བོད་ཀྱི་གནས་རིའི་རིག་གནས་སྐོར་རོབ་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཀྱི་གནས་རིའི་རིག་གནས་སྐོར་རོབ་ཙམ་གླེང་བ།
བོད་ཀྱི་གནས་རིའི་རིག་གནས་སྐོར་རོབ་ཙམ་གླེང་བ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-03ལྟ་ཀློག (3752)རྩོམ་ཁུངས: མཚོ་སྔོན་པོ་ཟིན་བྲིས།པར་འདེབ།

༄༅།། བོད་ཀྱི་གནས་རིའི་རིག་གནས་སྐོར་རོབ་ཙམ་གླེང་བ།


       གནའ་བོའི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཡིག་ཚང་།   དེ་མིན་ད་དུང་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོའི་འཚོ་བའི་གོམས་སྲོལ་སོགས་ལས་མཐོང་ཐུབ་པ་ལྟར། བོད་ཀྱི་ཡུལ་འདི་གར་ཆེས་གཉུག་མའི་དུས་སུ་སྲིད་པ་བོན་གྱིས་འཐུས་པའི་བོན་ཆོས་རྐྱང་བ་འབའ་ཞིག་དར་བར་སྣང་ཞིང་།   བོན་གྱི་རྒྱུ་བཞིའི་ཐེག་པ་སྟེ། ཕྱྭ་གཤེན་དང་སྣ་གཤེན། སྲིད་གཤེན་དང་འཕྲུལ་གཤེན་སོགས་ཀྱིས་མཚོན་པའི་བོན་གྱི་རིག་གནས་ཕོན་ཆེ་བ་འདི་དག་གིས་བོད་ཀྱི་གནའ་བོའི་རིག་གནས་ཀྱི་སྒོ་ཀུན་ལ་ཤུགས་རྐྱེན་ཟབ་མོ་བཏང་ཡོད་པ་ནི་བོན་གྱི་ཞིབ་འཇུག་པ་ནོར་བུ་ཚེ་རིང་ལེགས་ཀྱིས་ཀྱང་ལུང་དང་རིགས་པས་བསྒྲུབས་ཡོད་ལ། ①དེ་དག་ལས་ཀྱང་བོན་གྱི་ཡར་ལྷ་གསོལ་བ་དང་མར་འདྲེ་འདུལ་བ། བོན་གྱི་ཆོ་ག་དང་ཕྱག་ལེན། བཅའ་བ་རིམ་གྲོ་བསྒྲུབ་པ་སོགས་ནི་ཡུལ་གནས་འདིའི་དམངས་ལ་ཕན་བདེ་བསྐྲུན་པའི་འགྲོ་དོན་གཙོ་བོ་ཞིག་ཏུ་འཁུམས་ལ། དུས་དེ་ནས་བཟུང་བོད་ཀྱི་ཡུལ་འདི་ལ་ཡང་དགྲ་འདུལ་གཉེན་སྐྱོང་གི་ཆོ་ག་སྣ་ཚོགས་ཀྱང་རིམ་གྱིས་དར་བར་མངོན། ཡུལ་ལྷ་གཞི་བདག་གམ་གནས་རི་གྲགས་ཆེན་ལ་དད་པ་བསྟེན་པའི་ལུགས་སྲོལ་འདི་ཡང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཕལ་ཆེར་ཡོངས་ཁྱབ་དུ་གནས་ལ། བོད་མི་དག་གི་སེམས་པའི་དབུས་སུ་གོ་གནས་ཆེན་པོ་ཞིག་བཟུང་ཡོད་པ་རེད། བོད་མི་རྣམས་མི་རབས་ནས་མི་རབས་བར་དུ་མདོ་དབུས་མཐོ་སྒང་དུ་གནས་བཅས་ཏེ་ད་ལྟའི་བར་དུ་ཕལ་ཆེར་ལོ་ངོ་ཁྲི་ཚོ་དུ་མའི་རིག་གནས་ལོ་རྒྱུས་ལྡན་ཞིང་། རི་བོ་ཧོ་མ་ལ་ཡ་དང་གངས་རྒྱུད་ཏི་སེ། གདང་ལ་རི་བོ་དང་ཁུ་ནུ་རི་རྒྱུད་སོགས་རི་རྒྱུད་ཆེན་པོ་དང་། ཡར་ཀླུང་གཙང་བོ་དང་། རྨ་ཆུ་དང་འབྲི་ཆུ་སོགས་ཀྱིས་མཚོན་པའི་གཙང་བོ་དང་ཆུ་བོ་ཆེན་པོ་དག་གི་ནུ་ཞོ་དང་མངར་བཅུད་ཀྱིས་གསོས་པའི་ཐུ་འོག་ནས་ཆེ་རུ་རྒྱས་པས། ཁྱད་པར་ཅན་གྱི་རིག་གནས་ཀྱི་ཁོར་ཡུག་འདི་དག་གིས་བོད་མི་རིགས་ལ་གཞན་དང་མི་མཐུན་པའི་གནས་རིའི་རིག་གནས་ཤིག་ཆགས་པར་བགྱིས་ལ། ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གྲུབ་ཆ་འདིས་བོད་ཡུལ་འདི་ཡང་མི་རིགས་གཞན་ལས་ཡན་གར་དུ་བུད་ཅིང་། རིག་གནས་ཀྱི་རྟགས་དང་མཚན་མ་མངོན་པར་གསལ་བའི་ངོ་མཚར་གྱི་འཇིག་རྟེན་ཞིག་ཏུ་བསྐྱེད་པ་ཡིན་ནོ། ། 

དང་པོ། བོད་ཀྱི་གནས་རིའི་རིག་གནས་ཀྱི་བྱུང་ཚུལ་སྤྱིར་བཤད་པ།

    སྤྱིར་བོད་ཀྱི་ཡུལ་ལྷའི་བྱུང་ཚུལ་གྱི་ཐད་ནས་འགའ་རེས་བོད་པ་རྣམས་ཀྱིས་ཉི་སྐར་བཟང་པོར་དམར་བསུར་དང་དཀར་བསང་གཏོང་བཞིན་པའི་ཡུལ་ལྷ་གཞི་བདག་དེ་དག་ནི"སྔོན་ཆད་རང་རང་ས་ཆར་འགྲོ་བ་མིར་དངོས་སུ་སྐྱེས་མྱོང་བའི་ཆོས་ལུགས་པ་དང་། དཔོན་པོ། བློན་པོ། དམག་དཔོན། ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་པར་དགའ་བའི་འཇིག་རྟེན་རྒན་པོ་དང་། ཡང་ན་ཡུལ་དང་མི་རིགས་གཞན་ལ་སྔོན་ཆད་སྐྱེས་མྱོང་བའི་དམག་དཔོན་མཐུ་བོ་ཆེ་སོགས་ཡིན་པར་ངེས"②ཞེས་པའི་ལྟ་ཚུལ་བཏོན་ཡོད་ལ། ཡང་འགའ་རེས་བོད་ཀྱི་ཡུལ་ལྷ་གཞི་བདག་དེ་དག་ནི་མེས་པོ་གོང་མ་རྣམས་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱེད་དུས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་ཞིང་ཚན་རིག་ལག་རྩལ་གྱི་འཕེལ་ཁ་ཤིན་ཏུ་དལ་བའི་དུས་སྐབས་སུ་བྱུང་བ་ཡིན་པར་སྨྲ་བའང་ཡོད། མཁས་དབང་དོར་ཞི་རིན་པོ་ཆེ་ཚང་གི"བོད་ཀྱི་ས་ཆ་ཕལ་ཆེར་ན་རི་མང་པོ་ཞིག་ལ་ཡུལ་ལྷ་གཞི་བདག་གི་མིང་གིས་འབོད་ཅིང་། ལབ་བསྟོད་དང་བསང་གཏོང་བྱེད་ཀིན་ཡོད། ཡུལ་ལྷ་གཞི་བདག་ཕལ་ཆེར་གནའ་དུས་ཀྱི་རྒྱལ་བློན་དང་ཡུལ་དཔོན། དམག་དཔོན་དང་རུས་ལྷ་ཞེས་པ་རང་གི་རུས་རྒྱུད་ཀྱི་མེས་པོ་ཞིག་ཡིན་པར་སྣང་ལ། མི་རིགས་གཞན་པས་རང་གི་མེས་པོ་རྣམས་ཀྱི་ལོ་རྒྱུས་རྡོ་རིང་སྟེང་དུ་ཡི་གེ་བརྐོས་པ་བཞིན། བོད་མི་རྣམས་ཀྱིས་རི་བོ་རྣམས་ལ་མེས་པོ་རྣམས་ཀྱི་མིང་བཏགས་ནས་བསྐལ་བའི་བར་དུ་མི་བརྗེད་པར་བྱས་རེད"③ཅེས་ཡུལ་ལུང་གང་ཞིག་གི་ནང་དུ་བྱས་རྗེས་རླབས་ཆེན་བཞག་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་མི་བརྗེད་པའི་ཆེད་དུ་རི་བོ་དང་ཆུ་བོ་སོགས་ལ་དེ་དག་གི་མིང་གསོལ་ནས་བསྐལ་བའི་བར་དུ་དྲིན་གསོ་བྱེད་པའི་ལུགས་སྲོལ་ཞིག་ལ་ངོས་བཟུང་ཡོད་པ་རེད། དེས་ན་འདི་རུ་རང་གི་འོལ་ཚོད་ཀྱིས་ཡུལ་ལྷ་གཞི་བདག་གམ་དེ་དག་གནས་སའི"གནས་རིའི"བྱུང་ཚུལ་ཐད་ལ་ལྟ་ཚུལ་མདོ་ཙམ་བརྗོད་རྒྱུ་ཡིན། སྤྱིར"ཡུལ་ལྷ"དང"གཞི་བདག""གནས་རི"ཞེས་པ་གསུམ་ལ་ཁྱད་པར་ཡོད་པར་འདོད་དེ།"ཡུལ་ལྷ"ཞེས་པ་ནི་ཕལ་ཆེ་བ་ས་གནས་དེ་གའམ་གཤེད་ཅིག་ནས་བྱུང་བའི་དཔའ་མཛངས་རྟུལ་ཕོད་ཀྱི་ལས་སུ་མཛངས་པའི་འགྲོ་བ་མི་གང་ཞིག་གཞི་བདག་ལ་མཆོད་བཀུར་བགྱིས་ནས་ས་ཆ་ག་གེ་མོར་གཞིས་འཆས་པ་དེ་ཡིན་ལ། མཁས་དབང་དགེ་ཆོས་ནས་ཁོང་གི་རྒྱལ་རབས་རྩོམ་འཕྲོ་ཅན《དེབ་ཐེར་དཀར་པོ》རུ་འདི་ལྟར་གསུངས་ཡོད་དེ"རྒྱལ་ཁམས་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡིན་ལ།"④"རྒྱ་གར་གྱི་གང་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྦོམ་རྭས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་པར་འགྱུར་རོ།"⑤ཞེས་པ་ལྟར།"ཡུལ་ལྷ"ནི་ལུང་པ་ཆུང་དུ་སོགས་སུ་གནས་པ་ཞིག་ཡིན་ཏེ། དཔེར་ན་ཨ་མདོའི་བོད་ཁུལ་གྱི་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཁྲི་ཀ་དང་གུང་ཧོ། མང་ར་དང་འབའ་རྫོང་། དར་མཚོ་རྗོང་སོགས་དང་། རྨ་ཆའི་ལྷོ་རྒྱུད་ཀྱི་རེ་སྐོང་དང་གཅན་ཚ། མཚོ་སྔོན་པོའི་ཤར་རྒྱུད་ཀྱི་དཔའ་ལུང་དང་སྐུ་འབུམ་སོགས་སུ་ཕལ་ཆེར་ཡུལ་ལྷའི་ལྷ་ཁང་ཉི་ཤུ་སུམ་ཅུ་ཙམ་བཞེངས་ནས་དད་པ་བྱེད་བཞིན་ཡོད་པ་ལྟ་བུའོ།"གཞི་བདག"ནི་སྤྱིར་བཏང་དུས་ཆ་དེ་གའི་བདག་པོའམ་མི་རྣམས་ཀྱིས་སྐྱབས་སུ་རེ་བའི་ལྷ་གཤིས་ཅན་གྱི་འགྲོ་བ་མི་གང་ཞིག"གནས་རི"གང་གི་མཐའ་འཁོར་དུ་གནས་བཅས་ཏེ་ཡོད་པའི་རི་རྒྱུད་དེའི་མི་རྣམས་ལ་མགོན་སྐྱབས་བྱེད་པ་ཞིག་ཡིན་ཏེ། མཁས་དབང་དགེ་ཆོས་ཀྱིས་ཀྱང"རང་རེ་བོད་ཀྱི་ལྷ་རྙིང་པ་ནི་བོན་གྱི་ལྷ་རྣམས་དང་བཙན་བྱ་བ་ས་བདག་ཡིན་ནོ།"⑥ཞེས་པའི་ལྟ་ཚུལ་བཏོན་ཡོད།"གནས་རི"ཞེས་པ་ནི་ཡུལ་ལྷ་གཞི་བདག་དེ་དག་བསྐལ་བའི་བར་དུ་འཚོ་སྡོད་བྱེད་སའི་རི་བོ་དེ་ལ་གོ་ཞིང་། མི་རྣམས་ཀྱིས་གྲོང་ཚོའམ་སྡེ་བ། ཡང་ན་ཚོ་ཁག་རེ་རེ་གྲོགས་བསྒྲིགས་ནས་ས་གནས་དེ་གའི"གནས་རིའི"སྟེང་གི"གཞི་བདག"དག་ལ་མཆོད་བཀུར་བགྱིས་ཏེ་རང་གི་གྲོགས་སུ་འགུགས་པ་ཡིན། ཡིན་ནའང་། བོད་མི་རྣམས་ཀྱིས་རྒྱུན་པར"ཡུལ་ལྷ་གཞི་བདག"ཅེས"ཡུལ་ལྷ"དང"གཞི་བདག"གཉིས་མཉམ་དུ་སྦྱར་ནས་བརྗོད་ཀྱི་འདུག་པས། ད་ལྟའི་དུས་འདིར་དེ་གཉིས་ཀྱི་ངོ་བོ་གཅིག་ཏུ་སོང་བ་ལྟ་བུ་ཞིག་ཏུ་འཁྲུལ་འདུག་པས་ཨེ་བདེན་བརྟག་པའི་གནས་སོ། ། ཀུན་གྱིས་མཁྱེན་གསལ་ལྟར་བོད་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིས་གཡུང་དྲུང་བོན་གྱི་ཆོས་ལུགས་མ་བསྟན་པའི་གོང་རོལ་དུ་བོད་ཀྱི་ཡུལ་གྲུ་འདི་གར་བོན་པོའི་ལྷ་ཀླུ་གཉན་གསུམ་གྱི་སྲིད་པའི་ལྟ་ཚུལ་དེ་ཤིན་ཏུ་དར་ཆེ་ཞིང་། བོན་གྱི་སྲིད་པའི་ལྟ་ཚུལ་དེས་འཇིག་རྟེན་ཁམས་དེ་ས་བླ་དང་ས་སྟེང་། ས་འོག་བཅས་རིམ་པ་གསུམ་དུ་དགར་བ་ཡིན་ལ། གནས་དེ་དག་ཀྱང་རིམ་པ་བཞིན་སྟེང་ལྷ་ཡུལ་དང་བར་གཉན་ཡུལ། འོག་ཀླུ་ཡུལ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ཡིན། ད་དུང་གནམ་ལ་ཡང་རིམ་པ་བཅུ་གསུམ་ཡོད་པར་སྨྲ་བ་དང་། དེ་རུ་ལྷའི་རིགས་མི་འདྲ་བ་མང་པོ་གནས་བཅས་ཡོད་པར་སྨྲ་བ་ཡིན། གཉན་གྱི་ཡུལ་དེ་ནི་མིའི་འཇིག་རྟེན་དང་། ཀླུའི་ཡུལ་ནི་ས་འོག་ཏུ་གནས་ཤིང་དེ་རུ་བླ་སྲོག་དང་རྣམ་ཤེས་ལྡན་པའི་ཚེ་སྲོག་ཁྲི་མ་འབུམ་གྱི་ཀླུའི་འཇིག་རྟེན་ཡོད་པར་འདོད་པ་ཡིན། བོན་གྱི་ཞིབ་འཇུག་པ་ཆེན་མོ་རྒན་ཚེ་རིང་ཐར་གིས་ཀྱང"འདི་ལྟའི་ལྟ་བ་ནི་གདོད་མའི་བོན་གྱི་རིག་གནས་ཀྱི་ཆེས་མ་མཐའི་སྲིད་པའི་གྲུབ་ལུགས་ཡིན།"⑦ ཞེས་གསུངས་པ་བཞིན། བོད་ཀྱི་ཡུལ་ལྷ་གཞི་བདག་གི་དད་པའི་འབྱུང་ཁུངས་དེའང་འདི་རུ་གཏུགས་ཆོག་སྙམ། རྒྱུ་མཚན་ནི་དུས་སྐབས་དེར་བོན་པོའི་རིག་གནས་དེ་བོད་མི་སྤྱིའི་དད་པ་ཞེན་ཡུལ་ཞིག་ཏུ་གྱུར་ཡོད་ཅིང་། ཞང་ཞུང་ནས་བོད་ཡུལ་དུ་དར་བར་གྲགས་པའི་གཡུང་དྲུང་བོན་དང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དེ་གཉིས་བོད་ཀྱི་ཡུལ་གྲུ་འདི་རུ་དར་ཁྱབ་བྱུང་མེད་པའི་གོང་རོལ་དུ། བོད་ཀྱི་ཡུལ་འདི་རུ་བོད་རང་སའི་གདོད་མའི་ཆོས་ལུགས་ཤིག་དར་ཡོད་པ་ནི་རིགས་པས་དཔག་ནུས་ལ། དཔྱོད་ལྡན་མཁས་པ་རྣམས་ཀྱིས་ཀྱང་འདི་ལྟའི་དགོངས་འཆར་བཞེས་ཀྱིན་འདུག དེ་བས། འདི་དག་གི་གོང་རོལ་ན་བོད་མིའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སྨན་བཅོས་དང་གསོ་དཔྱད་ཀྱི་ནུས་པ་དམན་ཞིང་རང་བྱུང་ཁོར་ཡུག་སོགས་ཀྱི་འདུལ་སྦྱོང་གི་ཤེས་རིག་སྣ་མང་གི་ཉམས་མྱོང་གིས་ཕོངས་པས། ལྷ་ཀླུ་གཉན་བཙན་དང་འདྲེ་གདོན་སྣ་ཚོགས་ཀྱི་འཇིགས་པ་དང་འཕྲད་དུས། དེ་དག་ལ་ཚེ་སྲོག་ཡོད་པར་འདོད་དེ་བོན་པོའི་མོ་པ་དང་ལྷ་བ་སོགས་ལ་སྐྱབས་སུ་རེ་བཞིན་ཡོད་པ་ནི་ད་ལྟའི་དུས་སུའང་སྣང་ཚུལ་དེ་རིགས་རྒྱུན་འབྱམས་སུ་གནས་ཤིང་། ཐ་ན་བོད་ཁུལ་དུ་གནས་རི་གྲགས་ཆེན་དང་བྲག་རི་གཡང་གཟར། ནགས་ཚུལ་སྟུག་པོ་སོགས་གོམ་གྱིས་གཅོད་དུས། སྐད་གསེང་མཐོན་པོས་འུར་རྒྱག་མི་ཉན་པར་འདོད་ལ།"གལ་སྲིད་དེ་ལས་ལྡོག་ན་རླུང་ནག་འཚུབ་མ་དང་ཐོག་གིས་རྒྱག་ཉེན་ཆེ་ཞིང་དྲག་ཆར་ཡང་འབབ་པའི་ཉེན་ཁ་ཆེ་ལ། དགུན་ཁར་ཁངས་ཆར་བུ་ཡུག་དང་གངས་བསྙིལ་བའི་འཇིགས་པ་ཡོད་པར་བཤད"⑧དེར་མ་ཟད། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གྱི་བོད་ཁུལ་དག་ཏུ་ད་དུང་ཡང་ཡུལ་ལྷ་གཞི་བདག་དག་གི་ཉེ་འཁོར་དུ་རི་དྭགས་རྔོན་པ་དང་སྡོང་བོ་གཅོད་པ། མེ་ཏོག་བཏོགས་པ་སོགས་ལ་ཧ་ཅང་འཛེམ་པ་ཡིན། དེའི་ཕྱིར་ཡུལ་ལྷ་གཞི་བདག་ལ་གསོལ་མཆོད་བྱེད་པའི་ཆོ་ག་འདི་དག་ནི་ཐོག་མར་བོད་ཀྱི་མེས་པོ་དག་གི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་གདོད་མའི་ཆོ་ག་སྣ་ཚོགས་གཙོར་བྱས་པའི་བོན་གྱི་ལྟ་དགོངས་དང་ཆོ་ག་སོགས་ལས་འགོ་བརྩམས་པར་འདོད་ལ། དེའི་རྗེས་སུ་གནའ་བོའི་མེས་པོ་དག་གི་ཁྲོད་དུ་དཔའ་རྩལ་རྒྱས་ཤིང་མཛངས་པའི་ལས་ལ་ཤིན་ཏུ་སྐྱེན་པ། ཚོ་བ་དང་ཤོག་ཁའི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ལ་མཆོད་བཀུར་བྱེད་པའི་ལུགས་སྲོལ་དེ་བོན་གྱི་ཆོ་གའི་ལྟ་བ་དང་སྦྱར་ཏེ་ད་ལྟའི་ཡུལ་ལྷ་གཞི་བདག་དང་གནས་རི་འགངས་ཆེན་དག་ལ་ལྷ་བསང་གཏོང་བ་དང་གསོལ་མཆོད་བགྱི་བའི་ལས་སུ་འཕོས་པར་འདོད། དེ་དང་འབྲེལ་ཏེ་བོད་ཀྱི་མེས་པོ་དེ་དག་གིས་རི་བོ་ག་གེ་མོ་ཞིག་ལྷ་རིར་བསྟེན་ཞིང་། མཚོ་མོ་ག་གེ་མོ་ཞིག་བླ་མཚོར་བསྟེན་པའི་ཐུགས་འདུན་ཡང་ཡུན་གྱིས་འཁྲུངས་པ་རེད་སྙམ་མོ། ། 

གཉིས་པ། བོད་ཀྱི་ཡུལ་ལྷ་གཞི་བདག་དཔེར་མཚོན་ཅན་འགའ་ཞིག་གི་བྱུང་ཚུལ་སྐོར་བཤད་པ། 

     བོད་ཀྱི་ཡུལ་ལྷ་གཞི་བདག་གམ་གནས་རི་ཕལ་མོ་ཆེ་ཞིག་གི་བྱུང་ཚུལ་ཐད་ལ་རང་དང་འབྲེལ་བའི་ངག་རྒྱུན་གྱི་བྱུང་བ་དང་ལོ་རྒྱུས་དངོས་ཀྱི་ས་བོན་རྡོག་པོ་རེ་ཡོད་པ་ཡིན་ལ། འདི་དག་ནི་བོན་གྱི་ལྷ་ཀླུ་གཉན་གསུམ་གྱི་འབྱུང་ཁུངས་ལས་འཕྲོས་པའི་རིག་གནས་ཀྱི་མངོན་སྟངས་ཤིག་ཀྱང་ཡིན། རི་བོ་དང་ཆུ་བོ་དག་ལྷ་རུ་བཀུར་བའི་གོམས་གཤིས་ཁྱད་པར་ཅན་འདི་དག་ནི། བོད་ཀྱི་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ཀྱི་རང་རང་གི་ལྷ་ཚོགས་དག་གཞི་རྐང་ཚུགས་སའི་རྟེན་དུའང་གྱུར་ཡོད་པ་རེད། བོན་ཆོས་དར་ནས་ད་ལྟའི་བར་དུ་ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་མོ་ཞིག་བརྒྱུད་དེ་འཕེལ་འགྲིབ་ཀྱི་སྣང་ཚུལ་ཡང་རེ་གཉིས་བྱུང་མྱོང་ནའང་། ཡུལ་ལྷའི་གཞི་བདག་དག་ལས་བོན་གྱི་གདོད་མའི་རིག་གནས་ཀྱི་ཡུལ་ལྷའི་གནས་སྟངས་དང་ལྷ་ཚོགས་ཀྱི་འཕེལ་འགྱུར་ལས་བྱུང་བའི་རིག་གནས་ཀྱི་ལྷག་འཕྲོའི་གྲིབ་གཟུགས་དག་ད་ལྟའི་བོད་པ་སྤྱིའི་ཡུལ་ལྷ་གཞི་བདག་གི་དད་མོས་ཀྱི་ཁྲོད་ནས་རྙེད་ཐུབ་པ་ཡིན། དེའང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བན་བོན་གཉིས་ཀྱི་འཐབ་རྩོད་བརྒྱུད་ནས་བོན་གྱི་ཆོས་ལུགས་དེ་དར་སྤེལ་མཛད་མི་ཆོག་པའི་བཀའ་རྒྱ་བསྒྲགས་པ་ནས་བཟུང་། བོན་པོ་རྣམས་ཡུལ་མཐའ་འཁོབ་དང་སྐབས་དེའི་ལྷ་སའི་རིག་གནས་ལྟེ་བ་དང་རྒྱང་ཐག་རིང་བའི་ཡུལ་ལུང་གང་སར་བྲོས་བྱོལ་དང་གསང་རྒྱའི་ཚུལ་གྱིས་བོན་ཆོས་སྤེལ་བར་འདོད་ཅིང་། རྒྱ་གར་ནས་གདན་དྲངས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཤུལ་དུ་ལྷ་འདྲེ་གདོན་གསུམ་བཏུལ་བའི་ལོ་རྒྱུས་ཀྱི་བྱུང་བ་དག་ནི་ཁོང་གི་རྣམ་ཐར་དུ་ཤིན་ཏུ་རྒྱས་པར་འདུག་ལ། ཁོང་ཉིད་ཀྱིས་བོན་པོ་དག་གིས་ཡུལ་ལྷ་གཞི་བདག་ཏུ་བསྟེན་པའི་ལྷ་ཚོགས་དང་སྲུང་མ་མང་པོ་ཞིག་དམ་ལ་བཏགས་ནས་སངས་རྒྱས་ཆོས་ལུགས་ཀྱི་སྲུང་མ་དང་ལྷ་ཚོགས་ལ་བསྒྱུར་བ་ནི་ཧ་ཅང་གསལ་བོར་མཐོང་ཐུབ་པ་ཡིན། འདི་ལྟ་བུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ཏུ་ཡུལ་ལྷ་གཞི་བདག་ཕལ་མོ་ཆེའི་འབྱུང་ཁུངས་དེའང་བོན་པོའི་ལུགས་ལ་གཏུགས་དགོས་པར་སྙམ། དེས་ན་གཤམ་དུ་བོད་ཁུལ་གྱི་དཔེ་མཚོན་རང་བཞིན་ཅན་གྱི་ཡུལ་ལྷའི་བྱུང་བ་རེ་གཉིས་བརྗོད་པ་ལས་འཕྲོས་ཏེ་དེའི་ཐད་ཀྱི་གནས་རིའི་རིག་གནས་ཀྱི་སྣང་ཚུལ་དག་ལ་གསལ་འགྲེལ་རེ་བགྱིས་ན། གཅིག གངས་ཏི་སེ། གངས་ཏི་སེ་ནི་བོད་ལྗོངས་མངའ་རིས་ཕྱོགས་སུ་གནས་པའི་གནས་རི་གྲགས་ཆེན་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་དུ་དེ་ལ་གངས་རིན་པོ་ཆེ་ཞེས་པའི་མིང་སྙན་མོ་ཞིག་བཏགས་ཡོད།"གངས་ཞེས་པ་ནི་གངས་རིའི་དོན་དང་། ཏི་སེ་ནི་ལེགས་སྦྱར་གྱི་སྐད་དེ་དྭངས་གསལ་ལ་འཇུག དེས་ན་དེའི་དོན་མཉམ་དུ་སྦྱར་གན་དྭངས་ཤིང་གསལ་བའི་གངས་རི་ཞེས་པའོ"⑨གངས་རིན་པོ་ཆེ་འདི་ཉིད་ཐོག་མའི་དུས་སུ་བོན་གྱི་གནས་རི་གྲགས་ཆེན་ཞིག་ཡིན་འདུག་ལ། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ལ་སོགས་པའི་བོན་པོ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ལྷ་གི་རིང་ལ་སྒྲུབ་པ་ཉམས་ལེན་དང་བོན་ཆོས་དར་སྤེལ་བྱེད་སའི་ལྟེ་གནས་གལ་ཆེན་ཞིག་ཏུ་མཐོང་། བོན་པོ་རྣམས་ཀྱིས་གནས་མཆོག་དེ་ནི་གཡུང་དྲུང་དགུ་བརྩེགས་ཀྱི་ལྷུན་པོ་ཞེས་ཁྱད་་འཕགས་ཅན་གྱི་གནས་རི་ཞིག་ཏུ་ངོས་འཛིན་ཞིང་། གནས་རི་དེ་ལ་ཞལ་མཇལ་དང་གངས་སྐོར་བྱས་་ཚེ་ལྷའི་སྲུང་སྐྱོབ་ཐོབ་པར་མ་ཟད་། སྡིག་པ་བཤགས་ཤིང་སངས་རྒྱས་ཏེ་སྐྱེ་བ་གཞུག་མར་ལྷའི་ཡུལ་དུ་སྐྱེས་པར་བཤད་པ་ཡིན། དེ་བས། གནས་རི་འདི་རུ་སྔ་གཞུག་ཏུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་དང་བླ་མ་ཚེ་དབང་རིག་འཛིན། སྟོང་རྒྱུང་མཐུ་ཆེན་སོགས་ཀྱིས་སྒྲུབ་པ་ཉམས་ལེན་བྱས་པའི་ལོ་རྒྱུས་འདུག་ལ།"དེའི་ནང་ནས་ཀྱང་འདུ་གནས་སོ་བདུན་དང་གནས་མཆོག་ཉེར་བདུན། བྱ་གཏོར་ཁང་ཆེ་བ་བརྒྱད་སོགས་ནི་ལོ་རྒྱུས་སྟེང་དུ་བོན་པོ་རྣམས་ཀྱིས་གངས་ཏི་སེ་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་རྟགས་ཐམ་དང་བདེན་དཔང་ཉག་ཅིག་ཡིན་ནོ།"⑩ཡིན་ནའང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་བོད་ཁུལ་ནས་དར་ཁྱབ་བྱུང་བ་དང་བསྟུན་ནས་གངས་རིན་པོ་ཆེ་དེ་ཡང་ནང་བ་སངས་རྒྱས་པ་དག་གི་སྒྲུབ་སྡེ་ཁྱད་འཕགས་ཅན་ཞིག་ཏུ་གྱུར་བ་རེད། གང་ལྟར་ཀྱང་གངས་ཏི་སེ་གནས་རི་གྲགས་ཆེན་དེ་ད་ལྟའང་ད་རུང་ཡང་སངས་རྒྱས་ཆོས་ལུགས་པ་དག་གི་སྒྲུབ་གནས་བྱིན་རླབས་ཅན་ཞིག་ཏུ་བརྩིས་ཏེ་ལོ་ཟླ་ཁོར་མོ་ཡུག་ལ་དེ་རུ་སྒྲུབ་པ་ཉམས་སུ་ལེན་པའི་རྣལ་འབྱོར་བ་ཡང་ཟམ་མ་ཆད་པར་བྱུང་། ལྷག་པར་དུ་བཀའ་རྒྱུད་པའི་རྣལ་འབྱོར་བ་མི་ལ་རས་པ་དང་ན་རོ་བན་ཆུང་གཉིས་ཀྱིས་གངས་ཏི་སེའི་གནས་བདག་བརྩད་པའི་ལོ་རྒྱུས་ཀྱི་བྱུང་བ་དེ་ནས་བཟུང་ནང་བ་སངས་རྒྱས་པའི་ཆོས་ལུགས་པ་དག་གིས་གངས་ཏི་སེ་ དེ་ཉིད་སྒྲུབ་གནས་ཁྱད་པར་ཅན་ཞིག་ཏུ་ཡོངས་སུ་ངོས་འཛིན་གནང་འདུག་ལ། དེ་དང་འབྲེལ་བའི་གཏམ་རྒྱུད་དང་བཤད་རྒྱུན་སྣ་ཚོགས་ཀྱང་ཆུ་མིག་བཞིན་བརྡོལ་གྱིན་ཡོད། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་འཕེལ་རིམ་ལས་གངས་ཏི་སེའི་ཆོས་ལུགས་ཀྱི་དད་མོས་ལ་འགྱུར་ལྡོག་རབ་དང་རིམ་པ་ཞིག་བྱུང་མྱོང་ནའང་། ཆོས་ལུགས་མི་གཅིག་པའི་མི་རྣམས་ཀྱི་ཡིད་ཆེས་དང་དད་འདུན་ལས་བྱུང་བའི་དད་མོས་དེ་དག་གངས་ཏི་སེའི་གནས་རིའི་མདུན་དུ་ལྟ་བའི་མདུད་པ་རང་བཤིག་དུ་གྱུར་ཏེ། ད་ལྟ་གནས་མཆོག་དེ་ཉིད་གངས་ཏི་སེའི་མཐའ་འཁོར་དུ་གནས་པའི་མི་རིགས་སྣ་མང་སྟེ། རྒྱ་གར་གྱི་གནས་འཇལ་བ་དང་བོན་པོ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་འཛིན་པ་དག་གིས་གངས་སྐོར་དང་གནས་མཇལ། སྒྲུབ་པ་ཉམས་ལེན་བྱེད་སའི་གནས་མཆོག་བྱིན་རླབས་ཅན་ག་ཏུ་གྱུར་འདུག་ལ། གངས་ཏི་སེར་འབོད་པའི་གནའ་བོའི་གནས་རི་འགངས་ཆེན་འདི་ཉིད་བོད་ཀྱི་ལོ་རྒྱུས་ཀྱི་དོ་རའི་ནང་དུ་བན་བོན་འཐབ་རྩོད་ཀྱི་རིག་གནས་ཀྱི་ཕྱིར་མཚོན་ཞིག་ཡིན་པར་སྣང་ནའང་། དེ་ཡིས་རྒྱལ་ཁོངས་མི་གཅིག་པ་དང་མི་རིགས་མི་འདྲ་བ། དད་ས་ཞེན་ཡུལ་མི་གཅིག་པའི་རང་གི་འཇལ་སྐོར་བ་རྣམས་ལ་བསྐལ་བའི་བར་དུ་སེམས་རྒྱ་ཆེན་པོའི་ངང་ནས་སྤྱན་གྱིས་གཟིགས་ཏེ་ཡོད་པ་ཡིན་ནོ། ། གཉིས། ཡར་ལྷ་ཤམ་པོ། ཡར་ལུང་གཙང་བོའི་འགོ་ཁུངས་སུ་ཆགས་ཤིང་སྲིད་པ་ཆགས་པའི་ལྷ་དགུའི11གྲས་ཀྱི་གཙོ་གྲས་སུ་བགྲང་གིན་ཡོད་པའི་ཡར་ལྷ་ཤམ་པོ་ནི། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་འཕྱོངས་རྒྱས་རྫོང་གི་ཁོངས་སུ་གནས་ཤིང་། འདི་ཉིད་བོད་ཀྱི་གནའ་བོའི་ཡར་ལུང་སྤུ་རྒྱལ་ཚོ་བའི་སྲུང་མ་ཞིག་ཡིན་པའི་སྐོར་ནི་ཏུང་ཧོང་ཡིག་རྙིང་དུ་ཐེངས་མང་བྱུང་ལ། དུས་རབས་བཅུ་གསུམ་པར་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི《རྒྱལ་རབས་གསལ་བའི་མེ་ལོང》དུའང་ཡར་ལྷ་ཤམ་པོའི་སྐོར་གྱི་གནས་ཚུལ་བཀོད་འདུག་གོ ཡར་ལྷ་ཤམ་པོ་འདི་་ཉིད་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་གླེགས་བམ་ནང་དུ་སྐུ་དྲག་གི་ཡུལ་ལྷ་གཞི་བདག་ལ་བརྩིས་ཡོད་ཅིང་། དེས་སྐུ་དྲག་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་མཚོན་ཡོད་པ་ཡིན། དེ་ཡང་ནང་བ་སངས་རྒྱས་པའི་ཆོས་ལུགས་དེ་བོད་དུ་མ་དར་བའི་ཡར་སྔོན་ལ། བོད་ཀྱི་རྒྱལ་བློན་དང་སྐུ་དྲག་ཁྱིམ་རྒྱུད་ཁྲོད་ཀྱི་མི་ཕལ་ཆེ་བ་བོན་ཆོས་ལ་དད་པ་ཤིན་ཏུ་ཆེ་ཞིང་། ས་གགནས་དེ་གར་རྒྱུན་འབྱམས་སུ་སོང་ཡོད་པའི་ངག་རྒྱུན་ལྟར་ན། ཡར་ལྷ་ཤམ་པོ་ནི་ལྷ་གཡག་དཀར་པོ་ཞིག་ཡིན་པར་སྨྲ་ཞིང་། ལྷ་གཡག་དེའི་ཁ་དང་སྣ་སོགས་ནས་ཁངས་ཆར་འབྱུང་བར་བཤད། ཡར་ལྷ་ཤམ་པོར་མཐུ་ནུས་དང་རྫུ་འཕྲུལ་འགྲན་ཟླ་དང་བྲལ་བ་ཞིག་ཡོད་པར་མ་ཟད། དེས་རྦབ་རྡོ་འགྲིལ་བ་དང་ཤྭ་འོད་རྒྱུག་ཏུ་འཇུག་པ། མི་དཀར་པོ་ཞིག་ཏུ་སྤྲུལ་ནས་མི་དང་ལྷན་དུ་འདུས་ནས་བུ་རྒྱུད་ཀྱང་སྐྱོང་ཐུབ་པར་བཤད། བོད་ལྗོངས་ལྷ་སའི་ལྡེབས་རིས་སོགས་སུ་བྲིས་ཡོད་པའི་ཡར་ལྷ་ཤམ་པོ་དེ་ལུས་པོ་དུས་ལྟར་དཀར་ཞིང་། སྐུ་ལ་གོས་དཀར་པོ་གསོལ་བའི་ལྷ་དཀར་པོ་ཞིག་ཏུ་བྲིས་འདུག་ཅིང་། ཕྱག་གཉིས་ཀར་ཁ་དོག་སྣ་ལྔ་ཅན་ཀྱི་མདུང་ཐུང་ཞིག་དང་ཆུ་ཤེལ་གྱི་རལ་གྲི་ཞིག་བཟུང་ཡོད་པ་ཡིན། བོད་ཀྱི་གནས་རི་འདི་ཉིད་ཀྱང་བན་བོན་གཉིས་ཀའི་བསང་མཆོད་དང་ལྷ་བསང་གཏོང་སའི་གནས་མཆོག་ཅིག་ཏུ་གྲུབ་ཡོད་ལ། ལོ་རྒྱུས་ཀྱི་རྗེས་ཤུལ་གང་རུང་ན་ཐོག་མར་བོན་ཆོས་ལ་དད་འདུན་ཆེ་བའི་གནས་རི་ཞིག་ཡིན་པ་ནི་ཤིན་ཏུ་གསལ་ཞིང་། སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་འདི་ཉིད་ཀྱང་བབ་བསྟུན་གྱིས་ནང་བ་སངས་རྒྱས་ཆོས་ལུགས་ཀྱི་སྲུང་མ་ཞིག་ཏུ་གྱུར་ཏེ་བོད་མི་རྣམས་ཀྱིས་བསང་རྫས་རྒྱ་ཆེན་པོ་བཤམས་ནས་མཆོད་ཅིང་བསྟོད་པ་དང་། ཡུལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་འགོད་པའི་གྲོགས་སུ་བཀུགས་ཡོད་དོ། ། གསུམ། འོ་དེ་གུང་རྒྱལ། བོད་གངས་ཅན་གྱི་ལྟེ་བར་གནས་པའི་གནས་རི་འདི་ནི་བཤད་རྒྱུན་དུ་ཡར་ལྷ་ཤམ་པོ་དང་གཉན་ཆེན་ཐང་ལྷ་སོགས་ཀྱི་ཡབ་ཆེན་ཡིན་པར་བརྗོད་ཅིང་། སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཀྱི་ནང་གསེས་ཤིག་ཀྱང་ཡིན་པར་སྨྲ། སྲིད་པ་ཆགས་པའི་ལྷ་དགུའི་ཁྲོད་དུ་འོ་དེ་སྤུ་རྒྱལ་ལས་གཞན་བརྒྱད་པོའི་ཡབ་ཆེན་ནི་འདི་པ་ཡིན་པའི་བཤད་སྲོལ་འདུག འོན་ཀྱང་འདི་དག་ནི་ངག་རྒྱུན་ཙམ་ལས་ད་ལྟ་ང་ཚོས་ཁུངས་བཙུན་པའི་སྒྲུབ་བྱེད་ཅི་ཡང་རྙེད་མི་ཐུབ། གནས་རི་འདི་ལ་ལོ་རྒྱུས་དངོས་ཀྱི་བྱུང་བ་བརྗོད་པའི་ཡི་གེའི་གཟུགས་རིས་ཤིན་ཏུ་ཉུང་བས། དེའི་སྐོར་གྱི་གནས་ཚུལ་འབྲི་རྒྱུར་ཡང་ཤིན་ཏུ་ཁག་པོར་ཐུག་ཡོད། ཡིན་ནའང་ང་ཚོས་རྗེས་དཔག་གི་རིག་པས་དེད་ན། སྲིད་པ་ཆགས་པའི་ལྷ་དགུའི་ཡབ་ཆེན་པོ་འོ་དེ་གུང་རྒྱལ་འདི་ཉིད་ཀྱང་གདོད་མའི་དུས་དུ་བོད་པོའི་ཡུལ་ལྷ་གཞི་བདག་ཅིག་ཡིན་ངེས་ཏེ། རྒྱུ་མཚན་ནི་ཡར་ལྷ་ཤམ་པོས་གཙོས་པའི་ཁོང་གི་སྲས་བརྒྱད་པོའང་ཕལ་ཆེ་བ་གཉུག་མའི་དུས་སུ་བོན་ཆོས་ལ་དད་པའི་གནས་རི་ཞིག་ཡིན་པ་ཇི་བཞིན། དེའི་ཡབ་ཆེན་པོའང་དེ་ལྟར་རིགས་བསྒྲེས་ཆོག་པའོ། དེར་མ་ཟད། མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས་པའི《ཁུ་བྱུག་སྔོན་མོའི་གསུང་སྙན》ཞེས་པའི་ནང་ཚན་སྟོད་ལྷ་རབས་སམ་ཡི་གེ་ལས་གྱེས་ཅན་དབང་དུ་བགྱིས་ན་ཞེས་པའི་གཞུང་ལས་བསྟན་དོན།"འོ་དེ་གུང་རྒྱལ་བྱ་བ་དེ། ནམ་མཁའ་འཕྲུལ་ཙམ་ན་བཞུགས་པའི་གནམ་གྱི་ཐང་ང་དགུ་དང་བཤོས་པའི་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་སོ། ཆར་བབས་པའི་གྲངས་བས་མང་བའི་ལྷ་བྲན་ཀུན་གྱི་ཡབ་མཛད་དོ། བར་སྣང་ལ་བཞུགས་པའི་ཚེ་འོ་ལྷ་འབྲེང་འབྲེང་ངོ་། བར་གྱི་ཐང་ང་དགུ་དང་བཤོས་པའི་སྲས་རི་རབ་ཀྱི་རྡུལ་ཕྲན་བས་མང་བའི་ལྷ་བྲན་གྱི་ཡབ་མཛད། ས་དོན་ལ་གཤེགས་པའི་ཚེ། ལྷ་ཁུ་ཡུག་མང་སྐྱེས་ཞེས་ཀྱང་བྱ། འོ་ལྷ་ཤ་ཟན་ཞེས་ཀྱང་བྱ། ས་སྡེ་བརྒྱད་ཀྱི་ཆིས་མཛད། མི་མངས་ཀྱི་ལྷར་གཤེགས། ལྷ་དགུའི་ཡབ་ལེགས་སོ།"ཞེས་སྲིད་པ་ཆགས་པའི་ལྷ་དགུའི་ཡབ་ཡིན་པའི་ལུངས་ཁུངས་ཀྱང་འདུག་གོ ། བཞི། གཉན་ཆེན་ཐང་ལྷ། བོད་ལྗོངས་བྱང་ཕྱོགས་སུ་གནས་པའི་གནས་རི་གྲགས་ཆེན་གཉན་ཆེན་ཐང་ལྷ་ནི་གདང་ལ་རི་རྒྱུད་ཀྱི་གནས་རི་སུམ་བརྒྱ་དྲུག་ཅུའི་གཙོ་བདག་ཡིན་པར་སྨྲ་ལ། ངག་རྒྱུན་ལྟར་ན། དེ་ནི་འོ་དེ་གུང་རྒྱལ་དང་གཡུ་བྱ་ཞིག་བཤོས་པ་ལས་སྐྱེས་པ་ཡིན་ཞིང་། གནས་རི་འོ་དེ་གུང་རྒྱལ་གྱི་བུ་གཉིས་པ་ཡིན་པར་བཤད།(བུ་ཆེ་བ་ནི་གནས་རི་ཡར་ལྷ་ཤམ་པོ་ཡིན་ཟེར།)དེར་མ་ཟད། གཉན་ཆེན་ཐང་ལྷ་འདི་ཉིད་ཁངས་ཆར་དང་སེར་བའི་བདག་པོ་ཡིན་པས། གལ་སྲིད་ལམ་འགྲོ་བ་དག་གནས་རི་འདི་ག་བརྒལ་དུས། ངེས་པར་དུ་ཧ་ཅང་སེམས་ཆུང་སྒོས་བསང་མཆོད་དང་གསོལ་མཆོད་བགྱི་དགོས་ཤིང་། གནས་རི་འདི་ལ་བརྩི་བཀུར་མི་བྱེད་པའམ་བསང་མཆོད་བགྱིས་པ་མི་ལེགས་པར་གཉན་ཆེན་ཐང་ལྷར་ཁོང་ཁྲོ་བསླངས་ཚེ། དེ་ཉིད་ཀྱིས་ནམ་མཁར་གློག་དམར་འཁྲུག་པ་དང་། འབྲུག་སྒྲ་གྲག་པ། ཐོག་ཆར་དང་སེར་བ་འབབ་དུ་འཇུག་པ་ཡིན་ཟེར། བོད་ཀྱི་གནའ་བོའི་ངག་རྒྱུན་དག་ན། གནས་རི་འདི་ཉིད་ནི་བོད་ཁུལ་དུ་མཐུ་ནུས་ཆེས་ཆེ་བའི་གཞི་བདག་ཅིག་ཡིན་པར་སྨྲ་ལ། ནང་བསྟན་གྱི་ལོ་རྒྱུས་དེབ་ཐེར་འགའ་རེར་སློབ་དཔོན་པངྨ་འབྱུང་གནས་མ་གཏོགས་བླ་མ་དང་གྲུབ་ཐོབ་པ་སུས་ཀྱང་དམ་ལ་འདོགས་མ་ཐུབ་པར་གྲགས་ལ། འདི་ལྟའི་ལོ་རྒྱུས་ཀྱི་བྱུང་བ་དག་ནི་ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱི་གསུང་རབ་ཁྲོད་དུ་གང་མང་མང་རྙེད་ནུས་པ་ཡིན་ གནས་རི་གཉན་ཆེན་ཐང་ལྷ་འདི་ཉིད་ཀྱང་ཆེས་གདོད་མའི་དུས་སུ་བོན་གྱི"གཉན་ཆེན"ཞིག་ཡིན་ལ། དེའི་དོན་ནི"གཉན་ཆེན་འོད་གསལ"ཡིན་པར་གསུངས།12"འོད་གསལ"ནི་བོན་ཆོས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ།"འོད་གསལ་ལྷ་ཡི་གདུང་རྒྱུད"ཅེས་པའི་བཤད་སྲོལ་ཡང་འདུག"སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་དུས། ནམ་མཁའ་རུ'གཡུང་དྲུང'གི་འོད་གསལ་ཅིག་འཕྲོས་ཏེ་བར་སྣང་ཐམས་ཅད་གསལ་ལེར་བཏང་རྗེས། ཉི་མ་དང་ཟླ་བ་ཤར་བ་ཡིན་ཟེར།"13 "གཉན་ཆེན་ཐང་ལྷ"ལ"གཉན་ཆེན་འོད་གསལ"ཞེས་འབོད་ཀྱི་འདུག་ལ། ད་ལྟའི་བར་དུའང་ཁམས་ཕྱོགས་སུ་གནས་པའི་བོན་པོ་རྣམས་ཀྱིས་ད་དུང་ཡང་གནས་རི་འདི་ལ་གསོལ་མཆོད་བགྱི་བར་བཤད། དེས་ན། འདི་ལས་ཀྱང་གསལ་བོར་མཐོང་ནུས་པ་ནི་གནས་རི་གྲགས་ཆེན་གཉན་ཆེན་ཐང་ལྷ་འདི་ཉིད་དང་པོ་བོན་ཆོས་ཀྱི་ཡུལ་ལྷ་གཞི་བདག་ཅིག་ཡིན་པ་ལ། ནང་བསྟན་བོད་དུ་དར་རྗེས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་སྲུང་མའམ་ཡུལ་ལྷ་གཞི་བདག་ཅིག་ཏུ་བཀུགས་པ་ཡིནཞེས་པའི་ལོ་རྒྱུས་ཀྱི་ཤུལ་རྗེས་ཤིན་ཏུ་གསལ་ལོ། ལྔ། རྨ་ཆེན་སྦོམ་ར། རྨ་ཆེན་སྦོམ་ར་ནི་ཨ་མདོ་ས་ཁུལ་གྱི་སྲུང་མ་གལ་ཆེ་བ་ཞིག་ཡིན་ལ། སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཀྱི་གཅིག་དང་འོ་དེ་གུང་རྒྱལ་གྱི་བུ་བཞི་བ་ཡིན་སྐད། འགའ་རེས་རྨ་ཆེན་སྦོམ་ར་འདི་ཉིད་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཤིག་ཏུ་འཇོག་དུས་ནི་ཕལ་ཆེར་རྗེ་ཙོང་ཁ་བའི་སྐབས་ནས་ཡིན་ཞེས་པའི་ལྟ་ཚུལ་བརྗོད་ཡོད། ཨ་མདོ་ས་ཁུལ་དུ་གནས་པའི་བོད་པ་རྣམས་ཀྱིས་རྨ་ཆེན་སྦོམ་ར་ལ་དད་གུས་ཆེན་པོ་བྱེད་པ་ཡིན་ལ། དེ་ལ་ལོ་རྒྱུས་ཀྱི་བྱུང་བའམ་ངག་རྒྱུན་ཞིག་ཀྱང་བཤད་རྒྱུ་ཡོད་འདུག་ཀྱང་འདི་རུ་ཡིག་ཚོགས་ལ་འཇིགས་ཏེ་མ་སྤྲོས། ངག་རྒྱུན་ལྟར་ན་ཨ་མྱེས་རྨ་ཆེན་ལ་བུ་བུ་མོ་བཅོ་བརྒྱད་ཡོད་པར་གྲགས་ཤིང་། དེ་དག་གི་ཁྲོད་དུ་བུ་དགུ་ཡོད་པའི་བཅིབས་པ་སྟག་དང་བུ་མོ་དགུ་ཡོད་པའི་བཅིབས་པ་ཁུ་བྱུག་ཡིན་ལ། ཨ་མྱེས་རྨ་ཆེན་གྱི་བུ་བུ་མོ་བཅོ་བརྒྱད་ནི་རྨ་ཆེན་སྦོམ་རའི་སྟེང་གི་རི་ཆེན་བཅོ་བརྒྱད་ཡིན་པར་བརྗོད་ཀྱིན་ཡོད། གནས་རི་འདི་ནི་ཨ་མདོ་ས་ཁུལ་དུ་སྙན་པའི་གྲགས་པ་རྒྱས་ཡོད་པའི་བླ་རི་འགངས་ཆེན་ཞིག་ཡིན་ལ། བོད་ཀྱི་བན་བོན་སྔགས་གསུམ་གྱིས་མཚོན་པའི་མཇལ་བ་དག་ཟམ་མ་ཆད་པར་གངས་སྐོར་ལ་འགྲོ་བ་དང་མཇལ་སྐོར་དུ་འགྲོ་བཞིན་ཡོད་ཅིང་། ཚེ་འདིའི་འཕྲིན་ལས་དང་བྱ་གཞག་ཐམས་ཅད་ལྷུན་གྱིས་འགྲུབ་པ་དང་། དོན་སྒོ་ཀུན་བསྒྲུབ་པར་བར་ཆད་མི་འབྱུང་བའི་ཆེད་དུ་ཉིན་ཁར་མཚན་དང་ཟླ་ཁར་ལོ་བཞག་སྟེ་བརྐྱངས་ཕྱག་འཚལ་ནས་གངས་སྐོར་ལ་འགྲོ་བའི་བོད་པ་ནི་བགྲང་གིས་མི་ལངས། ཨ་མདོ་ས་ཆའི་མི་རྣམས་ལུག་གི་ལོ་ལ་ལམ་རིང་བོ་དཀའ་བས་སྤྱད་ཅིང་རླུང་འཚུབ་དང་ཆར་རླུང་གི་སྡང་སྡུག་སེམས་ཀྱིས་བསུས་ཏེ་ཁྱུ་དང་ཁྱུ་བྱས་ནས་རྨ་རྒྱལ་སྦོམ་ར་ལ་མཇལ་སྐོར་དུ་འགྲོ་བའི་ལུགས་སྲོལ་ཞིག་ཀྱང་ཡོད་པ་རེད།"རྒྱུ་མཚན་ནི་ལུག་ལོ་དེ་རྨ་རྒྱལ་སྦོམ་རའི་ལོ་རིས་ཡིན་པའི་རྐྱེན་གྱིས་ཡིན་ཟེར"རོ། །14

གསུམ་པ། བོད་ཀྱི་གནས་རིའི་རིག་གནས་ཀྱི་གནས་སྟངས་སྐོར་བཤད་པ། 

    མདོ་དབུས་མཐོ་སྒང་དུ་གནས་བཅས་ཡོད་པའི་བོད་མི་རིགས་ནི་རི་བོ་སྟོང་ཕྲག་དུ་མའི་འཚང་ཁ་ཤིག་ཤིག་གི་ཁྲོད་དུ་བསྐལ་བ་ནས་བསྐལ་བའི་བར་འཚོ་བ་རོལ་ནས་བསྡད་ཡོད་པ་ཞིག་ཡིན། ནམ་ཟླ་འཁྱགས་ཤིང་ཁོར་ཡུག་ཐམས་ཅད་རི་ཚོགས་ཀྱིས་བསྐོར་ནས་ཡོད་པས། མི་རིགས་འདིས་རང་གི་འཚོ་གནས་ཀྱི་ཁོར་ཡུག་གི་མིང་ལ"ཁ་བའི་ལྗོངས"ཞེས་པའི་སྙན་པ་བསྩལ་ཡོད་། དེ་བས། ཡུལ་ལྷ་གཞི་བདག་གམ་གནས་རིའི་དད་པ་ནི་ཆུང་བྱིས་པ་ཡན་ཆད་ནས་རྒན་མགོ་དཀར་མན་ཆད་བར་དུ་ཞེ་ལ་སིམ་ཞིང་བློ་ལ་བྱང་བ་ཞིག་ཡིན། གནས་རིའམ་གཞི་བདག་བསྟེན་པའི་ལུགས་སྲོལ་འདིས་བོད་མིའི་འཚོ་བའི་ཁྲོད་དུ་གྲུབ་ཆ་གལ་ཆེན་ཞིག་ཟིན་ཡོད་ལ།  ད་ལྟའང་བོད་ཀྱི་ཡུལ་ཁམས་ཀུན་ཏུ་བརྟན་མ་བཅུ་གཉིས་བསྐང་གསོལ་དང་ཚེ་རིང་མཆེད་ལྔའི་མཆོད་གཏོར།15སྲིད་པ་ཆགས་པའི་ལྷ་དགུ་སྟེ། ཡར་ལྷ་ཤམ་པོ་དང་། གཉན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར་སོགས་ལ་གསོལ་མཆོད་བགྱི་སྟངས། ད་དུང་བོད་ཀྱི་མགུར་ལྷ་བཅུ་གསུམ་དང་དགེ་བསྙེན་ཉེར་གཅིག ཁམས་ཀྱི་གནས་ཆེན་ཁ་བ་དཀར་པོ་དང་ཤར་དུང་རི། མི་ཉག་གཡུ་རི་རྩེ་བརྒྱ་དང་རྫ་ཡི་རྫ་རྒྱུད་འཕན་ཕྱུག མདོ་སྨད་ཀྱི་རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིག ཁྲི་ཀ་ས་ཆའི་ཨ་མྱེས་ཡུལ་ལྷ་དང་ཨ་མྱེས་སྲིན་པོ། ཨ་མ་ཟོ་དགུ ཨ་མྱེས་བྲག་དཀར་སོགས་ཀྱིས་མཚོན་པའི་ཡུལ་ལྷ་གཞི་བདག་བསྟེན་སྲོལ་དག་ནི་ཕལ་ཆེར་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱད་མེད་དུ་གནས་ལ། ཆོས་དད་ཀྱི་འདུ་ཤེས་ལྡན་ཞིང་འཚོ་བར་སྤྲོ་སྣང་བདོག་པའི་བོད་མི་རིགས་ཀྱིས་རང་རང་ས་ཆའི་གོམས་སྲོལ་ལྟར་དུ་ལོ་རེའི་དུས་ཚིགས་ག་གེ་མོ་དང་ཉིན་སྐར་ག་གེ་མོ་ལ་རླུང་རྟ་སྤུར་བ་དང་། དུང་འབུད་པ། དར་ཚོན་སྣ་ལྔའི་དར་མདུང་སློང་བ། ཡུལ་ལྷ་གཞི་བདག་དག་དང་འབྲེལ་བའི་འདོན་པ་སྐྱོར་བ་དང་བཅས་ཏེ་དག་སྣང་གི་སྦྱོར་བ་བརྟན་པོ་ཞིག་གི་སྒོ་ནས་རང་རང་ས་ཆའི་ཡུལ་ལྷ་གཞི་བདག་ཚོགས་ལ་མཆོད་པ་བགྱི་བའི་རྒྱུན་སྲོལ་འདི་མུ་ནས་མུ་རུ་སྐྱོང་བ་ཡིན། དེས་ན་བོད་ཡུལ་གྱི་གནས་རི་དེ་དག་ཞིབ་ཕྲའི་སྒོ་ནས་ད་དུང་རིགས་མང་པོར་དགར་ཆོག་པར་སྙམ་ལ། སྤྱིའི་ཆ་ནས་གཤམ་གྱི་ཁྱད་ཆོས་འདི་དག་འཛོམས་པར་བསམ་ཏེ།༡.གནས་རི་དེ་དག་ལ་གཉེན་ཉེ་ཚན་གྱི་འབྲེལ་བ་ལྡན་ཞིང་ད་དུང་ཕ་བུའི་འབྲེལ་བའི་བསྡུས་པའི་གནས་སྟངས་ཁྱད་མཚར་ཅན་ཞིག་མངོན་ཡོད་པ་དང་། བཟའ་ཟླ་དང་བུ་ཕྲུག་མང་པོ་འཕེལ་ཡོད་པའི་བཤད་རྒྱུན་ཡང་སྣ་ཚོགས་མཆིས། ༢.གནས་རི་དེ་དག་གདོད་མའི་དུས་སུ་ཕལ་ཆེར་གཡག་དཀར་པོ་ཞིག་གི་ཚུལ་གྱིས་ཕྱི་རུ་མངོན་ཚུལ་ཡོད་ཅིང་། གཞི་བདག་དེ་དག་གི་ཕལ་ཆེ་བའི་སྣང་བརྙན་ཡང་ཁ་དོག་དཀར་པོའི་སྒོ་ནས་བརྒྱན་ཡོད་ལ། ས་གནས་མང་ཚོགས་ལ་དེ་དང་འབྲེལ་བའི་ཡིད་དབང་འཕྲོག་པའི་ངག་རྒྱུན་ཅི་རིགས་ཀྱང་བདེན་ཅོག་ཅོག་གིས་བཤད་རྒྱུ་ཡོད། ༣.གནས་རི་དེ་དག་ལ་ས་གནས་རང་བཞིན་གྱི་དད་པ་བསྟེན་པའི་ལུགས་སྲོལ་ཞིག་འདུག་ལ། དེ་རུ་ལྷ་གཤིས་ཅན་གྱི་མི་བོ་ཆེ་གང་རུང་ཞིག་གི་གཟུགས་བརྙན་ཤུགས་སུ་མཐོང་བའི་རྟགས་མཚན་ཡོད། ༤.བོད་ཡུལ་གྱི་རྔམ་ཞིང་བརྗིད་པའི་གནས་རི་ཆེན་པོ་དེ་དག་ཕལ་ཆེ་བ་བོད་ཀྱི་གདོད་མའི་ཆོས་ལུགས་དང་གཡུང་དྲུང་བོན་གྱི་ཆོས་ལུགས། སངས་རྒྱས་ཆོས་ལུགས་བཅས་ཀྱི་སྲུང་མ་དང་དམ་ཅན་བསྟན་སྲུང་ཡིན་པའི་ལོ་རྒྱུས་ཀྱི་བྱུང་བ་མཆིས། ༥ གནས་རི་དེ་དག་ལ་གནས་བཅས་ཡོད་པའི་གཞི་བདག་དག་གི་བཅིབས་པའང་དཀར་པོའི་ཆོས་ཀྱིས་བརྒྱན་པའི་ལྷ་རྟ་དཀར་པོ་དང་ལྷ་གཡག་དཀར་པོ།གཡུ་འབྲུག་དང་ཤྭ་བ་དཀར་པོ་སོགས་རྫུ་འཕྲུལ་དང་མཐུ་ནུས་ལྡན་པའི་སྲོག་ཆགས་ཁྱད་པར་ཅན་དག་ཡིན་པ་སྨྲ་ཡི་འདུག་གོ། 

མཇུག་བསྡུ་བ། 

     ཡུལ་ལྷ་གཞི་བདག་བསྟེན་པའི་གནས་རིའི་རིག་གནས་འདི་བོད་ཀྱི་ས་ཆ་ཀུན་ཏུ་ཡོངས་ཁྱབ་དུ་གནས་ཤིང་། བོད་མིའི་ཉིན་རྒྱུན་གྱི་འཚོ་བའི་གྲུབ་ཆའི་ཁྲོད་ན་བླ་ན་མཐོ་བའི་གོ་གནས་ཆེན་པོ་ཞིག་བཟུང་ཡོད། ཁྱད་པར་དུ་ཡུལ་ལྷ་གཞི་བདག་བཀུར་བའི་སྲོལ་རྒྱུན་འདི་ལ་བོད་མི་རིགས་ཀྱིས་དོ་སྣང་དང་གཙིགས་ཆེན་བགྱི་བ་ཡིན། གནས་རིའི་རིག་གནས་ཁྲོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་བོད་མི་ཚོས་རང་གི་སྲུང་མའི་ཚུལ་དུ་བཞག་ནས་ད་བར་དུ་ལོ་ངོ་སྟོང་ཕྲག་དུ་མ་བརྒྱུད་དེ་འགྱུར་བ་ཅི་ཡང་མ་བྱུང་ལ། ཡུལ་ལྷ་གཞི་བདག་དེ་དག་སྔ་རྗེས་སུ་བོད་ཀྱི་གཡུང་དྲུང་བོན་དང་སངས་རྒྱས་ཆོས་ལུགས་གཉིས་ཀྱི་ལྷ་རུ་འཕེལ་འགྱུར་དུ་མ་བྱུང་འདུག་ནའང་དེའི་འགན་ནུས་ལ་འགྱུར་ལྡོག་ཅི་ཡང་བྱུང་མི་འདུག་སྙམ། འདི་ལྟའི་ལོ་རྒྱུས་རང་བཞིན་གྱི་འཕེལ་འགྱུར་ནི་ང་ཚོས《སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར》དང《བཀའ་ཐང་སྡེ་ལྔ》སོགས་སུ་ཅི་རིགས་མཐོང་ཐུབ་པ་ཡིན་ཏེ། བོད་ཀྱི་གདོད་མའི་ཡུལ་ལྷ་གཞི་བདག་དེ་དག་ལ་མིང་གི་འབོད་སྟངས་ཐད་ནས་འགྱུར་ལྡོག་བག་ཙམ་བྱུང་ཡོད་པ་མ་གཏོགས། གནས་རིའི་རིག་གནས་ཁྲོད་ཀྱི་ཡུལ་ལྷ་གཞི་བདག་དེ་དག་ལ་སྔར་བཞིན་བོད་མི་འབུམ་ཕྲག་དུ་མས་གསོལ་མཆོད་བགྱི་བཞིན་ཡོད་ལ། གནས་རི་དེ་དག་གིས་ཀྱང་དགྲ་ལྷ་དང་སྲུང་མ། བོན་སྐྱོང་སོགས་ཀྱི་ངང་ཚུལ་སྐྱོང་གིན་ཡོད་དོ། །



རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23582166
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།