སྙིང་གི་གྲོས་འདེབས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སྙིང་གི་གྲོས་འདེབས།
སྙིང་གི་གྲོས་འདེབས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-02ལྟ་ཀློག (3574)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 སྙིང་གི་གྲོས་འདེབས།

མཁས་དབང་དགེ་འདུན་ཆོས་འཕེལ།

        ད་ནི་རང་དབང་གཅིག་གིས་བསྡུས་པའི་ཆོས་ཀྱི་གྲོགས་པོ་བློ་གཟུ་བོར་གནས་ཤིང་མིག་རྒྱང་རིང་བ་རྣམས་ལ་སྙིང་ཐག་པའི་གྲོས་འདི་འདེབས་པར་བྱ་སྟེ། དེ་ཡང་ད་ལྟ་སཱ་ཡན་སིའམ〈science〉རིག་པ་གསར་བའི་ལུགས་གྱི་ལྟ་བ་འདི་ཕྱོགས་ཐམས་ཅད་དུ་དར་ཞིང་འཕེལ།   ཡུལ་གྲུ་ཆེན་པོ་དག་ཏུ་མཁས་བླུན་མང་བོས་མིན་ཞེས་བསྙོན་འདིང་འདིང་བའི་རྗེས་སུ་ཐམས་ཅད་ངལ་ནས་ཁ་རོག་གེར་སྡོད་དགོས་བྱུང་།  ཐ་ན་རྒྱ་གར་གྱི་བྲམ་ཟེའི་ལུང་གི་ཁ་འཛིན་སྲོག་ལས་གཅེས་པར་བྱེད་པ་དེ་དག་ཀྱང་མཐར་དབང་མེད་དུ་ཁས་བླང་དགོས་པ་བྱུང་།   དེ་ཡང་རིགས་གསར་ཀྱི་ཁས་ལེན་འདི་དག་གཅིག་གིས་གཅིག་ལ་ཤགས་འགྱེད་ནས་གྲུབ་པ་ཙམ་མ་ཡིན་གྱི།  གསར་འཕྲུལ་གྱིས་བསྐྲུན་པའི་རྒྱང་ཤེལ་དཔག་ཚད་སྟོང་ཕྲག་གི་བར་ལག་མཐིལ་བཞིན་མཐོང་བ་དང་། དེ་བཞིན་ཉེ་བར་ལྟ་བའི་ཤེལ་སྤྱད་རྡུལ་ཕྲ་མོ་དག་ཀྱང་རིའི་བོངས་ཚོད་དུ་སྣང་སྟེ་རྣམ་པ་དུ་མར་འབྱེད་ནུས་པ་ལྟ་བུ་ནི་ཀུན་གྱིས་དངོས་སུ་བལྟར་ཡོད་པས། མིག་བཙུམ་པ་མ་གཏོགས་ཨུ་ཚུགས་ཀྱི་ལམ་གཞན་མི་རྙེད། དང་བོ་ཕྱི་གླིང་ཡུལ་གྱི་མ་ཤི་ཀའི་ཆོས་ལུགས་འཛིན་པ་རྣམས་ཀྱིས་ཀྱང་རྒྱལ་བོ་དང་དཔུང་བསྡེབས་ཏེ་རིགས་གསར་གྱི་གཏམ་སྨྲ་མཁན་རྣམས་མཐའ་ཕུད་དང་།  བཙོན་དུ་འཇུག་པ་དང་། གསོན་པོར་བསྲེགས་པ་སོགས་འགོག་པའི་ཐབས་ཅི་ཙམ་པ་བྱས་ཏེ་མཐར་ཉི་མ་རྒྱབ་ཤར་ལག་པས་མ་ཁེབས་པ་ན་ཁོང་ཚོས་ཆོས་ལུགས་ཀྱང་ལུགས་གསར་བའི་ནང་དུ་མི་འཕྲོད་བཞིན་དུ་ནན་གྱིས་བཅུག་སྟེ་ཁྲ་ཧྲུལ་ལེ་བ་ཞིག་བཤད་དགོས་བྱུང་།

དཔལ་ཆོས་ཀྱི་གྲགས་པས། ངོ་བོ་ཉིད་ལ་ཕྱིན་ལོག་གིས། ། འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། ། གསུངས་པ་བཞིན་རིགས་པ་འགོག་པ་དེ་ཐབས་སྡུག་ཤོས་ཤིག་རེད། རང་རེ་རྣམས་ཀྱིས་ད་དུང་ཡང་ལུགས་གསར་བའི་གཏམ་ཟུར་ཙམ་ཐོས་ན། ཨཱ་ཁོ་མི་སྟེགས་པ་ཡིན་ཞེས་མིག་བགྲད་ནས་བལྟ།   དེ་འདྲ་བྱས་ན་མཐར་རང་ཚུགས་མ་ཟིན་པར་རིགས་པ་གསར་བ་ལ་ཡིད་ཆེས་རྙེད།   ཏཱ་ཁུ་རལ་ཕྱོགས་ཀྱི་སོག་པོ་ལྟ་བུ་འགའ་ཞིག་སངས་རྒྱས་ལ་ཡིད་གཏིང་ནས་ཆད་དེ་ཕྱི་རོལ་བར་གྱུར།དེ་ན་རིགས་པ་གསར་བ་ལ་མིན་ཞེས་ཨུ་ཚུགས་བྱེད་པ་འདི་དང་ཡིད་ཆེས་ཚེ་བསྟན་པ་རྩ་བ་ནས་འདོར་བ་འདི་གཉིས་ཀ་འཛིན་པའི་ཚེ།  ཨུ་ཚུགས་ནི་ཨུ་ཚུགས་རང་ཡིན་པས་ཕུགས་རིང་བོ་མི་འཁྱོལ།  རང་རེའི་སྟོན་པས་ཆོས་ལུགས་འདི་ལ་གཞིའི་གནས་ལུགས།  ལམ་གྱི་བགྲོད་ཚུལ།  འབྲས་བུའི་ཡོན་ཏན་སོགས་ལ་བཤད་པའི་ཆ་གང་ནས་སཱ་ཡན་སིའི་རིགས་པ་ལ་ངོ་གནོང་དགོས་པ་ཞིག་ནི་ངེས་པར་མེད།  དེར་མ་ཟད་གནད་གང་ཡིན་ལ་ས་ཡན་སིའི་རིགས་པའི་རྩིག་རྨང་དུ་བྱེད་ནུས་པ་ཡོད།  ཕྱི་གླིང་གི་ཁྲོད་ནས་སཱ་ཡན་སིའི་མཁས་པ་མང་བོ་ཞིག་སངས་རྒྱས་ལ་དད་པ་རྙེད་དེ་ནང་བར་གྱུར་ཅིང་།  འགའ་ཞིག་རབ་ཏུ་ཡང་བྱུང་།  གཅིག་ན་རེ།  དང་བོ་ང་ཡེ་ཤུའི་ཆོས་རྙིང་བའི་ལུགས་ཡིན།  ཕྱིས་སཱ་ཡན་སི་ལ་ལེགས་པར་སྦྱངས་ནས་གོ་བ་གསར་བ་སྐྱེས་པ་ནི།  འཇིག་རྟེན་འདི་ན་ཆོས་ཡོད་པ་ཐམས་ཅད་ཡི་གེ་ཙམ་ལ་བློ་གཏོད་དགོས་པའི་རྫུན་རྩ་བར་འདོད་པ་ཤ་སྟག་ཏུ་འདུག་སྙམ་པ་བྱུང་། ཉིན་ཞིག་ཆོས་ཀྱི་རྐང་བའི་ཚིགས་བཅད་ཕྱི་སྐད་དུ་བསྒྱུར་བ་ཞིག་མཐོང་ནས།   ཀྱེ་མ།  རིགས་པ་ཁོ་ནའི་ལམ་ནས་གཤེགས་པ་ནི་སངས་རྒྱས་ཉག་ཅིག་སྟེ།  ཁོང་སཱ་ཡན་སིའི་སྐས་ལ་འཛེགས་པ་མ་ཟད།  དེ་བསྐྱུར་ནས་ཕ་རོལ་རྒྱང་རིང་དུ་ཡང་བྱོན་པ་ཡིན་འདུག་སྙམ་ནས་ངེས་ཤེས་སྐྱེས་ཟེར།   དེང་སང་རབ་དུ་བྱུང་སྟེ་སྟེེ་ལོག་ཛྙྰན་བྱ་བ་གྲགས་ཆེ་ཞིང་སིངྒ་ལར་བཞུགས་པ་དེས་ཕྱིའི་སངས་རྒྱས་ཀྱི་ཆོས་ལ་སཱ་ཡན་སིའི་ཆོས་ཏེ་རིགས་པའི་ཆོས་དང་།   ཆོས་ལུགས་གཞན་ལ་དད་པའི་ཆོས་ཟེར།  ནང་བའི་པནྟིཏ་གཞན་ཞིག་ཀྱང་སཱ་ཡན་སིའི་རིགས་པ་ཁོང་དུ་ཆུད་ནས་སངས་རྒྱས་ལ་ལྷག་པར་མོས་པ་ཐོབ་སྟེ།   ངེད་ཀྱི་སྟོན་པའི་ཆོས་འདི་ནི་སཱ་ཡན་སིའི་རིགས་པ་དང་ལག་སྦྲེལ་ནས་རྒྱུག་ཅིང་མཐར་གཅིག་ཤོས་ངལ་བ་ན་ད་དུང་ཡང་ཕ་རོལ་དུ་མཆོངས་འགྲོ་ནུས་པ་ཡིན་ལ།   ཆོས་ལུགས་གཞན་ནི་སཱ་ཡན་སི་དང་ལག་སྦྲེལ་བ་ན་དེ་མ་ཉིད་དུ་འགྱེལ་བའམ།   ཡང་ན་གོམ་གསུམ་བོར་ནས་འགྱེལ་བ་ཤ་སྟག་ཏུ་འདུག་ཅེས་སྨྲས་པ་ཡིན།  དཔེར་ན།   རིགས་གསར་རྣམས་དངོས་པོ་གང་ཡིན་ཡང་གྲུབ་མ་ཐག་པའི་སྐད་ཅིག་གཉིས་པ་ལ་འགག་པའམ་ཡལ་ནས་འགྲོ་ཞིང་།  གཞན་དང་གཞན་གྱི་དངོས་པོ་དག་གི་ཚོགས་པ་ལ་གློག་བཞིན་དུ་ཉུལ་ནས་འགྲོ་ཟེར།   དེ་ཕྱིར་བུམ་པ་སྐད་ཅིག་དང་བོ་སྐད་ཅིག་གཉིས་པའི་རྒྱུན་མ་ཡིན་ཞིང་།   དབྱིབས་གཞན་དུ་མཐོང་བ་ཡང་སྨྲ་མི་ཤེས་པའི་གོམས་པའམ་སེམས་ཀྱི་སྟོབས་ཤུགས་ལས་ཡུལ་གྱི་སྟེང་ན་ཅི་ཡང་མི་འདུག་ཟེར།   དེ་ལས་ཀྱང་གོང་ལ་བརྟག་ན་ཁ་དོག་རྣམས་ཀྱང་ཕྲ་རླབས་ཀྱི་རྦ་ཀློང་གཡོ་ཚུལ་ཙམ་སྟེ།   དཔེར་ན།   འོད་ཀྱི་རླབས་མིག་འཛུམ་གཅིག་ལ་བརྒྱད་བརྒྱ་གཡོ་བ་དག་དམར་བོའི་སྣང་བ་འཆར་ཞིང་། བཞི་བརྒྱ་གཙོ་བོ་ལ་སེར་བོའི་སྣང་བ་འཆར་བ་ལས།   ཁ་དོག་ཙམ་གཞིའི་ཕྲ་རབ་རྣམས་ལ་ཁ་དོག་གི་ཁྱད་ཅི་ཡང་མེད་པར་མཐོང་།   དེ་ཡང་ཆུ་ཐིགས་ལྷུང་བ་ལྟ་བུ་མྱུར་དྲགས་ནས་མི་མཐོང་བ་རྣམས་ལ་འཕྲུལ་སྤྱད་གཞན་སྤྱད་དེ།   མིག་འཛུམ་གཅིག་གི་ཡུན་གྱི་བྱ་བ་མིག་འཛུམ་དྲུག་གི་ཡུན་ལ་དལ་བར་བལྟ་ནུས།  དེ་བཞིན་རྩིག་པའི་རྒྱབ་ལུས་ཀྱི་ནང་སོགས་མི་སྒྲིབ་པའི་ལྟ་སྤྱད་ཀྱང་བཟོས་ནས་ལོ་བཅུ་གྲངས་ལྷག་ཐལ་བས་དེ་ཐམས་ཅད་དངོས་སུ་ཐག་ཆོད།   རྒྱ་གར་དུ་གཏམ་སྨྲས་པ་རྒྱ་ནག་ཏུ་སྐད་ཅིག་གཉིས་པ་ལ་ཐོས་པའི་འཕྲུལ་སྤྱད་ཀྱང་བཟོས་ཤིང་།དེ་བཞིན་རྒྱ་གར་དུ་ཡོད་པ་རྒྱ་ནག་ཏུ་གཟུགས་དཔར་ཡང་འདེབས་ནུས་པས་ཐམས་ཅད་ཡིད་ཆེས་པར་བྱས་ཡོད།

      དེ་ཡང་དངོས་པོ་ཐམས་ཅད་གློག་གི་རྦ་ཀློང་ནང་དུ་རྒྱུག་གིན་ཡོད་པའི་འབྲས་རྟགས་མཐར་ཐུག་མིག་གིས་མཐོང་བ་དེ་རེད།   ལོ་ཉིས་སྟོང་གི་སྔོན་དུ་འདི་ལྟ་བུའི་འཕྲུལ་སྤྱད་གང་ཡང་མེད་པའི་ཚེ་སངས་རྒྱས་ཀྱིས་འདུས་བྱས་ཡོད་དོ་ཅོག་སྐད་ཅིག་རེ་བཞིན་འཇིག་པར་བཤད།   ཡུད་ཙམ་ལའང་མི་གནས་པར་བསྟན་པ་དེ་ཁོ་བོ་ཅག་གིས་ད་བཟོད་འཕྲུལ་སྤྱད་ལས་དངོས་སུ་མཐོང་ཞེས་སཱ་ཡན་སིའི་མཁས་པ་ཆེན་པོ་མང་བོས་སངས་རྒྱས་ལ་ཚད་མེད་པའི་བསྔགས་པ་བྱས།   ཆོས་ཀྱི་གྲགས་པས།   རྒྱུན་དང་ཚོགས་པ་དོན་དམ་པར་མེད་ཅེས་གསུངས་པ་ཡང་གོ་བའི་རྣམ་པ་འཆར་ཚུལ་མི་འདྲ་བ་རུ་ཆུག་ཀྱང་།   མཐའི་འགག་མདོ་འདི་དང་འཛུབ་མོ་གཅིག་གིས་གནོན་ནུས་པ་ཡིན།   དེ་བཞིན་དཀར་བོ་ཡོད་པས་ནག་པོ་ལ་སྣང་ནུས་ཀྱི་དཀར་བོ་ལེགས་པོའི་དངོས་པོ་ཡན་གར་བ་ཅི་ཡང་འཇིག་རྟེན་ན་མི་སྲིད་དོ་བྱ་བ་འདི་གསར་དུ་གོ་ནས་ལོ་ལྔ་བཅུ་སོང་སོགས་འགའ་ཞིག་གིས་སྨྲ་བ་ཡང་།    རང་རེའི་ཀླུ་སྒྲུབ་སོགས་ཀྱིས་གནའ་གནའ་ཞིག་ནས་གོ་བ་དེ་ཀ་རང་ཡིན་ཞིང་།   དེ་བཞིན་ཕྱི་རོལ་གྱི་སྣང་བ་འདི་ཐམས་ཅད་སེམས་ཀྱི་རང་གཟུགས་ཕར་ཤར་བ་ཡིན་གྱི་ཕྱི་རོལ་ན་མི་སྣང་བ་དང་།   དེ་བཞིན་རང་རེས་གང་མཐོང་བ་ནི་དབང་བོའི་སྟོབས་ཀྱིས་ཅི་ཙམ་ཞིག་ལྕོགས་པའི་རྣམ་པའམ་གཟུགས་བརྙན་ཞིག་མཐོང་བ་ཡིན་གྱི།   དངོས་པོ་དེ་རྗེན་པར་མཐོང་བ་མི་སྲིད་དོ་སོགས་སྨྲ་སྟེ།   འདི་དག་ཀྱང་ཡེ་ཤུའི་ཆོས་ལུགས་ལྟ་བུ་གཞན་ན་སྒྲོས་ཙམ་ཡང་མེད་པས་སཱ་ཡན་སིའི་རིགས་པ་སྔོན་མེད་ཅིག་ཡིན་པར་བརྩིས་ཀྱང་རང་རེ་སྔོན་ནས་རྣ་བ་བྱང་བྱང་བ་དེ་དག་ཡིན།   དེ་ལས་ཀྱང་ལུས་ཀྱི་རྩ་ཐིག་གི་ཆགས་ཚུལ་དངོས་སུ་མཐོང་བ་རྣམས་སྔགས་བླ་མེད་ནས་བཤད་པ་དང་ཡ་མཚན་འབྱོར། 

      འོན་ཀྱང་ང་རྒྱལ་ཆེ་དྲག་་རང་རེ་རྣམས་ཀྱི་ལུང་གི་བཤད་པ་ཐམས་ཅད་ཟུར་ཕྲ་མོ་ཙམ་ཡང་མ་ཉམས་པར་འཛིན་འདོད་པ་འདི་གནས་སྐབས་མཛེས་པ་ལྟར་སྣང་ཡང་མཐའ་མི་འཁྱོལ་བའི་ཨུ་ཚུགས་ཡིན།  ཁྱེད་ཚོ་ང་ལ་ཚིག་པ་ཟས་པས་ཏེ་ཅི་ཡང་མི་འོང་། ང་ཁ་རོག་པར་སྡོད་ཆོག་པས་རང་གི་རྣ་བ་དལ་བ་ལ་དབང་གི། གཞན་ཅི་ལའང་མི་ཕན། དཔེར་ན། རིགས་གསར་བ་རྣམས་ཀྱིས་ལྗོན་ཤིང་སྲོག་ལྡན་དུ་ཁས་ལེན།   དེ་ཡང་གནའ་དང་བོ་གཅེར་བུ་བས།  ཤིང་ཆོས་ཅན།  སེམས་ལྡན་ཡིན་ཏེ།  ལོ་མ་འཁུམ་པའི་ཕྱིར་སྨྲས་པ་ལ་འོ་ན་ཁྱོད་ལ། ཀོ་བའི་དུམ་བུ་ཆོས་ཅན། སེམས་ལྡན་དུ་ཐལ། མེ་ལ་ཉེ་ན་འཁུ མ་པའི་ཕྱིར་ཟེར་ཆོག་ཀྱང་སན་དེའུ་བྱ་བ་དང་།   པིན་ས་བྱ་བའི་མེ་ཏོག་སོགས་སྦྲང་བུ་སྟེང་དུ་བབས་མ་ཐག་བཟུང་ནས་ཁྲག་བཞིབས་ཏེ་རོ་སྟོང་ཤོབ་དུ་བྱས་ནས་ས་ལ་འདོར་ཞིང་།   སན་དེའུ་རེ་རེས་ཀྱང་ཉིན་རེ་ལ་འབུ་སྦྲང་ཉིས་བརྒྱ་ལྷག་རེ་གསོད་ཅིང་།    རོ་མཐའ་ལ་སྤུངས་ནས་འོངས།  དེ་བཞིན་གླིང་གཞན་ཞིག་ན་མི་དང་རི་དྭགས་སོགས་བཟུང་ན་ཁྲག་འཇིབ་པའི་ཤིང་སྡོང་མང་བོ་ཡོད་པ་ཀུན་གྱིས་མངོན་དུ་བྱས་ཤིང་།   འདི་དག་གོ་སླ་བས་བཤད་ཀྱི་ཉེ་དུས་སུ་རྒྱ་གར་བྷངྒལའི་མཁས་པ་ཞིག་ནས་གློག་སྐུད་ཀྱི་འཕྲུལ་སྤྱད་གསར་བ་ཞིག་བྱས་ནས་ཀྱང་སྲོག་གནས་པ་དངོས་སུ་ངོ་སྤྲད་པས་དེ་འདྲ་བའི་མེ་ཏོག་ཞིག་མདུན་དུ་ཁྱེར་འོངས་ན།   དངོས་སུ་བསྙོན་འདིང་དགོས་སམ།   ཡང་ན་ཤིང་གི་ཆོས་ཉིད་ཟེར་རམ་ཅི་ཟེར། འབུ་ལ་སོགས་པ་སྲོག་ལྡན་དུ་འདོད་པ་རྣམས་ལ་ཡང་སྲོག་ཡོད་པའི་རྟགས་མི་འདྲ་བ་ཅི་ཞིག་སྟོན་དགོས།  ཉི་ཚེ་བའི་དམྱལ་བར་བརྗོད་དགོས་སམ།   འོན་ཀྱང་མེ་ཏོག་དེའི་རིགས་ཐམས་ཅད་དེ་འདྲ་རེད།   དཔེ་ཟུར་དུ་བྲིས་པ་ཞིག་ཡོད་པ་ལ་ལྟོས་ཤིག   སིངྒ་ལའི་ནང་བ་རིགས་གསར་སྨྲ་བ་རྣམས་སྟོན་པས་སྐྱེ་བ་གཅོད་པའི་ལྟུང་བྱེད་གསུངས་པའང་འདི་དགོངས་ནས་མཛད་ཟེར།   གནས་སྐབས་གཏམ་དེ་མཛེས་པ་ཞིག་གོ།།

      ལོ་ལྔ་བཅུ་ཙམ་གྱི་གོང་དུ་སིངྒ་ལར་ཡེ་ཤུ་བ་དང་།  སངས་རྒྱས་པ་གཉིས་ལ་རྩོད་པ་ཤུན་ཏུ་ཆེ་བ་ཞིག་བྱུང་།  དེའི་སྐབས་དགེ་སློང་གུརྣཏྣ་བྱ་བ་དེས་ཕ་རོལ་བོ་རྣམས་ཚར་བཅད་ནས་སྟོང་ཕྲག་མང་བོ་ཡེ་ཤུའི་ལུགས་སུ་ཞུགས་པ་སླར་ནང་བར་ཚུད།  དེ་དུས་རང་རེ་བཞིན་ལུགས་གསར་གྱི་རིགས་པ་ལ་བསྙོན་འདིང་བ་མིན།  བོད་རིགས་ཀྱི་མི་ཆེས་བླུན་པོ་དག་སཱ་ཡན་སིའི་གཏམ་གང་ཐོས་ཡེ་ཤུའི་ཆོས་ལུགས་ཡིན་ཟེར་ཞིང་།  ཡེ་ཤུ་བ་ཚོས་ཀྱང་རྒྱུས་མེད་ཀྱི་ཡུལ་དུ་ངོ་ཚ་བོར་ཏེ་ཡིན་ཁུལ་བྱེད་པ་དེ་ལས་སྙིང་ན་བ་ཅི་ཞིག་ཡོད་དེ་ཅི་བྱ།  རིགས་གསར་ཀྱི་སྐོར་འདི་ལ་བསམ་པའི་འཁྱེར་སོ་གང་ཡིན་གྱི་དཔེ་ཞིག་ཟུར་དུ་འབྲི་འདོད་ཆེན་པོ་བྱུང་ཡང་།  ཚེགས་ཆེ་དྲགས་པ་དང་ཀུན་གྱི་མོས་པ་ལོག་པས་དོན་མེད་དུ་འགྱུར་སྙམ་ནས་ལུས།  ཁྱེད་ཚོའི་སེམས་ལ་ངེད་དབང་རྟུལ་གཞན་གྱི་ཅི་ཟེར་ལ་དེ་མ་ཐག་ཡིད་ཆེས་མཁན་དེ་འདྲ་ཞིག་ཡིན་སྙམ་པ་མ་བྱེད། ངེད་དབང་བོ་རྣོ་དང་རྣོ་རབ་ཅིག་ཡིན།  བསྟན་པའི་ཕྱོགས་ཡང་ཆོས་བཤད་པ་ལ་སློབ་མ་མ་རྙེད།  དགོན་པ་འདེབས་པ་ལ་ཆ་རྐྱེན་མ་འགྲིག་པས་བྱ་བ་རླབས་ཆེན་དེ་བྱེད་མ་ནུས་ཏེ།ཆོས་ཀྱི་ཤ་ཚ་ཁྱེད་ཚོ་ལས་མི་ཆུང་ཙམ་ཡིན།  དེའི་ཕྱིར་ངས་སྨྲས་པ་འདི་རྣམས་ང་ཚར་གཅོད་པའི་བསམ་བློ་ཙམ་ཞིག་〈ལས〉མ་བཏང་བར་བསྟན་པའི་སྡོང་བོ་དང་རང་རེའི་ནང་རིག་པའི་རྩ་བ་འདི་དག་ཧྲིལ་གྱིས་ལོག་པ་ཞིག་མི་འདོད་ན་མིག་རྒྱང་རིང་བོར་བྱས།  གཙོ་ཕལ་མཐོང་བའི་སེམས་རྒྱ་གུ་ཡངས་པོར་བྱས་ནས་རིགས་གསར་གྱི་སྲོལ་དང་མཉམ་དུ་བསྟན་པ་ཨེ་གནས་ཀྱི་ཐབས་ལ་འབད་དགོས།  དེ་མིན་རང་ལ་གཞན་གྱིས་ཁ་གཏོང་བ་སོགས་ལ་འཇིགས་ནས་ཨུ་ཚུགས་དེ་ག་རང་བྱས་ན་གནས་སྐབས་ཁེ་སང་ཆེ་ཞིང་གྲོགས་མང་།   གྲོ་ཚང་དུ་གོང་མ་ཐོན་ཏེ་ས་རྡོ་རིང་ལ་འདི་ལྟར།ཇི་ལྟར་ནམ་མཁའ་འདི་རྒྱ་ཆེ།  ཉི་ཟླ་འདི་འོད་གསལ་བ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་དེ་ལོ་ཁྲི་ཕྲག་བར་དེ་མཉམ་དུ་གནས་པར་གྱུར་ཅིག་བྱ་བ་བྲིས་ཡོད་པ་བཞིན།  ཕྱིས་བྱུང་སཱ་ཡན་སིའི་རིགས་པ་འདི་དང་སྔོན་བྱུང་སངས་རྒྱས་ཀྱི་བསྟན་པ་གཉིས་ལོ་ཁྲི་ཕྲག་ལ་མཉམ་དུ་གནས་པའི་སྨོན་ལམ་འཚལ། བདེ་བ་ཉུང་ཚེ་ད་དུང་ཐོབ་འདོད་ནས་སེམས་གདུང་།  མང་ཚེ་ཆེ་དྲགས་ཏེ་མ་ཐེག་པས་གདུངས། འདི་དངོས་པོ་ཐམས་ཅད་ཀྱི་གཤིས་ཡིན། ཆུ་མང་དུ་བླུགས་པས་མེ་ཏོག་སྐམས།ཟ་ཕྲུག་ཚེ་ཚ་ཤ་བཅད་པའི་བར་བདེ། རེ་བའི་ཚད་དེ་མང་ན་སྐད་ཅིག་ལ་བདེ་སྙམ།  དེར་བློ་བྱེད་མེད་དུ་ཅུང་སྡོད་པ་ཡིན།  འོན་ཀྱང་ཡུལ་དང་ཡུལ་ཅན་ཆ་མཉམ་པའི་ངང་དུ་ཡུན་རིང་མི་སྡོད། གཞུ་རྒྱུད་ཀྱང་སྲ་ཁྲེགས་དིང་ངེ་སྡོད་ཀྱང་དེ་ལྟར་བཞག་ཚེ་ལྷོད་ནས་འགྲོ། གཞུ་དིང་ངེར་སྡོད་པ་ལ་གཞུ་ལྷོད་མང་དྲགས་ནས་རྒྱུད་བཞག་པ་སོགས་ཡང་ཡང་བྱེད།  དེ་བཞིན་སེམས་དེ་བདེ་བ་ཡང་སྡུག་བསྔལ་གྱིས་གདུངས།  ཡང་སྔར་གྱི་དེ་ཐོབ་པ་དགོས།  ཟས་ཀྱིས་ཚིམ་པ་བདེ་བ་ཡིན།  དེ་ལ་ང་རང་ལྟོགས་དགོས། གཞུ་རྒྱུད་ཀྱིས་སྙན་པར་བྱས་པ་ཡུན་མི་རིང་། གཞུ་རྒྱུད་བྲལ་བའི་བརྟན་པོ་ཞིག་དགོས།  དེ་ལ་སེམས་ཀྱི་ཡུལ་མེད་པ་དགོས།  དྲེགས་ཀྱི་དྲི་མ་མེད་པ་ལ་ནང་གི་སྙིང་སྟོབས་རི་རབ་ཀྱང་འབིགས་ནུས་པ་ཙམ་ཡོད་སྐད་དོ། །


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣ་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506572
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།