མ་གྲངས་གསོག་ལ་འབད་ན་སྐྱོན་མེད་པས་ཉིན་རེ་བཞིན་དམིགས་བརྩེ་མ་བརྒྱ་རེ་མི་ཆད་ཅིང་། དེ་ལས་མང་བ་སྟོང་ལ་སོགས་པ་བཟླས་ན་རིགས་གསུམ་མགོན་པོ་སོགས་ལྷ་གཞན་ཟུར་ནས་བསྒྲུབ་མི་དགོས་པར་མ་ཎི།  ཨ་རཱ་པ་ཙ་སོགས་བཟླས་པའི་ཕན་ཡོན་མཐའ་དག་འབྱུང་།
      འགའ་ཞིག་གིས་རྒྱལ་གདོན་སོགས་ཀྱི་གཉེན་པོ་ཡིན་ཟེར་ནས་ཕྱིའི་གདོན་བགེགས་འདུལ་བའི་ཐབས་ཁོ་ན་གཙོ་བོར་བཟུང་སྟེ་ཚེ་འདིའི་ལག་ཆ་ལྟ་བུ་བྱས་ནས་དྲག་སྔགས་ཁོ་ན་ལ་འབད་པ་འདི། བཟླས་བརྗོད་མང་ན་རུ་ཊར་སྐྱེ།། ཞེས་གསུངས་པ་ལྟར་མི་འགྲོ་བའི་ངེས་པ་མེད་ཅིང་། ནང་སེམས་འདུལ་བའི་ཐབས་གཅིག་པུར་དམིགས་ནས་མཛད་ན་ཕྱིའི་རྒྱལ་གདོན་སོགས་ཞར་ལ་ཐུལ་འགྲོ་བ་ཡིན།  རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་སྐྱོང་བསྟེན་ཚུལ་ཇི་ལྟར་ཡིན་ཞེ་ན། སྤྱིར་ཆོས་སྐྱོང་ལ་སངས་རྒྱས་ཀྱི་བསྟན་དོན་ལས་ལྷག་པ་ཞིག་ཐུགས་ལ་དགོངས་རྒྱུ་མེད་ནའང་སྒྲུབ་པ་བོ་སོ་སོའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐམས་ཅད་བསྟན་པ་ལ་རྨ་འབྱིན་པའི་ཞབས་འདྲེན་དུ་མི་འགྲོ་བ་ཞིག་དང་རང་ཉིད་བསྟན་དགྲ་དམ་ཉམས་ཀྱི་གྲས་སུ་མ་ཚུད་པ་ཞིག་མ་མཐའ་དགོས་པའི་ཐོག་གཏོར་འབུལ་དང་འཕྲིན་ལས་བཅོལ་བ་སོགས་ཀྱིས་ལས་ལ་བསྐུལ་བའི་རྒྱུ་རྐྱེན་ཚོགས་ན་ཆོས་སྐྱོང་སྲུང་མ་ཚོ་རང་དགར་བསྡད་མི་ཡོང་།སྐྱབས་བླ་མའི་སྙིང་རྗེའི་རོལ་པར་བལྟ།། འདི་ཁོ་བོའི་ཆོས་སྐྱོང་བསྟེན་ཚུལ་ཡིན།། ཞེས་གསུངས་པ་ལྟར་རང་རེ་ཆོས་བྱེད་པ་རྣམས་ཀྱིས་རྒྱུན་དུ་བླ་མ་དང་མཆོག་གསུམ་གྱི་བྱིན་མཐུ་ལ་རེ་ལྟོས་བྱེད་པ་ལས་གཞན་པའི་མགོན་སྐྱབས་བཙལ་མི་དགོས་སྙམ། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ཚངས་དབང་སོགས་ལ་ཡང་སྐྱབས་འཚོལ་མི་རུང་ན་ཡི་དྭགས་ཀྱི་རིགས་སུ་གྱུར་པའི་ཀླུ་སོགས་གཞན་ལ་ལྟ་ཅི་སྨོས། དེ་དག་ལ་གཏོར་མ་གཏོང་བའི་ཚེ་ཡང་སྙིང་རྗེ་དང་གནས་སྐབས་ཀྱི་གྲོགས་འཆོལ་བའི་བསམ་པ་བསྐྱེད་དགོས་ཞེས་གསུངས་ཡོད།
      རྗེ་བློ་བཟང་འཕྲིན་ལས་ཀྱིས། སྐྱབས་དཀོན་མཆོག་གསུམ་ལ་བློ་མི་གཏོད།། གྲོགས་མི་མིན་འབྱུང་པོར་བློ་རྩེ་གཏད།། ཅེས་གསུངས་པ་ལྟར་མི་མ་ཡིན་ལ་བློ་རྩེ་གཏད་ནས་གསོལ་མཆོད་བྱས་དྲགས་ན་རང་ཉིད་ཀྱང་སྐྱེ་བ་ཕྱི་མར་ཁོང་ཚོའི་འཁོར་གྱི་གྲས་སུ་མི་སྐྱེ་བའི་ངེས་པ་མེད། གལ་སྲིད་དགེ་ཚུལ་སློང་རྣམས་ཀྱིས་ཆོས་སྐྱོང་རེ་བསྟེན་དགོས་ན་མྱུར་མཛད་མ་རེ་ཐོན་དང་དེས་ཆོག་ཅེས་གསུངས་ཡོད།   གཞན་ལ་གནོད་སེམས་ཀྱིས་དྲག་བསྐུལ་ཙམ་ཡང་བྱེད་མི་ཆོག་ལ་རང་དོན་ཕྲན་བུ་རེའི་ཆེད་དུ་ཆོས་སྐྱོང་ཁྱི་ལྟར་རྦད་ན་ཆོག་སྙམ་པ་བླུན་རྟགས་ཡིན་ལ། གལ་སྲིད་རང་ཉིད་ཀྱིས་ལས་འབྲས་རྙོག་པ་དང་དམ་ཚིག་ཉམས་ཆག་གི་ཉེས་པ་བསགས་ཡོད་ཚེ་གནོད་པ་རང་ཉིད་ཀྱི་སྟེང་དུ་ཕྱིར་ལོག་སྲིད་པས་དེ་འདྲ་གཏན་ནས་གནང་མི་རུང་། སྐབས་འགར་བྱད་ཕུར་གྱིས་གནོད་པའི་ངོ་བྱུང་ཚེ་བྱད་ཕུར་ཡང་གཏོང་བ་བོ་ཁོ་རང་ཚོ་ལ་ཕྱིར་ཟློག་ཐབས་བྱས་ན་མི་ལེགས་ཀྱང་།   ཚུར་མི་ཚུགས་པའི་ཐབས་སྲུང་འཁོར་དང་བདག་གཞན་མཉམ་བརྗེ་བསྒོམས་པ་སོགས་ལ་འབད་ན་གནོད་པ་རང་ཡུལ་དུ་འགྲོཡི་དམ་ཆོས་སྐྱོང་ཡང་རང་གི་ཕ་མེས་ཀྱིས་བསྟེན་པ་དང་བྱིན་རླབས་དང་འཕྲིན་ལས་མྱུར་བ་སོགས་ཀྱི་གྲགས་ཆེ་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཡི་དམ་དང་ཆོས་སྐྱོང་གི་མིང་ཐོགས་ཚད་བསྟེན་ན་འཕྲལ་ཡུན་དུ་མི་ཤིས་པ་ཡང་འབྱུང་སྲིད། གལ་སྲིད་ཡི་དམ་ཆོས་སྐྱོང་རེ་བསྟེན་དགོས་ཚེ་རྗེ་ཐམས་ཅད་མཁྱེན་པའི་བཀའ་སྲོལ་བཞིན་ཡི་དམ་བདེ་གསང་འཇིགས་གསུམ་དང་། མགོན་ཆོས་སོགས་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་བསྟེན་ན་དེས་མི་ཆོག་པ་གང་ཡང་མེད་ཅེས་གསུངས་ཡོད།
    ༨ སློབ་གཉེར་བ་རྣམས་ཀྱིས་རྒྱུན་དུ་ཉམས་བཞེས་མཛད་ཚུལ་ཇི་ལྟར་ཡིན་ཞེ་ན། ཉམས་ལེན་ཡིན་ཞེས་ཡི་དམ་རེའི་བསྙེན་མཚམས་ལྟ་བུའི་བཟླས་བརྗོད་ལ་འབད་པའང་རྗེས་སུ་ཡི་རང་གི་གནས་ཙམ་ཡིན་ཡང་། གཙོ་བོ་ནི་དཔལ་ཨ་ཏི་ཤ་དང་འཇམ་མགོན་བླ་མ་ཙོང་ཁ་པའི་བཀའ་སྲོལ་བཞིན་ལམ་ཡོངས་རྫོགས་ཀྱི་གནད་འདྲིལ་བའི་ཉམས་བཞེས་རེ་གནང་ན་སྣ་མི་འདྲ་བར་དུ་མ་ལ་ལྟོས་པ་མེད། ཉམས་བཞེས་ཀྱི་གཙོ་བོ་ནི་སྡོམ་པ་གསུམ་གྱི་བཅས་མཚམས་རྣམ་པར་དག་པ་སྲུང་བ་ལ་བྱེད་དགོས་པས། དགེ་ཚུལ་སློང་དང་སྔགས་བྱང་སེམས་སོགས་སྡོམ་པ་གང་ཞུས་པ་དེའི་བསླབ་བྱའི་སྡོམ་ཚིག་རེ་མ་མཐའ་བློ་འཛིན་བྱས་ཏེ། སོ་སོའི་བསླབ་བྱ་ཕྲ་རགས་ཀྱི་རིམ་པ་རྣམས་དཔེ་ཁྲིད་དང་དོགས་གཅོད་ཀྱི་སྒོ་ནས་མཁྱེན་པར་མཛད་ནས། ཐ་ན་བྱིན་ལེན་དང་རུང་ཆུ་འདེབས་པ། ཕྱི་དྲོའི་ཁ་ཟས་སྤོང་བ། ནུབ་ལྷག་གཅོད་པ། ཡོ་བྱད་བྱིན་རླབས་སོགས་བཅས་རྐྱང་ཕྲ་མོ་ཚུན་ཆད་ལའང་སྣང་ཆུང་མི་མཛད་པར་ལག་ལེན་དུ་བསྟར་ཅི་ཐུབ་མཛད། གལ་སྲིད་ཉེས་ལྟུང་གིས་གོས་ཚེ་འཕྲལ་དུ་བཤགས་པར་འོས་པ་རྣམས་བཤགས་ཡུལ་མཚན་ཉིད་དང་ལྡན་པའི་དྲུང་དུ་བཤགས་སྡོམ་ལེགས་པར་མཛད་ནས་ལྟུང་བ་དང་ཞག་ཏུ་མི་འགྲོག་པ་ལ་ནན་ཏན་གྱིས་འབད་དགོས། དང་པོ་ཉིད་ནས་གཅིག་ཤེས་གཉིས་ཤེས་ཀུན།། སྲིད་པར་འཁྱེར་བའི་དམུ་རྒོད་སེམས་ཀྱི་རྟ།། འདི་ཉིད་འདུལ་ཐབས་ཁོ་ནར་འཁྱེར་བ་ཡིས།། ཐོས་བསམ་ཆོས་སུ་འགྲོ་བར་གྱིས་ཤིག་ཨང་།། ཞེས་གསུངས་པ་ལྟར་དང་པོ་ཐོས་བསམ་མཛད་པའི་སྐབས་ནས་བཟུང་གང་ཤེས་པ་དེ་ཉམས་ལེན་དང་སྦྱར་ནས་སེམས་རྒྱུད་འདུལ་བའི་ཐབས་ལ་མ་འབད་པར་ཐོས་པ་ཐོས་རྐྱང་དུ་སོང་ནས་སེམས་རྒྱུད་སྐམ་པོ་སྐམ་རྐྱང་དུ་ལུས་ཚེ་གཞུང་ཆེན་མོ་ཤེས་པའི་ཡོན་ཏན་ཇི་ལྟར་ཆེ་ཡང་རྐྱེན་ངན་ཞིག་དང་འཕྲད་སྐབས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཁྱིམ་པ་མ་རབས་ལས་ཀྱང་ཆེས་ཐ་ཆད་པ། བསྟན་པའི་ཞབས་འདྲེན་ཞུ་མཁན་བླ་མ་དགེ་བཤེས་ཚོའི་ཁྲོད་དུ་དེང་སྐབས་ཡོད་བཞིན་པ་འདི་དག་ཆོས་མ་ཤེས་པས་མ་ལན་པར་ཉམས་ལེན་མེད་པས་ལན་པ་ཡིན། ཅི་ཙམ་ཤེས་པ་དེ་ཙམ་དུ།། རང་རྒྱུད་ཉོན་མོངས་འདུལ་ཐབས་སུ།། གཞོལ་བའི་ཉམས་ལེན་གང་ནུས་ཀྱིས།། ཐོས་བསམ་བསྒོམ་པ་ཟུང་འབྲེལ་བྱ།། ཞེས་གསུངས་པ་ལྟར། རྒྱུན་དུ་སློབ་གཉེར་དང་ཉམས་ལེན་ཟུང་འབྲེལ་མཛད་དགོས་པ་འདི་ཆེས་ཤིན་ཏུ་གལ་ཆེ་བས་མ་མཐའ་ཡང་ཉིན་རེ་བཞིན་སྐྱབས་འགྲོ་སེམས་བསྐྱེད། སྐུ་བསྟོད་རེ་དང་བླ་མའི་རྣམ་འབྱོར། དམིགས་བརྩེ་མ་དང་ཨ་ར་པ་ཙ། མ་ཎི་སྨོན་ལམ་རེ་ཆག་མེད་གསུང་རྒྱུ། ཞོགས་པ་ལངས་ཕྱག་དང་དགོང་མོ་ཉལ་ཕྱག དུས་དྲན་བསྟེན་རྒྱུ་སོགས་དགེ་རྒན་སོ་སོས་ཚུལ་བཞིན་མཛད་དེ་དགེ་ཕྲུག་ལའང་དེ་ལྟར་བྱེད་དགོས་པའི་བསླབ་བྱ་གནང་ནས་ཁ་དོག་དཀར་དམར་ལྟ་བུའི་སྐབས་ནས་བཟུང་བློ་ཁ་ཡ་རབས་ཀྱི་ཕྱོགས་ལ་རིམ་གྱིས་གོམས་སུ་འཇུག་དགོས།
སློབ་གཉེར་ལ་མི་གནོད་ན་ཉིན་ཞག་ཕྲུགས་གཅིག་ཏུ་དགེ་སྦྱོར་ཇི་ལྟར་མཛད་ཚུལ་ནི། པཎ་ཆེན་ཐམས་ཅད་མཁྱེན་པས་ནོར་བུ་རྣམ་པར་བཀྲ་བའི་མཛེས་རྒྱན་དུ་བཀའ་བསྩལ་པ་ལྟར། གནས་ཁང་བྱི་དོར་དང་ཡོན་ཆབ་གཙོ་བོར་གྱུར་བའི་མཆོད་པ་གང་འབྱོར་ཆག་མེད་འབུལ་བ། ཕྱག་སྐོར་དང་ལྟུང་བཤགས། ཡིག་བརྒྱ། དམ་ཚིག་རྡོ་རྗེའི་བཟླས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་སོགས་དམ་ཚིག་དང་སྡོམ་པ་རྣམ་པར་དག་ཅིང་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་གསོག་པ་དང་འགལ་རྐྱེན་སྒྲུབ་པ་སྦྱོང་བའི་ཐབས་ལ་འབད་ན། ཉིན་རེ་བཞིན་ཤེས་རབ་ཇེ་གསལ་དང་ཤེས་འཆལ་རྣམས་རིམ་གྱིས་ཉམས་ནས་ཐོས་བསམ་གནད་དུ་སོང་བའི་འབྲས་རྟགས་སུ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཇེ་དུལ་དུ་འགྲོ་བ་ཞིག་འོང་།ཉམས་ལེན་དངོས་གཞི་ནི། བླ་མའི་རྣལ་འབྱོར་རྒྱས་བསྡུས་ཅི་རིགས་ཀྱི་གཞུང་བསྲིང་བའི་ཐོག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་ལ་ཤར་སྒོམ་དང་། བདེ་གསང་འཇིགས་གསུམ་སོགས་ཡི་དམ་གང་ཡིན་དེའི་སྒྲུབ་ཐབས་རྒྱས་བསྡུས་སྨོན་ལམ་དང་བཅས་པའི་སྒོ་ནས་ཉིན་རེ་བཞིན་ལམ་རིམ་གཉིས་ལ་བག་ཆགས་ཅི་ཐེབས་རེ་མཛད། བདག་མདུན་གྱི་མཆོད་གཏོར་སོགས་དངོས་སུ་འབྱོར་བས་མ་ལྕོགས་ཚེ་གྲྭ་ཚང་གཞུང་གི་ལོ་གཏོར་ལ་དམིགས་པ་མཛད་ན་འཐུས་ཞེས་གསུང་རྒྱུན་ཡོད།     བསླབ་པ་སྲུང་ཚུལ་དང་མདོ་སྔགས་ཀྱི་ཉམས་ལེན་བྱེད་ཚུལ་ཤེས་པ་གལ་ཆེ་བས་ཐུན་མཚམས་རྣམས་སུ་སྡོམ་གསུམ་གྱི་བསླབ་བྱ། ལམ་རིམ་བློ་སྦྱོང་། དམ་པ་གོང་མའི་རྣམ་ཐར། མདོ་མཛངས་བླུན། ལས་བརྒྱ་པ། འདུལ་བ་ལུང་ལྟ་བུ་དང་། ཡི་དམ་གང་ཡིན་དེའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་དང་གཞུང་ཆེན་མོའི་དཔེ་ཀློག་དང་འཛིན་སྐྱོར་སྦྱངས་སོགས་གང་ཐུབ་མཛད་པ་མ་གཏོགས་བག་ཡངས་པོར་བཞུགས་མི་རུང་།དགེ་འདུན་པའི་སྡེ་ཞིག་ཡིན་ཕྱིན་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་ཞིག་མེད་མི་རུང་བ་ཡིན། དེང་སང་མིག་ལྟོས་ངན་པས་དབྱར་ཁས་ལེན་བྱེད་མཁན་དང་སྐབས་འགར་གསོ་སྦྱོང་ལ་ཕེབས་མཁན་ཉུང་བ་འདི་མི་ལེགས་པས་ནད་པ་དང་མཚམས་པ་ལྟ་བུ་མིན་ཚེ་དབྱར་གནས་དང་གསོ་སྦྱོང་ལ་མཁན་ལས་ཟུར་བླ་སྤྲུལ་དགེ་བཤེས་སོགས་ཀྱིས་ཁུར་བཞེས་ཏེ་དགེ་འདུན་པ་བགྲེས་གཞོན་ཀུན་གྱིས་གལ་ཆེན་པོར་བརྩི་བའི་གོམས་གཤིས་འཇགས་སུ་བཅུག་སྟེ་མ་ཆག་པར་ཕེབས་ཐུབ་པའི་ཐམས་ཅད་ཀྱིས་ཐུགས་མཉམ་བཞེས་དགོས།
       ༩བསྟན་འཛིན་སྤྱི་དང་ལྷག་པར་བླ་སྤྲུལ་རྣམས་ཀྱི་མཛད་པ་ཇི་ལྟར་སྐྱོང་དགོས་ཤེ་ན། སྤྱིར་བསྟན་འཛིན་ཟེར་བའང་མིང་གོ་ས་ཅན་ཞིག་མ་གཏོགས་གཞན་ལ་ཁུར་དུ་བབས་མེད་པ་ལྟ་བུ་ཞིག་ཐམས་ཅད་ཀྱི་སེམས་ལ་ཤར་འདུག་མོད། སྟོན་པའི་རྗེས་སུ་རབ་ཏུ་བྱུང་བའི་དགེ་ཚུལ་སློང་རྣམས་ཀྱི་ཁྲོད་དུ་བསྟན་པའི་ཁུར་མ་བབས་པ་སུ་ཡང་མེད། ཇི་སྐད་དུ། བསྟན་འཛིན་གྲལ་མཇུག་ཏུ་སྡོད་ན།། རང་རྒྱུད་བསླབ་གསུམ་ལ་ཚགས་གྱིས།། ཞེས་གསུངས་པ་ལྟར་རང་གིས་ཁས་བླངས་བའི་བཅས་ཁྲིམས་ལ་གཅེས་སྤྲས་སུ་བྱས་ཏེ་སྲུང་བ་ལ་བསྟན་པ་འཛིན་པ་ཟེར།སྐུ་སྐྱེ་བསྟན་དོན་དུ་བྱོན་ན།། བཤད་སྒྲུབ་ལག་རྗེས་ཤིག་འཇོག་དགོས།། འཁོར་བའི་ཟོང་རྟེན་ཞིག་བྱེད་རྒྱུར།། བཙན་ཕྱུག་བུ་ཕོ་རེས་ལོས་ཆོག །  ཅེས་གསུངས་པ་ལྟར་སྤྲུལ་སྐུ་བསྟན་དོན་དུ་བྱོན་པའི་དགོས་པའི་གཙོ་བོ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ལག་རྗེས་ཤིག་འཇོག་དགོས་པ་མ་གཏོགས། མིང་འགྲོ་འདྲེན་དོན་ལ་རྙེད་འཚོལ་མཁན། མིང་གཞན་དོན་སྙིང་ལ་རང་དོན་བཅང་།། མིང་གྲུབ་ཐོབ་དོན་ལ་སྨྱོ་སྤྱོད་མཁན།། མིང་སྤྱི་མཐུན་དོན་ལ་ཕྱོགས་རིས་རེམ།། མིང་གཞུང་དོན་བརྟག་ན་དཀྲུགས་ཤིང་མཁན།། ཞེས་པ་ལྟར་སྐྱེས་བུ་དམ་པའི་མིང་ཅན་འགའ་རེ་མིང་དོན་མི་མཚུངས་ཤིང་། དོན་མེད་ཀྱི་བྱ་བར་མགོ་འཁོར་ནས་གནའ་དེང་གི་རྩ་ཆེའི་ཡོ་བྱད་སྒྲིག་གཤོམ་དང་གཟིམ་ཆུང་དང་རླངས་འཁོར་སོགས་ཚོང་པ་ཕྱུག་པོའི་ལུགས་ལ་འགྲན་པ། འགའ་ཤས་ཀྱིས་མིང་དང་གོ་ས། ཁ་རྗེ་དབང་ཐང་དང་གཡོག་འཁོར་སོགས་དཔོན་ཆེན་ཚོའི་ལུགས་ལྟར་བྱེད་པ། མི་ཕུང་བདག་བརླག་ཅིག་བྱ་ན།། གྲུབ་རྫུས་སྨྱོ་སྤྱོད་རང་སྟོན་ཅིག །   ཅེས་གསུངས་པ་ལྟར་ནང་པ་སངས་རྒྱས་པའི་ཆོས་དང་རྒྱབ་འགལ་ལྟག་སྤྲོད་ཀྱི་འཆལ་སྤྱོད་དང་མངོན་ཤེས་ཡོད་མདོག་གིས་མི་ཆོས་བླ་མའི་རྫུན་གྱི་ཕམ་པ་ཡོན་ཏན་དུ་བརྩིས་ཏེ་གཞན་མགོ་བསྐོར་གང་ཐུབ་བྱས་ནས་བསྟན་པར་རྨ་འབྱིན་པ། འགའ་ཤས་ཀྱིས། བསྟན་པའི་བྱ་བར་བཏགས་ནས་དགོན་སྡེ་བསྐྱངས།། ཆགས་སྡང་རུ་མར་སོང་བ་ཡི་རེ་མུག ། ཅེས་གསུངས་པ་ལྟར་བླ་མའི་སྐུ་དོན་དང་རྒྱལ་བསྟན་ལ་རྒྱ་ཞེས་པའི་མིང་སྙན་པོ་ཞིག་བཏགས་ནས་འབྲེལ་ཡོད་སེར་སྐྱ་ཕོ་མོ་རྣམས་དགྲ་འདུལ་གཉེན་སྐྱོང་གི་བྱ་བར་འཇུག་ཏུ་བཅུག་ནས་མཛོ་སྤྲེལ་གཡང་ལྷུང་། རང་ཉིད་བསྟན་འཛིན་གོང་མའི་སྐྱེས་གྲལ་དུ་ཚུད་ནའང་བསྟན་པའི་སྒོ་རུ་མ་ཚུད་པ། འགའ་ཤས་ལ། ཐོས་པའི་ཤེས་རབ་ཡོད་ནའང་། མིག་རྩ་ནོར་གཏད་པའི་ཆོག་ཤེས་ཀྱི། གདམས་ངག་བྲོ་བའི་ཆོས་བཤད་ཅེས་གསུངས་པ་ལྟར་བསླབ་པ་སློབ་གཉེར་བྱས་པའི་ཡོན་ཏན་དང་དབང་བསྐུར་རྒྱུད་བཤད་ཐུབ་པའི་མན་ངག་ཡོད་ཚད་ཀྱིས་ལོག་འཚོ་འབའ་ཞིག་ཤ་ཐང་ཐང་གིས་འབད་ནས་ས་མཆོག་ཙན་དན་སོལ་བར་བསྒྱུར་ཏེ་ཆོས་ཀྱིས་ངན་སོང་སྒྲུབ་པར་བྱེད་མཁན་སོགས་ལ་ཚེ་འདིར་བླུན་པོའི་ཁྲོད་དུ་མཚན་སྙན་གྲགས་དང་། ཁྲ་ཁྲ་ཟང་ཟིང་ཆེ་ཙམ་ཡོད་ནའང་ཕྱི་མར་འབྲས་བུ་ངན་པ་མ་སྨིན་པར་ཐར་ས་མེད་པས་དེ་ཚོ་ལ་མིག་ལྟོས་མཛད་མི་རུང་། རྗེ་ཙོང་ཁ་པ་ཆེན་པོས། རྣམ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་མཛད།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། ཞེས་གསུངས་པ་ལྟར་སྔོན་བྱོན་དམ་པའི་རྣམ་ཐར་བཟང་པོ་ལ་ཁ་མིག་ཡར་ལྟ། སྤྱིར་རྒྱལ་བསྟན་ཉག་ཕྲ་ཞིང་ཁྱད་པར་རྗེའི་བསྟན་པ་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་པ་དང་། སྐྱེ་འགྲོའི་བདེ་སྐྱིད་ཉིན་བཞིན་འགྲིབ་པའི་ངང་ཚུལ་འདི་ཉིད་ལ་དགོངས་ཏེ་ཁྱེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་ཡུན་བརྟན་ངོས་ཟབ་རྒྱས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཕྱོགས་རེར་མ་སོང་བའི་ཐོས་བསམ་མཐའ་འཁྱོལ་བ་ཞིག་མཛད་པའི་ཐོག  འདོད་ཆུང་ཆོག་ཤེས་ཀྱིས་ཁས་བླངས་པའི་བསླབ་ཁྲིམས་སྤྱན་གྱི་འབྲས་བུ་བཞིན་དུ་སྲུང་། ཐོས་དོན་མདོ་སྔགས་ཀྱི་ཉམས་བཞེས་ལྷོད་མེད་ཀྱི་སྟེང་ནས་འཆད་རྩོད་རྩོམ་པས་གཞན་ལ་རྒྱ་ཆེར་སྤེལ་པ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དགོས།སྤྲུལ་སྐུ་ཁྲི་འདོན་བྱས་པའི་མཛད་པའི་དང་པོར་བླ་བྲང་གི་དཔལ་འབྱོར་མངའ་ཐང་རྒྱ་བསྐྱེད། ཕྱག་མཛོད་ལས་བྱེད་འཇོན་ཐང་ཅན་རེ་འཚོལ་སྒྲུབ་མི་བྱེད་པར། སྐུ་ཚེ་འདིའི་མཛད་པའི་དང་པོ་ལེགས་ཚོགས་རྟེན་འབྲེལ་ཐམས་ཅད་ཀྱི་རྩ་བར་གྱུར་བའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་གདན་དྲངས་ནས་དེ་ལ་གནས་ཀྱི་བླ་མར་གསོལ་བ་བཏབ་སྟེ་བསམ་སྦྱོར་རྣམ་པར་དག་པས་ཡོངས་འཛིན་དུ་བསྟེན། བཀའ་བཞིན་སྒྲུབ་པའི་མཆོད་པས་བཤེས་གཉེན་མཉེས་པར་མཛད་རྒྱུ་འདི་ཤིན་ཏུ་གལ་ཆེ།
    གཞུང་ཆེན་མོའི་གསན་བསམ་མཛད་ཞོར་དུ་མ་འོངས་པར་གདུལ་བྱའི་ཁམས་དང་བསམ་པ་མོས་པ་ཇི་ལྟ་བ་བཞིན་ཆོས་ཀྱི་འཁོར་ལོ་རིམ་གྱིས་བསྐོར་དགོས་པས་ཟབ་ཆོས་དབང་ཁྲིད་ལུང་གསུམ་སོགས་གདམས་པ་མཐའ་དག་ལ་གསན་རྒྱ་ཆེ་བར་མཛད་དགོས། ཇི་ལྟར་གདམས་པའི་དོན་ཐམས་ཅད་རང་རྒྱུད་འདུལ་བའི་ཐབས་སུ་འཁྱེར་ཏེ་ཐུགས་དམ་ཉམས་བཞེས་དང་ཚོགས་གསོག་སྒྲིབ་སྦྱོང་རྒྱུན་དུ་གནང་དགོས་པ་མ་གཏོགས། གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་ནའང་མངལ་སྒྲིབ་དང་དཀོར་སྒྲིབ། འཕྲལ་རྐྱེན་གྲོགས་ངན་དང་འཕྲད་པ་སོགས་ཀྱིས་སྐྱེ་བོ་ཐ་མར་འགྱུར་བར་དཀའ་ཚེགས་ཆེར་མེད། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་ལ་གང་ཕན་ཐུགས་ཁུར་རྒྱ་ཆེན་པོ་བཞེས་ཏེ་སྙིགས་དུས་བསྟན་པའི་སྲོག་ཤིང་ཟླ་མེད་པ་ཞིག་ཡོང་བའི་ཐུགས་བསྐྱེད་རྒྱུན་དུ་མཛད་དགོས་པ་མ་གཏོགས། རྗེ་གུང་ཐང་པའི་ཞལ་ནས། མི་འཛིན་བཤིག་པ་རང་དགའ་ན།། དུས་དང་ཚུལ་བསྟན་ལ་ཁག་ཞོག ། ཅེས་གསུངས་པ་ལྟར་དེང་དུས་བླ་སྤྲུལ་རེ་ཟུང་ནས་ལུས་ངག་གི་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་རེད་ཅེས་བག་མེད་ཀྱི་ལས་ལ་རི་གཟེར་རྦབ་རྡོ་བཞིན་ངམ་ངམ་ཤུགས་ཀྱིས་མཇུག   ལེགས་པའི་ཕྱོགས་ལ་ཆུ་བོ་གྱེན་དུ་འཐེན་པ་བཞིན་བདག་ལྟ་བུས་བསྟན་པ་འཛིན་ག་ལ་ནུས་ཞེས་ཞུམ་ནས་དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་མི་བྱེད་པ་དང་། འགའ་ཞིག་གིས་བག་མེད་པའི་ལས་ལ་འཇུག་པ་བདེ་པའི་ཀུན་སློང་ངན་པ་ཕུགས་སུ་བཅངས་ནས་བདག་མི་དཀྱུས་མ་ཞིག་མ་གཏོགས་བླ་སྤྲུལ་བྱེད་མི་འདོད་ཅེས་སྔོན་བསགས་ལས་སྨོན་བཟང་པོའི་མཐུས་རྙེད་པའི་དལ་རྟེན་གྱི་ནང་ནས་ཀྱང་སྐྱེས་སྟོབས་ཀྱི་ནུས་པ་དང་ལྡན་པའི་ལུས་རྟེན་བཟང་པོ་ཞིག་ཐོབ་པ་དེ་རྒྱན་དུ་མི་འཛིན་པར་ཁུར་དུ་འཛིན་པ། འགའ་ཞིག་གིས་གྲོང་ཆོག་དང་སྐུ་རིམ་བྱེད་དགོས་པར་མི་འདོད་ཅེས་རང་ནུས་དང་བསྟུན་པའི་བསྟན་པ་དང་འགྲོ་བ་ལ་གང་ཕན། ཁ་མཉམ་ལག་མཉམ་གྱིས་འགྲོ་བའི་སྡུག་བསྔལ་སེལ་བའི་ཐབས་ལ་མི་འབད་པར་འགྲོ་དོན་མཛད་ཡུལ་གྱིས་སེམས་ཅན་ཡུལ་དུས་གཞན་ཞིག་ནས་འཚོལ་མཁན་སོགས་ལ་མིག་ལྟོས་མཛད་མི་འོས།སློབ་བརྒྱུད་རང་རང་སོ་སོས་རྩ་ཆེར་འཛིན་པའི་ཡང་སྲིད་དེ་མིང་དོན་མཚུངས་པའི་སྐྱེས་བུ་དམ་པ་ཚད་ལྡན་ཞིག་འོང་བའི་ཐབས་སུ་ཡོངས་འཛིན་དང་ཕྱག་མཛོད་སོགས་འབྲེལ་ཡོད་ཀུན་ནས་འབད་དགོས། བླ་མའི་དཀོར་ཟས་ཀྱིས་ཁྱིམ་ཐབ་གསོ་བ། བླ་མའི་སྒོ་གསུམ་གྱི་བྱ་བར་ཆོས་ཀྱི་གནད་མི་ཤེས་པའི་དབོན་པོ་དང་ཕྱག་མཛོད་སོགས་ཀྱིས་དབང་བསྒྱུར་ཏེ་ཆོས་མིན་གྱི་བྱ་བར་སྦྱོར་ནས་ཐུགས་སུན་པ་དང་ཐུགས་དཀྲུགས་པའི་རིགས་བྱེད་མཁན་ཡང་དེ་སྔོན་མང་དག་ཅིག་བྱུང་མྱོང་ཡོད་པ་དེ་ཚོ་ནམ་ཡང་བསྐྱར་གསོ་གནང་མི་འོས།
      ༢༠གདན་ས་གོང་འོག་གིས་གཙོས་དགེ་འདུན་པའི་སྡེ་རྣམས་ཀྱི་སྒྲིག་ལམ་ཀུན་སྤྱོད་ཇི་ལྟ་བུ་ཞིག་དགོས་ཤེ་ན།བསྟན་པ་འཕེལ་འགྲིབ་ཀྱི་རྩ་བ་སྒྲིག་ལམ་ཡིན་པས་སྔ་སྲོལ་མ་ཉམས་པ་གལ་ཆེ། འགྲོ་འཆག་ཉལ་འདུག་ཀུན་ཏུ་སྒོ་གསུམ་བག་ཡངས་ལང་ཤོར་དུ་མི་གཏོང་བར་སྟོན་པའི་བཅས་པ་དྲན་ཞིང་བྱ་བ་གང་ལ་འཇུག་པ་བརྟག་པའི་ཤེས་བཞིན། ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་པས་བག་འཁུམ་པའི་སྒོ་ནས་བསླབ་པ་སྲུང་བ་ལས་མི་གཡེང་བར་བྱེད་ཅིང་དེ་མི་བརྗེད་པའི་ཆེད་དུས་ཀུན་ཏུ་གཟན་ཤམ་མཛེས་པར་གྱོན་པ་དང་མི་འབྲལ་བར་བྱེད་དགོས་པ་ལས་བྱ་བ་ཅུང་ཟད་ཙམ་གྱི་ཆེད་དུ་གཟན་ཤམ་སྐྱུར་མི་ཆོག  ཁམས་མ་སྙོམས་པ་སོགས་དགོས་པ་དམིགས་བསལ་ཅན་མེད་ཚེ་གོས་ཕུ་དུང་ཅན་གྱོན་མི་རུང་།   དགེ་སློང་ཀུན་ལ་ཆོས་གོས་རྣམ་གསུམ་དང་མ་མཐའ་བླ་གོས་དང་མཐང་གོས་ཚལ་བུ་ཅན་རེ་ངེས་པར་དགོས།   ཆོས་གོས་རྣམ་གསུམ་བྱིན་རླབས་ཅན་རེ་དང་སྟོན་པའི་སྐུ། ལམ་རིམ་ཆེན་མོའི་ཕྱག་དཔེ་རེ་འབྲལ་སྤངས་ཀྱི་ཚུལ་དུ་རང་རེའི་གདན་ས་གོང་འོག་གི་སྐྱེས་བུ་དམ་པ་ཚོས་དེ་སྔོན་བསྣམས་སྲོལ་ཡོད་པ་ལྟར་མཛད།  གལ་སྲིད་ཆོས་གོས་རྣམ་གསུམ་གྱི་བྱིན་རླབས་ཤོར་ཚེ་ལམ་སང་བྱིན་རླབས་བསྐྱར་མ་མཛད་རྒྱུར་དོ་སྣང་ཡོང་བའི་གོམས་གཤིས་ཤིག་འཇགས་དགོས།།
      རྗེ་བློ་བཟང་འཕྲིན་ལས་པས།   མདོ་རྒྱུད་ལེགས་བཤད་གླེགས་བམ་ཚོགས།། མི་ཁོ་བོའི་སྐྱོ་གྲོགས་ཟླ་མཆེད་ཡིན།། ཞེས་གསུངས་པ་ལྟར་སློབ་སྦྱོང་མཛད་སའི་ཕྱག་དཔེ་དང་རྒྱུན་དུ་ཁ་མ་བྲལ་བ་མཛད།   ཕྲེང་སེར་ལས་གཞན་པའི་ཕྲེང་བ་རྒྱན་ཅན་དང་། གྲྭ་ཕོར་ལས་གཞན་པའི་ཕོར་བ་རྩི་ཅན་སོགས་དང་། ཁྱིམ་པའི་རྟགས་ཅན་གྱི་ཞྭ་གོས་ལྷམ་གསུམ། སྐེ་རྒྱན། གློ་ཆ། གྲི་རིང་སོགས་འཆང་ས་མེད། ལྷམ་སོགས་ཀྱང་གང་བྱུང་མིན་པར་ཕྱིའི་ཀུན་སྤྱོད་ཚུན་ཆད་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་འགྱུར་བ་ཞིག་ངེས་པར་གནང་དགོས། སྨྲ་བ་ཉུང་ན་ཕོག་ཐུག་གཡེང་བ་མེད།། ཅེས་གསུངས་པ་ལྟར་ཕན་ཚུན་གྱི་ཤག་དང་སྐོར་ལམ་སོགས་སུ་འཚོགས་ནས་ལོང་གཏམ་སྣ་ཚོགས་མི་བྱ་ཞིང་ཚོགས་གྲལ་དུ་ཀྭ་བ་དང་རྩིག་པ་ལ་རྒྱབ་བསྙེལ་བ་སོགས་མ་ཡིན་པར་ལུས་རྣམ་སྣང་གི་ཆོས་བདུན་ལྡན། དབུ་ལོ་ཡག་གི་སྙེ་མ་ལྟ་བུ། རྒྱབ་ཨ་ལོང་བསྒོར་བ་ལྟ་བུ། མདུན་གྲིས་བཅད་པ་ལྟ་བུ། གྲལ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་བཞུགས་པ་མ་གཏོགས། ཁ་རྩེད། ལག་རྩེད། བཞད་གད། གཏམ་ལབ་གཏོང་བ་སོགས་བྱེད་མི་རུང་། སྐུ་རིམ་ཐང་ཚོགས་སྐབས་ཟླ་གམ་ཐང་ལ་བཞག་པ་ལྟར་སྒོར་མོར་འཚོག་དགོས།ཞལ་འདོན་གསུང་སྟངས་ནི། བྱིངས་འདྲེན་ནས་ཆོས་སྤྱོད་རྟ་འདུར་གདངས་གསུམ་གྱི་དབུ་གང་བསྐུལ་བ་བཞིན་འཐེན་འཁྱེར་མེད་པར་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་གླང་ཆེན་གྱི་འགྲོས་བཞིན་དལ་བྲེལ་སྙོམས་པ་འུར་ཆེམ་མེར་གསུངས་ཤིང་། དེ་ཡང་ཚིག་ཙམ་དུ་མ་སོང་བར་འདོན་པའི་ཚིག་རིས་དང་བསྟུན་ནས་མདོ་སྔགས་ཀྱི་ལམ་ལ་ཤར་སྒོམ་དམིགས་རིམ་དང་ལྡན་པར་བྱེད། ཞལ་འདོན་གང་ཞིག་གསུངས་ཀྱང་རྒྱ་མཚོ་ལ་རྡོ་རྒྱབ་པ་བཞིན་ནང་ནས་ཕྱིར་རིམ་གྱིས་ཁྱབ་ཅིང་། ཚུར་བསྡུ་བའི་སྐབས་མེ་ལོང་ལ་ཧ་བཏབ་པ་ཡལ་བ་བཞིན་མཐའ་ནས་ནང་དུ་སྡུད་པར་བྱེད། ར་སྐད་ལུག་སྐད། གཡས་འཐེན་གཡོན་འཐེན། མང་སྐད་དང་མི་མཐུན་པར་རང་སྐད་ལོགས་སུ་ཆད་ནས་མགྱོགས་པར་འདོན་པ། དལ་བུས་འཐེན་པ། བྱིངས་འདྲེན་དང་མི་མཐུན་པའི་རྣལ་འབྱོར་རང་རྟ་བྱེད་པ། མགོ་དལ་ལ་འཇུག་བྲེལ་བ་སོགས་རྣམ་པ་ཀུན་ཏུ་སྤངས་ཏེ། གྲལ་མཐའ་ནས་ནང་མ་དང་། ནང་མས་ནང་མ་དང་བསྟུན་ནས་མགྲིན་གཅིག་དབྱངས་གཅིག་གིས་ངག་དལ་བུས་སྙན་ཞིང་བྱིན་ཆགས་པ། སྦོམ་ཞིང་ལྷུན་ཆགས་པའི་སྒོ་ནས་རྟ་འདུར་དབྱངས་གང་འདྲ་ཞིག་འཐེན་ཀྱང་ཕྲ་སྦོམ་འདེགས་འཇོག   གྲེ་འགྱུར། གྲེ་ལྷོད། གྲེ་འདབ་སོགས་མི་ཉམས་པར་ཡི་དམ་ལྷ་སྲུང་མཉེས་པའི་ཐབས་སུ་འགྱུར་བར་བྱེད། གྲྭ་ཚང་འདིའི་འདོན་རྟ་དབྱངས་ཀྱི་སྲོག་ཕར་ཕྱིན་དུས་བཟང་སྐབས་ནས་ཚུགས་ཐུབ་པ་ཞིག་དགོས་པས་ཕར་ཕྱིན་དུས་བཟང་གི་དབྱངས་ཆགས་དང་རྟ་དབྱངས་ཀྱི་ཁྲིད་ལ་ནན་ཏན་མཛད་དགོས། བྱིངས་འདྲེན་ལས་ཟུར་དང་འདོན་བཟང་བ་ཀུན་འཛོམས་ནས་མཚམས་མཚམས་སུ་དབྱངས་ཆགས་རེ་འཚོག་རྒྱུ་གལ་ཆེ། ཚོགས་ཆེན་གྱི་འདོན་པ་གྲྭ་ཚང་བློ་གསལ་གླིང་དང་འབྲས་སྤུངས་ཀྱི་འདོན་རྟ་དབྱངས་ལ་གཞི་བཅོལ་དགོས་ཤིང་། རྒྱུད་པ་ནི་རྒྱུད་སྟོད་གྲྭ་ཚང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་ཆད་ལྷག་མེད་པར་མཛད་གལ་ཆེ། གཞིས་བྱེས་གང་དུ་ཡང་ཁྲིམས་གྲོགས་མེད་པར་ཉེ་དུ་མ་ཡིན་པའི་བུད་མེད་དང་ལྷན་ཏུ་འགྲོ་སྡོད་མི་བྱེད་ཅིང་། གྲོང་ཁྱིམ་དུ་འདུག་ཡུན་རིང་དྲགས་ན་བསླབ་པ་ལ་སྐྱོན་འབྱུང་བའི་འཇིགས་པ་ཆེན་པོ་ཡོད་པས། ཚོགས་ཡོད་མེད་ལ་མ་ལྟོས་པར་གྲོང་དུ་ཡུན་རིང་མི་སྡོད་པར་དགོན་དུ་བཞུགས་དགོས། སློབ་གཉེརཆེན་པོ་མཛད་མི་ཐུབ་པའི་དབང་རྟུལ་ཞིག་ཡིན་ནའང་རང་དགར་མི་སྡོད་པར་རང་རང་གི་བློ་འཁོས་དང་བསྟུན་པའི་ལུས་ཀྱིས་ཕྱག་སྐོར་སྒྲིབ་སྦྱོང་། ངག་གིས་བཟླས་བརྗོད་དང་གཤར་སྦྱངས། ཡིད་ཀྱིས་མདོ་སྔགས་ཀྱི་ལམ་ལ་བག་ཆགས་ཅི་ཐེབས་ཀྱིས་དགེ་བའི་བྱ་བས་དུས་འདའ་བར་མཛད་ན་དལ་འབྱོར་ཐོབ་པ་དོན་དང་ལྡན་པར་འགྱུར།
    གྲྭ་པ་ནད་པ་ལ་མང་མས་ཁུར་ལེན་གྱིས་དོན་དམ་བྱེད་ཅིང་། ནད་པ་ལ་ཆ་རྐྱེན་མེད་ན་སྤྱི་རྫས་ཀྱི་སྟེང་ནས་སྨན་རིམ་གྲོ་དང་སྐམ་ཚོགས་ཀྱིས་སྐུ་རིམ་བསྒྲུབ་དགོས། ནད་སོས་ནས་རང་ལ་འབྱོར་བ་བྱུང་ན་སྤྱི་རྫས་སོགས་བསབ་ཐུབ་ན་ལེགས། གྲྭ་པ་གཤེགས་སྐབས་ཆ་རྐྱེན་གང་ཡོད་ཚོགས་ཆེ་ཆུང་ལ་ཞལ་འདེབས་སུ་འགྲོ་ངེས་བྱེད་པ་མ་གཏོགས་དཀོར་ཟས་རྣམས་ཁྱིམ་པ་ཕོ་མོའི་ཁ་ལ་མི་འགྲོ་བ་ཞིག་བྱེད་གལ་ཆེ། སྤྱིལ་བུའམ་གྲྭ་ཤག་གསར་ཞུགས་ལ་རིན་གོང་ཚད་ལྡན་གྱིས་འཚོང་བའམ་གཞུང་ལ་འབུལ་བ་སོགས་གང་རིགས་བྱེད། གླིང་ཁྲོད་དུ་ཀ་ཅ་བོར་བའི་རིགས་རྙེད་ན་དགེ་བསྐོས་ལ་སྤྲོད་ཅིང་བདག་པོ་བྱུང་ན་ཕྱིར་སྤྲོད། སྤྲོད་ས་མ་རྙེད་ན་སྤྱི་རྫས་སུ་འཇོག   གསང་ནས་རྩད་གཅོད་བྱུང་ན་བརྐུས་པ་དང་མཚུངས།འདོད་ཆུང་ཆོག་ཤེས་སྔོན་བྱོན་དམ་པ་རྣམས།། དབུལ་བས་མ་མནར་དོན་གཉིས་རྩེར་སོན་པས།། ཞེས་དང་། མཁས་པ་སློབ་པའི་དུས་ན་སྡུག་ཅེས་གསུངས་པ་ལྟར་སློབ་གཉེར་བ་རྣམས་ཀྱིས་དཔལ་འབྱོར་རྒྱས་སྤྲོས་དང་ཟས་ཞིམ་གཉིད་ཉལ་འདོད་སྲེད་ཀྱིས་ངན་ཤོར་སྐྱིད་ལངས་འདི་འགོ་བའི་ནད་བཞིན་སྤོང་བར་མ་མཛད་ན་ཆོས་སྤྱོད་དང་སློབ་གཉེར་ལས་རིམ་གྱིས་ཉམས་ཏེ་རང་གཞན་གྱི་རྒྱུད་ཀྱི་བསྟན་པ་ཉམས་པའི་རྒྱུར་འགྱུར་སྲིད།ལྷག་པར་དགེ་འདུན་པས་ཚོང་ཁེ་སྤོག་བྱེད་པ་འདི་མིག་ལྟོས་ལ་ཤིན་ཏུ་ངན་ཞིང་བསྟན་པ་འཇིག་པའི་རྐྱེན་ཆེན་པོ་ཡིན་སྟབས་དགེ་འདུན་པ་ཚོང་པ་དང་ཕྱུག་པོ་མི་ཡོང་བའི་ཐབས་ལ་རྒྱུན་དུ་འབད་དགོས། སྟོན་པའི་རྗེས་འཇུག་རྣམས་ནི་འདོད་ཆུང་ཆོག་ཤེས། ཞི་ཞིང་དུལ་བ་ཞིག་ཡིན་དགོས་པས་དགེ་འདུན་པའི་ཆེད་མིན་པར་རང་དོན་དུ་ཁེ་ཚོང་། བུན་སྐྱེད་གཏོང་ལེན་སོགས་ཀྱི་ལས་ལ་ནམ་ཡང་འཇུག་མི་རུང་།  གལ་སྲིད་སྤྱི་གཉེར་སོགས་ཀྱིས་དགེ་འདུན་གྱི་ནོར་རྫས་ཚོང་བསྒྱུར་བྱེད་དགོས་བྱུང་ན་བྲེ་སྲང་ལྟ་བུའི་སྟེང་ནས་གཡོ་སྒྱུ་བྱེད་པ་སོགས་དགེ་འདུན་པ་ལོག་འཚོ་ལ་སྦྱོར་བའི་རིགས་བྱེད་མི་རུང་།
      ཁྱིམ་པའི་བྱ་བ་སྤངས་པ་ལ་རབ་བྱུང་ཟེར། ཞེས་གསུངས་ཡོད་ནའང་དེང་སྐབས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་འགའ་ཞིག་གིས་ཡུལ་བའི་ཁྱིམ་ཚང་གི་དགྲ་འདུལ་གཉེན་སྐྱོང་དང་ཐ་ན་བུ་དང་བུ་མོ་གཉེན་སྒྲིག   ནོར་ཕྱུགས་འཚོ་སྐྱོང་། སོ་ནམ་ཞིང་ལས་དང་ཚོང་ལས་སོགས་ཀྱི་ཁ་ཚོད་གྲྭ་པས་བཟུང་ནས་ཁྱིམ་པ་ནག་པོའི་ལས་དོན་གྱི་གསེབ་ཏུ་ཐེ་གཏོགས་བྱེད་བཞིན་པ་འདི་ཤིན་ཏུ་མི་འོས། འགའ་ཞིག་གིས་ལག་འདྲེས་པའི་འཐབ་འཛིན་བྱེད་པ་ཐ་མ་ཁ་འཐེན་པ། སྒྲིག་འགལ་གྱི་ཆད་ལས་བཞག་པ་དང་དུ་མི་ལེན་ཞིང་ལས་སྣེར་ཁ་ལན་ལག་ལན་སློག་པ་སོགས་བྱུང་ན་གནས་ནས་དབྱུང་ཞིང་སླར་འཇུག་ཏུ་མི་སྟེར། གླིང་གསེབ་ཏུ་ཆང་དང་བུད་མེད་ཀྱི་འགྲིམ་འགྲུལ་གཏན་ནས་མི་བྱ་ཞིང་། གྲྭ་ཤག་ཏུ་ཁྱིམ་པའི་ཡོ་བྱད་ཉར་ཚགས་བྱེད་པ་དང་ཁྱིམ་པ་དང་ཟློས་གར་བ་ཕོ་མོའི་པར་རིས་འདྲ་མིན་སྦྱར་བ། འདོད་སྲེད་ཀྱི་གློག་བརྙན་དང་པར་རིས་བསྟན་བཅོས་འདྲ་མིན་ལ་བལྟ་བ། མདོག་མི་རུང་བ་དང་དབྱིབས་མི་རུང་བའི་གོས་ཕུ་དུང་ཅན་དང་དོར་མ་སོགས་གཟན་ཤམ་གྱི་འོག་ཏུ་གྱོན་པ། གཟན་ཤམ་མེད་པར་ཤག་ཏུ་སྡོད་པ་དང་སྲང་ལམ་དུ་འགྲོ་བ་སོགས་མི་ཆོག    དེང་དུས་ལ་བསྙད་ནས་དགོས་པ་ཅུང་ཟད་ཙམ་གྱི་ཆེད་དང་། ཡང་ན་སྣང་བ་སྤྲོ་སྐྱིད། གླུ་གར་འཁྲབ་སྟོན། མི་འོས་པའི་ལས་ལ་འཇུག་བདེ་བ་སོགས་ཀྱི་ཆེད་གྲྭ་པས་ཁྱིམ་པའི་གོས་གྱོན་སྲོལ་ཞིག་རྒྱ་ཁྱབ་ཏུ་དར་བཞིན་པ་འདི་ཤིན་ཏུ་ཉེན་ཆེ། གྲྭ་ལོག་དང་བླ་ལོག་འགས་གྲྭ་ཆས་གྱོན་པ་འདི་ཤིན་ཏུ་མི་འོས་ཤིང་དགེ་འདུན་པའི་སྡེ་སྤྱི་ལ་དད་པ་མི་སྐྱེ་པའི་རྒྱུར་འགྱུར་སྲིད་པས་ནམ་ཡང་གྱོན་མི་རུང་། གྲྭ་པས་ཁྱིམ་པའི་གོས་གྱོན་ནས་མི་འོས་པའི་ལས་དོན་འགའ་རེ་བསྒྲུབས་པ་འདི་ཕྱི་མིས་ཤེས་ཚེ་ངོ་ལྐོག་གི་ལས་གཉིས་བསགས་ཀྱིན་ཡོད་པའི་བློ་དོགས་དགེ་འདུན་པ་ཐམས་ཅད་ལ་སྐྱེ་སྲིད་པར་མ་ཟད། རབ་ཏུ་བྱུང་བའི་རྟགས་བླངས་པ་ལས་ཀྱང་ཉམས་པར་འགྱུར་བས་སྲོག་ལ་ཐུག་པའི་འཇིགས་པ་ཡོད་པའམ་དགོས་པ་ཁྱད་པར་ཅན་གཞན་མེད་ཚེ་ཁྱིམ་པའི་གོས་མི་གྱོན་པའི་གོམས་གཤིས་སྔར་སྲོལ་ལྟར་རྒྱུན་འཇགས་ཐུབ་ཆེད། ཁྱིམ་པའི་གོས་གྱོན་མཁན་ཚོར་ཉེས་པ་འགེལ་བ་སོགས་ཀྱི་ཚགས་འཛིན་རྒྱུན་དུ་མཛད་དགོས། དེ་བཞིན་དུ་དགེ་འདུན་པས་སྒྲ་སྙན་སོགས་དཀྲོལ་བརྡུང་། གར་འཁྲབ་པ་དང་གླུ་རྩེད་སོགས་ཁྱིམ་པའི་ལས་ལ་འཇུག་པ་འདི་མིག་ལྟོས་ངན་ཞིང་བག་མེད་པའི་ལས་ལ་གྲྭ་གཞོན་རྣམས་ཁ་དཀྲི་བར་བྱེད་པས་ལས་སྣེ་ཆོས་ཚགས་འཛིན་ནན་ཏན་ཞིག་མཛད་དགོས། གཏོར་རྫས་ལྟ་བུའི་ཆེད་མ་གཏོགས་གླིང་གསེབ་ཏུ་ཆང་གི་འགྲིམ་འགྲུལ་གཏན་ནས་བྱེད་མི་ཆོག   ནང་མཆོད་དང་ཚོགས་རྫས་ལའང་ཇ་དང་འོ་ཞོ་སོགས་མ་གཏོགས་ཆང་མི་འཇོག་པའི་ཕྱག་བཞེས་བཟང་པོ་སྔར་ཡོད་བཞིན་མཛད་དགོས། ནང་ཆེན་དང་གཞུང་གི་སྤྱི་གཉེར། ཁ་འཕྲོའི་ལས་བྱེད་རྣམས་ནས་ཟས་སྟོན། འགྲུལ་བ་དང་གླ་བ། ལས་བྱེད་སོགས་ལ་ཆང་བླུད་མི་ཆོག་པར་མ་ཟད།གླིང་བར་དུ་གྲོང་པས་ཆང་འཐུང་བ། ཐ་མག་འཐེན་པ་དང་འཁྱེར་མི་ཡོང་བའི་བཀག་བསྡོམ་བྱེད་དགོས། གླིང་ནང་སྒོ་ཁྱི་བདག་བཟུང་། བེའུ་ལུག་འཚོ་སྐྱོང་། གླིང་བར་ནས་འབོད་རྒྱངས་དང་རྟ་ཞོན་ནས་འགྲོ་མི་ཆོག   གྲྭ་པས་ཤོ་དང་མ་ཇང་། ཤོག་ཕེ། མིག་མང་རྩེ་བ་དང་རྒྱན་འཛུགས་བྱེད་མཁན་བྱུང་ཚེ་ཆད་ལས་འགེལ་དགོས། མེ་མདའ་འཕེན་པ། མཚོན་ཆ་བདག་ཉར་དང་ཉོ་ཚོང་བྱེད་པ། གླིང་བར་ནས་རྟ་ཟོག་མང་པོ་འཛིན་པ་དང་། ལུད་བསགས་ནས་གྲོང་དུ་སྐྱེལ་བ་དང་། གྲྭ་པས་གྲི་དང་གློ་ཆ། གསེར་སོ་དངུལ་སོ། སྐེ་ལ་གསེར་ཐག་འདོགས་པ། གྲྭ་ཤག་ཏུ་དེང་དུས་ཀྱི་སྒྲ་སྙན་འཁོར་ཐག་དང་གཟུགས་མཐོང་གློག་འཕྲིན་སོགས་གཏོང་བ། སུག་གླིང་དང་སྒྲ་སྙན་སྣ་ཚོགས་འབུད་བརྡུང་དཀྲོལ་གསུམ་བྱེད་པ་ལ་བཀག་ཆ་ནན་ཏན་བྱེད་དགོས། ཆོས་གྲྭ་དང་གཙུག་ལག་ཁང་སོགས་དགེ་འདུན་འདུས་པའི་གནས་རྣམས་སུ་མཆིལ་སྣབས་སོགས་མི་གཙང་བ་འདོར་མི་རུང་ཞིང་གླིང་གསེབ་གཙང་མ་ཡོང་བའི་ཐབས་སུ་གད་དར། ཆུའི་འགྲོ་ལམ། གསང་སྤྱོད་སོགས་གྲ་སྒྲིག་མཛད་དགོས། ཆུ་ལེན་ཇ་མ་སོགས་ནས་རྒྱུན་དུ་ཁ་དཀྱིས་གྱོན་ནས་དགེ་འདུན་པའི་བཞེས་པའི་གཙང་སྦྲ་སོགས་ལ་འབད་པས་མཚོན་རང་རང་སོ་སོའི་སྟེང་གི་བྱ་བ་ལས་འཁུར་གང་ཡོད་ཚུལ་བཞིན་བྱེད་དགོས།
       གྲྭ་རྒྱུན་དང་གྲྭ་ཚང་ཕན་ཚུན། འཛིན་གྲྭ་གོང་འོག   ཡུལ་ཕྱོགས་དང་གྲྭ་རྒྱུན། དགེ་ཕྲུག་གི་སྡེ་ཁག་སོགས་ཕྱོགས་བསྒྲིགས་བྱས་ཏེ་མི་དཔུང་གྲྭ་བསྡེབ་ཀྱི་རྩོད་གླེང་ཕྲ་མོ་ཙམ་ཡང་ལྟ་ཅི་སོ་སོར་རིས་སུ་བཅད་པའི་ཚིག་ཙམ་ཡང་མི་སྨྲ་བར། བླ་སློབ། དགེ་རྒན། དགེ་ཕྲུག  གྲྭ་ཚང་ཕན་ཚུན། དགོན་སྡེ་ཕན་ཚུན། ཆོས་བརྒྱུད་ཕན་ཚུན་སོགས་ཀྱི་བར་ཐུགས་མཐུན་ཞིང་དམ་ཚིག་གཙང་སང་ངེ་བ། སྤྱི་སྒེར་གྱི་བསྟན་པ་ལ་ཕན་པར་དགོངས་པའི་ཐུགས་འདུན་གཅིག་ཏུ་འདྲིལ་བ་ཞིག་མཛད་དགོས། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་གང་ཟག་གཅིག་གི་རྒྱུད་དུ་འཇོག་དགོས་པས་དེ་སྔོན་གྲྭ་པ་འགའ་རེས་མཚོན་བཟུང་སྟེ་རང་རྒྱུད་ཀྱི་བསླབ་པ་ལ་རྨ་ཕྱུང་བའི་སྐབས་བྱུང་ཡོད་པས་རང་གི་འདུན་མ་གཏན་ཉེས་སུ་གྱུར་པར་མ་ཟད་བསྟན་པ་ཉམས་པའི་རྒྱུར་གྱུར་པས། བླ་མའི་སྐུ་དོན་དང་བསྟན་དོན། ལ་རྒྱ་ཞེས་མིང་སྙན་པོ་ཇི་འདྲ་ཞིག་བཏགས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་དེ་ལས་ལྷག་པའི་གནོད་འགལ་ཆེ་བ་བྱེད་ལུགས་མེད། ཕྱི་དགེ་སྦྱོང་ཆ་ལུགས་ཀྱིས་མཛེས་ཀྱང་།། མིང་རབ་བྱུང་ཀུན་སྤྱོད་ཁྱིམ་པ་འདྲ།། མིང་ཆོས་པ་རྟག་ཏུ་ཆོས་མིན་སྤྱོད།། མིང་དགེ་བཤེས་དོན་ལ་སྡིག་བཤེས་ཡིན།། ཞེས་གསུངས་པ་ལྟར་རྒྱབ་གོས་ཀྱི་ཁྱད་པར་ཙམ་ལས་སྒོ་གསུམ་གྱི་སྤྱོད་པ་ཁྱིམ་པ་ལས་ཐུ་བ་བྱུང་ན་སངས་རྒྱས་ཀྱི་བསྟན་པའི་ཞབས་འདྲེན་དང་བསྟན་པ་བཤིགས་པའི་ལས་ངན་ཚབས་ཆེན་དེ་ལས་ལྷག་པ་བྱེད་རྒྱུ་མེད། འགའ་ཞིག་གིས་དབང་ཤེད་དམ་རློམ་སེམས། ཁྱད་གསོད་ཀྱིས་སྒྲིགས་འགལ་བྱེད་མཁན་བྱུང་ཚེ་བསྟན་སྲུང་ཡེ་ཤེས་པའི་སྤྱན་ལྡན་སྤྱི་དང་ཁྱད་པར་དགེ་སྡིག་ཤན་འབྱེད་འཆི་བདག་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ། མཐུ་སྟོབས་ཀྱི་དབང་ཕྱུག་མཧཱ་ཀཱ་ལ། གུར་མགོན་ལྕམ་དྲལ། ཞིང་སྐྱོང་སྟོབས་འཕྲོག་ནག་པོ་གདོང་བཞི་པ་ཡབ་ཡུམ། དགྲ་ལྷ་ཆེན་པོ་སྲོག་བདག་ཆོས་རྒྱལ་སྡེ་ལྔ་སོགས་བླ་མ་རྡོ་རྗེ་འཆང་གི་བཀའ་དང་དམ་ཚིག་བཞིན་དུ་གང་ལ་གང་འདུལ་གྱི་འཕྲིན་ལས་གནམ་ལྕགས་ཀྱི་ཐོག་མདའ་ལྟར་བཟློག་ཏུ་མེད་ཅིང་རྒྱ་འཚོའི་རླབས་བཞིན་དུས་ལས་ཡོལ་བ་མེད་པར་མཛོད་ཅེས་བཅའ་ཡིག་སོ་སོའི་མཇུག་ཏུ་བཀའ་བསྒོས་དམ་བསྒྲགས་གཉེར་གཏད་ཡང་ནས་ཡང་དུ་མཛད་ཡོད་པས་བསྟན་བཤིགས་དེ་ཚོའི་རིགས་ལ་དུས་ནམ་ཞིག་གི་ཚེ་བཀའ་ཆད་ཕོག་པ་ཆ་མ་མཚལ་བས་དང་པོ་ནས་གཟབ་གཟབ་མཛད་དགོས།
     ༡༡ཚོགས་ཆེན་ཁྲི་པ་དང་དགེ་བསྐུལ་གཉིས་ཀྱིས་གཙོས་ལས་སྣེ་རྣམས་ཀྱི་བྱེད་སྒོ་ཇི་ལྟ་བུ་ཡིན་ཞེ་ན། ཚོགས་ཆེན་ཁྲི་པ་ཚང་ནས་ཆོས་ཐོག་སྐབས་ལོང་ནམ་ཡོད་ལ་བཀའ་པོད་ལྔའི་བརྩི་བཞག་ཆག་མེད་དང་། རྒྱུད་དུས་འཁོར་གྱི་མཁན་པོས་འགྲེལ་པ་དང་བརྩི་བཞག་གནང་དགོས། གྲྭ་ཚང་སོ་སོའི་འཆད་ཉན་ཉམས་ན་བསྟན་པའི་ཆག་སྒོ་དེ་ལས་ཆེ་བ་མེད་པས་རང་རང་གི་ལས་སུ་བྱ་བ་གང་ཡོད་ལས་བཤོལ་མེད་པར་བསྒྲུབ་དགོས། ཚོགས་ཆེན་ཁྲི་ཐོག་རེ་རེའི་རིང་ལ་བརྩི་བཞག་ཤོག་གྲངས་སྟོང་རེ་མ་མཐའ་བྱས་ཏེ་འཆད་དགོས། མཁན་ལས་ཟུར་རྣམས་ནས་གདན་སའི་དཔེ་ཆ་བ་དགའ་ཤོས་རྣམས་དང་བློ་གསལ་བ་རྣམས་ལ་དཔེ་ཁྲིད་གཙོ་བོར་གནང་དགོས་པ་མ་གཏོགས་ལོག་འཚོ་དང་འབྲེལ་བའི་ཇ་ཐུག་གི་སྦྱིན་བདག་འཚོལ་སྒྲུབ་མཛད་པའི་གཙོ་བོར་བཟུང་སྟེ་གྲོང་ཡུལ་འགྲིམས་ནས་དུས་འདའ་བ་ལྟ་བུའི་སྔ་སྲོལ་ངན་པ་རྒྱུན་འབྱམས་ཀྱིས་དམན་པའི་བྱ་བར་མགོ་བོ་འཁོར་མི་རུང་། དེང་སྐབས་ལས་སྣེ་སོ་སོས་འཆད་ཉན་གྱི་རྟིང་བསྐུལ་དང་ཁྱད་པར་འཛིན་གྲྭ་གོང་འོག་ཚོའི་སློབ་གཉེར་ཇེ་ཞན་དུ་སོང་འདུག་པས་ཆོས་མཚམས་སུ་འཛིན་གྲྭ་གོང་མ་རྣམས་ཀྱིས་རྩོད་གྲོགས་གནང་ནས་བསྡུས་གྲྭ་སོགས་འཛིན་གྲྭ་འོག་མ་ཚོར་དམ་བཅའ་རེ་ཚུགས་རྒྱུ་སོགས་སློབ་གཉེར་འཕེལ་ཐབས་གང་དགོས་མཛད་དེ་འཆད་ཉན་གཏིང་ཚུགས་པ་ཞིག་མཛད་དགོས། སྤྱི་ཚོགས་རྙིང་བའི་སྐབས་ཡུལ་དུས་འགའ་ཞིག་ཏུ་མཁན་པོ་དང་ཁྲི་བའི་ལེགས་ཉེས་སེམས་ཅན་ཉེས་མེད་བརྒྱ་ཕྲག་མང་པོ་བསད་པའི་དམར་མཆོད་ལྟ་བུའི་ཇ་ཐུག་འབུལ་མཁན་གྱི་སྦྱིན་བདག་མང་པོ་ཡོད་མེད་ཀྱིས་བཤད་སྲོལ་ངན་པ་ཞིག་ཡོད་ནའང་ངོས་ནས་རེ་འདུན་ཞུས་པ་བཞིན་བསྟན་པ་སྤྱི་སྒེར་ལ་དགོངས་བཞེས་ཀྱིས་མཁན་པོ་དང་ཁྲི་བས་དེང་སྐབས་དཔེ་ཁྲིད་གཙོ་བོར་མཛད་པ་དང་ཚོགས་ཀྱི་བཞེས་ཐུག་དཀར་སྐྱོང་དུ་བསྒྱུར་བ་འདི་སྒྲུབ་པའི་མཆོད་པ་འགྲན་ཟླ་མེད་པ་མིག་དཔེར་འོས་པ་ཞིག་ཏུ་གྱུར་ཡོད། དགེ་བའི་བྱ་བར་མིང་གིས་བཏགས་པའི་ལས་ངན་འདིའི་རིགས་བསྐྱར་གསོ་ནམ་ཡང་མཛད་མི་རུང་བས་འདིའི་ཐད་ད་དུང་ཡང་ཚད་འཛིན་ནན་པོ་རེ་གནང་གལ་ཆེ།
      ཞལ་ངོ་དང་དགེ་བསྐུལ་གྱིས་དམ་ཆོས་འདུལ་བའི་དགོངས་དོན་བཤད་དགོས་པས་འདུལ་བའི་གནང་བཀག་གི་ཆ་ལ་མཁས་པ། གྲྭ་རྒན་ཤེས་སྒོ་འཇོན་ཐང་ཅན། སྤྱི་སེམས་ཆེ་བ། ཉེ་རིང་མེད་པ་ཞིག་ལ་བསྐོ་རྒྱུ་གལ་ཆེ་ཞིང་། དེང་ཀྱང་སྒྲིགས་ལམ་སོགས་སྤྱི་སྒོས་ལ་ལྷག་བསམ་རྣམ་དག་བྱེད་དགོས། བུ་སྟོན་རིན་པོ་ཆེའི་ཞལ་གདམས་ལས། ཆོས་ཁྲིམས་པ་བཟང་པོ། རང་སྐྱོན་མེད་པ། སྤྱི་ཚུགས་ཆེ་བ། བློ་གཟུར་བོར་གནས་པ། དགེ་བསྐོས་དང་ཆོས་སུ་བཞུགས་ཤིང་། འདི་ལ་ཐམས་ཅད་ཀྱིས་དམ་བཞག་བྱེད་གལ་ཆེ། ཞེས་གསུངས་པ་ལྟར་ཡིན། ཟླ་ཆོས་ལ་བླ་མ་དགེ་བསྐོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚོགས་གཏམ་རྒྱས་པ་རེ་དང་། བཅོ་ལྔ་དང་ཉི་ཤུའི་ཆོས་ཐོག་ལ་བཅའ་ཡིག་དང་མཐུན་པའི་ཚོགས་གཏམ་གཉིས་རེ་དང་འདུལ་བའི་བཅའ་ཁྲིམས་ཀྱི་ངོ་སྤྲོད་རྒྱས་པ་རེ་ཚོགས་གཏམ་དུ་བྱས་ནས་ལོ་རེའི་ནང་གནང་སྲོལ་ཡོད་པ་ལྟར་གནང་ཐུབ་ན་ཤིན་ཏུ་ལེགས། ལས་སྣེ་རྣམས་དང་གྲྭ་པ་རྒན་པ་ཚོས་རྩ་བ་བོར་ནས་ཡལ་གར་མ་སོང་བར་བསྟན་པའི་རྩ་བ་འདིའི་ཐད་ནས་ཚགས་འཛིན་ནན་ཏན་རེ་མཛད་དེ་ཡང་དང་ཡང་དུ་ཚོགས་གཏམ་དང་བསླབ་བྱ། གླེང་མོལ་ཚུན་ཆད་ཀྱི་ལམ་ནས་གསར་བུ་པ་རྣམས་ཀྱི་རྣ་བར་ཡང་ཡང་བྱང་བར་བྱེད་དགོས། ཆོས་ཁྲིམས་པ་རྣམས་ནས་རྒྱུན་དུ་བཅའ་ཡིག་རྒྱས་བསྡུས་ལ་ཞིབ་གཟིགས་ཀྱིས་ཉེ་རིང་ཕྱོགས་ལྷུང་མེད་པར་བློ་གཟུ་བོར་གནས་པའི་སྒོ་ནས་སྒྲིག་ལམ་ལ་རྟིང་བསྐུལ་ལྷོད་པ་མེད་པར་གནང་དགོས། རང་ཉིད་ལ་གཞུང་བཟང་གི་མིང་ཙམ་ཡོང་བ་ལ་མི་རེ་བར་གྲྭ་ཚང་གི་སྒྲིག་ལམ་ལ་ཤ་ཚ་བའི་སྒོ་ནས་གང་ཅིའི་ཐད་དོ་དམ་ལྷོད་མེད་བྱེད་དགོས། ལས་སྣེ་ལ་ཁ་ལན་ལག་ལན་སློག་པ་སོགས་སྒྲིགས་འགལ་ཚབས་ཆེན་བྱས་རིགས་བྱུང་ན་གནས་དབྱུང་དང་། དེ་མིན་ཕྱི་ནང་གི་སྒྲིགས་འགལ་ཆེ་ཕྲ་ཀུན་ལ་ཉེས་པའི་བབས་དང་བསྟུན་ཏེ་མང་བསྐོལ། བརྒྱ་ཕྱག   དངོས་པོའི་ཆད་པ། རྡུང་རྡེག་སོགས་བབས་འོས་ཆད་པ་འགེལ་བ་དང་། ཚུལ་བཞིན་བྱེད་མཁན་རྣམས་ལ་གཟེངས་བསྟོད་སོགས་ཀྱིས་ཚར་གཅོད་རྗེས་འཛིན་མཛད། མཁན་པོ། བླ་མ་དབུ་མཛད། དགེ་བསྐོས་སོགས་ལས་བྱེད་རྣམས་ཀྱིས་སྒྲིགས་ལམ་གནོན་ཕྱོགས་ཐད་ཐུགས་མཐུན་ཞིང་དགོངས་པ་གཅིག་འདྲེས་ཀྱིས་གཅིག་གི་རྟིང་བ་གཅིག་གིས་གནོན་དགོས་པ་མ་གཏོགས། ཉེ་རིང་ཆགས་སྡང་གི་ཕྱོགས་ལ་ཁ་མཐུན་ནམ་ཡང་མཛད་མི་རུང་། ཉིན་རེའི་དགའ་སྡུག་གི་རྣམ་འགྱུར་དང་རང་འདོད་ཀྱི་གཡོ་སྒྱུ་དང་གཞན་ཟེར་ལ་ཉན་པ་སོགས་ཀྱི་སྒོ་ནས་སྣང་བར་གང་དྲན་མི་བྱེད་པ་གལ་ཆེ། དེང་སང་ཁ་འཕྲོའི་ལས་བྱེད་པ་འགའ་རེ་གཞན་གྱི་ཁ་ལ་བརྒྱུག་རྒྱུ་གཙོ་བོར་བྱེད་པ་མ་གཏོགས་བླ་མའི་གསུང་ལྟར་སྒྲིག་ལམ་ལ་ཤ་ཚ་བྱེད་མཁན་ཤིན་ཏུ་དཀོན་གལ་ཏེ་ཁོ་བོའི་བཀོད་པ་བཞིན་སྒྲིག་ལམ་ལ་དོ་དམ་ནན་ཏན་དུ་བྱེད་མཁན་ཚོར་ཁྱད་གསོད་བརྙས་སྨོད་ཀྱིས་མངོན་ལྐོག་ཨེ་ཐུབ་བལྟ་མཁན་ཆོས་ཤེས་མི་ཤེས་རྒན་གཞོན་བར་མ་ཀུན་གྱི་ནང་ན་ཁ་ཤས་ཡོད་མོད། ལས་སྣེའི་གསུང་མ་བརྩིས་ན་ངེད་ཀྱི་ངག་མ་བརྩིས་པ་ཡིན་ཞེས་ཐུགས་ཕམ་ཆེན་པོས་བཀའ་གནང་འདུག
     ༡༢རྒྱུད་དུས་འཁོར་སོགས་སྔགས་གྲྭའི་བྱེད་སྒོའི་སྐོར་ཇི་ལྟར་ཡིན་ཞེ་ན། རྒྱུད་གྲྭ་སྟོད་སྨད་ནི། རྗེའི་སྔགས་ཀྱི་བཀའ་བབས་ཡིན། རྒྱུད་གྲྭའི་དགེ་འདུན་རྣམས་ཀྱིས་ཀྱང་གསང་སྔགས་ཀྱི་བསྟན་པའི་ཁུར་བཞེས་དགོས། རང་རང་གི་སྡོམ་གསུམ་དག་པ་གཞིར་བཟུང་བའི་སྟེང་སྒྲུབ་མཆོད་གང་ཡོད་དེའི་དབང་ཐོབ་པ་སྔོན་དུ་འགྲོ་བའི་སྒོ་ནས། བདེ་གསང་འཇིགས་གསུམ་དང་། མགོན་ཆོས་སོགས་ཀྱི་བསྙེན་པ་ལས་རུང་ཚད་ལྡན་རེ་ལ་ཐམས་ཅད་ཀྱིས་འབད་དགོས། དེ་བཞིན་དུ་རྒྱུད་འགྲེལ་གྱི་འཆད་ཉན་འདོན་རྟ་དབྱངས། ཐིག་རྡུལ་ཚོན།  ཐ་ན་རོལ་མོའི་འབུད་དཀྲོལ་ཚུན་ཆད་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཕྱག་བཞེས་འཁྲུལ་མེད་མི་ཉམས་གོང་འཕེལ་མཛད་དགོས། དེ་དག་ལ་ལས་སྣེས་རྟིང་བསྐུལ་དང་མང་མང་གིས་ཁུར་བཞེས་དགོས། རྒྱུད་པའི་འཇིགས་བྱེད་བསྐྱེད་རིམ་པའི་འཛིན་གྲྭ་ནས་ཚོགས་འདོན་ཡོངས་རྫོགས་དང་།  ཐིག   དབྱངས། འགྲེལ་པ་བཞི་སྦྲགས་ཀྱི་ཁུངས་བཅས་རྫོགས་ནས་རྒྱུད་གཞུང་གི་རྒྱུགས་ཕྲ་ཞིབ་ཕུལ་རྗེས། གསང་འདུས་བསྐྱེད་རིམ་པའི་འཛིན་གྲྭར་གཏོང་པའི་སྲོལ་བཙུགས་པ་དང་།  དབང་རྣོན་རྣམས་ཀྱིས་སྒོམ་སྡེའི་འཇིགས་བྱེད་བསྐྱེད་རིམ་དང་། རྗེ་འཇམ་དབྱངས་བཞད་པའི་ལམ་རིམ་དམར་ཁྲིད། མཁས་གྲུབ་རིན་པོ་ཆེའི་སྔགས་ཀྱི་བསླབ་བྱ་སོགས་ཚོགས་རྒྱུགས་འབུལ་དགོས། ཁྲི་ཐོག་རེ་རེའི་རིང་ལ་འགྲེལ་པ་བཞི་སྦྲགས་ཚར་གསུམ་རེ་དང་། ལམ་རིམ་དང་འཇིགས་བྱེད་བསྐྱེད་རིམ་བརྩི་བཞག་ཏུ་གཏོང་བ། པཎ་ཆེན་བསོད་ནམས་གྲགས་པའི་གསང་འདུས་བསྐྱེད་རིམ་དང་སྟོད་རྒྱུད་པའི་རྒྱུད་ཊིཀ་གཉིས་ཅི་འགྲོ་རེ་འཆད་དགོས་ཚུལ་གྱི་སྒྲིགས་ལམ་རྒྱུན་ཆགས་སུ་ཚུགས་པ་ལྟར་ཡིན།
        ཐུན་མོང་ལམ་སྦྱངས་སྔོན་དུ་མ་སོང་ཞིང་།། གཞུང་དོན་ལྟ་བའི་བློ་མིག་མ་ཕྱེ་བར།། ཆོ་གའི་ངག་འདོན་བྱང་བ་ཙམ་ཞིག་གིས།། གསང་སྔགས་འཆང་བའི་གྲལ་དུ་མི་ཚུད་པས།། བསྟན་ལ་རིམ་པ་བཞིན་དུ་སློབས་ཤིག་ཨང་།། ཞེས་གསུངས་པ་ལྟར་དེ་སྔོན་བོད་དུ་རྒྱུད་དུས་འཁོར་སོགས་སྔགས་གྲྭའི་དགེ་འདུན་པ་རྣམས་ཀྱིས་སློབ་གཉེར་མཛད་མི་དགོས་པའི་མིག་ལྟོས་ངན་པ་ཞིག་དར་ཡོད་ནའང་རྒྱ་གར་ནང་རྒྱུད་གྲྭ་སྟོད་སྨད་སོགས་སྔགས་གྲྭ་རྣམས་སུ་མཚན་ཉིད་ཀྱི་བཤད་གྲྭ་གལ་ཆེ་དོན་ཆེར་བརྩིས་ནས་འཛུགས་གནང་མཛད་ཡོད། མདོ་སྔགས་ཀྱི་ལམ་ལ་རིམ་པ་བཞིན་དུ་མ་སློབ་པར་ཐོད་བརྒལ་བའི་རྟོགས་པ་ཞིག་སྐྱེ་མི་སྲིད་པས་གཞུང་ཆེན་རྣམས་ལ་རིམ་པ་བཞིན་ཐོས་བསམ་སྒོམ་གསུམ་མཛད་རྒྱུ་ཤིན་ཏུ་གལ་ཆེ། སྔགས་ཀྱི་དམ་བཅའི་སྐབས་བསྐྱེད་རྫོགས་ཀྱི་སྟེང་ནས་རྩོད་པ་བྱེད་པ་མིན། གཙོ་ཆེར་རྒྱུད་ཀྱི་རྡོ་འི་ཚིག་དག་རྒྱུད་འགྲེལ་རྣམས་སུ་མཐའ་དྲུག་ཚུལ་བཞིར་སྦྱར་བའི་ཚུལ་ལས་བརྩམས་ཏེ་རྩོད་པ་བྱས་ན་ལེགས། དགེ་བཤེས་ཆེ་བ་རྣམས་གྲྭ་སའི་ཕྱག་ལེན་བཞིན་རྒྱུད་ལ་ཕེབས་ཐུབ་ན་ལེགས་མོད། དེ་འདྲ་དཀའ་ན་བདག་འཇུག་རེ་དང་རྒྱུད་འགྲེལ་གྱི་འཆད་ཉན་སྐབས་ཅིས་ཀྱང་ཕེབས་དགོས། སྔགས་ཀྱི་དམ་བཅའ་ཚུགས་སྐབས་བཀའ་རམས་གོང་འོག་གི་དགེ་བཤེས་རྣམས་ནས་གཙོ་བོའི་མཛད་འཁུར་བཞེས་དགོས།
      ༡༣སྨན་པ་གྲྭ་ཚང་དང་པར་བ།  གྲོང་ཆོག་པ་བཅས་ཀྱི་བྱེད་སྒོའི་སྐོར་ཇི་ལྟར་ཡིན་ཞེ་ན། སྨན་པ་གྲྭ་ཚང་། གཞན་རྗེས་སུ་འཛིན་པའི་ཡན་ལག་གསོ་བ་རིག་པའི་བསྟན་པ་འཛིན་སྤེལ་གྱི་བཀའ་བབས་ལྟ་བུ་གྲྭ་ཚང་འདི་ག་ཡིན་པས་སྡོམ་གསུམ་རྣམ་པར་དག་པ་གཞིར་བཟུང་བའི་སྟེང་ནས་རྒྱུད་བཞི་དགོངས་འགྲེལ་དང་བཅས་པ་ཐོས་བསམ་དཔྱིས་ཕྱིན་པ་མཛད་དེ། རྒྱུ་དུག་གསུམ་སོགས་ལས་ཉོན་དང་རྐྱེན་འབྱུང་ཁམས་འཕེལ་ཟད་འཁྲུགས་པའི་དབང་ལས། རླུང་མཁྲིས་བད་ཀན་འདུས་པའི་ནད་གང་བྱུང་ལྟ་རེག་དྲི་བས་གཏན་ལ་ཕབ་སྟེ། གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་འཕྲལ་དུ་ཚེ་རིང་ནད་མེད་པའི་མི་འཇིགས་པའི་སྦྱིན་པ་དང་། མཐར་ཐུག་རྒྱལ་བའི་གོ་འཕང་མཆོག་ལ་སྦྱོར་བའི་རྒྱུར་འགྲོ་ངེས་ཀྱི་བསམ་སྦྱོར་ལེགས་པོའི་རྩིས་ཟིན་པའི་སྒོ་ནས་རང་གཞན་གྱི་དོན་བསྒྲུབ་དགོས་ཞེས་གསུངས་ཡོད། སྨན་སྦྱོར་སྐབས་སྨན་སྣའི་གྲངས་དང་ཚད་སོགས་སྨན་གཞུང་ལྟར་མཛད་དགོས་པ་མ་གཏོགས། དེང་སྐབས་འགའ་ཤས་ཀྱིས་སྨན་རྫས་གོང་ཆེན་རྣམས་ཉུང་དུ་བཏང་བའམ་ཡང་ན་དེའི་དོད་ཁོ་ནས་འཐུས་པར་བྱེད་པ་དང་། སྨན་རྫས་འབེལ་བོ་རྣམས་མང་དུ་བསྲེས་པའི་ལག་ལེན་ངན་པ་ཞིག་དར་བཞིན་ཡོད་པ་འདིའི་རིགས་ནམ་ཡང་མཛད་མི་རུང་། སྨན་གང་བཟོས་པ་དེར་ཚད་ལྡན་དང་སྤུས་ཀ་ལེགས་པོ་ཡོད་པ་ཞིག་མཛད་དགོས། གཡུ་ཐོག་རྙིང་ཐིག་གི་སྨན་དབང་འདི་རྙིང་ཕྱོགས་སུ་གཏོགས་པ་ལྟ་བུ་ཞིག་རེད་མོད། འོན་ཀྱང་རང་རེའི་དམ་པ་མང་པོས་གསན་བཞེས་མཛད་པས་དགག་བྱ་ཡོད་མེད་འདྲ་ཞིང་སྨན་པ་རྣམས་ལ་ལྷག་པར་གལ་ཆེན་ཞིག་ཡིན་ཞེས་གསུངས་ཡོད། པར་པ། བློ་གླིང་ཡིག་ཆའི་སྐོར་སོགས་ཀྱི་པར་འདི་ཐོས་བསམ་གྱི་རྟེན་དུ་སོང་གཤིས་པར་རྒྱག་རྣམས་ཀྱིས་ཀྱང་གཅེས་སྤྲས་དོ་དམ་གང་དྲག་བྱེད་པ་དང་པར་ཡིག་འབྲི་མི་ཚོས་ཡིག་གཟུགས་ལེགས་ངེས། ཆད་ལྷག་མེད་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མཐུན་པར་འབྲི་གང་ཐུབ། ཞུ་དག་པ་རྣམས་ཀྱིས་པར་ཡིག་དང་པར་ལ་ཞུ་དག་ཚར་གསུམ་རེ་འགྲོ་ངེས། པར་རྐོན་པ་བཞི་བཅུར་ཉེ་བ་ཚགས་བཙུགས་པ་རྣམས་ཀྱིས་ཀྱང་ཁྲལ་ཆོས་སུ་མ་སོང་བར་ཡིག་གཟུགས་འགྱུར་མེད་བསྟན་པའི་རྒྱན་དུ་འགྲོ་བ་མཛད་དགོས།  གྲོང་ཆོག་པ། ཆོས་ལ་ཡིད་ཆེས་ཡོད་པའི་སྦྱིན་བདག་ཕོ་མོ་རྣམས་ནས་བྱ་བ་ལམ་ལྷོང་ཡོང་བ་དང་ནད་གདོན་ལས་གྲོལ་པ། ཡང་ན་གཤིན་པོའི་དགེ་རྩར་དམིགས་ནས་བླ་གྲྭ་འགའ་ཤས་གྲོང་ཆོག་ཏུ་གདན་དྲངས། སྲི་ཞུ་ཕུ་དུད་ཀྱིས་གྲལ་གོང་དུ་བཞག ཁ་ཟས་གང་ཞིམ་བཏེགས། བསགས་པའི་རྒྱུ་ནོར་ཡོད་ན་དང་མེད་ཚེ་གཞན་ནས་ཐབས་འཚོལ་བྱས་ཏེ་འབུལ་བར་ཕུལ་ནས་ཞབས་རིམ་སྒྲུབ་ཏུ་བཅུག་པའི་སྐབས། གྲོང་ཆོག་པ་སོ་སོ་དམ་ཚིག་དང་སྡོམ་པ་ལ་གནད་དགོས་པ་སྨོས་མེད་ཐོག   དབང་མེད་ལ་ནི་དངོས་གྲུབ་མེད།། བྱེ་མ་བཙིར་ལ་མར་མེད་ལྟར།། ཞེས་གསུངས་པས་སྒྲུབ་པ་གང་ཡིན་དེའི་དབང་ལུང་རྗེས་གནང་དང་བསྙེན་སྒྲུབ་སྔོན་དུ་སོང་བ་ཞིག་དགོས་གལ་ཆེ་ཞིང་། གང་འདོན་རྒྱུའི་ཆོ་ག་ཚད་ལྡན་ཆད་ལྷག་མེད་པ། མཆོད་རྫས་རྣམས་གཞུང་བཞིན་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་དམ་རྫས་མ་ཚང་བ་མེད་པ་ངོས་གཙང་ཡིད་དུ་འོང་བ། སླ་ཆོས་སུ་མ་སོང་བར་གཟབ་གཟབ་བྱས་ཏེ་ཡི་དམ་ཆོས་སྲུང་དགྱེས་པ་བསྐྱེད་ནུས་པ་ཞིག་འབྱོར་འཁོས་དང་བསྟུན་ནས་བཤམས། ཕན་སེམས་ཀྱི་ཀུན་སློང་བཅོས་མ་མ་ཡིན་པ་ཞིག་གི་ཟིན་པའི་ཐོག་ནས་སྐྱབས་འགྲོ་སེམས་བསྐྱེད་དང་བླ་མའི་རྣམ་འབྱོར་ནས་བཟུང་མཇུག་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཆོ་གའི་ཚིག་རིས་བཞིན་དམིགས་པ་མ་གཡེང་བར་དལ་བུས་གསུང་ན། ཉམས་ལེན་ལ་མི་མཁོ་བའི་གྲོང་ཆོག་གི་འདོན་པ་ཚིག་གཅིག་ཀྱང་འདོར་རྒྱུ་མེད་ལ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཤར་སྒོམ་མཛད་ཐུབ་པར་མ་ཟད། རྒྱུན་གྱི་དགེ་སྦྱོར་དང་གཞན་དོན་ཡང་འདིའི་ནང་ཡོད་དུས་སླ་ཆོས་སུ་མ་སོང་བར་མཛད་ཐུབ་ཚེ་སྦྱིན་བདག་གི་བསོད་ནམས་འཕེལ་བའི་དབང་གིས་ནད་གདོན་སོགས་ཀྱི་རྐྱེན་ངན་དེ་དག་སེལ་བ་དང་འདོད་དོན་འགྲུབ་པ་སོགས་འོང་བས་མཆོག་གསུམ་ལ་ཡིད་ཆེས་དང་དད་པ་བརྟན་དུ་འགྲོ་བའི་རྒྱུར་འགྱུར། གལ་ཏེ་དེ་ལས་ལྡོག་སྟེ་དེང་སྐབས་གྲོང་ཆོག་པ་ཞེས་གང་ཡང་མི་ཤེས་མཁན་ཞིག་གིས། གྲོང་ཆོག་གི་མཆོད་གཏོར་དང་གྲོང་ཆོག་གི་འདོན་པ་ཞེས་ཁྲལ་ཆོས་དང་སླ་ཆོས་ཁོ་ན་བྱེད་སྲོལ་དར་བ་འདི། ཡིག་རྨོངས་མེད་པར་འགྲོ་བཞིན་པའི་དུས་རབས་ཉེར་གཅིག་པ་འདིའི་ཕྱི་ནང་གི་སྐྱེ་བོ་རྣམས་མ་དད་པ་སྐྱེ་བའི་རྒྱུར་འགྱུར་སྲིད། བླ་མ་གོང་མའི་ཕྱག་ལེན་དང་ཡང་ན་མིག་མཐོང་ལག་ཟིན་གྱི་རྒྱུད་པ་གང་ཡང་མིན་པའི་རང་སྣང་གང་དྲན་གྱི་མཆོད་གཏོར་ངན་འབགས་བཙོག་ཅན་ཉུང་ཟད་ཅིག་བཤམས། ཆོ་ག་ཆད་ལྷག་ཅན། མགོ་མེད་མཇུག་རྡུམ། འདོན་པ་ཁ་ཟིན་སྣ་ཟིན་དང་། བྱ་རྒྱུད་ཀྱི་ཆོ་ག་ལྟ་བུར་མཚོན་ན་དམར་ཟས་ལ་འཛེམས་མེད་ཀྱིས་སྤྱོད། ཕན་སེམས་ཀྱི་ཀུན་སློང་བཅོས་མ་ཙམ་ཡང་མི་བྱེད་པར་འབུལ་བའི་ཆེ་ཆུང་དང་ཁ་ཟས་ཀྱི་ལེགས་ཉེས་བཤད། ཁ་གཡེང་དང་མིག་གཡེང་ཁོ་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དོན་དང་རྒྱབ་འགལ་ལྟག་སྤྲོད་དུ་གྱུར་པའི་ཞབས་བརྟན་སྒྲུབ་ཁུལ་ཅི་ཙམ་བྱས་ཀྱང་སྦྱིན་བདག་གི་འགྲོ་དངུལ་ལ་གཟན་པ་ཙམ་ལས་ཡི་དམ་ཆོས་སྲུང་དགྱེས་པའི་རྐྱེན་དང་བསོད་ནམས་འཕེལ་བའི་རྒྱུར་འགྱུར་རྒྱུ་ཕར་ཞོག་ཐུགས་ཁྲོས་པའི་རྒྱུར་གྱུར་ནས་རང་གཞན་གཉིས་ལ་ནད་གདོན་སོགས་རྐྱེན་ངན་རུ་འཛིངས་པ་ཞིག་ཡོང་བ་ནི་རྒྱུ་འབྲས་ངེས་པས་ལོག་ལྟ་སྐྱེ་བའི་རྒྱུར་འགྱུར་སྲིད། ཡུལ་འགའ་ཞིག་ཏུ་གྲོང་ཆོག་འགྲོ་ཡུལ་གྱི་ཁྱིམ་ཚང་དེ་ཚོར་དཀོར་ས་ཞེས་པའི་མིང་བཏགས་ནས་ཚོང་ཁང་ལྟ་བུ་ཞིག་ལ་ངོས་བཟུང་སྟེ་བླ་གྲྭ་དང་དགོན་སྡེ་ཕན་ཚུན་དེའི་ཆེད་ཁ་མཆུ་གཞུང་ཐུག་བརྒྱབ་པའི་ལོ་རྒྱུས་ཡོད་པ་ལྟར་དངུལ་ཡོང་ས་ཁོ་ན་ལ་ངོས་འཛིན་བྱས་ཚེ་གྲོང་ཆོག་ལ་སོང་ནས་དཀོར་སྒྲུབ་པ་ལས་སྤྲང་སློང་བྱས་ཏེ་དངུལ་འཚོལ་སྒྲུབ་བྱས་ན་འཇིག་རྟེན་མིའི་ལུགས་ཀྱི་ཡ་རབས་སྤྱོད་བཟང་དང་མཐུན་ཆེ་སྙམ། ད་ལྟའི་གནས་སྐབས་འདིར་གདན་ས་གོང་འོག་གི་བླ་གྲྭའི་ཁྲོད་དུ་དེ་འདྲ་བྱེད་མཁན་རིགས་མེད་ནའང་གཟབ་གཟབ་མཛད་གལ་ཆེ། དེས་ན་གྲོང་ཆོག་ཟེར་བ་འདི་ཕན་སེམས་ཁོ་ནས་ཆོ་གའི་གཞུང་བཞིན་ཚད་དང་ལྡན་པ་ཞིག་མཛད་ན་ཁ་མཉམ་ལག་མཉམ་གྱིས་གཞན་དོན་མཛད་སའི་གོ་སྐབས་བཟང་ཤོས་ཤིག་ཡིན་ལ་མང་ཚོགས་ལ་ཕན་རླབས་ཀྱང་གཞན་དང་མི་འདྲ། གྲོང་ཆོག་མཚན་ཉིད་མ་ཚང་བ་གྲུབ་རྫུས་ལྟ་བུས་གང་བྱུང་བྱས་ཚེ་རྨོངས་པ་འགའ་ཤས་མགོ་འཁོར་སྲིད་ནའང་དཀོར་ཟས་ཀྱི་སྒྲིབ་པས་མཛོ་སྦྲེལ་གཡང་ལྷུང་དུ་འགྱུར་བར་མ་ཟད་དཀོར་ཟས་དེས་མཆོད་འབུལ་བྱས་ཀྱང་ལོངས་སྤྱོད་པ་པོའང་དཀོར་སྒྲིབ་ཀྱིས་མནར་ནས་རྟོགས་པ་གོང་མ་སྐྱེ་བའི་གེགས་སུ་འགྲོ་བས་སློབ་བརྒྱུད་ཐམས་ཅད་ཀྱིས་འཇིག་རྟེན་མི་ལུགས་དང་མཐུན་པ་ཞིག་མཛད་པའི་རེ་བ་ཡོད། གོང་གསལ་རྣམས་ལ་ཞིབ་པར་གཟིགས་འདོད་མཆིས་ཚེ་ཀུན་གཟིགས་བློ་བཟང་འཕྲིན་ལས་ཚང་གི་རྣམ་ཐར་ཆེན་མོ་དང་ཁོང་གིས་མཛད་པའི་བཅའ་ཡིག་སོགས་ལ་གཟིགས་ན་གསལ་བོ་མཁྱེན་ཐུབ། གདམས་ངག་འདི་དག་གི་དགོངས་དོན་བཞིན་དགེ་འདུན་པའི་འདུས་སྡེ་སྤྱི་དང་ལྷག་པར་རང་རེའི་བླ་སློབ་ཀུན་ནས་ཐུགས་ཉམས་སུ་བཞེས་ཏེ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་མཐའ་དག་རྒྱལ་བའི་དགོངས་པ་དང་མཐུན་གང་ཐུབ་གནང་ཚེ་དགེ་འདུན་པའི་སྡེ་ཐམས་ཅད་ལ་ཕྱི་ནང་གི་སྐྱེ་བོ་མཆོག་དམན་ཀུན་གྱིས་ཡོན་ཏན་མཐོང་ནས་དད་པ་ཐོབ་པའི་རྒྱུར་གྱུར་ན། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྔར་ལས་ལྷག་པའི་དར་རྒྱས་ཡུན་རིང་ཡོང་བའི་ཞབས་འདེགས་སུ་འགྲོ་ངེས་པས། དྲུག་ཅུ་རྒན་པོའི་རེ་འདུན་ལྟར་རེ་བ་དོན་དང་ལྡན་པའི་ཕྱག་ལེན་དུ་ཐེབས་པ་ཞིག་ཅིས་ཀྱང་མཛད་གལ་ཆེ་ཞེས་ཡབ་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རོང་ཆེན་དགེ་འདུན་རྒྱལ་མཚན་གྱི་སྐྱེས་གྲལ་དུ་འཁོད་པའི་སྤྲུལ་མིང་འཛིན་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོར་འབོད་པས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ལོའི་ཟླ༡༠ཚེས་༢༥ལ་གུས་པ་ཆེན་པོས་ཕུལ་བའི་གསོལ་འདེབས་སྙན་ཞུ།།              བསམ་བློའི་ཤེས་རིག》་དེབ་གསུམ་པ་ལས་བཤུས།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་འོད་ཟེར།  ཨ་བུ་འབྲོང་།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528414
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།