བསྟོད་ཚིག་གཅམ་བྲལ་དད་པའི་རང་མདངས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »བསྟོད་ཚིག་གཅམ་བྲལ་དད་པའི་རང་མདངས།
བསྟོད་ཚིག་གཅམ་བྲལ་དད་པའི་རང་མདངས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-02ལྟ་ཀློག (3563)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བསྟོད་ཚིག་གཅམ་བྲལ་དད་པའི་རང་མདངས།
བཛྲ་ཚུལ་ཁྲིམས་རྒྱ་མཚོས།
རབ་འབྱམས་རྒྱལ་བའི་བརྩེ་ཆེན་མ་ལུས་པ། ། དྲི་མེད་གངས་ཀྱི་མདངས་སུ་ཤར་བའི་གཟིས། ། མཐའ་ཀླས་སྐྱེ་དགུ་མི་བཟད་དུ་ཿཁ་ལས། ། སྒྲོལ་མཛད་ཕྱག་ན་པདྨོར་གུས་ཕྱག་འཚལ། ། ཆེར་སྙིགས་ལྔ་བདོའི་མུན་པའི་ཀློང་རུམ་དུ། །བདག་འཛིན་ཞགས་པས་རབ་བཅིངས་ལས་ཉོན་གྱི། ། འཇིགས་རུང་ཆུ་བོར་བྱིང་བའི་ལུས་ཅན་ཀུན། ། སྐྱོབས་་མཛད་བླ་མ་ཉིན་བྱེད་འབུམ་ལས་རྒྱལ། ། ངེས་དོན་བྱ་དཀའི་སྤྱོད་པ་མཐར་ཕྱིན་པས། ། སྐུ་བཞིའི་བང་རིམ་བ྄རྩེགས་པའི་རྩེར་སོན་ཡང་། ། འཕྲིན་ལས་འོད་སྣང་སྐྱེ་འགྲོའི་དབྱིག་འཛིན་དང་། ། མི་འབྲལ་མགོན་ཁྱོད་སྔོན་མེད་ཉིན་བྱེད་ཆེ། ། གསང་གསུམ་ཡོན་ཏན་མཐའ་མེད་ནམ་མཁའི་དབྱིངས། ། བདག་བློའི་བྱེའུས་གཞལ་བ་ག་ལ་བཟོད། ། འོན་ཀྱང་བདག་འདྲ་བླུན་པོའི་སྣང་ངོར་ཡང་། ། ངོ་མཚར་མཛད་བརྒྱས་དད་པའི་སྤུ་ལོང་གཡོ། ། ཐེག་གསུམ་ལམ་གྱི་གཞིར་གྱུར་དགེ་བའི་བཤེས། ། བསམ་སྦྱོར་དག་པས་མ་ནོར་གུས་བསྟེན་པའི། ། རྣམ་ཐར་འདིས་ཀྱང་སྙིགས་དུས་ཆེར་རློམ་ཀུན། ། ཁེངས་སེམས་བྲག་རིའི་རྩེ་ལས་ལན་བརྒྱར་ཕབ། ། བརྩོན་པའི་འགྲོས་ལྡན་མཁྱེན་དཔྱོད་ཅང་ཤེས་རྟས། ། རྒྱ་ཆེན་ཤེས་བྱའི་ཐང་ཆེན་འགྲིམ་པའི་གཏམ། ། ཐོས་ཚེ་མུན་སྒོམ་ལྷུར་ལེན་བོང་བུའི་བུ། ། མྱ་ངན་གཤོང་ན་འགྱེལ་ཞིང་ཀུ་ཅོ་སྒྲོག ། གང་ཐོས་བསམ་བྱུང་ཡང་དག་ཚད་མ་ཡིས། ། འཁྲུལ་མེད་སྒྲོ་འདོགས་བཅད་པའི་མཛད་པ་དེས། ། ཐོས་པ་མང་ཡང་ཐོས་དོན་མི་ཤེས་པའི། ། མཁས་རློམ་སྟོང་གི་ཁེངས་པའི་རི་བོ་བསྙིལ། ། བསམ་བྱུང་དོན་དེ་དཔྱད་འཇོག་ཏིང་འཛིན་གྱིས། ། ཐུགས་ཀྱི་གཤིས་ལ་གོམས་པའི་ངོ་མཚར་གྱིས། ། ཐོས་སྒོམ་སོ་སོར་སོང་བའི་སྤྱི་བརྟོལ་ཅན། ། གནོང་འགྱོད་མུན་པའི་ཁུང་བུར་ཡིབས་ཞེས་ཐོས། ། བསླབ་གསུམ་ཁྲིམས་ཀྱི་ལུས་སྟོབས་ཀུན་ནས་རྒྱས། ། ལུང་རྟོགས་ཡོན་ཏན་འབུམ་གྱི་གཡུ་རལ་གཙིགས། ། ཟླ་བྲལ་འཆད་རྩོད་རྩོམ་པའི་ང་རོ་ཡིས། ། འཛམ་གླིང་མཁས་དགུའི་སྤྱི་གཙུག་གདན་དུ་བཀོད། ། མཁས་པས་གྲུབ་པ་མ་བཅོམ་གྲུབ་པས་ཀྱང་། ། བཙུན་པ་མ་བཅོམ་མཁས་བཙུན་བཟང་གསུམ་གྱི། ། རྨད་བྱུང་མཛད་པ་མཆོག་གིས་བསྟན་འགྲོའི་དོན། ། ལྷག་པར་བསྐྱངས་པས་དམ་པའི་དམ་པ་ལགས། ། གོ་ལ་ཡངས་པའི་ཤར་ནུབ་ཡུལ་གྱི་ཆར། ། འགལ་འདུ་སྟོང་གི་གཞིར་གྱུར་རིག་པའི་གནས། ། འབུམ་གྱི་ཉིང་བཅུད་སེམས་པའི་གཏིང་རུམ་ནས། ། མཐུན་ཚུལ་སྨྲ་བས་སྨྲ་བ་ཟླ་མེད་ཉིད། ། ཆེད་དུ་མ་བསླབས་ཚན་རིག་ཤེས་བྱའི་གནས། ། ཇི་བཞིན་སྨྲ་ལ་ཐོགས་མེད་ཡོན་ཏན་གྱིས། ། ཚན་རིག་མཁས་པས་རྣམ་མཁྱེན་མི་འདོད་པའི། ། དམ་བཅའི་བེམ་རོ་ཞི་བདེ་རྒྱ་མཚོར་འཕངས། ། སུས་ཀྱང་ཐེག་དཀའ་བྲེལ་ཟིང་འབུམ་ཕྲག་གི ། ཁུར་གྱིས་མནོན་ཡང་དབང་ལུང་མན་ངག་དང་། ། ཁྲིད་ལ་བྲེལ་འདིས་ཆོས་པ་ཆོས་མིན་གྱིས། ། གཡེང་རྣམས་ཁ་ལ་སྨྲ་བཅད་རྒྱ་ཡང་བྱིན། ། མཐའ་ཡས་འགྲོ་ཀུན་མི་བཟད་སྡུག་བསྔལ་ལས། ། སྒྲོལ་བའི་ཁུར་ཆེན་ཁྱེར་བའི་སྙིང་རྗེ་དང་། ། མཚན་འཛིན་ཞགས་པས་མ་ཟིན་འཛུམ་ཞལ་གཉིས། ། ནམ་ཡང་མི་འབྲལ་ཐབས་ཤེས་ཟུང་གིས་ཕྱུག ། རྒྱུད་སྡེ་བཞི་ལ་འཇུག་པའི་ཐུན་མིན་སྒོ། །དབང་དང་རྗེས་གནང་ཟབ་གསལ་མན་ངག་སོགས། ། གང་གནང་རང་རང་གཞུང་བཞིན་བརྡ་དང་བཅས། ། གང་འཚམ་གདུལ་བྱ་འདུལ་བའི་མཛད་བཟང་གིས། ། གང་ཡང་བསླབས་ཅི་ཡང་མི་ཤེས་པར། ། ཆེ་མཐོའི་ཁྲི་ལ་ང་རྒྱལ་རྫིག་ཉམས་ཀྱིས། ། འགྱིང་ཞིང་ཆོ་གའི་ངག་འདོན་ཙམ་ཞིག་ལ། ། འཆེལ་རྣམས་བླ་མར་མཐོང་བའི་དད་པ་ལྷོད། ། མདོར་ན་མགོན་ཁྱོད་དྲི་མ་ཀུན་ལས་གྲོལ། ། གང་འཚམ་གདམ་པ་སྩོལ་བའི་ཐབས་ལ་མཁས། ། རིས་མེད་ཐུགས་རྗེས་འགྲོ་ཀུན་བུ་བཞིན་སྐྱོང་། ། དེ་ཕྱིར་ཁྱོད་ཉིད་སྐྱབས་ཀྱི་དམ་པ་ལགས། ། ངལ་བརྒྱས་བསྐལ་བརྒྱར་བཙལ་ཡང་རྙེད་མིན་པའི། ། ཁྱོད་གསུང་བདུད་རྩིའི་རོ་མངར་མྱོང་བའི་ལས། ། ཐོབ་འདི་དྲན་ན་སེམས་པའི་ཀློང་རུམ་ནས། ། གཅིག་བུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར། །དེ་ལྟར་གང་གི་ངོ་མཚར་མཛད་བཟང་ལ། ། གཅིག་ཏུ་དད་པའི་འོ་མཚོ་སྙིང་ཁོང་ནས། ། དྲན་པའི་རྦ་རླབས་དྲག་པོའི་འཐོར་རླུང་གིས། ། གཡོ་བའི་སྒྲ་ཆེན་སྲིད་གསུམ་ཁྱོན་ལས་བརྒལ། །   ཐ་མལ་བྱིས་བློར་ཤོང་མིན་ཡོན་ཏན་ཀུན། ། གཅིག་ཏུ་ཤར་བའི་རང་གཟུགས་མགོན་ཁྱོད་ལ། ། འབབ་པའི་བསྟོད་ཚིག་འདི་ཡང་ཕལ་མོ་ཆེར། ། སྙན་ངག་མཁན་པོའི་གཅམ་བུ་ཙམ་དུ་འགྱུར། ། བསྔགས་འོས་མགོན་ཁྱོད་དེ་ལྟར་བསྔགས་པའི་མཐུས། ། གང་སྐུ་རི་དབང་བསྐལ་བའི་མཐར་བརྟན་ཅིང་། ། རྒྱལ་བསྟན་ཉིན་བྱེད་འབར་བའི་གཟི་འོད་ཀྱིས། ། འཕྲལ་ཡུན་བདེ་འབྱོར་པད་ཚལ་རྒྱས་པར་ཤོག ། བདག་ཀྱང་གང་གི་བྱིན་རླབས་ལྕགས་ཀྱུ་ཡིས། ། ཉེ་བར་བཟུང་མཐུས་འདིར་ཡང་བསྟན་འགྲོའི་དོན། ། རླབས་ཆེན་བསྒྲུབ་པར་ནུས་ཤིང་སྐྱེ་འཕྲེང་ཀུན། ། མི་འབྲལ་ཁྱོད་ཞབས་བསྟེན་པའི་རྒྱུར་གྱུར་ཅིག ། (ཅེས་བླ་མའི་བསྟོད་ཚིག་གཅམ་བྲལ་དད་པའི་རང་མདངས་འདི་ཉིད་མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་མའི་ཐ་མར་གྱུར་བ་བཛྲ་ཚུལ་ཁྲིམས་སུ་འབོད་པས་མ་ཧཱ་ཙི་ནའི་རྒྱལ་ས་པེ་ཅིན་ནས་དད་པའི་སྙིམ་པ་སྙིང་ཀར་སྦྱར་ཏེ་བྲིས་པའོ།།)

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531340
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།