​དགོན་སྡེའི་ལམ་ལུགས་ལེགས་བཅོས་ཐད་ཀྱི་གནས་ཚུལ་མདོ་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 9 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »​དགོན་སྡེའི་ལམ་ལུགས་ལེགས་བཅོས་ཐད་ཀྱི་གནས་ཚུལ་མདོ་ཙམ་གླེང་བ།
​དགོན་སྡེའི་ལམ་ལུགས་ལེགས་བཅོས་ཐད་ཀྱི་གནས་ཚུལ་མདོ་ཙམ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-02ལྟ་ཀློག (3860)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 དགོན་སྡེའི་ལམ་ལུགས་ལེགས་བཅོས་ཐད་ཀྱི་གནས་ཚུལ་མདོ་ཙམ་གླེང་བ།
 
 རྒྱ་གྲོལ།  
 འགོ་ཁྲིད་རྣམ་པ་དང་འཐུས་མི་རྣམ་པ། 
      དགོན་སྡེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་སློབ་གྲྭ་ཡིན་ལ་སྲོལ་རྒྱུན་གྱི་སློབ་གྲྭ་འདི་འཛམ་གླིང་སྟེང་ཆེས་དམིགས་བསལ་གྱི་སློབ་གྲྭ་ཞིག་ཡིན། དུས་རབས་མི་འདྲ་བ་དང་སྤྱི་ཚོགས་མི་འདྲ་བའི་ནང་དུ་དགོན་སྡེའི་སྒྲིག་གཞི་མི་འདྲ་བ་རེ་འབྱུང་བའང་ཆོས་ཉིད་ཡིན། ལྷག་པར་བློ་མཐུན་ཅང་རྩེ་རྨིན་གྱི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་མཐུན་པོ་ཡོང་བའི་འབོད་སྐུལ་བཞིན་དགོན་སྡེའི་བྱ་བའང་ཚན་རིག་དང་དེང་རབས་ཅན། མདུན་ལམ་ཅན་ལ་བསྙེག་དགོས་པའང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཡིན། དེ་ལྟར་བྱས་ན་མི་རིགས་ལ་ཕན་ཞིང་ཆོས་ལུགས་ལ་ཕན་པ་མ་ཟད་རྒྱལ་ཁབ་དང་མི་དམངས་ལའང་ཕན། གལ་ཏེ་དགོན་སྡེའི་བྱ་བ་ལེགས་བཅོས་མ་བྱུང་ཕྱིན་ཆོས་ལུགས་འདི་སྤྱི་ཚོགས་དང་ཁ་འབྲལ་ཞིང་དུས་རབས་དང་ཁ་འབྲལ་ངེས་པ་མ་ཟད། མ་འོངས་པའི་མདུན་ལམ་དང་ཁ་བྲལ་ནས་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་དུ་སྐྱེལ་བ་ལས་ཐབས་མེད། ལྷག་པར་བོད་ན་དགོན་སྡེ་སུམ་སྟོང་སུམ་བརྒྱ་ལྷག་ཡོད་པས་སྔར་བཞིན་ལམ་ལུགས་ལེགས་བཅོས་མ་བྱས་པར་བསྡད་ན་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཞིག་འབྱུང་ཁོ་ཐག་ཡིན། 
     དགོན་སྡེའི་ལམ་ལུགས་ནི་སྔོན་བཞིན་སྲོལ་རྒྱུན་གྱི་འགྲོ་ལུགས་རེད་འདི་ལ་བཟང་ཆ་མང་བོ་ཞིག་ཡོད་པ་སྨོས་མེད་ཡིན་ལ་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ན་སྐྱོན་ཆ་མང་བོ་ཞིག་ཀྱང་ཡོད། ང་ཚོས་དགོན་སྡེའི་ལམ་ལུགས་ཀྱི་སྐྱོན་ཡོན་གྱི་ཚད་གཞི་ནི་སངས་རྒྱས་ཀྱི་དགོངས་པ་དང་མཐུན་མིན་དང་དུས་རབས་ཀྱི་དགོས་མཁོ་དང་མཐུན་མིན། དགོན་སྡེའི་མདུན་ལམ་དང་མཐུན་མིན། མང་ཚོགས་ཀྱི་ཁེ་ཕན་དང་མཐུན་མིན་བཅས་ལ་བལྟ་དགོས། 
དེ་ལས་བལྟས་ན་སྤྱི་ཚོགས་འགྱུར་ལྡོག་དང་བསྟུན་ནས་དུས་རབས་དང་མི་མཐུན་པ་མང་པོ་རང་ཡུལ་དུ་སོང་ནའང་སྔོན་གྱི་ཆོས་ཐོག་མང་བོ་དང་དེའི་འགྲོ་སྟངས་མང་བོ་སྔར་བཞིན་གནས་པས་ཆོས་ཐོག་རེ་ལ་གཉེར་བ་རེ། དེས་ཕྱོགས་སོ་སོར་དཀར་ཐིགས་སློང་བ་སོགས་དང་ཆོས་ལུགས་ཀྱི་སློབ་གཉེར་ལ་དོ་སྣང་མི་བྱེད་པར་ཕྱིའི་རྣམ་པ་གཙོ་བར་འཛིན་པ་སོགས་རེད། འོན་ཀྱང་ནང་བ་སངས་རྒྱས་པའི་དགོངས་དོན་ལྟར་ན་དམ་པའི་ཆོས་ཀྱི་དགོས་པ་ནི་སེམས་ཅན་ལ་མི་འཚེ་བ་དང་སེམས་ཅན་ལ་ཕན་པ་ཡིན་ཞིང་དེ་བས་ང་ཚོར་དགོས་པ་ནི་ཆོས་ལུགས་ཀྱི་སློབ་གཉེར་ཡིན་པ་ལས་དཔལ་འབྱོར་གྱི་རྒྱས་སྤྲོས་བྱེད་པ་ནི་བཟང་བོ་ཞིག་མིན་ལ་བསླབ་གསུམ་གྱི་ཉམ་ལེན་དགོས་པ་ལས་གྲོང་ཆོག་འདུ་ལོང་ནི་གལ་ཆེ་བ་ཞིག་མ་རེད། མིག་སྔའི་དགོན་སྡེ་མང་བོའི་གནས་ཚུལ་ལ་བལྟས་ན་སློབ་གཉེར་གྱི་ཆེད་དུ་འབད་པ་ཉུངལ་བླ་སྤྲུལ་སྐོར་ཞིག་ནི་ནང་ཆེན་རྒྱ་ཆེན་པོ་ཞིག་བཞེངས་པ་ལས་སློབ་གཉེར་འཛིན་གྲྭ་ཞིག་བསྒྲུབ་པར་མི་བརྩོན་ལ་རླངས་འཁོར་སོགས་ནོམ་པ་རྩ་ཆེན་ཉོས་ནས་ཁྱད་ཆོས་རྒྱག་པ་ལས་རང་གི་དགོན་པར་དགེ་རྒན་ཞིག་ཞུས་ཏེ་སློབ་གཉེར་བྱེད་དུ་མི་འཇུག དམ་པའི་ཆོས་ཀྱི་དགོངས་དོན་དང་བསྟུན་ན་འདུ་ཁང་བརྒྱ་བཞེངས་པ་ལས་མི་གཅིག་བློ་ཁ་ཆོས་ལ་བསྒྱུར་བར་ཕན་ཡོན་ཆེ་ལ་དགོན་པ་ཞིག་ལ་ཁྲི་བསྐོལ་ལས་དགེ་འདུན་ལ་བཤད་སྒྲུབ་ཀྱི་འཆད་ཉན་བསྐྱངས་པ་ཕན་ཡོན་ཆེ། ཡིན་ནའང་མིག་སྔའི་གོམས་སྲོལ་འདི་ལོ་རྒྱུས་ཀྱི་རྨང་གཞི་བརྟན་པས་མི་རེ་འགས་བསྒྱུར་མི་ཐུབ་ནའང་ཀླུ་ཚང་དགོན་པའི་ཉམས་མྱོང་ལ་བལྟས་ན་དེ་དག་ལ་ལེགས་བཅོས་བྱེད་པ་ནི་དགེ་མཚན་ཤིན་ཏུ་ཆེ་བ་ཤེས་ཐུབ། སྔོན་ཆད་དགོན་པ་འདིར་ཆོས་ཐོག་བཅུ་གསུམ་ལྷག་ཡོད་པས་སློབ་གཉེར་བྱེད་དཀའ་ཞིང་ཆོས་ཐོག་གི་སླད་དུ་དཀར་ཐིགས་ཀྱི་སློང་མོར་འགྲོ། གྲོང་ཆོག་གིས་ཉིན་མཚན་འགྲིམ་པ། ཆོས་ཐོག་གི་སླད་དུ་སྐམ་ལུག་མང་བོ་ཤན་པར་གཏོད་པ་སོགས་ཡོད་ཀྱང་དགོན་པ་སླར་གསོའི་སྐབས་ཆོས་རྗེ་རིན་པོ་ཆེས་ཨ་ལགས་རྙེའི་དགོངས་བཞེད་བཞིན་དེ་དག་ཚང་མའི་ཚབ་ཏུ་སློབ་གཉེར་ལམ་ལུགས་ཁོ་ནས་ཆོག་པར་བྱས་ཏེ་དེ་དག་སླར་གསོ་མ་བྱས་ཤིང་སྐབས་དེར་ལོ་རྒྱུས་ཀྱི་གོམས་སྲོལ་གྱི་དབང་གིས་མང་པོ་ཞིག་གིས་དེ་ལ་དགའ་བསུ་མི་བྱེད་ནའང་ད་ལྟ་སློབ་གཉེར་ལ་འབྲས་བུ་ཆེན་པོ་བྱུང་བ་འདི་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་རྗེས་ཆེན་པོ་ཞིག་བཞག་ཅིང་དགོན་པའི་གནས་བབ་ཀྱང་སྔར་ལས་བླ་ལྷག་གིས་འཕེལ་བས་ད་ལྟ་མང་ཚོགས་ཀྱིས་དགའ་བསུ་བྱེད་ལ་རྒྱལ་ཁབ་ཀྱིས་ཀྱང་བསྟོད་བསྔགས་བྱེད། དགོན་སྡེ་སོ་སོས་ཀྱང་ཡིད་སྨོན་བྱེད་པས་འདི་ལྟ་བའི་ལམ་ལུགས་ལེགས་བཅོས་ལ་ལམ་ལྷོངས་བྱུང་བ་མ་ཟད་དུས་རབས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཡང་མཐུན་པ་རེད། བོད་ཀྱི་དགོན་སྡེ་ཆེན་པོ་དག་གི་འཕེལ་རྒྱས་དང་ཆོས་ལུགས་ཀྱི་ལོ་རྒྱུས་ལ་བལྟས་ན་དགོན་པར་ཆོས་ལུགས་ཀྱི་སློབ་གཉེར་འཛུགས་རྒྱུ་ནི་དགོན་སྡེ་འཕེལ་རྒྱས་དང་ཆོས་ལུགས་འཕེལ་རྒྱས། མི་རིགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་བདེན་དཔང་བྱས་ཡོད། 
      དེ་བས་ང་ཚོས་དགོན་སྡེའི་ལམ་ལུགས་ལེགས་བཅོས་ཀྱི་སློབ་གཉེར་ལམ་ལུགས་ཆ་ཚང་ཞིག་བཙུགས་ཏེ་དེང་རབས་ཅན་ལ་བསྟུན་པ་ནི་དེང་རབས་ཅན་གྱི་ཆེད་དུ་མིན་ལ་དུས་རབས་ཀྱི་རྗེས་ཆོད་པའི་ཆེད་དུའང་མིན་པར་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་ཡིན། ཆོས་ལུགས་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པའི་རྒྱ་ནག་གི་ཆོས་ལུགས་པ་འགའ་རེས་དེང་རབས་ཀྱི་དུས་འདིར་ཆོས་ལུགས་ལ་མདུན་ལམ་གཉིས་མ་གཏོགས་མེད་དེ་སྤྱི་ཚོགས་ལ་བསྟུན་ནས་ལམ་ལུགས་ལེགས་བཅོས་བྱས་ན་དར་རྒྱས་སུ་འགྲོ་ལ་དེ་མིན་ཉམས་དམས་སུ་འགྲོ་ངེས་རེད་གསུངས་པའང་གནད་དུ་ཁེལ་བའི་སྡོམ་ཚིག་ཅིག་རེད། དེས་ན་དགོན་སྡེ་ནི་ཆོས་ལུགས་པ་ཚད་ལྡན་གསོ་སྐྱོང་བྱེད་སའི་ཆ་ཚང་བའི་སློབ་གྲྭ་ཞིག་ཏུ་དམིགས་ནས་ལེགས་བཅོས་བྱེད་པ་ནི་ང་ཚོས་ལེགས་བཅོས་ཀྱི་ཚད་གཞི་ཡིན་ལ་དགོན་སྡེ་ནི་ཆོས་ལུགས་ལ་མཁས་པའི་གནས་ཤིག་ཡིན་དགོས་པ་ལས་ཆོས་ལུགས་ལ་རྨོངས་སའི་གནས་ཤིག་ཡིན་མི་རུང་བ་དེ་ཡིན། 
      དེ་བས་ངའི་བསམ་པར་དགོན་པ་ཆེས་ཆུང་བ་ཞིག་ཡིན་ནའང་སུམ་རྟགས་དག་གསུམ་དང་ཆོས་ལུགས་ཀྱི་ལོ་རྒྱུས། སྡོམ་གསུམ་བསླབ་བྱ། ལམ་རིམ་བློ་སྦྱོང་། ཆོས་ལུགས་རྒྱུན་ཤེས་ཀྱི་སློབ་ཚན་རེ་མ་མ་མཐའ་ཡང་འཛུགས་དགོས་ཏེ་དེ་དེ་མིན་ན་ས་ཆ་འགའ་རེར་གནས་ཚུལ་བྱུང་བ་བཞིན་ཁྱོད་ཀྱི་སྟོན་པ་སུ་ཡིན་དྲིས་ན་མི་ཤེས་ཤིང་ཁྱོད་གྲུབ་མཐའ་གང་ཡིན་དྲིས་ནའང་མི་ཤེས། སུམ་ཅུ་བ་ཨེ་ཤེས་དྲིས་ན་དྲུག་ཅུ་བ་ཤེས་ཟེར་མཁན་བྱུང་ན་དགོན་པ་དེའི་ངོ་ཚ་ཡིན་ལ་དགོན་བདག་དེའི་ངོ་ཚའང་ཡིན་པ་མ་ཟད་ང་ཚོ་ཆོས་ལུགས་པའི་ངོ་ཚའང་རེད། སྡོམ་གསུམ་བསླབ་བྱར་མ་བལྟས་ན་གྲྭ་བའི་འགྲོ་སྟངས་འདུག་སྟངས་མི་ཤེས་ཤིང་ལམ་རིམ་བློ་སྦྱོང་རེར་མ་བལྟས་ན་གྲྭ་བའི་ཉམས་ལེན་ཅི་ཞིག་ཡིན་པ་མི་ཤེས། ནང་བསྟན་རྒྱུན་ཤེས་རེ་མ་ཤེས་ན་ནང་བ་ཟེར་བ་གང་འདྲ་ཞིག་ཡིན་མིན་ཡང་མི་ཤེས། 
ཆོས་འབྱུང་རེ་མ་ཤེས་ན་སྟོན་པ་དང་གྲུབ་མཐའི་བྱུང་བའང་མི་ཤེས་ལ་རང་ཉིད་གྲུབ་མཐའ་གང་ལ་གཏོགས་པའང་མི་ཤེས། དེ་བས་དགོན་པ་ཆུང་ངུ་ཞིག་གི་ལྷ་རྟེན་རྒྱ་ཆེན་པོ་བཞེངས་པ་དང་ནང་ཆེན་ཡ་མཚན་པ་ཞིག་བཞེངས་བ་ལས་གྲྭ་བ་ཚོར་དེ་ལྟ་བུའི་བསླབ་བྱ་བཀོད་སྒྲིག་དང་དེ་ལྟ་བུའི་ཡོན་ཏན་རེ་འབྱོར་དུ་འཇུག་ཐུབ་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་སྟེ་ལྷ་རྟེན་ཆོས་གསུམ་རྒྱ་ཆེ་བས་སངས་རྒྱས་ཀྱི་བསྟན་པ་དར་བ་མིན་ལ་དཔལ་འབྱོར་ལོངས་སྤྱོད་རྒྱས་བས་ཀྱང་མིན། ལྷག་པར་དགོན་པ་ལ་ལར་ཡིག་རྨོངས་བསལ་དགོས་པའི་ཚད་ལ་སླེབས་ཡོད་དེ་ཡིག་རྨོངས་ཀྱིས་ཁེངས་པའི་མི་རིགས་ཤིག་ཡིན་ན་དེ་ལ་འཕེལ་རྒྱས་ཀྱི་རེ་བ་མེད་ཅེས་ཆབ་སྲིད་པའི་ངག་སྒྲོས་བཞིན་ཆོས་ལུགས་ལ་རྨོངས་པའི་གྲྭ་ཚང་ཞིག་ལ་ཆོས་ལུགས་ཀྱི་ཐད་ཀྱི་དེ་བས་ཀྱང་རེ་བ་ཡོད་མི་སྲིད་པ་སྨོས་མེད་ཡིན། 
      སངས་རྒྱས་ཀྱི་བསྟན་པ་རྣམ་དག་ཅིག་སྐྱོང་བ་དང་མང་ཚོགས་ལ་ཆོས་ལུགས་ཐད་ནས་དགོས་མཁོ་སྐོང་བ་སྤྱི་ཚོགས་རིང་ལུགས་དང་ཆོས་ལུགས་མཐུན་པོ་ཡོང་བ་གང་ལ་བལྟས་ཀྱང་དགོན་སྡེའི་སློབ་གསོའི་ཁ་གཏད་ནི་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ཡིན་ཏེ་པཎ་ཆེན་རིན་པོ་ཆེས་གྲྭ་བའི་ཁ་གྲངས་མི་གཙོ་རྒྱུ་སྤུས་གཙོ་ཞེས་གསུངས་ཤིང་རྙེ་མཁས་གྲུབ་བསྟན་འཛིན་གྱིས་ཀྱང་བསྟན་བཤིག་བརྒྱ་ཡོད་པ་ལས་བསྟན་འཛིན་གཅིག་ཡོད་ན་བཟང་གསུངས་པ་བཞིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཀྲའོ་ཕུ་ཁྲུའུས་ཆོས་ལུགས་བྱ་བར་རེ་བ་གསུམ་བཏོན་ཏེ་དང་བོ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དེ་ཡིན་ལ་གཉིས་པ་ཡང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དེ་ཡིན་པ་མ་ཟད་གསུམ་པའང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དེ་ཡིན་ཞེས་གསུངས། ང་ཚོས་སྤྱི་ཚོགས་འཕེལ་རིམ་ལ་བལྟས་ནའང་དེ་ལས་མ་འདས་ཏེ་སངས་རྒྱས་ཀྱི་བསྟན་པ་ནི་གྲོང་ཆོག་གིས་འཛིན་མི་ཐུབ་ལ་དབྱངས་རྟ་ས་གསུམ་གྱིས་ཀྱང་འཛིན་མི་ཐུབ་འདུ་ཁང་དང་ལྷ་རྟེན་བཞེངས་པས་སངས་རྒྱས་ཀྱི་བསྟན་པ་འཛིན་མི་ཐུབ་ལ་སྦྱིན་བདག་དང་ལྷ་སྡེ་མང་བོས་ཀྱང་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་མིན། སངས་རྒྱས་ཀྱི་བསྟན་པ་ནི་ལུང་རྟོགས་ཀྱི་བཤད་སྒྲུབ་སྤེལ་བས་འཛིན་པ་ཡིན་ལ། ལུང་རྟོགས་ཀྱི་བཤད་སྒྲུབ་བསྟན་པ་ནི་ཐོས་བསམ་སྒོམ་གསུམ་གྱིས་འཛིན་དགོས། ཡིན་ནའང་དགོན་པ་མང་བོ་ཞིག་ལ་སློབ་གཉེར་གྱི་ཆ་རྐྱེན་ཅི་ཡང་མེད་ཅིང་ས་ཆ་ལ་ལའི་གནས་ཚུལ་ལ་བལྟས་ན་སྡེ་བ་རེ་ལ་དགོན་པ་རེ་དང་བླ་མ་རེ་གྲྭ་བ་ཉུང་ལ་དགོན་སྡེའི་གནས་ཚུལ་དང་བསམ་བློའི་ཆུ་ཚད་ཀྱི་དབང་གིས་འདོན་ཆའི་རིགས་དང་གྲོང་ཆོག་མ་གཏོགས་འཆད་ཉན་དང་གྲྭ་བ་གསོ་སྐྱོང་གི་ཐད་ལ་བློ་ཁ་མི་ཕྱོགས། དགོན་བདག་སྤྲུལ་སྐུ་དག་ཀྱང་དེ་བཞིན་ཡིན་མོད་ནང་བསྟན་གྱི་དགོངས་དོན་ལྟར་ན་སྤྲུལ་སྐུ་བསྟན་དོན་དུ་འབྱོན་པའམ་ངོས་འཛིན་བྱེད་པའི་དགོས་པ་གཙོ་བོ་ནི་བཤད་སྒྲུབ་ཀྱི་ལག་རྗེས་འཇོག་པའི་ཆེད་ཡིན་པ་ལས་རྒྱུ་ནོར་འཚོལ་བའི་ཆེད་མིན་ལ་ཆོས་དད་མང་ཚོགས་ལ་ཕྱག་འཚལ་ས་ཞིག་དགོས་པ་དེ་བས་ཀྱང་མིན། རང་གི་དགོན་སྡེ་བཤད་སྒྲུབ་ཅིག་འཛུགས་མ་ཐུབ་ན་ཐུགས་ཐག་མ་བཅད་པ་དང་ཁྱད་པར་མེད་དེ་འདི་ནི་སྔོན་བྱོན་མཁས་གྲུབ་ཉི་ཟླ་ལྟ་བུ་དག་གིས་གསུངས་པ་ལས་ངས་བཤད་པ་མིན། དེའི་ཕྱིར་དགོན་སྡེ་ཆེ་ཆུང་གང་དུའང་སློབ་གཉེར་ལམ་ལུགས་ཆ་ཚང་རེ་འཛུགས་པའི་འགན་གཙོ་བོ་དགོན་བདག་བླ་མ་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ལ་ཡོད་ལ་ཆབ་སྲིད་ཀྱི་སྟེང་ནས་འབྲེལ་ཡོད་སྡེ་ཁག་དང་སྲིད་གཞུང་གིས་གནད་དུ་འཛིན་དགོས་སྲིད་གཞུང་ཡིན་ན་འདྲ་འབྲེལ་ཡོད་སྡེ་ཁག་ཡིན་ནའང་འདྲ། དགོན་བདག་ཡིན་ནའང་འདྲ་དགོན་སྡེའི་བྱ་བ་ཡར་རྒྱས་སོང་མིན་ནི་དགོན་སྡེའི་སློབ་གསོར་གྲུབ་འབྲས་ཡོད་མེད་ལ་བལྟ་དགོས། ཡིན་ནའང་ད་ལྟ་ཚང་མས་གླེང་བ་ནི་དཀའ་ངལ་དང་ཆ་རྐྱེན་མི་འདང་བ་དེ་རེད། འོན་ཀྱང་དཀའ་ངལ་ལ་སྐྲག་པའི་རིགས་ནི་འབྲས་བཟང་ལ་སྐྲག་མཁན་ཞིག་ཡིན་ཏེ་གྲུབ་འབྲས་ཡོད་ཚད་དཀའ་ངལ་ཁྱད་དུ་བསད་དེ་ཐོབ་པ་ལས་སྐྱིད་ཉལ་བྱས་ཏེ་ཡོང་བ་མིན་ལ་ཆ་རྐྱེན་རང་གིས་བཙལ་དེ་བསྒྲུབ་དགོས་པ་ལས་ཆ་རྐྱེན་གྱིས་ང་ཚོ་འཚོལ་དུ་ཡོང་མི་སྲིད། དཀའ་ངལ་ལ་མི་འཛེམ་པའི་སྤོབས་པ་ཡོད་ན་ད་གཟོད་བྱ་བ་བསྒྲུབ་ཐུབ་ཅིང་། དཀའ་བ་དང་ལེན་བྱ་མི་ཐུབ་པའི་རིགས་ལ་མདུན་ལམ་ཡག་པོ་ཞིག་ནམ་ཡང་མེད་དེ་འཇིག་རྟེན་འདིའི་བྱ་བ་ཐམས་ཅད་རང་ལ་མདུན་ལམ་ཡག་པོ་ཞིག་འབྱུང་བའི་ཆེད་ཡིན་པས་གྲྭ་བ་ཡིན་ནའང་འདྲ། བླ་སྤྲུལ་དག་ཡིན་ནའང་འདྲ། ཚང་མར་དཀའ་ངལ་དང་ལེན་བྱེད་པའི་སྤོབས་པ་ཡོད་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ལ་རྒྱ་ཆེའི་མི་དམངས་ལའང་ཕན་ཐོགས་པ་མ་ཟད། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་ཆེ། 
      དེ་བས་དགོན་སྡེ་སོ་སོར་ནང་བསྟན་མཐུན་ཚོགས་གཏན་ཁེལ་བཞིན་སློབ་གཉེར་བཀོད་སྒྲིག་དང་དར་སྤེལ་ལ་ཧུར་བརྩོན་བྱེད་པ་ལས་གཞན་དགོན་སྡེ་ཆུང་ངུ་དག་གིས་ཀྱང་གནས་སྐབས་ཀྱི་དཀའ་ངལ་མི་བསམ་པར་མ་མཐའ་ཡང་ལོ་རེར་གྲྭ་བ་གཅིག་ནས་ལྔའི་བར་སྐབས་བསྟུན་གྱིས་སློབ་གཉེར་ལ་མངགས་ནས་ལོ་འགར་མཚན་ཉིད་ལ་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ནི་ངེས་པར་གལ་ཆེ་ཞིང་དེ་ལྟར་སློབ་གཉེར་ལ་མངགས་པའི་ཚད་གཞིའང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་གཏན་ཁེལ་བཞིན་བཀོད་སྒྲིག་བྱས་པའི་སློབ་ཚན་གྱི་རྒྱུགས་འབྲས་འབུར་ཐོན་དག་ཡིན་དགོས། དེ་ལྟར་བྱས་ན་དགོན་པ་རང་གི་ཆ་རྐྱེན་དང་ཡང་མཐུན་ལ་ཅུང་མིག་རྒྱང་རིང་བའི་བྱ་བ་ཡང་ཡིན་ནོ། ། 
      དགོན་པ་ཅུང་ཆེ་བའི་རིགས་ཏེ་གྲྭ་བ་ལྔ་བཅུའི་ཡན་ཡོད་པའི་དགོན་པར་མཚོན་ན་གྲོང་ཆོག་གི་ལམ་ལུགས་མེད་པར་བཏང་སྟེ་ཆ་ཚང་བའི་སློབ་གཉེར་བཀོད་སྒྲིག་བྱས་ན་ལེགས་ཏེ་བསྟན་པའི་འཕེལ་རྒྱས་བསམ་པ་དང་སྤྱི་ཚོགས་ཀྱི་གནས་སྟངས་ཤེས་པ། དགོན་པའི་མདུན་ལམ་བསམ་པའི་སྤྲུལ་སྐུ་འགའ་རེས་བྱེད་ཐབས་འདི་ལག་ཏུ་བསྟར་བཞིན་ཡོད་དེ་དེ་ལྟར་བྱས་ན་སྤྲུལ་སྐུ་ཞིག་གི་མིང་དོན་མཚུངས་པ་ཡིན། གྲོང་ཆོག་འགྲིམ་པ་དེ་ནི་གཅིག་ནས་སློབ་གཉེར་གྱི་གེགས་སུ་འགྲོ་ལ་གཉིས་སུ་ཤེས་ཡོན་ཕལ་བ་དང་དཔལ་འབྱོར་གཙོ་བའི་འདུ་ཤེས་སྐྱེ་བས་གྲྭ་བ་རེ་རེའང་གྲོང་ཆོག་ལ་འཁོར་ཞིང་རིམ་བཞིན་ཞིང་དང་ཚོང་། ཕྱུགས་ཟོག་སྐྱོང་བའི་ལས་བྱེད་པའང་ང་ཚོར་ཁ་གསལ་མིག་མཐོང་དུ་ལགས་ཤིང་སྟོན་པ་ཐུགས་རྗེ་ཅན་གྱིས་དེ་ལྟ་བུའི་ལས་བྱེད་པ་རབ་ཏུ་བྱུང་བ་མ་ཡིན་པར་གསུངས་ཤིང་མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོས་གྲོང་ཆོག་ནི་བདུད་ཀྱི་ལག་གཡུག་ཡིན་གསུངས་པས་འདི་ལ་བལྟས་ན་ང་ཚོ་འཇིགས་ཡེར་བ་ཞིག་དུ་མི་འགྲོའམ། མིག་སྔའི་གྲོང་ཆོག་གི་དགོན་པ་ལ་ལའི་གྲྭ་བའི་གནས་ཚུལ་ལ་བལྟས་ན་གྲྭ་བ་མང་བོ་ཞིག་གིས་རང་གི་ས་ཁུལ་དུ་གྲོང་ཆོག་བདའ་བ་དེས་ཀྱང་མ་ཚིམ་པར་ས་ཆ་གཞན་དུ་གྲོང་ཆོག་བདའ་བཞིན་རྒྱུ་ནོར་འཚོལ་བ་དེས་གྲྭ་བ་བཟང་པོ་མང་བོ་ཞིག་ཀྱང་སྤྱོད་པ་སྐྱ་མིན་སེར་མིན་དང་ལྟ་བ་འཇིག་རྟེན་སྙིང་བོར་བཟུང་བས་ཤུགས་རྐྱེན་ངན་པ་མང་བོ་ཞིག་འབྱུང་བཞིན་ཡོད། དེ་མང་ཚོགས་སུ་ཡོང་དུས་གྲྭ་བ། སྡོད་དུས་མག་པ། འགྲོ་དུས་རྐུན་མ་ཞེས་པའི་གཏམ་དཔེ་བཞག་ཡོད། སྟོན་པ་ཐུགས་རྗེ་ཅན་གྱིས་རབ་ཏུ་བྱུང་བའི་ལས་ཐོས་བསམ་ཡིན་པར་གསུངས་པ་ལས་གྲོང་ཆོག་ཡིན་པར་མ་གསུངས། སངས་རྒྱས་ཀྱི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱིས་འཛིན་པ་ལས་དཔལ་འབྱོར་གྱིས་འཛིན་པར་མ་གསུངས་ཏེ་དཔལ་འབྱོར་ནི་ཆོས་སྒྲུབ་པའི་མཐུན་རྐྱེན་ཙམ་ལས་ཆོས་ཀྱི་སྙིང་བོ་མིན་པས་གྲྭ་བ་ཞིག་ལ་གྲྭ་བའི་འགྲོ་སྟངས་དང་སྤྱོད་སྟངས་དགོས་ལ་སྤྲུལ་སྐུ་ཞིག་ལ་འང་སྤྲུལ་སྐུའི་འགྲོ་སྟངས་དང་སྤྱོད་སྟངས་དགོས། དེ་མིན་ཁྱིམ་པ་དང་ཁྱད་པར་མེད་པས་དེ་ལྟ་བུའི་སྤྱོད་སྟངས་རྣམ་དག་ཅིག་འོང་བ་ལ་གྲོང་ཆོག་གིས་མི་ཕན་ལ་དཔལ་འབྱོར་གྱིས་ཀྱང་མི་ཕན་ཏེ་དེ་འབྱུང་རྩ་ནི་སློབ་གཉེར་གྱི་ཐོས་བསམ་སྒོམ་གསུམ་བྱེད་པ་དེ་རེད། དགོན་པ་ཞིག་ལ་མཚན་ཉིད་འཛུགས་ན་སྒྲིག་གཞི་མང་བོ་ཞིག་ལ་ལེགས་བཅོས་བྱ་དགོས་ཤིང་དགོན་པ་ཕན་ཚུན་མཉམ་འབྲེལ་དང་རོགས་རམ་བྱ་དགོས་ལ་ཕན་ཚུན་གྱི་ལེགས་ཆ་ལ་མ་དཔེར་
འཛིན་དགོས་པའི་ཁར་སློབ་གཉེར་གྱི་ལམ་ལུགས་ཁ་ཚང་ཡིན་པའི་དགོན་སྡེའི་གནས་ཚུལ་ལ་རྒྱུས་ལོན་བྱ་དགོས་ཤིང་སློབ་གཉེར་ལམ་ལུགས་ངེས་ཅན་ལྡན་པའི་དགོན་སྡེ་དག་གིས་དགོན་སྡེ་ཆུང་ངུ་ཚོར་དགེ་རྒན་དང་ཡང་ན་ཕྱོགས་གང་ཐད་ནས་རོགས་རམ་བྱ་དགོས་པ་ལས་ཕན་ཚུན་འབྲེལ་མེད་དོན་གཞན་དུ་གྱུར་ན་སངས་རྒྱས་བསྟན་པར་དགེ་མཚན་འབྱུང་མི་ཐུབ་ཅིང་ལྷག་པར་མཚན་ཉིད་པའི་དགོན་སྡེ་དག་གི་སྒྲིག་གཞིའང་ད་དུང་ཆ་ཚང་བ་ཞིག་མིན་པས་དེང་རབས་ཀྱི་དོ་དམ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་སློབ་གཉེར་གྱི་རྒྱུགས་ལེན་དང་སློབ་རིམ་འཕར་སྟངས་གནའ་དེང་ཟུང་འབྲེལ་གྱི་ཐབས་ལམ་སྤྱོད་པར་འབྲེལ་ཡོད་སྡེ་ཁག་དང་སྲིད་གཞུང་ནས་གཟིགས་མཐོང་བྱ་དགོས། མདོར་ན་སྲོལ་རྒྱུན་མེད་ན་འཕེལ་རྒྱས་ཀྱི་རྨང་གཞི་མེད་ལ་དེང་རབས་མེད་ན་འཕེལ་རྒྱས་ཀྱི་ཁ་ཕྱོགས་མེད་པས་དགོན་སྡེ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པ་བཞིན་ཁ་ཚང་བའི་ནང་བསྟན་གྱི་སློབ་གྲྭ་ཞིག་ཡིན་ལ་དུས་རབས་འདིའི་ནང་དུ་ངེས་པར་དུ་དེང་རབས་ཀྱི་ཁྱད་ཆོས་ལྡན་ཞིང་འཐུས་ཚང་བའི་ནང་བསྟན་གྱི་སློབ་གྲྭ་ཞིག་ཏུ་འབད་བརྩོན་བྱ་དགོས་པ་ནི་ང་ཚོའི་དམིགས་བྱ་ཡིན། དགོན་སྡེའི་གནས་བབ་འདི་ཇེ་ལེགས་སུ་སོང་ན་སྤྱི་ཚོགས་སྟེང་དུ་ཆོས་ལུགས་རྫུན་མ་འབྱུང་བར་སྔོན་འགོག་བྱ་ཐུབ་ལ་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་ཞབས་ཞུ་ལེགས་པོ་རེ་བསྒྲུབ་ཐུབ་ཅིང་མི་རིགས་ཀྱི་མཛའ་མཐུན་དང་ཤེས་རིག་ཡར་རྒྱས་སུ་སྐུལ་འདེད་ཀྱང་གཏོང་ཐུབ། 
  དགོན་སྡེའི་ལམ་ལུགས་ལེགས་བཅོས་བྱེད་པའི་གོ་རིམ་ཁྲོད་དུ་དགོན་སྡེའི་དཔལ་འབྱོར་གྱི་གནད་དོན་ནི་ཆེས་གལ་འགངས་ཆེ་ཞིང་མཐོང་ཆེན་བྱ་དགོས་པ་ཞིག་ཡིན་ཏེ་དེང་གི་སྤྱི་ཚོགས་ནི་ཚོང་རའི་དཔལ་འབྱོར་ནས་ཤེས་ཡོན་དཔལ་འབྱོར་དུ་བསྙེགས་ནའང་རང་རེའི་དགོན་སྡེ་དག་ནི་ད་དུང་རང་ཁ་རང་གསོའི་གནད་དོན་ཀྱང་ཐག་ཆོད་མེད། དེ་བས་དགོན་པས་མང་ཚོགས་ལ་མི་བརྟེན་ག་མེད་དང་གྲྭ་བ་རང་གི་ཡུལ་ལ་མི་བརྟེན་ག་མེད་ཡིན་པའི་ཁར་གྲྭ་བའི་འཚོ་བའང་ཉམ་ཐག་དང་ངན་ངོན་ཡིན། འདི་ནི་མཚན་ཉིད་ཡོད་པའི་དགོན་སྡེའི་གྲྭ་བ་གཞིར་བཞག་པ་ཡིན་ཞིང་གྲོང་ཆོག་གི་དགོན་པར་མཚོན་ན་གནས་བབས་ཁ་ཁ་ཡིན། སྤྱིར་ན་གྲྭ་བ་འདོད་ཆུང་ཆོག་ཤེས་བྱ་བ་ནི་དམ་པའི་ཆོས་ཀྱི་དགོངས་དོན་ཡིན་ནའང་འདི་ལྟ་བུའི་དཔལ་འབྱོར་གྲྭ་བའི་སློབ་གཉེར་གྱི་དགོས་མཁོ་དང་མི་འཚམ་ཞིང་རང་ཁ་རང་གསོའི་དགོས་མཁོ་དང་མི་མཐུན་པས་གནད་དོན་འདིར་བསམ་གཞིག་མ་བཏང་ན་དགོན་སྡེ་མདུན་ལམ་ལ་ཤུགས་རྐྱེན་འབྱུང་སྲིད་པས་དགོན་སྡེ་ཁག་གིས་དེང་རབས་དང་མཐུན་པའི་དཔལ་འབྱོར་གཉེར་དགོས་ལ་དགོན་པས་དཔལ་འབྱོར་གཉེར་ཕྱོགས་ནི་དམ་པའི་ཆོས་ཀྱི་དགོངས་དོན་བཞིན་དགོན་པ་སྤྱིས་གཉེར་བ་ལས་གྲྭ་བ་སོ་སོ་སྒེར་གྱིས་གཉེར་མི་རུང་ལ་བླ་སྤྲུལ་དང་ནང་ཆེན་གྱིས་གཉེར་མི་འོས། དགེ་བའི་ཐེབས་སུ་འགྲོ་བའི་ཕྱོགས་སུ་གཉེར་བ་ལས་མིག་ལྟོས་ངན་པའི་རིགས་མི་གཉེར་བ་སྟེ་བླ་སྤྲུལ་གྱི་འོས་འགན་ནི་དགོན་སྡེའི་ཆོས་ལུགས་ཀྱི་སློབ་གཉེར་དར་སྤེལ་གཏོང་བ་ལས་རང་ལ་དཔལ་འབྱོར་གཉེར་བ་དེ་མིན་ལ་བླ་སྤྲུལ་དག་གིས་དཔལ་འབྱོར་གཉེར་ཞིང་རྒྱས་སྤྲོས་བྱས་ན་དེས་གྲྭ་བ་གཞན་རྣམས་ལ་ཤུགས་རྐྱེན་ཐེབས་སྲིད་པ་མངོན་གསལ་ཡིན། དེ་བས་དགོན་སྡེ་སྤྱིའི་དཔལ་འབྱོར་སྒྲུབ་སྟངས་ནི་རྒྱ་ཆེ་ཞིང་ཆ་ཚང་བའི་ཁེ་ལས་ཀྱི་རིགས་ཡིན་དགོས་ལ་དེང་རབས་ཀྱི་དོ་དམ་ལམ་ལུགས་དང་ལྡན་པའི་ཁེ་ལས་ཀྱི་རིགས་ཡིན་དགོས། སློབ་གཉེར་ལ་གནོད་པ་མི་འབྱུང་བ་ནི་དགོན་སྡེའི་ཁེ་ལས་ཀྱི་ཚད་གཞི་ཉག་གཅིག་ཡིན། དེ་ཡང་དགོན་སྡེའི་ཁྱད་ཆོས་དང་མཐུན་ལ་ས་གནས་ཀྱི་གནས་བབས་དང་མཐུན་པའི་རིགས་དཔེར་ན་བོད་སྨན་གྱི་ལས་རིགས་གཉེར་བ་དང་ཆ་ཇེ་ཚང་དུ་གཏོང་བ་དང་དེང་རབས་ཅན་གྱི་ལས་སྣོན་བྱ་ཐབས་སྤྱད་ནས་རང་གི་ཁོར་ཡུག་ལས་བརྒལ་ཏེ་འཛམ་གླིང་ཅན་དང་དེང་རབས་ཅན་འབྱུང་འགྱུར་ཅན་དུ་ཁ་ཕྱོགས་ན་གྲྭ་བའི་འཚོ་བར་འགན་ལེན་བྱ་ཐུབ་སྟེ་སྨན་རྫས་སྣ་གཅིག་རྒྱལ་སྤྱིའི་ཚོང་རར་འགྲེམ་སྤེལ་བྱས་ན་གྲྭ་ཚང་ཞིག་གི་འཚོ་བར་འགན་ལེན་བྱེད་ཐུབ་ལ་ཀྲུང་གོ་རྒྱལ་སྤྱིའི་ཚོང་ར་སྟེ WTO ལ་ཞུགས་པ་འདི་དགོན་སྡེའི་དཔལ་འབྱོར་གཉེར་སྟངས་འདིའི་རིགས་ཀྱི་ཐད་ལའང་གོ་སྐབས་བཟང་བོ་ཞིག་ཡོད་པ་རེད། 
      དེ་ལྟར་དགོན་སྡེའི་ལམ་ལུགས་ལེགས་བཅོས་ཀྱི་ཁྲོད་དུ་གལ་ཆེ་བའི་གནད་དོན་ནི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ཡིན་ཏེ་དེ་ནི་ངེས་པར་དུ་དམངས་གཙོ་ཡིན་དགོས་ཤིང་དེ་ཡང་མིང་ཙམ་གྱིས་མི་ཆོག་པར་དངོས་གནས་གོ་ཆོད་ཅིང་ནུས་པ་འདོན་ཐུབ་པ་དགོས་པ་ལས་བླ་རྒན་དབང་ཆེན་རེས་བཟུང་བའམ་གོ་མེད་ཚོར་མེད་དུ་བསྡད་ན་མི་འོས། དེ་ལྟར་མི་འོས་པའི་རྒྱུ་མཚན་ཡང་དུས་ཀྱི་འཕེལ་རྒྱས་མྱུར་ཞིང་མི་རྣམས་ཤེས་རིག་གི་འགྲན་རྩོད་ཀྱིས་བདའ་བའི " ཤེས་ཡོན་དཔལ་འབྱོར " གྱི་དུས་སུ་སླེབས་པས་ལོ་རྒྱུས་སྟེང་ཤེས་རིག་འཛིན་སྐྱོང་སྤེལ་བའི་ང་ཚོའི་དགོན་སྡེར་ཡིག་རྨོངས་ཀྱིས་ཁེངས་ཤིང་ཆོས་ལུགས་ལ་རྨོངས་པས་ཁེངས་ནས་སྡོད་མི་རུང་བ་དེ་ཡིན། འོ་ན་ང་ཚོ་ཕྱི་མ་དོན་དུ་གཉེར་བའི་ཆོས་ལུགས་པ་དག་ཅིའི་ཕྱིར་འཇིག་རྟེན་གྱི་འཕེལ་ཕྱོགས་དང་བསྟུན་དགོས་ཟེར ་ན་ང་ཚོས་ཆོས་ལུགས་འཛིན་སྐྱོང་སྤེལ་པའི་གནད་དོན་ལ་འདང་རྒྱག་ན་སྤྱི་ཚོགས་འཕེལ་འགྲོས་ལ་བསམ་གཞིགས་མི་བྱེད་ག་མེད་ཡིན་ཏེ་སྤྱི་ཚོགས་དང་ཁ་བྲལ་བའི་ཆོས་ལུགས་ལ་འཕེལ་རྒྱས་མེད་པའི་ཁར་སྤྱི་ཚོགས་དང་ཁ་བྲལ་བའི་ཆོས་ལུགས་ཤིག་འཇིག་རྟེན་འདིར་སྡོད་ཐབས་མེད་ལ་སྤྱི་ཚོགས་ནི་ཆོས་ལུགས་ཀྱི་འབྱུང་རྩ་ཡིན་པས་དམངས་གཙོ་དོ་དམ་ལྷན་ཁང་ངེས་པར་མིང་དོན་ལྡན་དགོས་པ་ནི་ཆོས་སྲིད་གང་གི་ཐད་ནས་བལྟས་ཀྱང་དགོས་གལ་ཤིན་ཏུ་ཆེ། 
      འོན་ཀྱང་མིག་སྔའི་གནས་ཚུལ་ལ་བལྟས་ན་དགོན་པ་ལ་ལའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་མིང་ཙམ་ཡིན་པ་དང་མི་སྣ་མང་བོ་ཞིག་ལ་ཆབ་སྲིད་ཀྱི་བློ་སྦྱོང་མེད་པ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཆོས་ལུགས་ཀྱི་ཤེས་ཡོན་དམའ་བ། སྤྱི་ཚོགས་ཀྱི་གནས་སྟངས་མི་ཤེས་པས་ང་ཚོའི་རེ་བ་བཞིན་ནུས་པ་འདོན་པའང་ཅུང་ཁེགས་པོ་ཡིན་ལ་དགོན་སྡེའི་སློབ་གསོ་དང་དཔལ་འབྱོར། སྒྲིག་འཛུགས་བཅས་ལ་ནུས་པ་འདོན་པ་དཀའ་ཞིང་བདག་གིས་མ་མཐོང་བ་མིན་ན་འབྲེལ་ཡོད་ཡིག་ཆའི་ནང་དུའང་དགོན་སྡེའི་ལམ་ལུགས་ཁ་ཚང་ཞིག་བཀོད་མེད།
  དེ་བས་འབྲེལ་ཡོད་སྡེ་ཁག་དེའི་སྐོར་གྱི་འབྲེལ་ཡོད་ཡིག་ཆ་ཁ་ཚང་ཞིག་དགོས་ཤིང " མཚོ་ལྷོ་ཁུལ་གྱི་ནང་བསྟན་དགོན་སྡེའི་ཆོས་དོན་དོ་དམ་བྱེད་ཐབས " ནི་དེའི་རྨང་གཞི་ལེགས་པོ་ཞིག་རེད། དེ་དང་མཉམ་དུ་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གསོ་སྐྱོང་འཛིན་གྲྭ་རབ་དང་རིམ་པ་བཙུགས་ནས་དགོན་སྡེའི་སློབ་གསོའི་རྨང་གཞི་དང་དགོན་སྡེའི་ལམ་ལུགས་ལེགས་བཅོས་ཀྱི་རྨང་གཞི་བསྐྲུན་དགོས། དེའི་ཕྱིར་ནང་བསྟན་མཐུན་ཚོགས་སམ་འབྲེལ་ཡོད་སྡེ་ཁག་གི་བཀོད་སྒྲིག་འོག་དམངས་གཙོ་དོ་དམ་ལྷན་ཁང་འཐུས་ཚང་དུ་གཏོང་བ་ནི་དུས་རབས་ཀྱི་དགོས་མཁོ་ཡིན་ལ་ཆོས་ལུགས་ཀྱི་དགོས་མཁོའང་ཡིན་པས། མིག་སྔའི་སྲིད་གཞུང་གི་སྒྲིག་འཛུགས་ཀྱི་ལེགས་ཆ་དང་དོ་དམ་གྱི་ལེགས་ཆ་བླངས་ནས་དམངས་གཙོ་དོ་དམ་ལྷན་ཁང་ཚགས་སྒྲིག་དང་ཞིབ་བཤེར་བྱ་དགོས་ཤིང་འགན་ལེན་མི་ནུས་པ་དང་དགོན་སྡེའི་སློབ་གསོ་ལེགས་བཅོས་ལ་དོ་སྣང་མེད་པ། ཆོས་ལུགས་ཀྱི་མདུན་ལམ་ལ་དོ་སྣང་མི་བྱེད་པ་དག་ཕྱིར་འཐེན་བྱེད་དགོས་ཤིང་། དམངས་གཙོའི་ཐབས་ལམ་གྱིས་དོ་དམ་ལྷན་ཁང་འཛུགས་དགོས་ཤིང་ཀྲུའུ་རིན་གྱིས་འགན་ཁུར་བའི་ནང་དགོན་སྡེའི་དོ་དམ་དང་ལྷག་པར་སློབ་གསོ་ལ་དོ་དམ་བྱས་པ་མི་བཟང་ན་ཁོའི་ལས་འགན་ལེན་པའམ་འོས་འཚམ་གྱིས་ཆད་པ་བཅད་ན་དོ་དམ་ལྷན་ཁང་ཆ་ཚང་ཞིང་ནུས་པ་ལྡན་པ་ཞིག་འབྱུང་བས་ཆོས་ལུགས་ཀྱི་སྒྲིག་གཞི་ཆ་ཚང་ཞིང་དགོན་སྡེའི་ལམ་ལུགས་འཕེལ་རྒྱས་འབྱུང་བར་ཕན་པ་ཡོད་པ་ལས་ལེགས་བཅོས་མེད་ཅིང་ཡར་རྒྱས་ཀྱང་མེད་ན་མཐའ་མཇུག་ཕམ་ཁ་མྱོང་བ་ལས་གཞན་མེད། ། 
      དེང་གི་གནས་བབས་ལ་བལྟས་ན་ཆོས་ལུགས་ཀྱི་མདུན་ལམ་ལ་རེ་བ་ཡོད་པ་ཞིག་ཡིན་ལ་དེ་ཡང་ཆོས་ལུགས་ནི་རིག་གནས་ཤིག་ཡིན་པ་དང་ལྷག་པར་ནང་བསྟན་ཚན་རིག་ཅིག་ཡིན་པར་ལྟ་བ་ལས་བསམ་ན་ཆོས་ལུགས་ཞིབ་འཇུག་ནི་འགྲོ་བ་མིའི་རིག་གནས་ལ་ཞིབ་འཇུག་བྱས་པ་ཡིན་ལ་ཀྲུང་གོའི་ཚན་རིག་པ་ཆེན་པོ་ཆན་ཞོ་སུང་གིས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་མང་བོ་ཞིག་བླངས་དེ་འགྲོ་བ་མིའི་གོམས་སྲོལ་ཁ་སྐོང་བྱ་དགོས་ཞེས་གསུངས་ཤིང་དུས་རབས་ཉེར་གཅིག་པ་ནི་བོད་རིག་པའི་དུས་རབས་ཡིན་ཞེས་བཤད་དོན་ཡང་བོད་བརྒྱུད་ནང་བསྟན་གྱིས་མ་འོངས་པའི་སྤྱི་ཚོགས་ཀྱི་གནད་དོན་མང་བོ་ཞིག་ཐག་གཅོད་ཐུབ་པའི་རྒྱུ་མཚན་གྱིས་ཡིན། ལྷག་པར་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་མཐུན་པོ་ཡོང་དགོས་པའི་ཆབ་སྲིད་འདིས་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་སུ་ཆོས་ལུགས་ལ་གནས་བབས་གསར་བ་ཞིག་ཐོན་པས་རྒྱལ་ནང་དུ་རྒྱ་རིགས་ཀྱི་ནང་བསྟན་སློབ་གྲྭ་དང་ཆོས་ལུགས་ཞིབ་འཇུག་ཁང་མང་དུ་བཙུགས་ཤིང་སློབ་གྲྭ་ཆེན་མོའི་སློབ་དེབ་དུའང་ཆོས་ལུགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་མོད་ང་ཚོའི་ས་ཆ་འདིར་ཆ་ཚང་བའི་ནང་བསྟན་སློབ་གྲྭ་ཞིག་མེད་པའི་ཁར་དགོན་སྡེ་མང་བོར་སློབ་གཉེར་ལམ་ལུགས་མེད་ཅིང་དགོན་སྡེའི་ལམ་ལུགས་ཅུང་ཆ་ཚང་བའི་རིགས་ལའང་གྲྭ་བའི་ཚད་གཞི་ཡོད་པས་གྲྭ་བ་མང་བོ་ཞིག་བསྡུ་དཀའ་བ་འདི་རང་རེའི་ས་ཁུལ་གྱི་གནས་བབས་དང་མི་མཐུན་ལ་དུས་རབས་ཀྱི་གནས་བབས་དང་ཡང་མི་མཐུན། 
   དེ་བས་རང་རེའི་ཁུལ་གྱིས་གྲྭ་བའི་སྤུས་ཀ་དང་ཤེས་ཡོན། དགོན་སྡེའི་སློབ་གསོ་བཅས་ཀྱི་ཕྱོགས་རྟིང་སྐུལ་དང་ཡར་ཐོན་མྱུར་དུ་ཡོང་བ་དང་དེང་རབས་ཀྱི་ཁ་ཕྱོགས་དང་མཐུན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དང་མཐུན་དགོས་ན་གོང་གི་གནད་དོན་དེ་རིགས་བསྒྲུབ་དགོས་པའི་ཁར་ལྷག་པར་གལ་ཆེ་བ་ནི་ཆོས་ལུགས་ཟབ་སྦྱོང་ལྟེ་གནས་ཤིག་འཛུགས་གཉེར་བྱ་དགོས་པ་དེ་ཡིན། དེ་ལྟར་བྱས་ཏེ་དགོན་པ་རེ་ནས་གནས་བབས་དང་བསྟུན་ནས་གྲྭ་བ་སྡུད་ལེན་བྱས་ཏེ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ལྟ་རྟོག་འོག་སློབ་གསོའི་གོ་སྐབས་སྤྲད་ན་གྲྭ་བའི་ལྟ་སྤྱོད་དང་བསམ་བློ་སོགས་གང་གི་ཐད་ནས་ཡར་རྒྱས་ཆེན་པོ་འབྱུང་ལ། རང་ཁུལ་གྱི་དགོན་པ་ཚང་མར་ཡོངས་ཁྱབ་ནས་ཞབས་འདེགས་ཞུ་ཐུབ་ཅིང་བོད་ཀྱི་རིག་གནས་ལ་དགེ་མཚན་ཆེན་པོ་འབྱུང་ཐུབ་སྟེ་རྒྱའི་མཁས་པ་ཆེན་པོ་ཧོ་ཧྲུས་སངས་རྒྱས་ཆོས་ལུགས་མ་ཤེས་ན་ཀྲུང་གོའི་རིག་གནས་ཤེས་མི་ཐུབ་ཅེས་གསུངས་པ་ལྟར་ཡིན་ལ་ད་ལྟའི་གནས་བབས་ལ་བལྟས་ནའང་དགོན་སྡེའི་སློབ་གསོ་ནི་བོད་ཀྱི་སློབ་གསོའི་ཡ་གྱལ་ཞིག་ཡིན་པའི་ཕྱིར་རོ། ། 
      མདོར་བསྡུས་ན་དགོན་སྡེའི་བྱ་བ་ལེགས་བཅོས་བྱས་ཏེ་སློབ་གཉེར་གྱི་ལམ་ལུགས་ཆ་ཚང་བ་ཞིག་འཛུགས་རྒྱུ་ནི་ཆོས་ལུགས་ཀྱི་དགོས་མཁོ་ཡིན་ལ་དུས་རབས་ཀྱི་དགོས་མཁོ་ཡིན་པ་མ་ཟད་སྤྱི་ཚོགས་རིང་ལུགས་དང་ཆོས་ལུགས་མཐུན་པོ་ཡོང་བའི་རྨང་གཞི་ཡིན་ཞིང་ལྷག་པར་བློ་མཐུན་ཅང་ཙེ་རྨིན་གྱིས་ཁྲིམས་ལ་བརྟེན་ནས་ཆོས་ལུགས་སྐྱོང་དགོས་པའི་འབོད་སྐུལ་གྱི་ཁྲོད་དུ《 མཚོ་ལྷོ་ཁུལ་གྱི་ནང་བསྟན་དགོན་སྡེའི་ཆོས་དོན་དོ་དམ་བྱེད་ཐབས》འདི་ནི་ཆེས་གལ་ཆེ་ཞིང་ཆེས་གནད་དུ་འབབ་པ་ཞིག་ཡིན་ལ་འདི་ལྟར་དགོན་སྡེ་ལམ་ལུགས་ལེགས་བཅོས་གནང་ན་ཆོས་ལུགས་ཀྱི་མདུན་ལམ་དུས་རབས་ཀྱི་རེ་བ་དང་མཐུན་ལ། འདི་ལྟར་བྱས་ན་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་བདེ་སྐྱིད་ལའང་ཕན་པ་ཡོད་པས་བླ་མ་དང་གྲྭ་བ། ཆོས་ལུགས་པ་ཚང་མས་དོ་སྣང་དང་ཐུགས་ཁུར་འབད་འབུངས་བྱེད་དགོས།
      མཐར་འདིར་འདུས་ཀྱི་འགོ་ཁྲིད་དང་བླ་གྲྭ་ཡོངས་ཀྱི་སྐུ་ལུས་བདེ་ཞིང་། ཅི་བསམ་ཆོས་བཞིན་འགྲུབ་ཏེ་མཛད་འཕྲིན་ཉི་ཟླ་བཞིན་དུ་འཚེར་བའི་སྨོན་འདུན་ཞུ། །
རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb4h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23596274
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།