སློབ་ཁྲིད་ཀྱི་ནང་དོན་དང་ཐབས་ལམ་ལ་ཅུང་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »སློབ་ཁྲིད་ཀྱི་ནང་དོན་དང་ཐབས་ལམ་ལ་ཅུང་ཙམ་གླེང་བ།
སློབ་ཁྲིད་ཀྱི་ནང་དོན་དང་ཐབས་ལམ་ལ་ཅུང་ཙམ་གླེང་བ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-02ལྟ་ཀློག (4626)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

སློབ་གྲྭའི་སློབ་གསོ་ལས་སློབ་ཆུང་སློབ་གསོའི་སློབ་ཁྲིད་ཀྱི་ནང་དོན་དང་ཐབས་ལམ་ལ་ཅུང་ཙམ་གླེང་བ།
རྩོམ་པ་བོ། མི་འགྱུར།

  【ནང་དོན་གནད་བསྡུས།】 སློབ་ཆུང་སློབ་གསོས་སློབ་མར་ནང་དོན་གང་དག་གཙོ་གཞིར་བཟུང་ནས་སློབ་ཁྲིད་བྱ་དགོས་པ་དང་ཐབས་ལམ་གང་སྤྱད་དགོས་པའི་སྐོར་རང་གི་བསམ་ཚུལ་རོབ་ཙམ་གླེང་བ།
  【བརྡ་ཆད་གཙོ་བོ།】སློབ་གསོ།  སློབ་ཁྲིད།  ནང་དོན།  ཐབས་ལམ། 

       སློབ་གསོའི་བྱ་བར་འཇུག་མི་འཇུག་གི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་དང་ཐོག་སློབ་གསོར་ཡང་དག་པའི་ངོས་འཛིན་ཞིག་དགོས།  གལ་སྲིད་དེ་ལྟར་མ་བྱུང་ཚེ་སློབ་གསོས་མི་སྒེར་དང་སྤྱི་ཚོགས་ལ་ཕན་ནུས་ཅི་འདྲ་ཞིག་ཐོན་པ་དང་།  སློབ་གསོའི་གལ་ཆེའི་རང་བཞིན་ཤེས་དཀའ་བ་ཞིག་ཏུ་སྣང་། སློབ་གསོ་ཞེས་པའི་ཚིག་འདིའི་གོ་དོན་མདོར་ཙམ་བརྗོད་ན།  "སློབ་"ཞེས་པ་ནི་དོགས་གནད་རྣམས་སེལ་ཏེ་ཤེས་བྱ་བརྒྱུད་སྤྲོད་དམ་སློབ་པར་ཟེར།  "གསོ་"ཞེས་པ་ནི་སློབ་གསོ་བྱ་ཡུལ་གྱི་མི་དེའི་རང་གཤིས་དང་ཀུན་སྤྱོད།  བསམ་བློ་ཡང་དག་པ་ཞིག་གསོ་བར་ཟེར།  ཚིག་འདི་གཉིས་ནི་ཐ་དད་མ་ཡིན་པར་གཞི་གཅིག་གི་སྟེང་དུ་གནས་ཡོད་ཅེས་བརྗོད་ཆོག་ཏེ།"གསོ་"ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་"སློབ་"ནི་དེའི་སྟེང་གསར་འཛུགས་བྱེད་པ་ཞིག་རེད།  ཡང་སྒོས་སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་བདུན་གསུམ་གྱི་དུས་འདིར།  ང་ཚོ་སྒང་པའི་ལས་རིགས་འདྲ་མིན་གྱི་སྐྱེ་བོ་ཚང་མས་སློབ་གསོར་མཐོང་ཆེན་དང་མྱུ་གུ་གསར་པ་ཞིག་ལ་རེ་བའི་ཚ་རླབས་འཕྱུར་བཞིན་ཡོད།  ལྷག་པར་དུ་སློབ་གསོ་ཆེན་པོ་གསུམ་གྱི་ནང་ནས་སློབ་གྲྭའི་སློབ་གསོར་གསོན་ཤུགས་གསར་པའི་གོམ་ཁ་བསྙེགས་པ་ནི་ཁ་ཡོད་ལག་ཡོད་ཀྱི་གནད་དོན་ལགས།སློབ་ཆུང་སློབ་གསོ་ནི་མི་ཚེའི་འོད་ཟེར་གྱི་གར་སྟེགས་སྟེང་མེད་དུ་མི་རུང་བ་ཞིག་རེད།  ང་ཚོས་སློབ་གསོ་གཉེར་བའི་མཛུབ་ཁྲིད་ཀྱི་བསམ་བློ་བགྲོ་གླེང་དང་ཆ་འཕྲིན་བསྡུ་ལེན།  སྤུས་ཚད་ལ་ལྟ་གོན་བྱེད་ནས་སློབ་ཆུང་སློབ་གསོའི་བརྒྱུད་རིམ་ནང་སློབ་མའི་དོན་དངོས་ཀྱི་འཚོ་བ་དང་ཡིད་སེམས་ཀྱི་འགྱུར་བར་མཚུངས་པའི་ནང་དོན་དང་ཐབས་ལམ་བེད་སྤྱོད་གཏོང་ཐུབ་པ་བྱ་དགོས།
  དང་པོ།  སློབ་པའི་ནང་དོན།
  ང་ཚོས་སློབ་དགོས་པ་ནི་ཚན་རིག་དང་མཐུན་ཞིང་སློབ་མའི་བརྒྱུད་ལ་ལྡོག་ནུས་མི་ཐོན་པ།  སློབ་ཆུང་སློབ་གསོ་ནི་སློབ་གསོ་དང་སློབ་ཁྲིད་ཟུང་སྦྲེལ་བྱས་ཏེ།  ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པའི་དམིགས་ཚད་གཙོ་བོར་བཟུང་བ་དང་།   སློབ་ཁྲིད་ཀྱི་ནང་དོན་ལ་གཞིགས་ནས་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ།སློབ་མའི་བསམ་བློ་དང་འཇིག་རྟེན་ལ་འཛིན་པའི་ལྟ་བ།  ཡང་དག་པའི་རིན་ཐང་དང་བྱ་དངོས། མི་ཚེ། ཁོར་ཡུག་སོགས་ལ་འཛིན་པའི་འདུ་ཤེས་སྐྱེད་སྲིང་།  སྤྱི་ཚོགས་ཀྱི་འགྲན་སློང་ཆེན་མོ་འདིའི་ནང་སྤྱོད་སྒོ་ངེས་ཅན་ཡོད་པའི་ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་དམིགས་ཡུལ་དུ་འཛིན་དགོས་པ་ལས། གྲངས་ཀ་ཁོ་ནའི་ཁོལ་པོ་ཞིག་ཏུ་གྱུར་མི་རུང་བ་རེད།  སློབ་ཆུང་སློབ་གསོའི་ནང་དགེ་རྒན་གྱིས་ཤེས་ཡོན་སློབ་པ་དང་མི་སྣ་གསོ་སྐྱོང་བྱ་རྒྱ་ཕྱོགས་གཉིས་ཀྱི་ཐད་ནས་ལེགས་གྲུབ་བམ་སློབ་གསོ་གཏོང་དགོས་པ་རེད།
  གཉིས་པ།   སློབ་པའི་ཐབས་ལམ།
  1.སློབ་མ་གཙོ་བོ་ནས་སེམས་ཁམས་དང་མཐུན་པ།
  སློབ་མ་ནི་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་གཙོ་གཞི་ཡིན།  སློབ་པའི་བརྒྱུད་རིམ་ནང་སློབ་མའི་སེམས་ཁམས་དང་ཁྱད་ཆོས།མཚར་སྣང་གི་བསམ་པ།  ཤེས་འདོད་ཀྱི་འདུན་པ།  རང་འགུལ་གྱི་འདུ་ཤེས་བཅས་ལ་རྟེན་ནས་སློབ་དགོས།  གལ་སྲིད་ང་ཚོས་རང་སྣང་གང་དྲན་དང་ཁ་ནས་ཅི་ཐོན།  འབྲེལ་མེད་འཆལ་གཏམ་སྨྲས་ཚེ་དགེ་རྒན་རང་ཉིད་ཀྱི་དཔའ་རྩལ་འདོན་ཐུབ་པ་ཙམ་ལས།  དོན་དངོས་ཀྱི་ནང་དོན་ལས་འགལ་བས་ལོ་མས་སྒྲིབ་པའི་ཤིང་སྡོང་ལྟ་བུ་ཞིག་ཏུ་གྱུར་པས།  ང་ཚོས་ངེས་པར་དུ་སློབ་མ་གཙོ་བོར་བཟུང་ནས་སེམས་ཁམས་དང་མཐུན་པའི་ཤེས་རིག་གི་ས་བོན་འདེབས་དགོས།(འདིར་འབྲེལ་ཡོད་ཀྱི་ཤེས་བྱ་རྒྱ་བསྐྱེད་དང་བརྒྱུད་སྤྲོད་བྱེད་མི་ཆོག་པའི་སྐོར་བརྗོད་པ་མ་ཡིན་ནོ།)
  2.ཤེས་ཚད་དང་ཆ་རྐྱེན་མི་འདྲ་བ་ལས་འདྲ་མཉམ་གྱི་ལྟ་སྟངས།
  སློབ་ཆུང་གི་སློབ་མ་ནི་མེས་རྒྱལ་གྱི་མེ་ཏོག་དང་མ་འོངས་སྤྱི་ཚོགས་ཀྱི་རྒྱུད་འཛིན་པ་ཤ་སྟག་རེད།  མ་གཞི་སློབ་ཕྲུག་སོ་སོའི་བློ་གྲོས་དང་རྣམ་དཔྱོད།  འཚར་ལོངས་ཀྱི་ཁོར་ཡུག་མི་འདྲ་ཡང་ང་ཚོས་ཕྱོགས་ལྷུང་གི་ལྟ་བ་མི་འཛིན་པར།  འདྲ་མཉམ་གཅིག་མཚུངས་ཀྱི་ལྟ་སྟངས་དང་དཔྱད་འཇོག་བྱེད་ནས།  ཤེས་བྱ་སློབ་པ་དང་སློབ་གསོའི་བྱེད་སྒོའི་ནང་ཞུགས་པའི་འདྲ་མཉམ་གྱི་གོ་སྐབས་སྤྲད་ཚེ།  སློབ་ཕྲུག་གི་སློབ་སྦྱོང་དང་བྱེད་སྒོ་ཁག་ལ་འཛིན་པའི་འདུ་ཤེས་སྐྱེད་སྲིང་ཐུབ་པ་མ་ཟད། སློབ་མ་ཕན་ཚུན་དབར་མཐུན་སྒྲིལ་ཇེ་ལེགས་སུ་འགྲོ་བ།  སློབ་ཕྲུག་གིས་དགེ་རྒན་དང་ཤེས་བྱར་དགའ་ཞེན་སྐྱེ་བས་ཤེས་ཚད་ཀྱང་གོང་མཐོར་གཏོང་ཐུབ་པ་སོགས་ཀྱི་ནུས་པ་ཐོན་ཐུབ།
  3.བསྟོད་བསྔགས་ནས་ཡར་རྒྱས།
  གོ་ལའི་གྲོང་ཚོ་འདིར་གནས་པའི་རྐང་གཉིས་ཕལ་ཆེ་བ་བསྟོད་བསྔགས་ལ་མི་དགའ་བ་ཧ་ལམ་མེད།  དེ་བས་སློབ་ཆུང་གི་སློབ་མ་ནི་བརྗོད་མི་དགོས་པ་ཞིག་རེད།  "བསྟོད་བསྔགས་"ནི་དགེ་སློབ་དབར་བསམ་བློ་བརྗེ་རེས་དང་བརྩེ་དུང་ཇེ་ཟབ་དུ་གཏོང་ཐུབ་པའི་སློབ་གསོའི་སྒྱུ་སྩལ་ཞིག་ཡིན།གྲགས་ཅན་གྱི་ཆེས་མཐོའི་དགེ་རྒན་ཝང་ཡུད་ཀྱིས་གསུངས་པ་ལྟར་"སྤྱང་གྲུང་ལྡན་པའི་བྱིས་པར་རྟག་ཏུ་བསྟོད་བསྔགས་ཐོབ་མི་སྲིད་ཀྱང་།  བསྟོད་བསྔགས་ཐོབ་པའི་བྱིས་པ་སྤྱང་གྲུང་ལྡན་པར་གྱུར།"ཞེས་པ་ནི་ཅི་འདྲའི་བདེན་ཨང་།  ང་ཚོས་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་བསྟོད་བསྔགས་ཀྱིས་སྒྱུ་སྩལ་ཡང་དག་པར་བེད་སྤྱད་ནས།  སློབ་ཕྲུག་ཚོའི་སེམས་ནང་གི་བྱེད་སྒོར་་ངར་ཤུགས་སླང་དགོས།  དེ་ལྟར་བྱུང་ཚེ་སློབ་ཕྲུག་ཕན་ཚུན་འགྲན་རྩོད་བསམ་བློ་སྐྱེ་སྲིང་དང་སློབ་སྦྱོང་ལ་ཡང་དག་པའི་ངོས་འཛིན་བྱུང་ནས་བརྒྱུད་སྤྲོད་བྱེད་པའི་ཤེས་བྱ་བདེ་བླག་ངང་ལེན་ཐུབ།
  4.སྒྲིག་འཛུགས་ནས་ཐུན་མོང་གི་ཁོར་ཡུག
 མི་མང་འདུ་འཛོམས་བྱ་ཡུལ་གྱི་གནས་གང་འདྲ་ཞིག་ཡིན་རུང་སྒྲིག་འཛུགས་ངེས་ཅན་ཡོད།  སློབ་གྲྭ་ཡང་འདུ་འཛོམས་བྱ་ཡུལ་ཞིག་རེད།  གལ་སྲིད་སློབ་གྲྭར་སྒྲིག་འཛུགས་མེད་ན་ཆུ་ཐག་ལ་ཆུ་མེད་པ་དང་མཚུངས་ཏེ།    ཆུ་ཐག་ལ་ཆུ་མེད་ན་འཁོར་བསྐྱོད་མི་ཐུབ་ཅིང་།    སློབ་གྲྭར་སྒྲིག་འཛུགས་མེད་ན་ཀུན་སློང་དང་ནུས་ཤུགས་མེད་པ་ཆགས་སྲིད།    ང་ཚོས་རིག་གཞུང་གི་ཕོ་བྲང་འདིར་ངེས་པར་དུ་དོན་དངོས་དང་མཐུན་པའི་སྒྲིག་ལམ་བཟོས་ནས།    སློབ་གྲྭ་སྤྱི་དང་བྱེ་བྲག་འཛིན་གྲྭ་སོགས་ཀྱི་ཁོར་ཡུག་འཛུགས་སྐྲུན་བྱེད་ཚེ།      སློབ་མའི་ཡིད་དབང་འཕྲོག་པའི་ཁོར་ཡུག་འདི་བེད་སྤྱད་ནས་ང་ཚོས་སློབ་ཕྲུག་གི་སེམས་ཁམས་དང་མཐུན་པའི་རྣ་བའི་བུ་རམ་ཞིག་སྦྱིན་ཐུབ་ངེས་རེད།
  5.དགེ་སློབ་འདྲ་མཉམ་ནས་ཕྱི་རོལ་ལ་ལྟ་ཞིབ།
 སྤྱི་ཚོགས་ཡར་ངོའི་གོམ་བགྲོས་ཀྱི་ལམ་ཆེན་སྟེང་།   དགེ་སློབ་འདྲ་མཉམ་ནི་སློབ་གསོའི་མཚོན་རྟགས་ཞིག་ཆགས་ཡོད།   མ་ཟད་དོན་དངོས་ཀྱི་སློབ་གསོའི་ནང་རྩ་དོན་འདི་དང་ལེན་དང་བེད་སྤྱོད་བཞིན་ཡོད།  དགེ་རྒན་དང་སློབ་ཕྲུག   ཁོར་ཡུག་ནི་ཕན་ཚུན་ཕན་ནུས་ཐོན་པའི་འབྱུང་ཁམས་ཀྱི་མ་ལག་ཡིན།   སློབ་ཆུང་སློབ་གསོའི་ཁྲོད་དགེ་རྒན་གྱིས་སྒྲིག་འཛུགས་དང་སྐུལ་འདེད་འོག་དགེ་སློབ་འདྲ་མཉམ་གྱིས་ཕྱི་རོལ་ཡུལ་ལ་ལྟ་ཞིབ་བྱེད་ནས།   སློབ་མའི་མཐོང་ཐོས་མྱོང་གསུམ་འཕེལ་རྒྱས་དང་ཤེས་བྱ་རྒྱ་བསྐྱེད་གཏོང་དགོས།   དེ་ལྟར་བྱུང་ཚེ་མ་འོངས་མེས་རྒྱལ་གྱི་བདག་པོ་རྣམས་ཁྲོན་པའི་ནང་གི་སྦལ་པ་ལས་འདས་པ་ཞིག་ཡོང་ཐུབ།
  གསུམ་པ།  གསོ་བའི་སློབ་ཁྲིད་དང་ཐབས་ལམ།
  འཁོར་བ་འདིར་འཁོར་བའི་སྐྱེ་བོ་ཚང་མ་ཡུམ་གྱི་མངལ་ནས་ལྟེ་ཁྲག་བོར་སྐབས་སངས་རྒྱས་གླེན་པ་ཤ་སྟག་རེད།   རང་སོ་སོའི་འཚར་ལོངས་ཀྱི་ཁོར་ཡུག་ཐ་དད་པའི་དབང་གིས་ག་ལེར་ཁྱབ་འདྲ་མིན་གྱི་ནག་ནོག་གི་དྲི་མས་སྦགས་ཀྱི་ཡོད།    སྐྱོན་མཚང་དེ་དག་དང་ལྷན་དུ་འཚར་ལོངས་ཀྱི་གོམ་སྟབས་དང་འགྲོགས་ཏེ་སྨིན་མ་སྨིན་གྱི་ཨ་མའི་འབྲས་བུ་དང་འདྲ་བའི་ཁྱིམ་ཚང་གི་སློབ་གསོ་ལས་སློབ་ཐོན་ཟིན་རྗེས།     འདུ་འཛོམས་ཆེ་ཞིང་རང་མཉམ་གྱི་ལོ་ཆུང་བྱིས་པ་རྣམས་དང་ལྷན་དུ་སློབ་གྲྭའི་སློབ་གསོའི་གར་སྟེགས་ལ་འཆད།   གར་སྟེགས་འདིར་ཁོ་ཚོ་ནི་འཁྲབ་སྟོན་པ་དང་དགེ་རྒན་ནི་མཛུབ་ཁྲིད་དང་སྐུལ་འདེད།     ལེགས་ཕྱོགས་ལ་ཁ་ལོ་བསྒྱུར་མཁན་གྱི་འཁྲབ་འཁྲིད་པ་ལྟ་བུར་གྱུར་ཡོད།     འཁྲབ་འཁྲིད་པ་རྣམས་ཀྱིས་འཁྲབ་སྟོན་པ་ཆུང་ཆུང་ཚོའི་ཕྱོགས་གང་སར་གསོ་སྐྱོང་བྱ་དགོས་ཀྱི་ཡོད།    གསོ་སྐྱོང་གི་ཁྱབ་ཁོངས་ཧ་ཅང་ཆེ་ཡང་ཕྱོགས་གཉིས་ནས་གླེང་ཕྱོགས་ཏེ།
  1.བསམ་བློ་གསོ་བ།
  འདིར་བརྗོད་པའི་བསམ་བློ་ནི་བྱིས་པའི་དྭངས་གཙང་གི་བསམ་བློ་དང་རང་གཞན་ཀུན་ལ་ཕན་པའི་སེམས་དེར་ཟེར་བ་ཡིན། ལོ་ཆུང་བྱིས་པ་ཚོའི་ངོས་ནས་བརྗོད་ན་གཞན་ལ་ཕོག་ཐུག་མི་ཡོང་བའི་བསམ་བློ་གཏོང་ཐུབ་པ་ནི་ཧ་ཅང་གི་དཀའ་བ་ཞིག་རེད། ཁོ་ཚོས་དུས་རྒྱུན་རྨོངས་ཚོད་ཀྱིས་བྱ་བར་འཇུག་པ་ལས།   ལེགས་ཉེས་བླང་དོར་གྱི་གནད་ལུགས་སོགས་རྟོགས་དཀའ་བས།  རྒྱུན་པར་སློབ་ཕྲུག་ཕན་ཚུན་གནོད་པའི་བྱ་བ་མང་པོ་ཐོན་གྱི་ཡོད།   ང་ཚོས་ངེས་པར་དུ་དེ་དག་གནད་དོན་ཆེན་པོ་ཞིག་ལ་ངོས་འཛིན་ནས་སློབ་གསོ་བྱ་དགོས་པ་ལས་སྣང་ཆུང་རྩ་བ་ནས་བྱེད་མི་ཉན།    གཏམ་དཔེར་“མི་ཞིག་བྱུང་ན་ཆུང་ནས་བྱུང་།”དང་“མེ་ཆུང་དུས་ནས་གསོད་།”ཞེས་པའི་ཧ་ཅང་བདེན།    ང་ཚོས་ཆུང་དུས་ནས་བྱིས་པ་ཚོར་ཡང་དག་པའི་བསམ་བློའི་སྣེ་འཁྲིད་དང་སྐྱོན་བརྗོད་བྱེད་ནས། མ་འོངས་སྤྱི་ཚོགས་ནང་རང་གཞན་ཀུན་ཕན་གྱི་བསམ་བློ་དང་ལྡན་པའི་མི་ཞིག་ཆགས་པའི་ཤུགས་སྣོན་དང་སློབ་གསོ་གཏོང་དགོས།
  2.ཀུན་སྤྱོད་གསོ་བ།
  ཀུན་དང་མཐུན་པའི་སྤྱོད་པ་གསོ་བ་ནི་སློབ་གསོའི་བྱ་གཞག་ཁྲོད་ཧ་ཅང་གལ་ཆེ་བའི་ནང་དོན་ཞིག་རེད། དགེ་རྒན་དང་ཕ་མར་སོགས་རང་ལས་རྒན་པ་རྣམས་ལ་གུས་ཞབས་དང་སློབ་གྲོགས་ཕན་ཚུན་རོགས་རམ།   གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་།   རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ།    རྩྭ་རྩི་ཤིང་ལ་བདག་གཅེས།   གཞན་ཡང་ལས་བཟང་ལས་ངན་གྱི་དབྱེ་འབྱེད་ཐུབ་པའི་ནུས་པ་གསོ་སྐྱོང་བྱེད་དགོས།   དགེ་རྒན་གྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་རྟག་ཏུ་གོང་གསལ་གྱི་ནང་དོན་དེ་དག་གཙོ་གཞིར་བཟུང་ནས།   སློབ་མའི་ཀུན་སྤྱོད་ལ་སློབ་གསོ་གཏོང་དགོས་པ་དང་རང་དཔེ་གཞན་སྟོན་བྱེད་དགོས།ཀུན་སྤྱོད་ཀྱི་སློབ་གསོ་ནི་ཧ་ཅང་གལ་ཆེ་བས་དགེ་རྒན་གྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ངེས་པར་ནན་ཏན་དང་སློབ་ཕྲུག་ལ་རེ་བ་ནན་པོ་བཅོལ་དགོས།
  མདོར་ན།    ཆ་འཕྲིན་འཕེལ་རྒྱས་འགྲོ་བའི་དེ་རིང་གི་དུས་འདིར། ང་ཚོ་སློབ་གསོའི་བྱ་བར་འཇུག་པའི་སྐྱེ་བོར་སྔར་མེད་འགྲན་རྩོད་དང་སྙིང་སྟོབས་ཞིག་སླེབས་ཡོད།   སློབ་གྲྭའི་སློབ་གསོའི་ནང་སློབ་མའི་ཕྱོགས་གང་སྤྱིར་སློབ་གསོ་བྱེད་པ་དང་།    སློབ་ཆུང་སློབ་ཁྲིད་ཁྲོད་དགེ་རྒན་གྱི་སློབ་མ་གཙོ་གཞིའི་རང་བཞིན་དང་སློབ་མའི་སེམས་ཁམས་དང་མཐུན་པའི་ཐབས་ལམ་གང་་་མང་སྤྱད་ནས།   སློབ་ཕྲུག་གི་བསམ་པར་སྤྲོ་སྣང་དང་ཀུན་སློང་བཟང་པོ་ཞིག་ལྡན་པ་བྱེད་ཐོག   ཁོ་ཚོའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའོ།



རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། t1s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504359
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།