འབྲོག་པའི་སློབ་གསོའི་སྐོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »འབྲོག་པའི་སློབ་གསོའི་སྐོར།
འབྲོག་པའི་སློབ་གསོའི་སྐོར།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-02ལྟ་ཀློག (3267)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

འབྲོག་པའི་སློབ་གསོའི་སྐོར།
རྩོམ་པ་བོ། མཁས་དབང་ནམ་མཁའི་ནོར་བུ།
        འབྲོག་ཡུལ་གྱི་སློབ་གསོའི་རྨང་གཞི་ནི་སངས་རྒྱས་པའི་ཆོས་ལ་བརྟེན་པ་ཞིག་ཡིན་འདུག་ཅིང་།  དེ་ཡང་འབྲོག་སྡེ་སོ་སོར་ནག་དགོན་ཞེས་བྱ་བ་སྦྲ་གུར་དུ་གནས་ཆགས་པའི་དགོན་པ་དང་།  ཡང་ན་མཁས་པའམ་གྲུབ་པའི་རྣལ་འབྱོར་པ་དག་གི་དྲུང་དུ་འཁོར་སློབ་མ་དག་འདུས་ནས་ཆགས་པའི་ཆོས་སྒར་ཆེ་ཆུང་སྣ་ཚོགས་ཡོད་པ་དེ་དག་གིས་འབྲོག་ཡུལ་གྱི་སློབ་གསོའི་རྐང་འཛིན་གྱི་ཡོད་པ་རེད།  འབྲོག་མི་ཚོས་རང་རང་གི་བྱིས་པ་ཕོ་མོ་གང་ཡིན་ཡང་རུང་ཟླ་བ་དྲུག་གམ་ལོ་གཅིག་ལོན་པའི་ཚེ་རང་གི་མཆོད་གནས་སློབ་དཔོན་བཟང་ཤོས་དེའི་དྲུང་དུ་ཁྱེར་ཏེ།  སྐྲ་ཕུད་འབུལ་ཞེས་བྱ་བའི་ལས་ཆོག་ཅིག་བྱེད་སྲོལ་ཡོད་པ་རེད།  ལས་ཆོག་དེའི་སྤྱོད་ཚུལ་ནི། སློབ་དཔོན་དེས་བྱིས་པར་དཀོན་མཆོག་གསུམ་སྐྱབས་གནས་སུ་ངོ་སྤྲོད་མཛད་ཅིང།  དེ་ཡང་སངས་རྒྱས་དཀོན་མཆོག་ནི་སྐྱབས་གནས་དང་།  ཆོས་དཀོན་མཆོག་ནི་ལམ་དང་།  དགེ་འདུན་དཀོན་མཆོག་ནི་ལམ་སྒྲུབ་པའི་གྲོགས་སུ་འཛིན་དགོས་པ་དང་།  གཞན་ཡང་སྐྱབས་འགྲོའི་ཕན་ཡོན་སོགས་ཀྱི་ཆོས་བཤད་གནང་བའི་མཐར་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་དགའ་བར་བྱོས་ཤིག་ཅེས་བརྗོད་པ་དང་ལྷན་དུ་བྱིས་པའི་གཙུག་ཕུད་ནས་སྐྲ་ཉག་མ་ཁ་ཤས་བཅད་པ་ལྷ་རྟེན་གྱི་དྲུང་དུ་ཕུལ་ཏེ།  བྱིས་པ་དེ་ལ་རང་ཉིད་ཀྱི་མིང་ནས་འཕྲོས་པའི་མིང་ཞིག་གནང་གི་ཡོད་པ་རེད།  དཔེར་ན་སློབ་དཔོན་དེའི་མཚན་ལ་རིག་འཛིན་རྡོ་རྗེ་ཞེས་བྱ་བ་ཡིན་ན།  བྱིས་པ་ཕོ་རྣམས་ལ་རིག་འཛིན་མགོན་དང་།  རིག་འཛིན་དབང་ལྡན།  རིག་འཛིན་བཟང་པོ་སོགས་དང་།  མོ་རྣམས་ལ་རིག་འཛིན་ལྷ་མོ། རིག་འཛིན་མཚོ།  རིག་འཛིན་དབང་མོ།  རིག་འཛིན་བཟང་མོ་སོགས་འདོགས་སྲོལ་ཡོད་པ་རེད།  འོན་ཀྱང་འབྲོག་མི་དག་གིས་ནམ་རྒྱུན་དུ་བྱིས་པ་རང་གི་མིང་དངོས་ཀྱི་ཚིག་དང་པོར།  ཚིག་འགོར་ཨ་བཏགས་པ་དཔེར་ན་ཨ་རིག་ཅེས་པ་ལྟ་བུའམ།  ཡང་ན་ཚིག་མཇུག་ཏུ་ལུ་ཞེས་པའམ།  དགའ་ཞེས་སམ།  གཡང་ཞེས་བཏགས་པ་དཔེར་ན་རིག་ལུ།  རིག་དགའ།  རིག་གཡང་ཞེས་སོགས་གཅེས་མིང་དུ་འབོད་ཅིང་།  མི་རྒན་པའི་དུས་སུའང་མིང་དེ་བཞིན་དུ་ཆགས་ཀྱི་ཡོད་འདུག་པ་དེ་རིགས་ནི་ཕོ་མོའི་མིང་སོ་སོར་དབྱེ་འབྱེད་བྱེད་དཀའ་བ་ཞིག་ཏུ་སྣང་ངོ་། །

     འབྲོག་མིས་དམིགས་བསལ་དུ་ཆུང་ངུའི་དུས་ནས་ཆོས་སྒོར་ཞུགས་པའི་ཨ་ནེ་བཙུན་མ་རེ་ཟུང་ཙམ་ལས་གཞན་པའི་བུད་མེད་ཀྱི་རིགས་ལ་ཡི་གེ་འབྲི་ཀློག་སློབ་བསྐུལ་བྱེད་སྲོལ་མེད་ཅིང་།  དེ་དག་ལ་འཁུར་དུ་བབས་པའི་བྱ་བ་ནི་ནང་གི་ལས་ཀ་དག་ཡིན་པ་ལྟར།  སོ་སོའི་མ་དང་སྲུ་མོ་སོགས་ཀྱིས་ཉམས་མྱོང་གི་གཞི་རྩའི་སྟེང་ནས་གཞོན་ནུ་མ་རྣམས་ལ་ནང་གི་བྱ་བ་བྱེད་སྟངས་དང་།   ཕྱུགས་ལུག་གསོ་སྐྱོང་དང་འཕེལ་རྒྱས་བྱེད་ཐབས་སོགས་སློབ་བསྐུལ་བྱེད་ཅིང་བྱ་བ་ལ་ཡུན་རིང་དུ་གོམས་འདྲིས་བྱེད་དུ་འཇོག་གི་ཡོད་པ་རེད།  འབྲོག་མི་དག་ཆོས་དད་ཧ་ཅང་ཆེ་བར་སོང་གཤིས་འབྲོག་པའི་ཕ་མ་ཚོས་འབད་བརྩོན་ཆེན་པོའི་སྒོ་ནས་རང་གི་ཁྱེའུ་དག་ཆོས་པར་འགྱུར་བའི་རེ་བ་རྒྱ་ཆེན་པོར་བྱེད་ཅིང་། དེར་བརྟེན་ཁྱེའུ་དག་ནི་ལོ་ན་ཆུང་ངུའི་དུས་ནས་བཟུང་རང་གི་མཆོག་གནས་སམ།  རང་རང་གི་གཉེན་ཚན་དུ་གཏོགས་པའི་བླ་གྲྭ་གང་ཡོད་དག་གི་དྲུང་དུ་བཞག་ནས་ཡི་གེ་འབྲི་ཀློག་སློབ་བསྐུལ་བྱེད་ཀྱི་ཡོད་པ་རེད།  གལ་ཏེ་ཁྱེའུ་དེ་ཆོས་ལ་མོས་པ་དང་ལྡན་པ་ཞིག་ཡིན་པར་མཐོང་ན་རིམ་བཞིན་རང་ཁོངས་ཀྱི་དགོན་པར་གྲྭ་བ་བྱས་ཏེ་ད་གཟོད་ཆོས་དང་རིག་གནས་ལ་སློབ་གཉེར་བྱེད་པའི་གོ་སྐབས་འཐོབ་ཀྱི་ཡོད་པ་རེད།  གལ་ཏེ་དེ་ལས་ལྡོག་པ་ཞིག་ཡིན་ན་སོ་སོའི་ནང་དུ་ལོག་ནས་འབྲོག་ཡུལ་གྱི་འཚོ་བ་སྐྱེལ་ཕྱོགས་ཀྱི་བྱ་བ་ལ་ཞུགས་ཀྱི་ཡོད་པ་རེད།  དེ་ཡང་འབྲོག་མི་དག་ཆོས་སྒོར་མ་ཞུགས་ན་དགོན་པ་དང་ཆོས་སྒར་ཁག་ནས་ཆོས་དང་རིག་གནས་སོགས་ལ་སློབ་གཉེར་བྱེད་མི་ཆོག་པ་ཞིག་མ་རེད།  འོན་ཀྱང་སྤྱིར་བཏང་འབྲོག་མི་དག་གི་ལྷན་སྐྱེས་ཀྱི་བསམ་པར་ཡི་གེ་འབྲི་ཀློག་གི་བྱ་བ་དེ་ནི་ཆོས་གནང་མཁན་ཚོའི་དམིགས་བསལ་གྱི་བྱ་བ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་རེད།  ཇི་ལྟར་འབྲོག་མི་དེ་དག་གིས་ངོས་འཛིན་པ་ལྟར་འབྲོག་ཡུལ་དེ་དག་ཏུ་ཡི་གེ་འབྲི་ཀློག་གི་སྤྱོད་ཡུལ་ཡང་ཤིན་ཏུ་ཉུང་ཞིང་།  འབྲོག་མི་ཚོས་ཡུལ་ཕན་ཚུན་དུ་འཕྲིན་གལ་ཆེན་ཞིག་གཏང་དགོས་པའི་ཚེ་སོ་སོའི་བླ་མཆོད་ཀྱི་དྲུང་དུ་ཞུས་ནས་འཕྲིན་ཡིག་འབྲི་དགོས་པ་དང་།  དེར་འཕྲིན་ཡིག་སྐྱེལ་འགྲུལ་གྱི་སྦྲགས་དང་སྦྲགས་ཁང་ཡང་མེད་པས་རང་ཁོངས་ནས་མི་མངགས་བྱེད་དགོས་ཀྱི་ཡོད་པ་རེད།  འོན་ཀྱང་གནད་དོན་གལ་ཆེའི་རིགས་ལ་ནི་མི་དངོས་ཕན་ཚུན་ངོས་འཕྲད་ཀྱི་སྟེང་ནས་གོ་བསྡུར་བྱེད་པ་མ་གཏོགས་འཕྲིན་གྱི་སྟེང་ནས་གོ་བསྡུར་བྱེད་སྲོལ་ཆེར་མེད་པ་དང་།  ནམ་རྒྱུན་གྱི་འཕྲིན་མང་ཤོས་ནི་ཁ་ཆ་ཞེས་བྱ་བ་ཡུལ་ཕན་ཚུན་གྱི་འགྲུལ་མི་དག་ལ་ངག་འཕྲིན་གཏང་བ་དེ་ཙམ་གྱིས་འཐུས་ཀྱི་ཡོད་པ་རེད།  གནས་ཚུལ་དེ་དག་ལ་བརྟེན་ནས་འབྲོག་ཡུལ་དུ་དགོན་པ་ཁག་ཏུ་ཡོད་པའི་ཆོས་དང་རིག་གནས་ཀྱི་སློབ་གྲྭ་ཁག་མ་གཏོགས་པའི་སློབ་གྲྭའི་དར་སྲོལ་མི་འདུག་ཅིང་།  ལག་ཤེས་ལ་སོགས་པའི་ཤེས་རིག་དག་ཀྱང་སོ་སོའི་ནང་མི་དག་གིས་ཡུན་རིང་དུ་མཐོང་རྟོགས་དང་གོམས་འདྲིས་བྱས་ཤིང་།  གལ་ཆེའི་ཐབས་གནད་དག་ཉམས་མྱོང་གསལ་འདོན་གྱི་སློབ་སྦྱོང་ལ་བརྟེན་ནས་ཕ་ཤུལ་བས་འཚོབ་ཐུབ་པ་མ་གཏོགས་དམིགས་བསལ་གྱི་འཛིན་གྲྭ་དང་སློབ་སྦྱོང་གི་རིམ་པ་སོགས་གང་ཡང་མི་སྣང་ངོ་། །


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23653935
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།