ཚེ་ཐར་གྱི་ཕན་ཡོན་བཤད་པ་དགེ་བའི་ལམ་གསལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཚེ་ཐར་གྱི་ཕན་ཡོན་བཤད་པ་དགེ་བའི་ལམ་གསལ།
ཚེ་ཐར་གྱི་ཕན་ཡོན་བཤད་པ་དགེ་བའི་ལམ་གསལ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-02ལྟ་ཀློག (6337)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚེ་ཐར་གྱི་ཕན་ཡོན་བཤད་པ་དགེ་བའི་ལམ་གསལ། 

རྩོམ་པ་བོ། ཤེས་རབ་བསྟན་དར།

  ཨོཾ་བདེ་ལེགས་སུ་གྱུར་ཅིག  འདིར་ཚེ་ཐར་རམ་ཚེ་བླུ་བྱས་པའི་ཕན་ཡོན་མདོ་ཙམ་བརྗོད་ན་དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་སྔོན་སློབ་པའི་གནས་སྐབས་སུ་རྒྱལ་བུ་སྙིང་སྟོབས་ཆེན་པོའི་སྐྱེ་བ་བཞེས་པའི་ཚེ།བཀྲེས་སྐོམ་གྱིས་མནར་བའི་སྟག་ཕྲུག་མ་བུ་དྲུག་གི་སྲོག་སྐྱོབ་པའི་ཆེད་དུ་རང་གི་དལ་འབྱོར་གྱི་མི་ལུས་ཁྱད་པར་ཅན་བཏང༌།  ཤ་དང་ཁྲག་གི་སྦྱིན་པ་བཏང་ནས་སྐྱོབ་པར་མཛད་པ་དང༌།  ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་སྐྱེ་བ་བཞེས་པའི་ཚེ་རྫིང་བུ་ཞིག་ཏུ་ཉ་ཁྲི་གནས་པ་ཆུ་དང་བྲལ་བ་མཐོང་ནས་དེར་ཆུ་བླུགས་ནས་སྲོག་བསྐྱབས་ཤིང༌།  ཁ་ཟས་སྦྱིན་ཏེ་དེ་བཞིན་གཤེགས་པ་རིན་ཆེན་གཙུག་དོར་ཅན་གྱི་མཚན་བསྒྲགས་པས་དེ་དག་ཤི་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་མུ་ཏིག་དང་མེ་ཏོག་གི་ཆར་ཕབ་པ་ལྟ་བུའི་ལོ་རྒྱུས་ཤིན་ཏུ་མང༌།  དེ་བཞིན་སྐྱེས་བུ་དམ་པ་ནི་གཞན་གྱི་སྲོག་སྐྱོབ་པ་ལ་ལྷག་པར་བརྩོན་པར་མཛད་པ་ཡིན།  ལྷག་པར་སྙིགས་མའི་དུས་སུ་ཚེ་ཐུང་ཞིང་ནད་མང་བ།  ལོངས་སྤྱོད་དབུལ་བ་འདི་ཡང་མི་དགེ་བའི་སྟོབས་དང༌།  ལྷག་པར་སྲོག་གཅོད་བྱས་པའི་རྐྱེན་གྱིས་ཡིན་པས་འདི་དག་ལྡོག་པའི་ཐབས་ཉག་ཅིག་ཀྱང་སེམས་ཅན་ཚེ་ཐར་དང་ཚེ་བླུ་བྱེད་པ་འདི་ཡིན་ཏེ་ལམ་རིམ་ཆེན་མོ་ལས།  སྲོག་གཅོད་པ་སོགས་ཆེན་པོ་བཅུ་བོ་རེ་རེས་དམྱལ་བ།  འབྲིང་བཅུ་བོ་རེ་རེས་ཡི་དྭགས།  ཆུང་ངུ་བཅུ་བོ་རེས་དུད་འགྲོར་སའི་དངོས་གཞི་ལས་གསུངས་ལ།  རྒྱུ་མཐུན་གྱི་འབྲས་བུ་ནི།  ངན་འགྲོ་ནས་མིར་སྐྱེས་ཀྱང་རིམ་པ་ལྟར་ཚེ་ཐུང་ལ།  ཞེས་དང༌།བདག་པོའི་འབྲས་བུའམ་དབང་གི་འབྲས་བུ་ནི།  སྲོག་གཅོད་ལས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བཏུང་དང༌།  སྨན་དང་འབྲས་བུ་སོགས་ལ་མཐུ་ཆུང་བ་དང༌།  བསྙེམས་པ་དང༌།  ནུས་པ་དང་སྟོབས་ཆུང་བ་དང༌།  འཇུ་དཀའ་ཞིང་ནད་བསྐྱེད་པས་སེམས་ཅན་ཕལ་ཆེར་ཚེ་མ་ཟད་པར་ཡང་འཆི་བར་འགྱུར་བ་ཞེས་དང༌།  སྲོག་གཅོད་སྤངས་པའི་འབྲས་བུ་ཡང་དེ་ལས་ལྡོག་ཏེ་གསལ་བོར་གསུངས་པས་སོ། །  

       དེ་བས་ཚེ་ཐར་དང་ཚེ་བླུ་བྱེད་པ་ནི་ཚེ་ཐུང་བ་དང་ནད་མང་བ།  ལོངས་སྤྱོད་ཀྱིས་དབུལ་བ་སོགས་ལྡོག་པའི་ཐབས་ཉག་གཅིག་ཡིན་པ་སོགས་ཕན་ཡོན་མང་བོ་མདོ་རྒྱུད་ཀྱི་བསྟན་བཅོས་མང་བོ་ནས་འབྱུང་བ་ཡིན་ཏེ།  མདོ་དྲན་པ་ཉེར་བཞག་ལས།  ཚུལ་ཁྲིམས་ཀྱི་ནང་ནས་མཐོ་རིས་སུ་སྐྱེ་བ་མཆོག་ནི་འདི་ཡིན་ཏེ།  སྲོག་སྦྱིན་པའི་ཚུལ་ཁྲིམས་སོ། །  ཞེས་ཚེ་བླུ་བྱས་པས་མཐོ་རིས་སུ་སྐྱེས་པར་གསུངས་པ་དང༌།  སློབ་དཔོན་དབྱིན་གཉེན་གྱིས།གསོད་སར་ཁྲིད་པ་ཡོངས་བཏང་ནས། །  དེ་བཞིན་སྲོག་གི་ཕན་བཏགས་ཤིང༌། །  སྲོག་ཆགས་འཚེ་བ་ཡོངས་སྤངས་པས། །  ཚེ་རིང་བ་ནི་འཐོབ་པར་འགྱུར། །  ནད་གཡོག་བྱེད་ཅིང་སྨན་པ་དང༌། །  སྨན་རྣམས་སྦྱིན་པར་བྱ་བ་དང༌། །  སྲོག་ཆགས་རྣམས་ལ་རྡོ་དབྱུག་དང༌། །  འཚེ་བ་སྤངས་པས་ནད་མེད་གྱུར། །  ཞེས་དང༌།  སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས།  བྱ་ཉ་རི་དྭགས་རྐུན་མ་དང༌། །  སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །  སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །  ཚེ་ཐུང་བ་ཡང་ཚེ་རིང་གྱུར། །  ཞེས་ཚེ་ཐར་བཏང་བས་ཚེ་འཕེལ་བར་གསུངས་ཤིང༌།  སའི་སྙིང་བོ་འཁོར་ལོ་བཅུ་བའི་མདོ་ལས།གལ་ཏེ་སྲོག་གཅོད་ཡོངས་སྤངས་ན། །  ཀུན་གྱིས་བཀུར་ཞིང་བླ་མར་བྱེད། །  རྟག་ཏུ་ནད་མེད་ཚེ་ཡང་རིང༌། །  བདེ་ཞིང་སྐྱིད་ལ་གནོད་པ་མེད། །  སྐྱེ་བའི་གནས་ནི་ཐམས་ཅད་དུ། །  སངས་རྒྱས་སྤྱོད་ལམ་ལམ་ལ་མོས། །  སངས་རྒྱས་ཆོས་དང་དགེ་འདུན་མཐོང༌། །  མྱུར་ཏུ་བླ་མེད་བྱང་ཆུབ་འཐོབ། །  ཞེས་སོགས་མདོ་རྒྱུད་ཀྱི་བསྟན་བཅོས་གཞན་དང་གཞན་ལས་ཕན་ཡོན་རྒྱ་ཆེར་གསུངས་སོ། ། དེ་ལྟར་ཚེ་ཐར་བྱས་པ་ལ་ཕན་ཡོན་མཐའ་མེད་ཀྱང་མདོར་བསྡུས་ན་འདི་དག་ཏུ་འདུས་ཏེ།  ༡སྐྱེ་བ་ཕྱི་མར་ངན་འགྲོའི་སྐྱེ་བ་ཁེགས་ནས་བདེ་འགྲོར་སྐྱེས་པ།  ༢དུས་མིན་གྱི་འཆི་བ་བཟློགས་ནས་ཚེ་རིང་བོར་འགྱུར་བ།  ༣ནད་རིགས་བཞི་བརྒྱ་རྩ་བཞི་དང་བྲལ་ཏེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ།  ༤སྨན་རྣམས་མཐུ་དང་ལྡན་པར་འགྱུར་བ།  ༥ནོར་དང་ལོངས་སྤྱོད་རྒྱས་པ།  ༦གཟའ་གདོན་མི་མ་ཡིན་གྱི་གནོད་པ་མེད་པ།  ༧དཀར་ཕྱོགས་སྐྱོང་བའི་སྲུང་ཞིང་གཞན་གྱིས་བཀུར་བ།  ༨སྐྱེ་བ་གཞན་དུ་རང་གིས་ཆོས་གསུངས་པའི་འཁོར་དུ་འགྱུར་བ།   ༩རང་གི་འདོད་པའི་དོན་ཐམས་ཅད་བླག་ཏུ་འགྲུབ་པ།  ༡༠དཀོན་མཆོག་གསུམ་མངོན་སུམ་དུ་མཐོང་ནས་ཆོས་ཀྱི་དཔལ་ལ་སྤྱོད་ཅིང་བླ་མེད་བྱང་ཆུབ་འཐོབ་པ་བཅས་སོ། །   དེ་བས་ཀྱང་སྟོན་པས་བྱིན་གྱིས་རླབས་པའི་དུས་ཆེན་དག་ཏུ་ཚེ་ཐར་གཏོང་བ་སོགས་དགེ་བའི་ལས་ལ་བརྩོན་ན་ཕན་ཡོན་ལྷག་པར་ཆེ་ཞིང༌།  དེ་ལྟར་དགེ་བ་སྒྲུབ་པའི་འགོ་ཁྲིད་བྱེད་མཁན་རྣམས་ལ་དགེ་བ་དེ་ཡོངས་སུ་རྫོགས་པ་འཐོབ་པ་ཚད་ལྡན་གྱི་གཞུང་ལས་འབྱུང་བས་ན་སྲོག་གཅོད་སྤང་བ་དང༌།  མི་ནས་དུད་འགྲོ་བར་གྱི་སྲོག་སྐྱོབ་པའི་ཐབས་ལ་བརྩོན་པ་དང༌།  དེ་བཞིན་དགེ་སྐུལ་བྱེད་པ།  རང་ལ་དབང་ཡོད་པའི་རི་དང་ཆུ།  ནགས་སོགས་སུ་ཡོད་པའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་བྱ་བྱེའུ་འབའ་འབུ།ཉ་དང་རི་དྭགས་བཅས་ལ་སྲུང་སྐྱོབ་བྱེད་པ།  ནད་པ་སོགས་ཀྱི་ཆེད་དུ་སྲོག་གསོད་སར་ཁྲིད་པའི་དུད་འགྲོའི་སྲོག་བླུ་བྱེད་པ་བཅས་དགེ་བའི་ལས་ལ་བརྩོན་པར་བྱའོ། །  ཞེས་པ་འདི་ནི་་བཙུན་གཟུགས་ཤེས་རབ་བསྟན་དར་གྱིས་བྲིས་པ་དགེ་གྱུར་ཅིག


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 42t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23653844
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།