ལཱ་མོ་ཡོངས་འཛིན་རིན་པོ་ཆེས་སྐྱབས་ཁྲིད་གནང་བའི་རེག་ཟུག་བློ་གསལ་མིག་འབྱེད།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 26 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »ལཱ་མོ་ཡོངས་འཛིན་རིན་པོ་ཆེས་སྐྱབས་ཁྲིད་གནང་བའི་རེག་ཟུག་བློ་གས
ལཱ་མོ་ཡོངས་འཛིན་རིན་པོ་ཆེས་སྐྱབས་ཁྲིད་གནང་བའི་རེག་ཟུག་བློ་གསལ་མིག་འབྱེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-02ལྟ་ཀློག (2291)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལཱ་མོ་ཡོངས་འཛིན་རིན་པོ་ཆེས་སྐྱབས་ཁྲིད་གནང་བའི་རེག་ཟུག་བློ་གསལ་མིག་འབྱེད། 


        འོ་ལགས་སོ། ། དེ་ཡང་ཇི་སྐད་དུ་དཔལ་ལྡན་ཞི་བ་ལྷའི་ཞལ་ནས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ།  ། སྐྱེས་བུའི་དོན་མཐུན་འདོད་པར་གྱུར་བ་ལ། ། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། ། ཕྱིས་འདི་ཡང་དག་འགྲུབ་པར་ག་ལ་འགྱུར །  །    ཞེས་གསུངས་པ་ལྟར་རང་ཅག་རྣམས་ནི་ཐོག་མ་མེད་པ་ནས་མ་ རིག་པའི་སྨྱོ་ཆུ་འཐུང་འཐུང་བས་མགོ་འཁོར་ཏེ་ད་ལན་ངོ་བོ་དང་རྒྱུ།  དཔེའི་སྒོ་ནས་རྙེད་པར་དཀའ་བའི་དལ་འབྱོར་རིན་པོ་ཆེ་ཐོབ་ཅིང་འདི་སླད་ནས་ཡང་ཡང་འཐོབ་པར་དཀའ་བས་ན་སྐྱེས་བུའི་འདོད་པའི་དོན་སྒྲུབ་པ་སྟེ་ཐར་བ་དང་ཐམས་ཅད་མཁྱེན་པ་བསྒྲུབ་དགོས།  སྤྱིར་སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་སྟེ་དེ་ནུས་ལྡན་ལ་འཇུག་པས་སྐྱེས་བུ་གསུམ་ཞེས་བཏགས་ན་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ནུས་བ་དང་ལྡན་པ་གོ་བ་ལས་སྐྱེས་བུ་ཆེན་པོ་དང་འབྲིང་ཆུང་ངུའི་ལམ་རྒྱུད་ལ་སྐྱེས་པ་ལ་སྐྱབས་འགྲོ་གལ་ཆེ།  སྤྱིར་ཕན་པ་ཐར་བའི་གོ་འཕང་།བདེ་བ་ནི་གནས་སྐབས་ཀྱི་བདེ་བ་ཡིན།  འདིའི་སྐབས་ཀྱི་ཕན་པ་ནི་ཐེག་པ་ཆེན་པོའི་ཐར་བ་ལ་གོ་དགོས་ཏེ།  དལ་འབྱོར་གྱི་སྐབས་འདིར་རང་རེས་ཕྱུགས་དང་བྱེ་བྲག་འབྱེད་པའི་སྐབས་ཡིན་ཏེ་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་དང་ནོར་དང་ལོངས་སྤྱོད་བསྒྲུབ་པ་ལ་ཇི་འདྲར་མཁས་ཡང་ཕྱུགས་དང་ཐུན་མོང་བ་ཡིན་པ་ལས་དུད་འགྲོ་ལས་ཁྱད་པར་འབྱེད་ན་བསམ་པའི་སྟེང་ནས་འབྱེད་དགོས་ཏེ་མཐའ་མར་ཕྱི་མའི་དོན་དང་འབྲིང་ཐར་བ།རབ་ཡིན་ན་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་དགོས་ཤིང་དེ་ཡང་རྒྱལ་སྲས་དབྱིག་གཉེན་གྱིས།  སྟོན་པའི་དམ་ཆོས་རྣམས་གཉིས་ཏེ།  །ལུང་དང་རྟོགས་པའི་བདག་ཉིད་དོ།།ཞེས་གསུངས་པ་ལྟར་ལུང་གི་བསྟན་པ་ལ་ཐོས་བསམ་དང་རྟོགས་པའི་བསྟན་པ་ལ་ཉམས་ལེན་བྱ་དགོས། འདི་མེད་ན་ནང་བར་མི་ཆུད།  ནང་བར་ཆུད་པའི་སྒོ་ནི་སྐྱབས་འགྲོ་ཡིན་ཏེ་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ།  ཐར་བ་ལ་འཇུག་པའི་སྒོ་བདག་མེད་རྟོགས་པའི་ཤེས་རབ།  ཐེག་པ་ཆེན་པོ་ལ་འཇུག་པའི་སྒོ་སེམས་བསྐྱེད་ཟེར་བ་བཞིན་སྐྱབས་འགྲོ་འདི་ཤིན་ཏུ་གལ་ཆེ།  ཕྱི་ནང་གི་ཁྱད་པར་ཡང་གྲུབ་མཐའ་རྩ་བ་ལས།བསྟན་དང་སྟོན་པ་ལྟ་བས་ཕྱི་ནང་གཉིས།  ། ཞེས་བསྟན་པའི་སྒོ་ནས་  འཇོག་ཚུལ་དང་། སྟོན་པའི་སྒོ་ནས་འཇོག་ཚུལ།  ལྟ་བའི་སྒོ་ནས་འཇོག་ཚུལ་སོགས་ཡོད ། སྤྱིར་གཞུང་ལུགས་ལ་ཐོགས་པ་མེད་པ་ཞིག་ཡིན་ནའང་སྐྱབས་འགྲོ་མེད་ན་ནང་བའི་གྲས་སུ་མི་ཆུད་དེ་བཀའ་གདམས་པས་གནས་བརྟན་ཞལ་མར་གཟིགས་ཀྱི་ནང་ན་བསྟན་པའི་སྒོར་མ་ཆུད་པ་ཡོད་ཟེར་བ་ང་འདྲ་བ་རེད། སྐྱབས་འགྲོ་རྣམ་དག་སྐྱེ་བ་ལ་གཞུང་ལུགས་ལ་ཐོས་བསམ་རྣམ་དག་བྱས་ན་གལ་ཆེ་སྟེ་སྐྱབས་འགྲོ་རྣམ་དག་ནི་སྐྱབས་འགྲོའི་ངོ་བོ་ཤེས་བ་ལ་བརྟེན་ནས་བྱུང་བས་དེ་ལ་མདའ་འཕེན་པ་ལ་ཐོག་མར་འབེན་ངེས་ཟིན་དགོས་པ་ལྟར་དཀོན་མཆོག་གསུམ་གྱི་ངོ་བོ་དང་ཁྱད་པར་ཤེས་ནས་ཕྱི་རོལ་པའི་སྟོན་པ་སོགས་དེ་མིན་པར་ངོས་ཟིན་དགོས་པར་སྐྱབས་ཁྲིད་བྱ་དགོས་པའང་དེ་འདྲ་རེད།  སྤྱིར་སྐྱབས་ཁྲིད་མང་མོད་རྒྱས་བསྡུས་འཚམ་པ་རྗེ་བསྟན་པའི་སྒྲོན་མེའི་འདི་ ཡིན་ལ་འདི་ནི་མཇུག་བྱང་དུ།  ཅི་ཡང་མི་གསལ་བསྡུས་པའི་ཚེས་གཅིག་ཟླ། ། མ་ཡིན་འབྲིང་དུ་བཀོད་པའི་ཟླ་ཕྱེད་འདིས།  ། རིགས་འགྲེས་རྫོགས་པར་མཚོན་ན་ཚིག་ཚོགས་ཆ།  ། གང་ན་སྒྱིད་ལུག་དགྲ་གཅན་གྱིས་སྡང་དོགས །  །ཞེས་གསུངས་པ་ལྟར་ཚེས་བཅོ་ལྔའི་ཟླ་བ་ལྟར་ཚིག་དོན་རྒྱས་ན་འཇུག་པ་བོ་སྒྱིད་ལུག་པར་འགྱུར་ལ་ཚེས་གཅིག་པའི་ཟླ་བ་ལྟར་ཆེས་བསྡུས་ན་མི་གསལ་བས་རྨོངས་པར་འགྱུར་བས་ན་རྒྱས་བསྡུས་འཚམ་པའི་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུའི་ཁྲིད་ཡིག་ཡིན་པས་འདིའི་སྟེང་ནས་ལུང་ཁྲིད་བྱེད་རྒྱུ་ཡིན་ཏེ་ལུང་ཁྲིད་ཅེས་པ་ནི་ཚིག་མ་ལུས་པར་འཆད་པས་ལུང་གི་གོ་ཆོད་ལ་སྐབས་ལ་ལར་རང་གི་ཤེས་ཚོད་ཀྱིས་སྤྲོས་པ་དང་བཅས་འཆད་པས་ཁྲིད་ཀྱི་གོའང་ཆོད་པ་རེད་མོད་གཞན་ལ་ལུང་འདོན་པ་ལ་ལུང་རྐྱང་གི་རྒྱུན་གསན་པའི་ཕྱག་ལེན་ཡོད་དེ་དེ་སྔོན་ངས་བླ་བྲང་དུ་ཨ་ལགས་བླ་ཁོ་ལས་ལམ་རིམ་གྱི་ལུང་ཁྲིད་གསན་ཞིང་དེ་རྗེས་ཁོང་ལ་ལུང་རྐྱང་གི་རྒྱུན་ཞུ་བས་ཁོང་གིས་ཁོང་ལ་ལུང་རྐྱང་གི་རྒྱུན་མེད། ལུང་རྐྱང་གསན་ཁར་ཕ་རྒན་ན་བས་ཕྱིར་ཀ་རིང་དུ་ཕེབས་པས་མ་ཐོབ་གསུངས། ཡོངས་འཛིན་གྲགས་པར་ཞུས་པས་ཁོང་  གིས་ཁྱོད་ལ་ལུང་ཁྲིད་ཨེ་ཡོད་གསུངས།  ཡོད་ཞུས་པས་ཁོང་གིས་འོ་ན་ལུང་ཁྲིད་ཀྱིས་ལུང་གི་གོ་མི་ཆོད་དམ་གསུངས་པས་ཨ་ལགས་བླ་ཁོའི་གསུངས་ཚུལ་ཞུས་པས་ཁོང་གིས་ཀྱང་ངས་ཀྱང་ཨ་ལགས་བླ་ཁོ་ལས་ལུང་ཁྲིད་གསན་པ་ལས་ལུང་རྐྱང་གི་རྒྱུན་མེད་གསུངས།  གཞན་ལ་ལུང་རྐྱང་གི་རྒྱུན་སྤེལ་ན་ལུང་རྐྱང་གི་རྒྱུན་དགོས་པ་དེ་འདྲ་རེད།

ན་མོ་ནི་ཕྱག་འཚལ་བ།  གུ་རུ་ནི་བླ་མ ། རཏྞ་ཏྲ་ཡ་ནི་དཀོན་ མཆོག་ཡིན།  ཡ་ནི་རྣམ་དབྱེ་བཞི་བ་སྟེ་བླ་མ་དཀོན་མཆོག་ལ་ཕྱག་འཚལ་ལོ་ཞེས་པའོ།  མཆོད་པར་བརྗོད་པ་ནི་མཁྱེན་པ་ཕུན་ཚོགས་དང་བརྩེ་བ་ཕུན་ཚོགས།  འཕྲིན་ལས་ཕུན་ཚོགས་ཏེ་ཕུན་སུམ་ཚོགས་པ་གསུམ་གྱིས་སྟོན་པ་མཉམ་མེད་སངས་རྒྱས་ཏེ་མཉམ་མེད་ནི་སྤྱིར་སངས་རྒྱས་ཐམས་ཅད་ནང་ཕན་ཚུན་སྤངས་རྟོགས་མཉམ་པ།  ཡིན་ནའང་འདིར་བྱང་སེམས་དང་མཉམ་པ་མེད་པ་ལ་བྱེད། སངས་རྒྱས་ཞེས་པའི་སངས་པས་སྤངས་པ་ཕུན་ཚོགས་དང་རྒྱས་པས་རྟོགས་པ་ཕུན་ཚོགས་མཚོན་པས་གོ་རྒྱུ་ཆེ།སྲིད་ཞིའི་གདུང་སེལ་ཞེས་པའི་སྲིད་པ་འཁོར་བ་དང་ཞི་བའི་གདུང་བ་ལ་ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ཤེས་སྒྲིབ་བཞག་ན་ཆོག་སྟེ།      སྲིད་དང་ཞི་བར་ལྷུང་བའི་ཕྱིར།། ཐེག་པ་དམན་པ་ཉིད་དུ་འདོད།  །ཅེས་གསུངས་ཤིང་ཐེག་ཆེན་ནི་དེ་ལས་ཁྱད་དུ་འཕགས་པར་ཆེན་པོ་བདུན་དང་ལྡན་པས་བཞག་པ་ཡིན་ནོ །  །སྤྱིར་གཞི་གྲུབ་ན་ཆོས་ཡིན་པས་ཁྱབ་ཀྱང་འདི་ནི་སྒྲིབ་སེལ་དམ་པའི་ཆོས་ཞེས་པ་ལྟར་ཡིན་ལ་དགེ་འདུན་ཡང་སོ་སྐྱེ་དགེ་སློང་བཞི་སྡེ་ཞིག་ལའང་ཟེར་ རུང་མོད་འདི་ནི་ཐེག་པ་ཆེན་པོའི་ཕྱིར་མི་ལྡོག་པ་དགོས་ཤིང་དཀོན་མཆོག་གསུམ་ལ་མཆོད་པའོ། །

སྐྱབས་འགྲོ་རྒྱ་ཆེ་ཞིང་འདིར་མ་འདུས་པའི་ཆོས་མེད།      ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཡང་སྐྱབས་འགྲོར་འདུས་ཤིང་སྔོན་ཇོ་བོ་རྗེ་བོད་དུ་ཕེབས་དུས་བོད་ཚོས་ཇོ་བོ་ལས་ཉིན་བསྒོམ་ན་ཉིན་འཚང་།  ནུབ་བསྒོམ་ན་ནུབ་འཚང་རྒྱ་བའི་ཆོས་ཤིག་བསམ་ནའང་ཇོ་བོས་སྐྱབས་འགྲོ་དང་ལས་འབྲས་སྐོར་ཡང་ཡང་གསུངས་པས་བླ་མ་སྐྱབས་འགྲོ་བར་ཐོགས་པ་འདིའི་སྟེང་ན་མདོ་སྔགས་ཀྱི་གནད་འདུས་ཤིང་སྐྱབས་འགྲོ་ནི་ཤིན་ཏུ་གལ་ཆེ།  དེ་ཡང་ལུས་ཀྱིས་ཕྱག་འཚལ་བ་དང་ངག་གིས་བསྟོད་དབྱངས་སྒྲོག་པ་ཡིད་ཀྱི་མོས་གུས་ཀྱི་སྒོ་ནས་མཆོད་པར་བརྗོད་པ་སྟེ་ཡིད་བཞིན་དབང་གི་རྒྱལ་བ་མཆོད་ན་ཚེ་འདིའི་ཅི་བསམ་ཐམས་ཅད་ཡིད་བཞིན་འགྲུབ་པ་བཞིན་དཀོན་མཆོག་གསུམ་ལ་གུས་པས་སྐྱབས་སུ་སོང་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་དོན་འགྲུབ་པའོ། ། སྐལ་བ་བཟང་ཞེས་པ་ནི་གདུལ་བྱ་ངོས་བཟུང་བའོ།  ། སྤར་ཞེས་པས་མ་དག་མེ་ སོགས་སྦར་ཟེར་དགོས།  འགལ་རྐྱེན་རུ་འཛིང་བ་ནི་གསོན་རྐྱེན་ཉུང་ཞིང་འཆི་རྐྱེན་མང་བ་ལ་བྱ།  ཞིང་བས་སྟོན་ཁར་སྙེ་མ་ལས་འབྲུ་བླངས་པའི་སྤུན་པ་སྟེ་ཤུག་མ་ལོ་བརྒྱར་འཕྱར་ནའང་སྙིང་བོ་ཅི་ཡང་མེད་པ་བཞིན་འཇིག་རྟེན་གྱི་བྱ་བ་ལས་དག་ལ་སྙིང་བོ་ཅི་ཡང་མེད་དེ་དཔེར་ན་ཀྲུང་གོ་སྤྱི་ཚོགས་རིང་ལུགས་ནས་མ་རྩ་རིང་ལུགས་སུ་སྙེག་པའི་དུས་འདིར་སྐྱེས་ཕོ་མོ་ཚང་མས་ཡར་རྒྱུག་མར་རྒྱུག་གྱིས་འདུར་འདུར་ཡང་རྗེས་སུ་ཕྱི་མར་འགྲོ་དུས་ཅི་ཡང་མེད་པར་ལག་སྟོང་དུ་འགྲོ་དགོས་པ་ལ་དེ་ཕན་པ་ཅི་ཡང་མེད་པ་ནི་རྗེ་བསྟན་པའི་སྒྲོན་མེས།  རི་ལུང་བ་གསེར་གྱིས་བཀང་ན་ཡང་། །   རང་འཆི་དུས་རྡུལ་ཙམ་འཁྱེར་དབང་མེད།  ། ཅེས་གསུངས་པ་ལྟར།  ཆོས་མ་གཏོགས་གང་གིས་ཀྱང་མི་ཕན།  སརྒ་ནི་གོ་རིམ་སྟེ་གོ་རིམ་མ་ལོག་པ་ཞིག་ལས་རང་འདོད་བྱེད་ས་མེད་ཅིང་སྐྱབས་ འགྲོའི་རྣམ་པར་དག་པ་ཞིག་མེད་ན་ནང་བར་མི་ཚུད་པས་བསྟན་པའི་སྒོ་སྐྱབས་འགྲོ་ཟེར།སེམས་བསྐྱེད་དང་ཕྱིན་དྲུག་ནི་ཐེག་ཆེན་ཐུན་མོང་བ་སྟེ་མདོ་སྔགས་གཉིས་ཀར་ཐུན་མོང་དུ་དགོས་པས་ཐེག་ཆེན་ཐུན་མོང་བའི་འཇུག་སྒོ་སེམས་བསྐྱེད་ཟེར །  སྡུག་བསྔལ་སྔ་མ་སྔ་མ་སྤངས་ཀྱང་སླར་བཙན་ས་ཞིག་མ་ཟིན་ན་མྱོང་བའི་སྡུག་བསྔལ་ལས་མཐར་སོན་པ་མ་ཡིན་པས་འཇིག་རྟེན་པའི་བྱ་བ་སྣ་ཚོགས་བྱེད་པ་ནི་རང་གིས་རང་བསླུས་བ་ཡིན།  ཉན་རང་དགྲ་བཅོམ་པ་ནི་སྡུག་ཀུན་རགས་ལས་ཐར་བའི་ཐར་བ་ཙམ་ཐོབ་ཡང་བླ་ན་མེད་པའི་ཐར་བ་ཐོབ་པ་མ་ཡིན།བསྐལ་བཟང་གི་སངས་རྒྱས་སྟོང་གི་དུས་ཁྱད་པར་ཅན་རྣམ་འདྲེན་བཞི་བའི་དུས་འདིར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མ་བསྒྲུབས་པར་ངན་སོང་དུ་ལྷུང་ན་ཕྱིས་མུན་པའི་གནས་དག་ཏུ་ཐར་དཀའ་ཞིང་འཁོར་བའི་མངོན་མཐོ་དོན་དུ་གཉེར་བའི་སྐྱེས་བུ་ཆུང་ངུ་དང་ཐར་བ་དོན་དུ་གཉེར་བའི་སྐྱེས་བུ་འབྲིང་།  སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་སྐྱེས་བུ་ཆེན་པོ་ལམ་ཀུན་རྒྱུད་ལ་སྐྱེ་བ་ལ་སྐྱབས་འགྲོ་མེད་མི་རུང་བ་ཡིན་མོད་དེ་རིང་ནངས་ཀ་བཀའ་ཆོས་ཞེས་པའི་མིང་ཐོས་ཙ་ན་གསང་སྔགས་ཟབ་མོ་དག་ཡིན་མིན་ལ་རྩད་གཅོད་བྱེད་མོད་དཔེར་ན་ཡང་ ། སྔགས་ཟབ་མོ་མདོ་ཡི་དྲིན། ། ཤ་ཚོན་པོ་ཚིལ་གྱིས་དྲིན།  ། ཟེར་བ་ལྟར་སྔགས་ལ་ཐུན་མོང་གི་ལམ་སྦྱོང་བ་སྔོན་དུ་འགྲོ་དགོས་ཏེ་དེ་མིན་རྡུལ་ཕྲན་མཚོན་ཆ་ལག་བསྟར་བྱས་པ་དང་བུ་ཆུང་ཞིག་རྟ་རྒོད་ལ་བསྐྱོན་པ་དང་འདྲ་བར་ཁེ་ཉེན་ཆེ་ཞིང་དེ་ཡང་སྐྱེས་བུ་ཆེན་པོའི་ལམ་རྒྱུད་ལ་སྐྱེ་བ་ལ་འབྲིང་གི་ལམ་སྔོན་དུ་འགྲོ་དགོས།  འབྲིང་གི་ལམ་རྒྱུད་ལ་སྐྱེ་བ་ལ་ཆུང་ངུའི་ལམ་ལ་བློ་སྦྱོང་བ་སྔོན་དུ་འགྲོ་དགོས་ཏེ་སྐྱབས་འགྲོ་ནི་དེའི་སྒོ་ལྟ་བུ་ཡིན། སྐྱབས་འགྲོ་རྣམ་དག་ཡོད་ན་མི་ལུས་ལོན་ཏེ་དེ་མིན་མི་ཐམས་ཅད་ཤི་ན་སྐྱེ་ས་ཞིག་ཡོད་པ་བཞིན་ང་ཡང་སྐྱེ་ས་ཞིག་ཡོད་སྙམ་ཡང་བཀའ་མོ་རེད། སྤྱོད་འཇུག་ལས །  དེ་ལྟར་དགེ་བ་ཉམ་ཆུང་ཉིད་ལ་རྟག ། ཅེས་གསུངས་པ་བཞིན་རང་ཅག་རྣམས་ཀྱིས་དགེ་བ་གང་བྱས་ཉམ་ཆུང་ལ་མི་དགེ་བ་གང་བྱས་སྦྱོར་དངོས་མཇུག་གསུམ་ཚང་བས་སྟོབས་ཆེ་བ་བཞི་བརྒྱ་བ་ལས། ཕལ་མོ་ཆེ་ཡི་མི་རྣམས་ནི།། དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། ། དེས་ན་སོ་སོ་སྐྱེ་བོ་རྣམས། ། ཕལ་ཆེར་ངེས་པར་ངན་འགྲོར་འགྲོ  ། ཞེས་གསུངས་པ་ལྟར་དཔེ་སྒོ་ནས་དལ་འབྱོར་རྙེད་དཀའ་བ་ཤེལ་ལ་སྲན་མ་སྟོར་ན་མི་ཆགས་པ་ལྟར་སོ་སོ་སྐྱེ་བོ་ཤི་བ་ཕལ་ཆེར་ངན་འགྲོ་ལས་བདེ་འགྲོར་སྐྱེ་དཀའ་ནའང་དེང་སང་རྒན་པོ་རྒན་མོ་རེ་ཤིའང་བྱིས་པ་ཞིག་གི་མིང་འཁྱེར་འོང་ནས་དེའི་རྣམ་ཤེས་འདི་ཡིན་ནམ་ཟེར་མོད་མི་སྟོང་ཤི་ན་དེ་ལས་མི་ལུས་ཐོབ་པ་གཅིག་ཙམ་ཡོད་མེད་ཡིན་པས་ཧ་ཅང་དཀའ།  རང་ཅག་རྣམས་ནི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དེ་ཐོབ་ཅིང་ཁྱད་པར་རྗེ་བློ་བཟང་གྲགས་པའི་གསེར་སྦྱངས་་བཙོ་མ་ལྟ་བུའི་བསྟན་པ་ལ་ཞུགས་པ་ནི་ཆེས་སྐལ་བ་བཟང་བོ་ཞིག་གོ  །  དཔལ་ལྡན་ཟླ་བས།  གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། ། གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། ། གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ།  ། དེ་ལས་ཕྱི་ནང་གང་གིས་བཟློག་པར་འགྱུར། ། ཞེས་པའི་ཚིག་འདིར་གོ་རྒྱུ་ཆེ་ཞིང་དམ་པ་གོང་མ་རྣམས་ཀྱིས་ཀྱང་གལ་ཆེ་བ་མཛད །    ད་ལྟར་ཆོས་ལ་རང་དབང་དུ་འཇུག་ཅིང་ཕྱི་དགེ་བའི་བཤེས་གཉེན་སོགས་མཐུན་རྐྱེན་ཚང་བར་གནས་པའི་སྐབས་འདིར་དམ་པའི་ཆོས་བདག་ཏུ་བཟུང་ནས་སྒྲུབ་པར་མི་བྱེད་ན་ཕྱིས་ནས་ངན་འགྲོའི་གཡང་སར་ལྷུང་བའི་གཞན་དབང་དུ་གྱུར་བས་ན་ཕྱི་ནང་གང་ནས་སློང་བ་སྟེ་སྐྱོབ་པར་དཀའ་ཞེས་པའོ། ། སོ་མཚམས་ཞེས་པ་ནི་རྗེ་བསྟན་པའི་སྒྲོན་མེས།ལས་སྡིག་པ་མང་བས་ངན་འགྲོར་འགྲོ ། དེའི་སྡུག་བསྔལ་བཟོད་དང་བཅོས་ཐབས་མེད།  ། འཆོས་འདོད་ན་ད་ལྟ་བཅོས་སུ་ཡོད།  ། འདི་སྐྱིད་སྡུག་གཉིས་ཀྱི་སོ་མཚམས་ཡིན།། ཞེ་གསུངས་པ་ལྟར་ཡིན།  སློབ་དཔོན་ཕྱོགས་ཀྱི་གླང་བོས།  གཏིང་མཐའ་མེད་པའི་འཁོར་བ་ནི།། རྒྱ་མཚོའི་ནང་ ན་རྣམ་པར་གནས། ། ཞེས་པ་ལྟར་ན་འཁོར་བ་རྒྱ་མཚོ་ནང་ན་ཡོད་པར་གོ་བ་ལྟར་འདྲ་ཡང་འཁོར་བའི་རྒྱ་མཚོ་ཞེས་གོ་དགོས་ཏེ་ནི་སྒྲ་ཁ་སྐོང་ལས་ནུས་པ་གཞན་ཅང་མེད་དེ་འཁོར་བའི་རྒྱ་མཚོའི་ནང་ན་ཡོད་ཅེས་པའི་དོན་ཡིན།  དེ་ལ་ལན་དུ་སློབ་དཔོན་དཔའ་བོས།  གང་ཞིག་ལ་ནི་ཉེས་པ་ཀུན། ། གཏན་ནས་ཡོང་ཡེ་མི་མངའ་ཞིང་།། ཞེས་པའི་སྤྱི་སྒྲས་བཅོམ་ལྡན་འདས་སྟོན་ཅིང་དེ་ལ་ཉོན་མོངས་ཀུན་ཡེ་ནས་སྟེ་གཏན་ནས་མི་མངའ་ཞེས་བའི་དོན་ནོ།  །

གོང་དུ་བཤད་པ་ལྟར་མདའ་འཕེན་པར་འབེན་ངོས་ཟིན་དགོས་པ་ལྟར་སྐྱབས་སུ་འགྲོ་བར་སྐྱབས་ངོས་ཟིན་དགོས།  དེ་མིན་ཚངས་པ་དང་བརྒྱ་བྱིན་སོགས་ལའང་སྐྱབས་སུ་འགྲོ་ཞིང་ད་སྐབས་རབ་བྱུང་བ་དག་གིས་ཀྱང་དེ་མ་ཤེས་བར་ཡུལ་ལྷ་དང་དམ་ཅན་སོགས་ལ་སྐྱབས་སུ་འགྲོ། བྱ་བ་ཞིག་ལ་ཐུག་ནའང་ཡེ་ཤེས་པ་དག་དལ་ཞིང་དེ་བས་འཇིག་རྟེན་པ་མྱུར་སྙམ་ནས་དེ་རིགས་ལ་མཆོད་བཀུར་བྱེད་པ་ནི་སྐྱབས་ཡུལ་ནོར་བ་ཡིན་མོད་འོན་ཀྱང་དེ་དག་ལ་ལས་བཅོལ་བ་དང་མཆོད་པ་བྱེད་པ་མི་རུང་བ་མ་ཡིན་ཏེ་བློ་སྦྱོང་གི་སྦྱོང་བ་བཞི་བའི་སྐབས་སུ་གསུངས་པ་ལྟར་བྱང་སེམས་རྣམས་ཀྱིས་འཇིག་རྟེན་པའི་ལྷ་ལ་མཆོད་གཏོར་བྱ་བའང་བྱང་ཆུབ་སེམས་དཔའི་ཡན་ལག་ཏུ་གསུངས་མོད་སྤྱིར་ནི་དེ་དག་ལ་རང་ཉིད་སྐྱོབ་པའི་ནུས་པའང་མེད་དེ་རྒྱལ་སྲས་ཐོག་མེད་ཀྱིས།རང་ཡང་འཁོར་བའི་བཙོན་རྭར་བཅིངས་པ་ཡི།  །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །  དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི།  ། དཀོན་  མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན།  ། ཞེས་གསུངས་པ་ལྟར་རོ། ། རང་ཅག་རྣམས་ཀྱི་སངས་རྒྱས་དང་ཉན་རང་གི་ཡོན་ཏན་ཁྱད་འབྱེད་པར་དཀའ་བའི་ཚོད་ཡིན་མོད་སྤྱིར་དེ་གཉིས་ཀྱི་རྒྱ་མཚོ་དང་ཆུ་ཕྲན་ལྟ་བུ་ཡིན། དེ་བས་གང་བོ་ལྟ་བུའི་ཉན་ཐོས་ཀྱི་ནུས་པའང་བསམ་གྱིས་མི་ཁྱབ་པས་འདི་ནི་དེའི་རྣམ་ཐར་ལ་སྦྱར་བ་ཡིན།  
སྐྱབས་འགྲོ་བདུན་ཅུ་བ་ལས།  སངས་རྒྱས་ཆོས་དང་དགེ་འདུན་ནི།  །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། ། ཞེས་གསུངས་པ་ལྟར་དཀོན་མཆོག་གསུམ་སོ་སོའི་ངོ་བོ་ནི་རྒྱུད་བླ་མར།  །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ།། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།  ། མཁྱེན་དང་བརྩེ་དང་ནུས་དང་ལྡན།  །དོན་གཉིས་ལྡན་པའི་སངས་རྒྱས་ཉིད།། ཅེས་གསུངས་པ་ལྟར་སྐྱེ་འཇིག་དང་བྲལ་བ་འདུས་མ་བྱས་པའི་ཡོན་ཏན།  འབད་རྩོལ་ཉེ་བར་བཞི་བ་ལྷུན་གྱིས་གྲུབ་པའི་ཡོན་ཏན།  རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་སྒྲ་རྟོག་གིས་ཇི་ལྟ་བཞིན་རྟོགས་མི་ནུས་པའི་ཡོན་ཏན།  ཇི་ལྟ་བ་ཇི་སྙེད་པ་མཁྱེན་པའི་ཡོན་ཏན། བརྩེ་བའི་ཡོནཏན།  ནུས་པའི་ཡོན་ཏན།  རང་དོན་གྱི་ཡོན་ཏན།  གཞན་དོན་གྱི་ཡོན་ཏན་དེ་རང་དོན་དང་གཞན་དོན་གྱི་ཡོན་ཏན་བརྒྱད།  ཆོས་ནི་རྒྱུད་བླ་མར། བསམ་མེད་གཉིས་མེད་རྟོགས་མེད་པ།། དག་གསལ་གཉེན་པོ་ཕྱོགས་ཉིད་ཀྱིས།  །གང་ཞིག་གང་གི་ཆགས་བྲལ་བ། ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། ། ཞེས་གསུངས་པ་ལྟར་སྒྲ་རྟོག་གིས་མཐའ་བཞིར་བསམ་དུ་མེད་པ་དང་ །  ལས་ཉོན་གཉིས་ཅི་རིགས་དང་བྲལ་ནས་མེད་པ།  བདེན་འཛིན་ནམ་ཚུལ་མིན་ཡིད་ བྱེད་ཀྱི་རྟོག་པ་མེད་པ།  ཆགས་བྲལ་དང་བཞི་སྟེ་འགོག་བདེན་གྱི་ཡོན་ཏན།  ལམ་རང་གི་ངོ་བོ་སྤང་བྱས་དག་པ།  ཇི་ལྟ་ཇི་སྙེད་མཁྱེན་པའི་གསལ་བའི་ཡོན་ཏན། རང་གི་མོས་མཐུན་ཕྱོགས་ཀྱི་གཉེན་པོའི་ཕྱོགས་བྱེད་པའི་ནུས་པ།  ཆགས་བྲལ་གྱི་ཡོན་ཏན་ཏེ་ལམ་གྱི་ཡོན་ཏན་བཞི་སྟེ་བརྒྱད་ལྡན་པ། དགེ་འདུན་ནི་རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི ། ། ཡེ་ཤེས་གཟིགས་པ་དག་པའི་ཕྱིར །  །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས།། བླ་མེད་ཡོན་ཏན་དང་ལྡན་ཉིད།  །ཅེས་གསུངས་པ་ལྟར་ཇི་ལྟ་བ་རིག་པ་དང་།ཇི་སྙེད་པ་རིག་པ་དང་། དེ་ལྟར་རྟོགས་པའི་སོ་སོར་རང་གི་རིག་པའི་ཡོན་ཏན་ཏེ་བཞི། ཆགས་སྒྲིབ་ལས་གྲོལ་བ། ཐོགས་སྒྲིབ་ལས་གྲོལ་བ།དམན་སྒྲིབ་ལས་གྲོལ་བ། གྲོལ་བའི་ཡོན་ཏན་ཏེ་བཞི་བཅས་བརྒྱད་ཡོད་དེ་རིག་པའི་ཡོན་ཏན་དང་གྲོལ་བའི་ཡོན་ཏན་ལ་སྤྱི་གཉིས་བགྲང་བའི་ཡོན་ཏན་ཟེར། རྒྱུད་བླ་དར་ཊིཀ་ན་རྒྱས་པར་ཡོད་ཀྱང་ལྭ་མོ་ཚང་དང་ཁོང་གཉིས་ཀས་དགེ་བཤེས་བློ་བཟང་བསྟན་པར་ཞུས་པ་བཞིན་བརྩམས་པའི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་ཡོད་པ་ནི་ཤིན་ཏུ་གསལ་བས་བལྟ་བ་གལ་ཆེ་སྟེ་དེང་སང་བླ་བྲང་ན་དེ་ཚད་ལྡན་དུ་འཛིན་བཞིན་འདུག  ། གོང་དུ་ཞུས་པ་ལྟར་ཉན་རང་ལ་ བདེན་མེད་མངོན་སུམ་དུ་རྟོགས་པ་རང་རྒྱུད་པའི་ལུགས་ལ་མི་རུང་ཡང་སྐྱབས་ཁྲིད་སོགས་སུ་ཐལ་འགྱུར་བའི་ལུགས་བྱེད་དགོས་ཏེ་དཔེར་ན་མངོན་པ་འོག་མ་ནས་བཤད་པའི་དགྲ་བཅོམ་པ་དགྲ་བཅོམ་པ་མིན་ཞེས་པ་ལྟར་བྱེད་དགོས།དོན་དམ་པའི་སྐྱབས་གསུམ་དང་ཀུན་རྫོབ་པའི་སྐྱབས་གསུམ་ཡོད་ཅིང་དོན་དམ་པའི་སྐྱབས་གསུམ་ནི ། རྣམ་མཁྱེན་དོན་དམ་པའི་སངས་རྒྱས་དཀོན་མཆོག་དང་།  འགོག་ལམ་དོན་དམ་པའི་ཆོས་དཀོན་མཆོག  རིག་གྲོལ་གྱི་ཡོན་ཏན་དོན་དམ་པའི་དགེ་འདུན་དཀོན་མཆོག་གོ  །  ཀུན་རྫོབ་པའི་སྐྱབས་གསུམ་ནི་སངས་རྒྱས་ཀྱི་འདྲ་སྐུ་ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག  གསུང་རབ་སོགས་ཀུན་རྫོབ་པའི་ཆོས་དཀོན་མཆོག  སོ་སྐྱེ་དགེ་སློང་བཞི་སྡེ་ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་སྟེ་འདི་ལ་མཆོད་པ་དགེ་འདུན་དཀོན་མཆོག་ལ་མཆོད་པ་ཡིན་པས་དགེ་འདུན་འདྲ་བའི་སྣོད་མེད་དེ་ཞེས་གསུངས་པ་བཞིན་སངས་རྒྱས་དང་ཆོས་ལ་མཆོད་བཀུར་བྱས་པ་ལས་ཁྱད་དུ་འཕགས་པའོ། །མཚན་ཉིད་ལ་སྦྱངས་ངས་པའི་དཔེ་ཆ་བ་སོགས་ཀྱིས་རྒྱུད་བླ་མ་ལས་བཤད་པའི་འདི་ལྟར་བསམ་ན་ཁྱད་ཆེ་མོད་གཞུང་ལུགས་ལ་མ་སྦྱངས་ངས་པ་དག་གིས་དེ་ལྟར་བསམ་པ་དཀའ།སྔོན་ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགོན་བཏབས་ནས་མཚན་ཉིད་རྒྱས་པར་ཡོན་བདག་ཅིག་གིས་ཁོང་ལ་ད་བཟང་བོ་འདུག་ཅེས་ཞུས་ཚེ་ཁོང་གིས་ངས་དགོན་པ་འདེབས་དོན་སངས་རྒྱས་དཀོན་མཆོག་དྲིས་བའི་ཚེ་ན་ས་སྐུ་ཞིག་དང་ཆོས་དཀོན་མཆོག་དྲིས་པའི་ཚེ་ན་དཔེ་ཆ་ཞིག  དགེ་འདུན་དཀོན་མཆོག་དྲིས་པའི་ཚེ་ན་གྲྭ་བ་ཞིག་མི་སྟོན་པའི་ཆེད་ཡིན་གསུངས།དཔེ་ཆ་བ་དག་གིས་ཀྱང་རྩོད་པ་བྱང་བ་དང་གཞུང་ཆེན་མོ་ཤེས་པ་ཙམ་གྱིས་མི་འོང་སྟེ་ཀུན་སློང་བཟང་དགོས།  དེ་མིན་ཆོས་སུ་འགྲོ་དཀའ་སྟེ་ཕྱི་རོལ་བས་རྩོད་པ་བྱེད་པའི་ཆེད་དུ་བཟུང་བའི་བརྒྱད་སྟོང་བ་བརྒྱད་སྟོང་བ་མིན་ཞེས་ཕར་ཕྱིན་གྱི་སྐབས་སུ་གསུངས་པ་ལྟར་རེད། དེས་ན་ཆོས་ཀྱི་རྩ་བ་ནི་བསམ་པ་ཡིན་ཏེ་རྗེ་བསྟན་པའི་སྒྲོན་མེས།  ཆོས་ཀྱི་རྩ་བ་བམས་པ་བཟང་ངན་ཡིན།  །ཞེས་གསུངས་པ་ལྟར་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ཡང་བསམ་པའི་སྟེང་ནས་བཞག་པ་ཡིན།  དེང་སང་སྔགས་ལ་ཧེབ་ལངས་ཀྱིན་འདུག་ནའང་གལ་ཆེ་བ་ནི་སྐྱབས་འགྲོ་ཡིན།དྲི་བ་ལྷག་བསམ་རབ་དཀར་ནི་རྗེ་གསུང་འབུམ་ན་ཡོད་ཅིང་དེ་ལ་རྒྱལ་ཚབ་མཁས་གྲུབ་སོགས་ཀྱི་ལན་མེད།  པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་དེའི་ལན་དུ་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ཞེས་པ་བརྩམས།  དེ་ལས་སྐྱབས་འགྲོའི་ངོ་བོ་ཨི་ཐི་བ།།བདག་ཉིད་ལྷག་བར་འཇིགས་པ་དང་།  ། དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ།  ། ཤེས་ལས་བྱུང་བའི་སྐྱབས་འགྲོ་ནི།། ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། །  ཅེས་པའི་ཨི་ཐི་བ་ནི་ཟབ་མོའི་དོན་ཏེ་བདག་ཉིད་འཁོར་བ་ལས་འཇིགས་པ་དང་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་རྟོགས་པའི་ཤེས་རབ་དང་དད་པ་ཟབ་མོ་སྐྱབས་འགྲོ་ཡིན་པ་རྗེ་ཁྱེད་ཀྱི་གསུང་ལས་འབྱུང་ཞེས་པའི་དོན་ཏེ་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་སྐྱབས་འགྲོའི་ཚིག་ལས་སྐྱབས་འགྲོ་དངོས་མིན། དད་པ་དང་ཤེས་རབ་གཉིས་ནི་དགེ་བའི་ཆོས་ཐམས་ཅད་ལས་གཙོ་བོ་ཡིན་ཏེ་འཕགས་པ་ཀླུ་སྒྲུབ་ཀྱིས་དགེ་བའི་རྩ་བ་ཤེས་རབ་ཏེ། ། དེ་ཡི་སྔོན་འགྲོ་དད་པ་ཡིན། ། ཞེས་དགེ་བའི་གཙོ་བོ་ཤེས་རབ་དང་དེ་ཡི་རྒྱུ་སྟེ་སྔོན་འགྲོ་དད་པ་ཡིན་པར་གསུངས་ཤིང་གྲུབ་མཐའ་རྩ་བ་ལས་ཀྱང་།       མངོན་མཐོ་ངེས་ལེགས་སྒྲུབ་བྱེད་དད་ཤེས་གཉིས།།  ཞེས་མངོན་མཐོ་སྒྲུབ་བྱེད་དད་པ་དང་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཤེས་རབ་ཏུ་གསུངས།  དད་པ་ལ་གསུམ་ཡོད།  ཡིད་ཆེས་ཀྱི་དད་པ།  དང་བའི་དད་པ།  ཕྱིར་མི་ལྡོག་པའི་དད་པ་གསུམ་ཡོད་ལ་དབང་བོའི་སྒོ་ནས་བླུན་པོའི་དད་པ་དང་ཤེས་རབ་ཅན་གྱི་དད་པ་གཉིས་ཡོད་དེ།  ཡིད་ཆེས་ཤུགས་དྲག་ཡོད་ན་བླུན་པོའི་དད་  པའང་ལེགས་ཏེ་རྒྱུད་རྟོག་གསུམ་པ་ལས།  ཡང་ན་བླུན་པོའི་དད་པ་བརྟན།  ། དེ་ལ་སྦྱོར་བའི་དངོས་གྲུབ་བརྙེས།  ། བརྟག་ཅིང་དཔྱོད་པའི་རྟོག་གེ་བ།  ། དེ་ལ་སྦྱོར་བའི་དངོས་གྲུབ་མེད། ཅེས་གསུངས་པ་ལྟར་ཨ་རིག་རྒད་པོ་ཚོའི་ལོ་རྒྱུས་ཏེ་ཁོ་ཚོ་ལ་སྐུ་ལའང་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་པས་སྔོན་དབུས་སུ་སྐུ་ལ་གསུང་འབྱོན་དུ་བཅུག་པའི་ལོ་རྒྱུས་མང་བོ་ཡོད་པ་ལྟ་བུ་རེད།     ལམ་རྡོ་མ་རེད་དབུས་རྡོ་ཞེས་པའང་དེ་བཞིན་ཏེ་སྔོན་ཨ་རིག་རྒན་མོ་ཞིག་ལ་བུ་ཞིག་ཡོད་པ་དབུས་སུ་འགྲོ་ཁར་རྒན་མོས་ཁྱོད་ཀྱིས་བདག་ལ་དབུས་ནས་རྟེན་ཞིག་འཁྱེར་འོང་དགོས་ཞེས་བཅོལ་བ་བརྗེད་པ་ཕྱིར་འོང་བའི་ལམ་ཁར་དྲན་ཏེ་རྡོ་ཞིག་དར་གྱིས་དཀྲོས་ཏེ་འཁྱེར་འོང་ནས་མ་ལ་བྱིན་ཞིང་མས་ཁ་ཕྱེས་པར་རྗེ་བཙུན་སྒྲོལ་མར་གྱུར།རྗེ་ཙོང་ཁ་བའི་མ་ཡུམ་གྱིས་རྗེ་བདག་ཉིད་ཆེན་པོར་སྐྲ་ དཀར་བོ་ཕོན་པོ་ཞིག་བསྐུར་ནས་ཨ་མདོ་ལ་ཕེབས་པར་གསོལ་བ་བཏབ་པར་བུ་སློབ་རྣམས་ཀྱིས་ཕྱིར་ཕེབས་ན་བསྟན་པའང་གནོད་སྐྱོན་ཆེ་ཞིང་དབུས་སུ་བཞུགས་ན་བསྟན་འགྲོའི་མཛད་ཆེན་འོང་བའི་གསོལ་བ་བཏབས་པ་བཞིན་རྗེ་རང་ཉིད་ཀྱིས་རང་གི་སྐུ་ཐང་ཞིག་ཕྱག་བྲིས་གནང་སྟེ་ཚོང་དཔོན་ནོར་བུ་བཟང་བོ་རྒྱུད་ནས་མ་ཡུམ་ལ་བསྐུར་བ་ཚོང་དཔོན་དེས་རང་ཉིད་ཀྱིས་བླངས་ཏེ་ཚབ་ལ་གཞན་ཞིག་བྲིས་ནས་བྱིན་པ་མ་ཡུམ་གྱིས་མཇལ་དུས་ཨ་མ་ཁྱེད་ བདེ་མོ་ཡིན་ནམ་ཞེས་གསུངས་པ་ལྟ་བུ་རེད།  རྗེ་སྐུ་ཐང་ངོ་མ་དེ་ད་ལྟ་ཁ་ཏི་ཁ་ན་བཞུགས་པ་དེ་ཡིན། དེ་བཞིན་མཚན་ཉིད་པ་ཚོས་ཀྱང་དད་པ་དག་སྣང་སྦྱོང་རྒྱུ་གལ་ཆེ་སྟེ་གཞུང་མི་འདྲ་བ་དང་མཚན་ཉིད་མི་འདྲ་བ་ལས་རྩོད་པ་བྱེད་པ་ཙམ་མ་ཡིན། གཅིག་ཤེས་གཉིས་ཤེས་ཐམས་ཅད་རང་གི་རྭ་ལྟར་གྱོང་བའི་སེམས་རྒྱུད་འདི་འདུལ་བའི་ཐབས་སུ་སོང་ན་བློ་བསྐྱེད་བྱུང་བ་ཡིན་ཞེས་ཨ་ལགས་བླ་ཁོ་རིན་པོ་ཆེས་ཡང་ཡང་གསུངས།  སྤྱིར་མང་བོ་ཤེས་ན་ལོས་བཟང་མོད་རང་གི་རྒྱུད་བཅོས་པ་ལ་ཕན་དགོས་ཤིང་དེ་ཡང་ཚོགས་བསགས་སྒྲིབ་སྦྱོང་སོགས་ཞིང་གི་མཐུ་ལ་བརྟེན་ན་རང་རྒྱུད་ལ་ཕན་པའི་དགོས་པ་ཆེ་སྟེ་རྗེ་བསྟན་པའི་སྒྲོན་མེས།ཀ་ཡེ་གཞུང་ལུགས་མང་དུ་ཐོས་ན་ཡང་།  །ཁ་བཤད་སྐམ་པོ་ཆུ་ནང་རྡོ་བ་བཞིན། ། ག་ལེར་རང་གི་རྒྱུད་ལ་མ་སྦྱར་བས།  ། ང་ནི་འགྱོད་དེ་རང་ལ་ལེ་ཞིག་འདེབས།། ཞེས་གསུངས་པ་ལྟར་རོ།  །དཔེ་ན་བསྟོད་པ་ལས།ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། ། མཛེས་གྱུར་མིག་གི་བདུད་རྩི་ནི། ། སྟོན་མེད་སྤྲིན་གྱི་ནམ་མཁའ་ལ །  ། སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། ། ཞེས་མཚན་བཟང་བོ་སུམ་ཅུ་སོ་གཉིས་དང་དཔེ་བྱེད་བཟང་བོ་བརྒྱད་ཅུས་རྒྱན་ཚུལ་བསམ་ན་ཡིད་ལ་འཆར་བདེ་ཞིང་ འདུས་མ་བྱས་སོགས་ཡོན་ཏན་བརྒྱད་ཀྱི་སྒོ་ནས་བསམ་པ་དེ་བྱུང་དཀའ་ཞེས་ལམ་ཁྲིད་སོགས་སུ་ཡོད་ཅིང་སྐུ་མཐོང་བ་ཙམ་གྱིས་ཉོན་མོངས་ཞི་བ་ནི་དཔེར་ན་སངས་རྒྱས་ཟི་ལིང་ལྟ་བུའི་གྲོང་ཁྱེར་དུ་ཕེབས་པ་ན་དེར་ཞབས་ཀྱིས་བཅགས་ཞིང་སྐུ་མཐོང་བའི་སྟོབས་ཀྱིས་དེར་ཡོད་པའི་སྐྱེས་བུ་ཚང་མའི་རྒྱུད་ཀྱི་ཉོན་མོངས་སྤངས་པ་མིན་ཀྱང་ཆགས་བྲལ་ལྟ་བུར་གྱུར་ནས་ཕ་གསོད་པའི་ཤན་པ་མཐོང་ནའང་ཁོང་ཁྲོ་མི་སྐྱེས་པར་ཞི་ཞིང་དུལ་ནས་བུ་དང་གཉེན་ལྟ་བུ་འགྱུར་བ་རེད།  དེ་བས་མདོ་ལས་ཀྱང་ཆོས་ཀྱི་སྐུ་རབ་ཏུ་ཕྱེ་བས་ན་མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །  ཐོས་པ་དང་རིག་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ་ཞེས་གསུང།   དད་པ་གལ་ཆེ་ཞིང་དད་པ་དག་སྣང་སྦྱོང་མ་ཐུབ་ན་སྐྱོན་རྟོག་གི་བློ་འབྱུང་།  དཔེར་ན་དགེ་སློང་ལེགས་པའི་སྐར་མ་བཅོམ་ལྡན་འདས་ཀྱི་ཞབས་གཡོག་ཏུ་ལོ་བཅུ་བདུན་བཞུགས་ཀྱང་སྐྱོན་རྟོག་འབའ་ཞིག་གི་དབང་དུ་སོང་ནས་བཅོམ་ལྡན་འདས་ཀྱི་ཡོན་ཏན་མ་མཐོང་བ་ལྟ་བུའོ། །བདེན་པའི་ལེའུ་ལས། ། འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག   མང་བོ་དག་གིས་དུས་གཅིག་ཞུ་ཞུས་ན།  ། སེམས་ཀྱི་སྐད་ཅིག་གཅིག་གི་ཐུགས་ཆུད་ནས།   །      གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། ། ཞེས་པའི་ངེས་པའི་ཚིག་ནི་ཁྱད་པར་ཡོད་ཅིང་དོན་མི་འདྲ་བའི་ཚིག་སྟེ་སེམས་ཅན་བརྒྱ་སྟོང་མང་བོ་ཞིག་གིས་དུས་མཉམ་དུ་དཀའ་གནད་མི་འདྲ་བ་བརྒྱ་སྟོང་ཞུ་ནའང་སྐད་ཅིག་མ་དེར་དེ་ཐམས་ཅད་ཐུགས་སུ་ཆུད་ནས་གསུང་དབྱངས་ཡན་ལག་དྲུག་ཅུ་ཚང་བའི་ཨ་ཅིག་གིས་སོ་སོར་ལན་འདེབས་ཤིང་འདི་རིགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ནི་རང་ཅག་རྣམས་ཀྱི་བློར་ཤོང་དཀའ་ནའང་ཡིད་ཆེས་པའི་སྒོ་ནས་བསམ་ན་ཕན་ཡོན་ཤིན་ཏུ་ཆེ།  འདི་དག་ནི་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བསྟོད་སྤྲིན་རྒྱ་མཚོའི་འགྲེལ་བ་ཚིག་སྣ་བསྡུས་ཤིང་གསལ་བས་བླ་བྲང་ནས་ཕར་ཕྱིན་སྐབས་བརྒྱད་པ་རྩོད་དུས་དེ་ལ་གཟིགས་པའི་ཕྱག་སྲོལ་ཡོད་ཅིང་འདི་དག་ནི་སྐབས་བརྒྱད་པ་ནས་ཤེས་དགོས།   ཐུགས་ཀྱི་ཡོན་ཏན་བདེན་གཉིས་རེས་འཇོག་ཏུ་མ་སོང་བ་ནི་ཀུན་རྫོབ་བདེན་པ་རྟོགས་དུས་དོན་དམ་བདེན་པ་མ་རྟོགས་པ་དང་དོན་དམ་བདེན་པ་རྟོགས་དུས་ཀུན་རྫོབ་བདེན་པ་མ་རྟོགས་པ་ལྟ་བུ་མ་ཡིན་པར་ཅིག་ཅར་དུ་རྟོགས་པ་ཡིན།   གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་མའི་ལོ་རྒྱུས་ནི་མཛངས་བླུན་སོགས་ལས་འབྱུང་བ་ལྟར་རྒྱལ་བོ་གསལ་རྒྱལ་ལ་བུ་མོ་མི་སྡུག་པ་སྐྲ་རྟའི་རྔོག་མ་ལྟ་བུ་ཞིག་སྐྱེས།  གཅིག་བུར་ཁང་བར་བཅུག་ནས་ནར་སོན་རྗེས་རྒྱལ་རིགས་ལས་ཁྱོ་བོ་ཞིག་བཙལ་ཏེ་དེས་མོ་རང་གཞན་དུ་མཐོང་དུ་མི་འཇུག་པར་སྔོན་བཞིན་ཁང་བར་བཅུག་ནས་ནམ་ཞིག་ཁྱོ་བོ་སྟོན་མོ་ཞིག་ཏུ་འགྲོ་དུས་ཁང་བར་ཟྭ་བརྒྱབས་ནས་སོང་།  སྟོད་མོ་བ་ཚང་མས་གསལ་རྒྱལ་གྱི་བུ་མོ་མཐོང་དུ་རེ་ནའང་མ་ཡོང་བས་ཚང་མས་ཁྱོ་བོ་དེར་ཆང་བླུད་དེ་ར་རོ་བར་བཏང་ནས་སྐེད་ལས་ལྡེའུ་མིག་བརྐུས་ཏེ་སྲས་མོ་རྡོ་རྗེ་མར་བལྟ་བར་ཆས་སོ།   ། དེའི་དུས་བུ་མོ་རྡོ་རྗེ་སྐྱོ་སྟེ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པ་དེ་མ་ཐག་མོའི་མདུན་དུ་སྣང་བར་གྱུར་ནས་བྱིན་གྱིས་བརླབས།   ལུས་ལ་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་ཡིད་དུ་འོང་བར་གྱུར་ཏོ།   ། དེ་ཚེ་མི་རྣམས་འོང་སྟེ་ཚུལ་དེ་མཐོང་བར་གྱུར་ནས་གསལ་རྒྱལ་གྱི་སྲས་མོ་ནི་ཡིད་དུ་འོང་ཞིང་ལྟ་བས་ཆོག་མི་ཤེས་པའོ་ཞེས་སྙན་པ་སྒྲོག་པ་དེ་ཡིན་ནོ།  ། བསྔགས་འོས་བསྔགས་བསྟོད་ལས།ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །  ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ།  །  ནང་གི་སྟོབས་དག་མ་ཚང་བས།  །བྱིས་པ་རྣམས་ནི་སྡུག་བསྔལ་བརྟེན །  ། ཞེས་པ་ལྟར་ཆོས་བསྒྲུབས་པའི་ཕྱི་ཡི་རྐྱེན་ཀུན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྒྲུབས་ནའང་རང་ཅག་རྣམས་གྱི་ཉམས་སུ་ལེན་མ་ཐུབ་པའི་བྱིས་པ་སྟེ་སོ་སོ་སྐྱེ་བོ་རྣམས་ནི་འཁོར་བར་འཁོར་ཏེ་སྡུག་བསྔལ་ཉམས་སུ་མྱོང་བའོ།  ། རྣམ་འགྲེལ་ལེའུ་གཉིས་པ་ལས་འབྱུང་བའི་ལུགས་འབྱུང་ལྡོག་བརྒྱད་ཀྱི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་ནི་ཤིན་ཏུ་ གལ་ཆེ་སྟེ་རྗེ་ཙོང་ཁ་བ་ཆེན་པོས་ཀྱང་ལུགས་འབྱུང་ལྡོག་གི་སྦྱོར་བ་ལ་བརྟེན་ནས་བསམ་སྟེ་སྟོན་པ་ལ་དད་པ་མིག་ནས་མཆི་མ་བཞུར་བ་ཞིག་འཁྲུངས་གསུངས།  ཁྱད་པར་འཕགས་བསྟོད་ལས།       བདག་ནི་སྟོན་པ་གཞན་སྤངས་ནས།། བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི།  ། དེ་ཅིའི་སླད་དུ་ཞེ་ན་ཁྱོད།  ། སྐྱོན་མི་མངའ་ལ་ཡོན་ཏན་ལྡན།   ། ཞེས་སོགས་གསུངས་པ་ལྟར་འདིའི་རྩོམ་པ་བོ་མཐོ་བཙུན་གྲུབ་རྗེ་ནི་སྔོན་ཕྱི་རོལ་པ་ཞིག་ཡིན་ལ་ཁོས་ཕྱི་རོལ་སྟོན་པ་གཞན་དག་སྤངས་ནས་ནང་བར་ཞུགས་ལ་སྟོན་པ་ཤཱཀྱ་ཐུབ་པ་ཁྱོད་ལ་ སྐྱབས་སུ་སོང་བ་ཅི་སླད་དུ་ཞེ་ན།  ཁྱོད་ལ་སྟོན་པ་གཞན་ལ་ཡོད་པའི་སྐྱོན་དེ་དག་མི་མངའ་ཞིང་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའོ།  །  དེ་ལྟར་སྐྱབས་རྣམ་དག་ལ་ངེས་པ་མ་རྙེད་པར་ཕྱི་རོལ་པའང་བཟང་བོ་ཞིག་ཡིན་རྒྱུ་རེད།  སངས་རྒྱས་པའང་བཟང་བོ་ཞིག་ཡིན་རྒྱུ་རེད་ཟེར་བ་ནི་བསྟན་པའི་གནད་མ་གོ་བ་ཡིན།  འཇིག་རྟེན་པའི་ཁ་དཔེར་ཡང་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ།  ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་འགྲུབ་ཟེར་ཙ་ན་བོན་དང་རྙིང་མ་སོགས་གྲུབ་མཐའ་གཞན་ལ་སྤྱིར་དག་སྣང་སྦྱོང་བ་གལ་ཆེ་མོད་བྱེ་བྲག་དུ་དཔལ་རི་བོ་དགེ་ལྡན་པའི་ལྟ་སྤྱོད་གཞན་དང་མི་མཚུངས་པར་ཁྱད་དུ་འཕགས་པ་ལ་དག་སྣང་གིས་ འདྲ་བར་འཛིན་པ་ཆེས་མི་ལེགས །    ། སྔོན་གྲུབ་ཐོབ་པའི་ནང་ན་གཞུང་ལུགས་ལ་མ་སྦྱངས་པའང་ཡོད་མོད་དེ་ནི་དད་པ་བརྟན་པོ་ཡོད་པའི་རྐྱེན་གྱིས་ཡིན་གསུངས།  ཕར་ཕྱིན་བསྡུས་པ་ནི་སློབ་དཔོན་དཔའ་བོའི་གསུང་ཡིན་གསུངས།   སེམས་ཅན་རྣམས་ལ་ སྙིང་བརྩེ་ཞིང་ ། །བདེ་གཤེགས་ཡོན་ཏན་ཐོབ་མོས་ན། ། དེ་བཞིན་གཤེགས་པ་ཐམས་ཅད་ལ།  ། མདོར་བསྡུས་སྐྱབས་སུ་སོང་བ་ཡིན།  ། ཞེས་གསུངས་པ་ལྟར་ཕ་མ་ནད་པར་གྱུར་པ་ཞིག་ཁང་བའི་ནང་ ཡོད་པ་ལ་ཁང་བ་མེར་ཤོར་ན་བུ་དང་བུ་མོ་རྣམས་ཀྱིས་ཕ་མ་མི་སྐྱོབ་པར་རང་གི་སྲོག་ཐོན་པའི་ཕྱིར་བྲོས་ན་དེ་ལས་ཁྲེལ་མེད་མེད་པ་བཞིན་རང་གི་མ་རུ་གྱུར་པའི་འགྲོ་བ་དག་འཁོར་བའི་མེ་འབར་བའི་ཁྲོད་དུ་ལུས་པ་ལ་དེ་དག་གི་དོན་དུ་གཞན་དོན་ཁུར་གྱི་སྙིང་རྗེ་ཆེན་པོ་མེད་ན་དེ་ལས་ཁྲེལ་མེད་མེད་པས་དེ་སླད་དུ་བདེ་གཤེགས་ཡོན་ཏན་འཐོབ་པར་འདོད་པ་དང་སྙིང་རྗེ་ཆེན་པོ་ལ་སྤྱོད་པ་ནི་སངས་རྒྱས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཚུལ་ཡིན།   མདོའི་སྐྱབས་སུ་འགྲོ་ཚུལ་ནི་རྒྱུ་སྐྱབས་སུ་འགྲོ་ཚུལ་ཡིན་ལ་སྔགས་ཀྱི་  སྐྱབས་སུ་འགྲོ་ཚུལ་ནི་འབྲས་སྐྱབས་སུ་འགྲོ་ཚུལ་ཡིན།   རྒྱུ་སྐྱབས་ནི་རང་གི་འཐོབ་བྱའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་དུ་ཚོགས་བསྒྲུབ་ཡིན་ལ་འབྲས་སྐྱབས་ནི་རང་གི་འཐོབ་བྱའི་སངས་རྒྱས་ད་ལྟ་ནས་བསྒོམ་པ་སྟེ་དཔེར་ན་རང་ཉིད་སྐད་ཅིག་གི་དཔལ་རྡོ་རྗེ་འཇིགས་བྱེད་དུ་གྱུར་ཞེས་སྐད་ཅིག་དཀྲོང་བསྐྱེད་བྱེད་པ་ལྟ་བུ་དེ་རྣམ་མཐུན་དུ་བསྒོམས་པ་ཡིན།  རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྒྱུད་བླ་མའི་ཊཀ་སྟེ་འགྲེལ་བ་ལ་རྒྱུད་བླ་དར་ཊིཀ་ཟེར།   དེ་ལས་སྐྱབས་འགྲོ་འདི་ལ་གོ་བ་ལེགས་པར་ཆགས་ན་གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་སྐྱབས་འགྲོ་བཅས་པའི་ཡན་ལག་ཏུ་ཤེས་པར་འགྱུར་རོ་གསུངས། དེ་བས་གཞུང་ཆོ་ག་ཐམས་ཅད་ཀྱི་མགོ་མཇུག་ཐམས་ཅད་སྐྱབས་འགྲོ་བསྡུས་པ་ཡིན་པས་ལ་ལས་བླ་བྲང་དགོན་པ་ཆེན་པོ་ཡིན་ནའང་འཇིགས་བྱེད་དཔའ་གཅིག་གི་མགོར་སྐྱབས་འགྲོ་ཞིག་ཀྱང་མི་འདོན་ཞེས་བཤད་པའང་སྐྱབས་འགྲོ་ལ་གོ་བ་མ་ཆགས་པའི་རྟགས་རེད།སྐྱབས་གསལ་བོ་ཞིག་མ་ཤེས་ན་དམག་སོགས་འོང་ནས་ང་བརྒྱད་ལོར་ཚང་མ་བཅུད་པར་ལ་བྲོས་པ་ལྟ་བུ་རེད།  ཚོགས་བསགས་སྒྲིབ་སྦྱངས་དང་སྡིག་སྤོང་དགེ་བསྒྲུབས་གལ་ཆེ་སྟེ་དཔེར་ན་ཞིང་འབའ་འབུར་དང་རྡོ་རྗེ་ཟེགས་མ་ལ་སོགས་ཡོད་ན་ཞིང་བཟང་བོ་ཞིག་མི་སྐྱེས་བ་ལྟར་དགེ་བ་ཕུན་སུམ་ཚོགས་པ་ཞིག་སྐྱེ་བར་ཚོགས་བསགས་སྒྲིབ་སྦྱངས་དགོས་ཏེ་དེ་ནི་སྐྱོན་བསལ་དང་ཆོས་སྒྲུབ་ཚུལ་ཚོགས་བསགས་སྒྲིབ་སྦྱང་དུ་མ་འདུས་པ་མེད། དེ་ནི་ཇོ་བོ་རྗེ་གསེར་གླིང་བའི་རྣམ་ཐར་ནས་འབྱུང་བ་ལྟར་ཡན་ལག་བརྒྱད་པའི་སྒོ་ནས་བྱེད་དགོས་ཏེ་དེ་ཡང་ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་ །  །རྗེས་སུ་ཡི་རངས་སྐུལ་ཞིང་གསོལ་བ་ཡིས།   ། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།  ། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོ་བསྔོའོ།  ། ཞེས་པ་ལྟར་ཡིན།     དེའི་ཐོག་མར་གནས་ཁང་བྱི་དོར་བྱེད་པ་སྟེ་གད་དར་བྱེད་དགོས་ཤིང་རང་ཅག་རྣམས་དང་རྒྱ་མིའི་གད་དར་བྱེད་པ་ཕྱི་སྟེང་ནས་མི་འདྲ་བ་མེད་རུང་བསམ་པའི་སྟེང་ནས་ཁྱད་ཆེ་སྟེ་རང་ཅག་གིས་སངས་རྒྱས་དང་བྱང་སེམས་ཉན་རང་སོགས་ཕེབས་པར་མོས་ནས་བྱི་དོར་བྱེད།  གནས་ཁང་བྱི་དོར་ཞེས་པ་འདི་ཚིག་བཞི་ལས་མེད་མོད་གོ་རྒྱུ་ཆེ་སྟེ་གནས་ཞེས་པ་བརྟན་པ་སྣོད་ཁང་ཞེས་པ་བཅུད་ཀྱི་སེམས་ཅན།  བྱི་བ་ནི་གད་སྙིགས་སམ་ཉོན་མོངས་སོགས་སྤོང་བ།  དོར་བ་ནི་ཉོན་མོངས་སྤངས་བའི་མཐོང་ལམ་རྣམ་གྲོལ་ལམ་ལ་གོ་ཚུལ་སོགས་བདེན་བཞིའི་གནད་ལེགས་པར་ཚང་།   དྲི་ཞིམ་ཆུས་ཆག་ཆག་འདེབས་པ་ནི་སྐྱེ་བ་གཞན་དུ་ཚུལ་ཁྲིམས་ལྡན་པའི་གནད་ཁྱད་པར་ཅན་ཡོད།  རང་ཅག་རྣམས་ནི་ས་སྐུ་སོགས་ལ་དེ་འདྲ་མཐོང་ཆེན་མེད་པར་ལི་མ་སོགས་རྒྱུ་སྤུས་ལེགས་པར་མཐོང་ཆེན་བྱེད་པ་ནི་ཆེས་མི་ལེགས།   སྔོན་ཇོ་བོ་ཆེན་པོ་འཇམ་པའི་དབྱངས་ཀྱི་སྐུ་ཞིག་ཕུལ་ནས་བྱོན་ལེགས་མིན་ཞུ་བར་ཁོང་གིས་འཇམ་པའི་དབྱངས་ཀྱི་སྐུ་ལ་མི་ལེགས་པ་མེད་ཀྱང་ལྷ་བཟོ་འབྲིང་ཙམ་ཞིག་རེད་གསུངས་ནས་དབུ་ལ་བཞག་པ་ལྟ་བུ་ཡིན་རྟེན་   བཤམས་ཚུལ་ཡང་སངས་རྒྱས་བྱང་སེམས་ཉན་རང་རྣམས་རིམ་བཞིན་གོ་རིམ་མ་འཁྲུལ་བར་བཤམས་དགོས་ཏེ་ཡོངས་འཛིན་འཇིགས་མེད་ཚང་གིས་གྲྭ་ཤག་ཤིག་ཏུ་སོང་ནའང་དེ་རྣམ་དཔྱོད་ཅན་ཡིན་མིན་རྟེན་བཤམས་ཚུལ་གྱིས་ཀྱང་ཤེས་གསུངས།   མཆོད་པ་གཡོ་མེད་པར་བཤམས་པ་ནི་གཡོ་སྒྱུ་མེད་པར་བཤམས་པ་སྟེ་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པ་ཞིག་དགོས་ལ་དེས་གོས་ན་དགེ་པར་མི་འགྲོ།  སྟན་བདེ་བ་ནི་རྒྱབ་མཐོ་ལ་མདུན་དམའ་བ་སྟེ་དེ་ཡིན་ན་ལུས་དྲང་བོ་ཡོང་ལ་ལུས་དྲང་རྩ་དྲང་བོར་འོང་།   རྩ་དྲང་ན་དེར་རླུང་རྒྱུ་བའི་དགོས་པ་ཡོད་པས་མར་བ་ལོ་ཙ་བས་བོད་ཀྱི་མན་ངག་ཟབ་ཟབ་ཐམས་ཅད་བསྡུས་ཀྱང་ངའི་བཞུགས་སྟངས་ཁོ་ན་ལའང་མི་དོ་གསུངས།  རང་རྒྱུ་ལ་བརྟག་ན་བདག་ལྟ་བུའི་ལོ་གོ་བཞི་ལ་སོན་དེ་ལོ་གཅིག་གམ་ཟླ་བ་གཅིགཉིན་གཅིག་གམ་ཐ་ན་ཐུན་གཅིག་ལ་དགེ་བ་གཙང་སང་ངེ་བ་ཞིག་བསྒྲུབས་པ་མི་དྲན།  དགེ་བཤེས་ཚུལ་ཁྲིམས་རྒྱལ་བས་བདག་གིས་ཉོན་མོངས་ཀྱི་སྒོ་ཁ་ན་གཉེན་པོའི་མདུང་ཐུང་བཟུང་ནས་སྒུག་ཡོད།  ཁོས་སྒྲིམ་ན་ངས་ཀྱང་སྒྲིམ།  ཁོས་གློད་ན་ངས་ཀྱང་གློད་གསུངས་ཤིང་ཁོང་གིས་རང་རྒྱུད་ལ་མི་དགེ་བ་ཞིག་སྐྱེས་ན་རྡེའུ་ནག་པོ་བཞག    དགེ་བ་སྐྱེས་ན་རྡེའུ་དཀར་བོ་བཞག་ནས་བརྟགས་པ་ལྟ་བུ་བྱེད་དགོས།རང་གི་མཐའ་སྐོར་དུ་འགྲོ་བ་རིགས་དྲུག་གསལ་འདེབས་དུས་དེ་ཐམས་ཅད་དུད་འགྲོ་དང་ཡི་དྭགས་སོགས་ངན་སོང་གི་རྣམ་པར་གསལ་འདེབས་པ་མ་ཡིན་པར་མིའི་རྣམ་པར་གསལ་འདེབས་དགོས་ལ་དེ་ཡང་གཞོན་པ་དང་ཡིད་དུ་འོང་བར་གསལ་བཏབས་ན་སྙིང་རྗེ་མི་སྐྱེས་པས་ལོ་ལོན་དང་བགྲེས་པོའི་རྣམ་པར་གསལ་འདེབས་དགོས  །   སྐྱབས་ཡུལ་གསལ་འདེབས་མཐོ་ན་གྱེན་དུ་ལྟ་དགོས་པས་བྱིང་རྨུགས་སྐྱེ་སླ་ཞིང་དམའ་ན་མ་གུས་པའི་ཉེས་པ་བསྐྱེད་པས་རང་གི་སྨིན་མཚམས་ཐད་ཀར་མདའ་གཅིག་གི་ཙམ་ལས་གསལ་འདེབས།  རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་དབྱིངས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི་གསལ་འདེབས་པ་ནི་སེང་གེ་རི་དྭགས་ཐམས་ཅད་ཀྱི་མཆོག་ཡིན་ཞིང་དེ་བརྒྱད་ཀྱིས་དབང་ཕྱུག་གི་ཡོན་ཏན་བརྒྱད་མཚོན་ལ།  དེ་སྟེང་དུ་བཞུགས་པའང་ཚོགས་གཉིས་ལས་གྲུབ་པ་སྟོན་པའོ།   ། ཡངས་པ་ནི་ཚོགས་ཞིང་དུ་མ་ བཞུགས་ཀྱང་ཤོང་ནུས་པ་སྟེ་སངས་རྒྱས་བྱང་སེམས་སོགས་སྟོང་གསུམ་གྱི་གྲངས་དང་མཉམ་པ་བཞུགས་ཀྱང་ཕན་ཚུན་གོ་མི་འགོག་ལྟ་བུ་ཡིན།  འོ་ན་རང་གི་ཁང་བ་ཆུང་བའི་ནང་དུ་ཇི་ལྟར་གསལ་འདེབས་ཤེ་ན་ཁབ་མིག་ལས་བལྟས་ན་རི་རབ་དང་བཅས་མཐོང་ བ་ལྟར་གསལ་འདེབས་དགོས ཁྲི་སྟེང་གི་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱིས་སོ་སོར་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པས་ངེས་འབྱུང་མཚོན།  ཟླ་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ཉི་མས་ཡང་དག་པའི་ལྟ་བ་སྟེ་ལམ་གྱི་གཙོ་བོ་རྣམ་གསུམ་མཚོན།  ལྷུང་བཟེད་བདུད་རྩིས་གང་བ་འཛིན་པ་ནི་དགེ་འདུན་གྱི་ཟས་ཕོངས་པ་མེད་པའི་རྟེན་འབྲེལ་ཡིན་ལ་སྟོན་པ་དགུང་ལོ་བརྒྱད་ཅུར་མྱ་ངན་ལས་འདས་པའི་ཚུལ་བསྟན་པའང་དེ་ཡིན།  དེ་ཁྱིམ་པ་རྣམས་ཀྱིས་སེན་མོའི་སྟེང་དུ་ཞིང་རྨོས་ཀྱང་རབ་བྱུང་བ་རྣམས་ལ་ཟས་ཀྱིས་ཕོངས་པར་མི་འགྱུར་ལ་འདི་ནི་ལོངས་སྤྱོད་ཁོ་ན་སྦྱོར་བ་མ་ཡིན་པར་ལུང་རྟོགས་ཀྱི་ཆོས་འཕེལ་བའི་རྟེན་འབྲེལ་དུའང་སྦྱོར་དགོས།  མདུན་དུ་དྲིན་ཅན་རྩ་བའི་བླ་མ་ལ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་བསྐོར་བ་ཞེས་པའི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་ཡིན་ན་རྩ་བའི་བླ་མ་ཡིན་པས་ཁྱབ་བམ་མ་ཁྱབ་རང་ལ་ཚིག་བཞི་ཙམ་ཁྲིད་པའི་ཕ་མ་ཡིན་ནའང་བླ་མར་ འཇོག་དགོས་པ་ནི་རྒྱུད་ལས། ཚིགས་བཅད་གཅིག་ཙམ་ཉན་པ་ལ།   །གང་ཞིག་བླ་མར་མི་འཛིན་པ།  །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས།  ། རྨེ་ཤ་ཅན་དུ་སྐྱེ་བར་འགྱུར།  ཞེས་པས་འགྲུབ་པས་ན་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་ཡིན་ན་རྩ་བའི་བླ་མ་ཡིན་པས་ཁྱབ་དགོས་ཚོད་རེད།  དེས་ན་འདིའི་རྩ་བའི་བླ་མ་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རེས་མོས་སུ་འཇོག་དགོས་སམ་དཔྱད།   བསྟན་སྲུང་རྒྱ་མཚོ་ཞེས་པའི་ཚིག་ལ་ཉམས་ཆེ་མོད་འདིར་བསྟན་སྲུང་ཡེ་ཤེས་ཟེར་བ་ལས་བསྟན་སྲུང་རྒྱ་མཚོ་མི་ཟེར་ཏེ་འདིར་འཇིག་རྟེན་པ་བཞག་མི་ཆོག   སྔོན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལ་གཅིག་གིས་ཞལ་ཐང་ཞིག་ཕུལ་བ་ལ་བཙན་ཞིག་བྲིས་པ་ཁོང་གིས་གཟིགས་ཏེ་འདིར་ནོར་བུ་ཞིག་འོས་ཞེས་གསུངས་པ་ལྟར་རོ།  །རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པོ་ཏིའི་རྣམ་པར་ཡོད་པར་གསལ་འདེབས་ལ་བླ་མ་གསུང་འབུམ་མེད་པ་དག་ལ་ཁོང་རྣམས་ཀྱི་རྒྱུད་ཀྱི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་གྱི་པོ་ཏིའི་རྣམ་པར་གདོང་དར་རང་ལ་གཏད་ནས་དེ་ལས།  བདུད་རྩིའི་རྒྱུན་འབབས་པའི་མོས་པ་འཛིན།ཕར་ཕྱིན་མཐའ་དཔྱོད་ལས།  ལུང་རྟོགས་ཀྱི་ཆོས་ཅིག་ཅར་དུ་སྐྱེས་པ་བཞེད་ཅིང་ལམ་རིམ་ལས་རིམ་ཅན་དགོས་པ་ལྟ་བུ་གསུངས་ཡོད།  ལུང་གི་བསྟན་པར་འཇུག་དུས་དེ་ལ་དམིགས་པའི་དད་པ་སོགས་དགོས་པས་ཅིག་ཅར་དུ་སྐྱེས་པ་ཆོས་གྲྭའི་ཁས་ལེན་གྱི་རྒྱུན་ཡིན། དེ་བཞིན་གཤེགས་པ་ཞེས་པའི་དེ་བཞིན་ནི་ཟབ་མོ་སྟོང་བ་ཉིད་དང་གཤེགས་པ་ནི་རྟོགས་པ་སྟེ་འདི་ལས་སངས་རྒྱས་ཐམས་ཅད་ཀྱི་ཆེ་བ་བརྗོད་པ་གལ་ཆེ།   སྔོན་ལྟུང་བཤགས་ཀྱི་མགོ་ན་མ་གཏོགས་དེ་བཞིན་གཤེགས་པ་ཞེས་པའི་ཚིག་མེད་ཀྱང་རྗེ་རིན་པོ་ཆེས་འོལ་ཁ་ཆོས་ལུང་དུ་ཉམས་བཞེས་མཛད་དུས་ཚང་མའི་མགོར་དེ་བཞིན་གཤེགས་པ་སྦྱར་བ་ཡིན། སྐྱབས་འགྲོ་ནི་འགྲོ་མགོན་འཕགས་པས་གསུངས་ལ་སངས་རྒྱས་ཆོས་ཚོགས་མ་ཇོ་བོའི་གསུང་རེད།  རི་བོ་དགེ་ལྡན་པས་འགྲོ་མགོན་འཕགས་པའི་གསུངས་པའི་སྐྱབས་འགྲོ་འདིར་གལ་ཆེན་དུ་འཛིན།  ཆོས་ཕུང་ལ་བཤད་ཚུལ་མང་མོད་འདོད་ཆགས་ལ་སྤྱོད་པ་ཉིས་ཁྲི་ཆིག་སྟོང་།   ཞེ་སྡང་ལ་སྤྱོད་པ་ཉིས་ཁྲི་ཆིག་སྟོང་། གཏི་མུག་ལ་སྤྱོད་པ་ཉིས་ཁྲི་ཆིག་སྟོང་ཏེ་སྡེ་སྣོད་གསུམ་རེ་རེའི་ཆར་གཏོགས་པའི་ཉིས་ཁྲི་ཆིག་སྟོང་རེ་ཡོད།   དེ་བཞིན་གཤེགས་པ་ཐམས་ཅན་ཀྱི་ངོ་བོར་གྱུར་པ་ནི་རྩ་བའི་བླ་མ་དང་སོ་སོ་སྐྱེ་བོ་ལས་འཕགས་པ་སྟེ་ཕར་ཕྱིན་རང་ལུགས་ལ་བདག་མེད་ཕྲ་རགས་མངོན་སུམ་དུ་རྟོགས་པས་བཞག་ཆོག་མོད་འདིར་བདེན་སྟོང་མངོན་སུམ་དུ་རྟོགས་པའི་སྒོ་ནས་འཇོག་པས་སོ་སྐྱེ་དང་ཚོགས་ལམ་པ་མེད་ཀྱང་བྱང་སེམས་སོ་སྐྱེ་དང་ཚོགས་ལམ་པ་ཡོད་དེ་དེ་དག་འཕགས་པ་ཕུང་སུམ་པ་ཡིན་པའི་ཕྱིར།བླ་མ་ཞེས་པ་ནི་བླ་ན་མཆིས་པ་ཞེས་པ་ཡིན་པས་མ་དགག་ཚིག་མིན་ཏེ་བླ་མའི་སྐད་དོད་གུ་རུ་ཡིན་ཏེ་བོད་སྐད་ལ་བསྒྱུར་ན་ལྕི་བ་སྟེ་དེ་དོན་བསྒྱུར་གྱིས་བླ་མར་བསྒྱུར།  བླ་མ་ལ་སྐྱབས་སུ་མཆིའོ།  ། ཞེས་པའི་ལ་སྒྲ་ནི་དགོས་ཆེད་དང་སུ་རྣམ་དབྱེ་གང་ཡིན་ལ་རྟོག་དཔྱོད་གཏོང་རྒྱུ་གལ་ཆེ།  མཆི་ནི་གཚྩ་སྟེ་སོང་བའི་དོན་ཡིན།བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་སྟེ་སྐྱོན་རྟོག་འགོག་དགོས་པས་གོང་དུ་བླ་མའི་ཆེ་བ་བཤད་པའི་དོན་ཡང་དེ་ཡིན།བདུད་རྩིའི་སྐད་དོད་ཨ་མྲི་ཏ་སྟེ་ཨ་ནི་དགག་སྒྲ་དང་མྲི་ཏ་འཆི་བ་ལ་འཇུག་པས་འཆི་མེད་པ་ཞེས་པའི་དོན་ཡིན་ལ་འདིར་བདུད་རྩི་འབེབ་སྦྱངས་བྱེད་པ་ནི་སྔགས་ལུགས་དང་འབྲེལ་བ་སྟེ་མདོ་ལ་འོད་ཟེར་སྤྲོ་བསྡུ་མ་གཏོགས་མེད། དབེན་ས་བ་བློ་བཟང་དོན་འགྲུབ་ཀྱིས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་གི་གོ་འཕང་བརྙེས་པའང་བླ་མའི་རྣལ་འབྱོར་ལ་བརྟེན་པ་ཡིན།   བཀའ་གདམས་གོང་མ་རྣམས་ཀྱིས་རྗེ་བཙུན་མ་དམར་ནའང་དམར།  འཇམ་པའི་དབྱངས་སེར་ནའང་སེར།  ང་བླ་མའི་སྣང་བ་དང་འབྲལ་མ་མྱོང་གསུངས།   བླ་མ་གོང་དུ་འཇོག་པ་ནི།  བླ་མ་མེད་པའི་གོང་རོལ་ན།  ། སངས་རྒྱས་བྱ་བའི་མིང་ཡང་མེད། ། བསྐལ་སྟོང་གི་སངས་རྒྱས་ཀྱང་།  །བླ་མ་དག་ལ་བསྟེན་ནས་བྱུང་།ཞེས་གསུངས་པ་ལྟར་རོ།  །སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པའི་སངས་རྒྱས་ནི་བདག་ཅག་གི་སྟོན་པ་ཤྭཀྱ་ཐུབ་པ་ཁོ་ན་མ་ཡིན་པར་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་གོ་དགོས།  སངས་རྒྱས་ཞེས་པ་འདི་ལ་གོ་རྒྱུ་ཆེ་སྟེ་སངས་པ་ནི་སྒྲིབ་གཉིས་ལས་སངས་པ་སྟེ་སྤངས་པ་ཕུན་ཚོགས་སྟོན།  རྒྱས་བ་ནི་ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པ་སྟེ་རྟོགས་པ་ཕུན་ཚོགས་སྟོན།  དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ ད་ལྟའི་དུས་འདིར་དངོས་སུ་མེད་ཀྱང་འདྲ་སྐུ་སོགས་བཤིགས་པ་དང་བླ་མ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དེ་དང་ཆ་འདྲ་བ་ཡིན།   ཆོས་བླུས་ནས་གཞན་ལ་བཙོང་བའི་ཡོན་རང་གིས་སྤྱད་ན་ཉེས་པ་ཆེ་ཞིང་དེང་སང་བཀའ་བསྟན་ལ་སོགས་བཙོང་བ་དེ་ཡང་ཤིན་ཏུ་མི་རུང་བ་ཡིན།   འདྲ་སྐུ་འདི་འབྱོན་ལེགས་དང་མི་ལེགས་ཞེས་ལེགས་ཉེས་བརྟགས་པའང་མི་རུང་ལ་མཆོད་རྟེན་བཤིགས་པ་མཆོད་རྟེན་དངོས་ཡིན་ནའང་ས་སོགས་ཀྱི་དབྱིབས་བྱས་ནས་བཤིགས་ནའང་ཉེས་པ་བསྐྱེད།   གཅིག་ལ་ཕྱག་བྱས་ན་ཕན་ཡོན་མཐའ་མེད་པ་བཞིན་སངས་རྒྱས་གྲངས་མེད་པ་ཕྱག་བྱས་ན་དེ་དང་མཉམ་པའི་ཕན་ཡོན་འབྱུང་བས་དམ་པ་གོང་མ་རྣམས་ཀྱིས་སངས་རྒྱས་ནམ་མཁའ་བཀང་བ་ལ་ཕྱག་འཚལ་ལོ་ཞེས་ཕྱག་བཞེས་གནང་།ཆོས་ལ་ཕྱག་འཚལ་ཞེས་པའི་ཆོས་ལ་དཔེ་ཆ་ཁོ་ན་འཇོག་པ་མ་ཡིན་པར་སངས་རྒྱས་ཀྱི་རྒྱུད་ཀྱི་སྤངས་པ་ཕུན་ཚོགས་དང་རྟོགས་པ་ཕུན་ཚོགས་སྟེ་རང་དོན་གྱི་སྐུ་གཉིས་ཀྱང་འཇོག ཆོས་ནི་འཛིན་པ་སྟེ་རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད་དུ་བཤད་པ་ནི་རང་རྟོགས་པའི་བློས་རང་གི་ངོ་བོ་འཛིན་པ་ལ་བཤད་པ་བཞིན་འདིས་ནི་ལམ་གོང་མ་གོང་མར་ཁྲིད་པ་སྟེ་འཛིན་པས་ན་འཛིན་པ་ཟེར།  ཆོས་པོ་ཏི་རྣམས་ལས་བདུད་རྩིའི་རྒྱུན་བབས་ཞེས་པའི་སྐབས་སུ་སྤངས་རྟོགས་ཀྱི་ཡོན་ཏན་གླེགས་བམ་གྱི་རྣམ་པར་ཤར་ཞིང་དེ་ཡང་གདོས་བཅས་ཀྱི་རང་བཞིན་མ་ཡིན་པར་འོད་ཀྱི་རང་བཞིན་དུ་བསྒོམ།  དེང་སང་བཀའ་བསྟན་མང་དུ་ཡོད་པ་ནི་ཚོང་རྒྱག་པའི་ཕྱིར་ཡིན་པས་གསུང་རབ་ཟོང་དུ་བྱས་པ་ཡིན་ལ་དེའི་ཡོན་དགེ་འདུན་གྱི་ཞལ་དུའང་འགྲོ་མི་རུང་བའི་ལོག་འཚོར་གསུངས་པས་དེ་ནི་ལོག་འཚོ་ལས་ཀྱང་ཆེས་ལོག་འཚོར་འགྲོ།      གསུང་རབ་རྣམས་ས་སྒྲེ་མོ་དང་དམའ་སར་འཇོག་མི་རུང་སྟེ་གལ་ཏེ་འཇོག་དགོས་བྱུང་ན་བླ་མ་རྣམས་ཀྱིས་རས་བཏིང་ནས་འཇོག་པའི་ཕྱག་ལེན་ལྟར་ལག་ལེན་དོག་མཐའ་ནས་འཛིན་དགོས་ཞེས་བླ་མ་གོང་མ་རྣམས་ཀྱིས་ཡང་ཡང་གསུངས་ཤིང་རྗེ་བསྟན་པའི་སྒྲོན་མེས་ཀྱང་།   ཅི་སྐྱོན་ཅི་སྐྱོན་རང་བྱས་ན།  ། འདི་སྐྱོན་དམྱལ་བ་ནས་བསྟན་འོང་ །  ། ཞེས་གསུངས་པ་ལྟར་རོ། ། དེ་དག་ལ་འགོམ་པ་ཕར་ཞོག་བླ་མའི་གྲིབ་མའང་འགོམ་མི་རུང་།  དགེ་འདུན་ནི་ དགེ་བ་ལ་འདུན་པ་སྟེ་དོན་དམ་པའི་དགེ་འདུན་དཀོན་མཆོག་ནི་དགེ་འདུན་དཀོན་མཆོག་དང་སངས་རྒྱས་དཀོན་མཆོག་གཉིས་པ་ཡིན།   ཚོགས་ཞིང་གི་གྲས་སུ་ཉན་ཐོས་འཕགས་པའང་འགྲོ་བ་གནས་བརྟན་བཅུ་དྲུག་ལྟ་བུ་ཡིན་ཞིང་སྤྱིར་སོ་སྐྱེ་མི་འགྲོ་ནའང་ཉན་རང་དགྲ་བཅོམ་སྔོན་སོང་གི་བྱང་སེམས་ཚོགས་ལམ་པ་འགྲོ་སྟེ་དེ་བྱང་སེམས་སོ་སྐྱེས་ཡིན་ནའང་འཕགས་པ་ཕུང་སུམ་པ་ཡིན་པས་སོ།  །  སངས་རྒྱས་བྱང་སེམས་སོགས་ལས་བདུད་རྩིའི་རྒྱུན་བབས་པས་རང་གཞན་སེམས་ཅན་ཐམས་ཅད་དེ་འགྲོ་བ་རིགས་དྲུག་སོགས་སེམས་ཅན་གྲངས་མེད་པའི་ལུས་སེམས་ལ་ཞུགས་པར་བསམ།   དཀོན་མཆོག་ལ་མཆོད་མེ་བསྒྲོན་ཏེ་ཉལ་བ་དང་དཀོན་མཆོག་ལ་མཆོད་པའི་སྤོས་ཙམ་བསྣམས་ནའང་དཀོན་མཆོག་གི་དཀོར་ལ་སྤྱད་པ་ཡིན།  དགེ་འདུན་གྱི་དཀོར་ནི་ས་ལ་འཕོས་ན་ས་འགས།  རྡོ་ལ་འཕོས་ན་རྡོ་འགས་པ་ཡིན་པས་ཚུལ་ཁྲིམས་འཆལ་བ་ཕར་ཞོག་ཚུལ་ཁྲིམས་རྣམ་པར་དག་པས་ཀྱང་སྤྱོད་མི་རུང་བ་ཡིན་ཏེ།  བླ་བྲང་རྒྱུད་པར་ཐུག་ལྷག་སར་འཕོ་བའང་དེའི་དོན་ཡིན།  སྐྱབས་འགྲོ་སུམ་སྐོར་ནི་སངས་རྒྱས་དང་ཆོས་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་སྟེང་དུ་བླ་མ་བསྣན་ན་བཞི་སྐོར །   དེ་སྟེང་དུ་ཡི་དམ་དཀྱིལ་འཁོར་བསྣན་ན་ལྔ་སྐོར།  དེ་སྟེང་དུ་དཔལ་མགོན་དམ་པ་བསྣན་ན་སྐྱབས་འགྲོ་དྲུག་སྐོར་ཡིན་ནོ། །བདུད་རྩི་འབེབས་སྦྱངས་ནི་སྔགས་ཀྱི་ཐུན་མོང་མ་ཡིན་བའི་ལུགས་ཡིན་མདོ་རྐྱང་བ་བྱེད་ན་འོད་ཟེར་འབྱེད་བསྡུ་བྱེད་དགོས་པ་ཡིན་ནོ།   །སྤྱིན་པ་དང་སྦྱིན་པའི་ཕར་ཕྱིན་གཉིས་ལ་མུ་བཞི་ཡོད་དེ་སྦྱིན་པ་ཡིན་ལ་སྦྱིན་པའི་ཕར་ཕྱིན་མ་ཡིན་པ་ཉན་རང་གི་སྦྱིན་པ།  སྦྱིན་པའི་ཕར་ཕྱིན་ཡིན་ལ་སྦྱིན་པ་མ་ཡིན་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས།   གཉིས་ཀ་ཡིན་པ་བྱང་ཆུབ་སེམས་དཔའི་སྦྱིན་པ།  གང་ཡང་མ་ཡིན་པ་ཉན་རང་གི་རྒྱུད་ཀྱི་ཤེས་རབ།   ཚོགས་གཉིས་ཉན་རང་གི་རྒྱུད་ན་མེད་ཀྱང་སེམས་བསྐྱེད་ཁ་མའི་རྒྱུད་ན་ཚོགས་ཙམ་ཡོད།  ཐུབ་པའི་དབང་བོ་སྐུ་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ཉིད་ལ་ཐིམ་པས་རང་ཉིད་ཀྱང་ཐུབ་པའི་དབང་བོའི་སྐུར་ལམ་གྱིས་གྱུར་ཞེས་པ་འདི་མདོ་ལུགས་ལ་མེད་ཀྱང་འདིར་སྔགས་ལུགས་ཀྱི་དབང་དུ་བྱས་པ་ཡིན།  དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།  ཞེས་སོགས་ཚིགས་སུ་བཅད་པ་འདི་ནི་གུར་ནས་འབྱུང་བའི་རྒྱུད་ཕྱག་སྟེ་འདིའི་ཡན་ལག་བདུན་ནི་སྤྱིར་བཏང་གི་ཡན་ལག་བདུན་པ་དང་མི་འདྲ་སྟེ་སྐྱབས་འགྲོ།  སྡིག་བཤགས།  ཡི་རང་ །  སྨོན་སེམས་།  འཇུག་སེམས །  སྤྱོད་པ་ཁས་ལེན།  བསྔོ་བ་བདུན་ལ་བྱེད་པར་ངེས་པ་དོན་གྱི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་པཎྚྀཏ་འཇིགས་མེད་དབང་བོའི་ཞལ་སྔ་ནས་ཀྱིས་གསུངས་ཞེས་དབལ་མང་སྐྱབས་ཁྲིད་དུ་གསུངས།  རང་དང་མཉམ་པའམ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ལ་ཡི་རང་བྱས་ན་དེའི་ཕན་ཡོན་ཆ་ཚང་མི་ཐོབ་ཀྱང་ཆ་འདྲ་བ་ཐོབ།རྒྱལ་བོ་གསལ་རྒྱལ་གྱིས་བསྟོན་པ་འཁོར་དང་བཅས་པ་སྤྱན་དྲངས་ནས་བསོད་སྙོམས་དྲངས་པས་སྦྲང་བོ་ཞིག་དེ་ལ་རྗེས་སུ་ཡི་རངས་བྱས་པས་དགེ་བ་དེ་ལ་བསྔོས་པ་ལྟ་བུ་རེད།  ཚད་མེད་བཞི་ནི་ཕྱི་རོལ་བའི་རྒྱུད་ནའང་ཡོད་ཀྱང་འདི་ནི་སྐྱབས་འགྲོས་ཟིན་པའི་ཚད་མེད་བཞི་སྟེ་དཔེར་ན་བསླབ་པ་གསུམ་ཕྱི་རོལ་བའི་རྒྱུད་ནའང་ཡོད་ཀྱང་ལྷག་པའི་བསླབ་པ་གསུམ་ནི་སྐྱབས་འགྲོས་ཟིན་པ་ལ་བྱ་བ་བཞིན་ནོ།  ། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་བར་གྱུར་ཅིག་སྙམ་པ་དེ་ཡིན་ལ་བྱམས་པ་ནི་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་པ་དེ་ཡིན་པས་ཨ་ལགས་བླ་ཁོ་རིན་པོ་ཆེས་བྱམས་སྙིང་རྗེ་གཉིས་ཕར་བསྐོར་ཚུར་བསྐོར་ཡིན་གསུངས།སྙིང་ རྗེ་མངོན་དུ་གྱུར་ན་བྱམས་པ་ཤུགས་ལ་འབྱུང་ཞིང་བྱམས་པ་མངོན་དུ་གྱུར་ན་སྙིང་རྗེ་ཤུགས་ལ་འབྱུང་།  དགའ་བ་ཚད་མེད་ནི་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག་ཅེས་པ་ཡིན་ལ་བཏང་སྙོམས་ནི་ཉེ་རང་ཆགས་སྡང་གཉིས་དང་བྲལ་བའིག་བཏང་སྙོམས་ལ་གནས་པར་གྱུར་ཅིག་མོས་པ་ཡིན་ནོ།  ། འདི་ཤིན་ཏུ་སྐྱེ་དཀའ་སྟེ་སེམས་ཅན་ཐམས་ཅད་རང་གི་མ་གཅིག་པ་ལྟ་བུའི་འདུ་ཤེས་ཤིག་མེད་ན་མི་སྐྱེས་ཤིང་བྱང་སེམས་གྱི་ལམ་གང་ལའང་དགོས་གལ་ཆེ།   གང་གི་རྟེན་ཅིང་འབྲེལ་བར་འབྱུང་།  ཞེས་པའི་ཚིགས་བཅད་འདི་རྩ་ཤེས་མཆོད་བརྗོད་དེ་ཟབ་མོ་སྟོང་བ་ཉིད་ལ་བག་ཆགས་འཇོག་ཕྱིར་བཀོད་ཅིང་ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པ་ནི་མངོན་རྟོགས་རྒྱན་གྱི་མཆོད་བརྗོད་ཡིན་ཏེ་ཉན་ཐོས་ནི་ཐེག་ཆེན་གྱི་ཆོས་ཉན་ཞིང་གཞན་ལ་སྒྲོགས་པ་ལ་བྱ།  ཉེར་ཞི་སྡུག་ཀུན་རགས་པ་ཞི་བའི་ཉེར་ཞི་སྟེ་འདི་ནི་རྣམ་བཞག་རྟེན་གྱི་དབང་དུ་བྱས་སོ།  །དེ་ལྟར་ཟབ་རྒྱས་ཀྱི་ལམ་ལ་བག་ཆགས་འཇོག་ཕྱིར་བཀོད་།  རྟོག་པའི་དྲ་བ་ཞེས་པ་ནི་རྣམ་འགྲེལ་གྱི་མཆོད་བརྗོད་ཡིན་ཏེ་རྟོག་པ་ཉོན་སྒྲིབ།  དྲ་བ་ཤེས་སྒྲིབ་།  ཟབ་པ་སྟེ་ཐེག་ཆེན་ གང་ཟག་གི་སྤྱོད་ཡུལ་ཡིན་ལ།   རྒྱ་ཆེ་བ་ཆོས་འཁོར་བསྐོར་བའི་སྤྲུལ་སྐུའོ།  ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་ཞེས་པ་མ་མགེདྷ་བཟང་མོས་གསུངས།  ཇི་ལྟར་བལྟམས་པ་ནི་རབ་གནས་རྒྱུད་ཀྱི་ཚིག་ཡིན་བདག་ཅག་གི་སྟོན་པ་འཁྲུངས་དུས་ལྷ་རྣམས་ཀྱིས་ཁྲུས་བྱས་པ་ལྟར་ལྷ་རྣམས་ལ་ཁྲུས་བྱས་ནས་རང་གི་སྡིག་པ་སྦྱོང་བའོ།  །འོ་ན་ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུས་ཤིང་།  །   འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།  ། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་པས།  ། ཆོས་ཉིད་བདེན་པ་མཐོང་བས་གྲོལ་བར་འགྱུར།  །  ཞེས་གསུངས་པ་མ་ཡིན་ནམ་ཞེ་ན་ཆུ་བོ་གང་ག་ སྡིག་པ་སྦྱོང་བའི་ཐབས་སུ་རིག་བྱེད་གཏམ་རྒྱུད་ལ་གྲགས་ཤིང་ཆུ་གཉེན་པོའི་རྣམ་པར་ཤར་ནས་བཀྲུས་པ་ཡིན་ནོ།། གུང་ཁྲན་ཏང་གི་འོག་ཏུ་སྡོད་པ་ལ་གུང་ཁྲན་ཏང་གི་བཅའ་ཁྲིམས་བརྩི་དགོས་པ་བཞིན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེའི་བསླབ་བྱ་ཚུལ་བཞིན་དུ་བསྲུང་དགོས་སོ།  ། དེ་ཡང་རབ་བྱུང་བས་སྡོམ་པ་ངོས་མ་ཟིན་ན་དེ་དང་འགལ་འགྲོ་བ་བཞིན་ནོ།། བྱིས་པ་དག་རབ་ཏུ་བྱུང་བ་ལ་དེའི་རྒྱུད་ན་སྐྱབས་འགྲོ་རྣམ་དག་མེད་པས་དེ་དག་གི་རྒྱུད་ན་སྡོམ་པ་ཡོད་མེད་དཔྱད་བྱ་ཆེ།   སྐབས་གསུམ་པ་ནི་སྔོན་དུ་གང་དུ་སྐྱེས་པ་དང་ད་ལྟ་གང་དུ་ཡོད་པ།   ཕྱི་མར་གར་སྐྱེ་ཤེས་པ་ལ་བྱ།  ཁྱིམ་པ་སོགས་ཐང་ནས་གཉིད་ན་མི་མ་ཡིན་གྱིས་གནོད་འཚེ་བྱས་ཏེ་ན་རྒྱུ་མང་བ་ནི་སྐྱབས་འགྲོ་མེད་པའི་རྟགས་རེད།  སྐྱབས་འགྲོ་རྣམ་དག་ཡོད་ན་སུས་ཀྱང་གནོད་མི་ཚུགས་པ་ཁ་ཚོད་ཆོད།  སྔོན་རྐུན་མ་ཞིག་ཁྱིམ་ཞིག་སྒོ་ནས་བདག་པོར་རྒྱུ་ནོར་བྱིན་ཞེས་པས་དེས་སྒེའུ་ཁུང་ལ་ལག་པ་བསྲིངས་དང་སྟེར་ཞེས་པ་བཞིན་རྐུན་མས་ཀྱང་དེ་བཞིན་བྱས་པས་བཟུང་སྟེ་སངས་རྒྱས་ལ་སྐྱབས་སུ་མཆིའོ།  ། ཞེས་དབྱུ་གུ་གཅིག་བཞུས།  དེ་བཞིན་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ།   །ཞེས་རེ་རེ་བཞུས་ཏེ་བཏང་།   ཁོས་དཀོན་མཆོག་གསུམ་བཟུང་བ་ལ་དེ་ལས་མང་ན་བདག་ཤི་འགྲོ་ཞེས་བཤད།   དེང་སང་གི་གཞི་བདག་དག་ནི་ཡི་དྭགས་ཡིན་པས་ངན་འགྲོ་ཁོངས་སུ་གཏོགས།   དེས་ན་བདག་ཅག་དེ་ལ་སྐྱབས་སུ་འགྲོ་བ་ནི་བདེ་འགྲོས་ངན་འགྲོ་བར་སྐྱབས་སུ་སོང་བ་ཡིན་པས་ སྐྱབས་འགྲོ་གོ་ལོག་པ་ཡིན།   རང་ཅག་བྱིས་པ་ཆུང་ངུ་ནས་རབ་ཏུ་བྱུང་བཅུག་ཏེ་སྐྱབས་འགྲོའི་བསླབ་བྱའང་ཚུལ་བཞིན་དུ་མི་སློབ་ཅིང་གཞུང་ལུགས་ལ་ཐོས་བསམ་མི་བྱེད་པར་གྲོང་ཆོག་སྐོར་སློབ་པ་སྐྱབས་འགྲོ་ལོག་པ་ཡིན་ནོ།  ། ཨ་ལགས་བླ་ཁོ་རིན་པོ་ཆེས།      རང་ཅག་རྣམས་ནི་སྒོ་ལ་ཟྭ་བརྒྱབས་ནས་གཞན་དུ་སོང་ན་བློ་བདེ་ལྷང་ངེར་ཡོང་ནའང་ཟྭ་མ་བརྒྱབས་ན་ངའི་སྒོར་ཟྭ་བརྒྱབས་མེད་དཀོན་དཀོན་མཆོག་མཁྱེན་ཟེར་པའང་བློ་མི་བདེ་བ་ནི་རྒྱུད་ལ་སྐྱབས་འགྲོ་རྣམ་དག་ཅིག་མེད་པའི་རྟགས་ཡིན།  ཀུན་དགའ་ར་བ་ཡོད་ན་གཙུག་ལག་ཁང་གི་རྒྱན་དུ་འགྲོ་བ་བཞིན་ལུང་གི་ཆོས་ཡོད་ན་རང་གི་བློའི་རྒྱན་དུ་འགྲོ་ཞིང་སྔོན་མི་ཉེས་ཅན་རྒྱལ་བྱེད་ཚུལ་དུ་ཕྱིན་པས་གཞན་གྱིས་གནོད་བྱེད་མི་ཆོག་པས་རྒྱུད་ལས་བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ།   དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ།   །  སྲིད་པའི་འབྱོར་བ་ཟིལ་གྱིས་གནོན་པའི་མཆོག །  གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི།  ཞེས་གསུངས།   སྲིད་པའི་འཁོར་ལོ་ཆ་ལྔ་བའི་ལོ་རྒྱས་གསུངས།  ཚུལ་ཁྲིམས་འཆལ་བ་ལའང་གནོད་པ་བྱས་མི་ཆོག་སྟེ་མེ་ཏོག་ཙམ་པ་ཀ་ནི་རྒས་གྱུར་ཅིང་།   །མེ་ཏོག་ཕལ་བ་རྣམས་ཀྱིས་དོ་ཟླ་མིན།  །ང་ཡི་ཉན་ཐོས་ཚུལ་ཁྲིམས་ཞིག་གྱུར་ཀྱང་ །  །སྐྱེས་བོ་ཕལ་བ་རྣམས་ཀྱིས་དོ་ཟླ་མིན་གསུངས།   དེང་སང་མར་དང་རྩམ་པ་མི་བཟང་བ་མཆོད་པ་ཕུལ་བ་ནི་རང་གིས་རང་མགོ་བསྐོར་བ་ཡིན་ཏེ།   བཀའ་གདམས་པས།   ཐུལ་གྱི་སྔོ་ས་ལོ་མའི་སེར་ས།   ཞེས་གསུངས་པ་ལྟར་རོ།  ། བོན་པོ་ནི་ཁོང་ཆོས་ལྷ་སྟག་ལྷ་མེ་འབར་ཟེར་བར་པད་འབྱུང་ཤཱག་ཐུབ་བསྣོལ་བའི་གདན་སྟེང་ན་ཟེར་བ་བཞིན་བདག་ཅག་གི་སྟོན་པ་གདན་དུ་བཏིང་བ་ཞིག་ཡིན་ན་དེའི་བསྟན་པའང་སྐྱབས་སུ་མི་རུང་ངོ་།།སྔོན་མཚོ་སྔོན་མདའ་གཞིར་རྟ་ཞིག་ལག་བརྡིབས་བྱུང་ནའང་རྗེ་ཙོང་ཁ་བས་མཁྱེན་དང་ཞབས་དྲུང་དཔའ་མགོན་གྱིས་མཁྱེན་ཟེར །བླ་བྲང་ས་ཆ་ནས་སྐྱབས་མགོན་ཚང་གིས་མཁྱེན་ཟེར།  རང་རེའི་ས་ན་ཨ་མྱེས་བྲག་དཀར།  དམ་ཅན །     ཡུལ་ལྷ་ཞེས་ཟེར། རྒྱུན་དུ་ཁ་ནས་དཀོན་མཆོག་མཁྱེན་ཟེར་བའང་ཕན་པ་རྒྱ་ཆེན་པོ་ཡོད།  ཤི་ཁར་གནད་གཅོད་ཆེན་པོ་ཞིག་བྱུང་ནའང་དཀོན་མཆོག་མཁྱེན་ཞེས་ཟེར་རྒྱུ་བྱུང་ན་དེའི་སྟོབས་ཀྱིས་ཕྱི་མར་ངན་སོང་དུ་མི་སྐྱེས།སྤྱིར་དཔེ་ཆ་བལྟས་ན་གལ་ཆེ་སྟེ་ལོ་ལོན་ཚོས་ང་རང་ཚོ་ལོ་ལོན་ཟིན།   ཁྱེད་ཚོས་དཔེ་ཆ་ལྟོས་དང་ངས་དཔེ་ཆ་ཤེས་ནི་མ་རེད་ཟེར།  མི་ཤེས་པ་སངས་རྒྱས་རག་བར་དུ་ཡོད།  ནངས་ཀ་སངས་རྒྱས་ནའང་དེ་རིང་སློབ་གཉེར་བྱེད་དགོས། དེ་སྟབས་ཀྱིས་གཞུང་ཤེར་ཕྱིན་ལ་ཐོས་བསམ་དང་ལམ་ཤེར་ཕྱིན་ལ་ཉམས་ལེན་ཞེས་པ་བཞིན་ཤེར་ཕྱིན་ལ་སངས་མ་རྒྱས་བར་དུ་ཉམས་ལེན་བྱ་དགོས་པའི་ཕྱིར་ཞེས་གསུངས་པ་ལྟར་རོ་ཉམས་ལེན་ངེས་ཅན་དུ་དགོས།ཟ་རྒྱུ་འཐུང་རྒྱུ་ཞིག་ཡིན་ན་བྱིས་པ་ཚོ་ཁྱེད་ཚོས་ཐུངས་ང་ལོ་ལོན་ཟིན་ངས་མི་འཐུང་མི་ཟེར། དཔེ་ཆ་ཞིག་བལྟས་ན་ཚང་མས་དེ་འདྲ་ཟེར་ཅིང་ང་སྐལ་ཡོད་ནི་རེད་ཟེར་མོད་སྐལ་ཡོད་དེ་མ་མཐའ་ལམ་རིམ་བློ་སྦྱོང་རེ་བལྟས་ནས་ཤོག་ངོས་རེ་ན་ཅི་ཞིག་བཤད་ཡོད་པར་བལྟས་ན་རང་གི་སེམས་རྣམ་གཡེང་གི་དབང་དུ་མི་འགྲོ།  དེང་སང་ཁ་ནས་བཏོན་ཏེ་ཞེས་ལག་པས་ཕྲེང་བ་ལྔ་དྲུག་རེ་འཕངས་ནས་སེམས་རྣམ་པར་གཡེང་ན་གོ་མི་ཆོད་དེ་རྗེ་བླ་ཁོ་རིན་པོ་ཆེས།སེམས་རྣམ་པར་གཡེང་བའི་བཟློས་བརྗོད་ལས།  ། དཔེ་གཟིགས་བཟང་། ། གསུངས་པ་ལྟར་དཔེ་ཆ་རེ་བལྟས་ན་བློ་དཔེ་ཆའི་སྟེང་གི་ཚིག་དེའི་སྟེང་ལ་འཁོར་བར་དོན་མི་ཤེས་ནའང་རྣམ་གཡེང་གི་དབང་དུ་མི་འགྲོ།   རྗེ་ཉི་མ་ཐང་བ་ཤེས་རབ་སྦྱིན་པ་དང་།  ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་དཔེ་ཆ་བལྟས་ནས་རྟོགས་པ་མཐོན་པོར་སོང་བ་ཡིན་པས་ཐམས་ཅད་ཀྱི་དཔེ་ཆ་རེ་བལྟ་བ་གལ་ཆེ།   ཆོས་རྣམ་པར་དག་པ་ཞིག་བསྒྲུབ་རྒྱུ་ནི་རང་གི་ཀུན་སློང་ལ་རག་ལས་པས་ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་གང་ཟག་ཐེག་པ་ཆེན་པོ་འགྲོ་ངེས་པ་ཞེས་པ་ལྟར་ཆོས་དང་རང་གི་རྒྱུད་ཐོ་ཐུག་དགོས།དེ་མིན་ན་ཕྱི་རོལ་བས་མ་ཎི་བཏོན་ན་ཆོས་ཡིན་ན་ཅིས་མི་ཆོག་ཏེ་ཕྱི་རོལ་བས་མ་ཎི་བཏོན་ན་ ཆོས་ཞེས་གསུངས།  དེའི་སྟབས་ཀྱིས་ངས་ཁ་སང་བཤད་པ་བཞིན་ཕྱི་རོལ་བའི་ངག་དུ་གྱུར་བའི་བརྒྱད་སྟོང་བ་དེ་བརྒྱད་སྟོང་བ་ཡིན་པར་ཐལ་ལོ་གསུངས།  བླ་རྒན་དག་གིས་ང་རྒས་སོང་། ད་དཔེ་ཆ་མི་ཤེས།   དེ་བས་མ་ཎི་འདོན་ཟེར་གྱིན་འདུག་མ་ཎི་ཟེར་བ་དེ་ཕྱི་མ་དོན་གཉེར་གྱི་བློས་ཟིན་ན་སྐྱེས་བུ་ཆུང་ངུའི་ཆོས་སུ་འགྲོ།  ཐར་བ་དོན་གཉིར་གྱི་བློས་ཟིན་ན་སྐྱེས་བུ་འབྲིང་གི་ཆོས་སུ་འགྲོ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་སར་འགོད་འདོད་ཀྱི་བློས་ཟིན་ན་སྐྱེས་བུ་ཆེན་པོའི་ཆོས་སུ་འགྲོ།   དེ་མིན་ན་དུང་ཕྱུར་གཅིག་བཏོན་ཀྱང་སྡུག་གྱོང་རེད།  དེང་སང་སྒྲ་ཐག་གིས་མདོ་གདུགས་འདོན་པ་ལ་སྐུ་རིམ་ཚབ་བྱེད་པ་ནི་རང་མགོ་རང་གིས་གཡོགས་ན་ཏོབ་གྱི་ལི་ལི།ཞེས་པ་ལྟར་རང་མགོ་གཡོགས་པ་ལས་གོ་མི་ཆོད་སྟེ་བྲག་ཡོད་སར་ཀི་བཏབས་པས་བྲག་ཅ་འབྱུང་བ་ལྟར་ཡིན་ནོ།  ། ཞེས་པ་འདི་ནི་ལ་མོ་ཡོངས་འཛིན་རིན་པོ་ཆེས་མང་རའི་དགོན་ཆེན་དུ་སྐྱབས་ཁྲིད་གནང་བའི་གསུང་བཤད་གང་ཟིན་བཙུན་གཟུགས་ཤེས་རབ་བསྟན་དར་གྱིས་བརྗེད་དུ་ཕངས་ནས་རང་གཞན་གཉིས་ཀའི་སླད་དུ་རེག་ཟུག་ཏུ་བཀོད་པ་འདི་ཡང་བསྟན་འགྲོའི་སྨན་དུ་འགྱུར་བར་སྨོན་ནོ།  །

རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ། ཨ་བུ་འབྲོང་། 




དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ལཱ་མོ་ཡོངས་འཛིན་རིན་པོ་ཆེས་སྐྱབས་ཁྲིད་གནང་བའི་རེག་ཟུག་བློ་གསལ་མིག་འབྱེད།   སྤེལ་མཁན།: --འཚོལ། སྤེལ་དུས:2016/5/16
བླ་མ་ལགས། འདི་ལྟ་བའི་གདམས་ངག་ཟབ་མོ་དག་མཐོང་དུས་སླར་ཡང་དངོས་སུ་ཁྱེད་ཉིད་དང་མཇལ་བའི་ཚོར་སྣང་བྱུང་།
sumial 40 sumial 10 precio sumial dosis
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
6350298
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།