སྤྱི་བསྡོམས།

ལྡོང་ཡོན་ཏན་རྒྱ་མཚོས།
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ།།
བློ་ཆོས་ལ་གོམས་པར་བྱིན་གྱིས་རློབས།།
བདག་གཅེས་འཛིན་སྒེག་མོས་བསླུས་བསླུས་པས།།
ནང་སེམས་གཤིས་མ་འགྱུར་སྔར་བཞིན་མཁྲེགས།།
དུས་དེང་སང་སྙིགས་མའི་རང་མཚང་བརྡོལ།།
དགྲ་ཉོན་མོངས་དམག་གིས་བར་མེད་བསྐོར།།
ཆོས་བསྟན་པ་རིན་ཆེན་གསེར་དངུལ་ལ།།
ཕོད་འཛུགས་པར་སྙིང་ཁམས་སུ་ཆེ་འགྲན།།
བོད་ཁ་བའི་ལྗོངས་ལ་འགྱུར་ལྡོག་མང་།།
ལོ་གཞོན་སྐྱེས་ཕལ་ཆེར་འུར་འདྲོག་བྱེད།།
འཕྲུལ་ཚན་རིག་དར་བའི་རླབས་རྩེ་ནས།།
ཁ་ལག་པ་མི་ཁོམ་མགྱོགས་འཕྲིན་རྩེད།།
དངུལ་སྒོར་མོའི་ཆེད་དུ་ངོ་ཚ་བརྗེད།།
མཚན་སྙན་གྲགས་ཆེད་དུ་མི་གཞི་བརྗེད།།
བསམ་མི་ཤེས་སྤྲེའུའི་ལད་མོ་བྱེད།།
འདི་བསམ་ན་སེམས་ཁོང་སྡུག་གིས་གནོན།།
རྙེད་དཀའ་ལ་དོན་ཆེའི་དལ་འབྱོར་རྟེན།།
དྲྭ་སྐད་འཕྲིན་མགྱོགས་འཕྲིན་ནང་ནས་ཟད།།
དུས་བཞི་བོར་རྟ་རྒྱུགས་སྐད་ངག་འགྲན།།
བྲོ་བརྡུངས་ནས་སྣང་བ་སྐྱིད་ལ་བསྐུར།།
ཆོས་གྲུབ་མཐའི་བར་ལ་འགལ་བ་སློང་།།
ཡུལ་ས་ཕྱོགས་བརྩད་ནས་ཁ་ལྕེ་འདར།།
ལྷ་གཞི་བདག་བསྟེན་ནས་བླ་མ་འདོར།།
བོད་ཆོས་ལྡན་རྒྱལ་ཁམས་ཉམ་རེ་ང་།།
དགོན་གྲྭ་ཚང་རླུང་ནང་མར་མེ་འདྲ།།
ཆུང་གྲྭ་བཙུན་རྨ་ཀླུང་བཞུར་རྒྱུན་བཅད།།
རི་མཐོན་པོའི་དཔུང་རྒྱན་མེ་ལ་བསྟིམས།།
ཕྱིའི་སྐོར་ལམ་གསང་མིག་རྣོན་པོས་བཟུང་།།
གོང་རྒྱལ་བའི་བཀའ་རུ་མི་གསལ་ཞིང་།།
བར་པཎ་གྲུབ་མཁས་པས་མ་གདམས་པའི།།
ཆོས་འདྲ་མིན་གསུངས་པའི་སྐྱེས་ཆེན་ཚོས།།
འབངས་མི་ཚོགས་དག་པའི་ཞིང་ལ་འདྲེན།།
སྤྱིའི་ལས་དབང་གཡང་གཟར་རྦབ་རྡོ་འདྲ།།
བཀའ་བཙན་པོ་གནམ་ལྕགས་ཐོག་རྒོད་འདྲ།།
ལུག་གཡང་དཀར་འཚོ་བའི་གདུང་དམར་ཚང་།།
རི་མཐོན་པོའི་དར་ལྕོག་ཁེར་རྐྱང་འདྲ།།
ཕྱིའི་ཁོར་ཡུག་སྲུང་སྐྱོབ་སྐད་ཡིག་སློབ།།
མི་ཉམ་ཐག་བྱམས་སྐྱོང་དགེ་ལས་བྱེད།།
ནང་ཕུ་ནུའི་བར་གྱི་མཐུན་སྒྲིལ་སོགས།།
དུས་དེང་སང་ཡར་ཐོན་མེད་པ་མིན།།
གནད་ཆེ་ལ་ཚབ་ཆེན་ཡིན་པ་འགའ།།
ཁས་བཤད་ཅིང་ལག་པས་བྲིས་པ་འདིས།།
མི་དཔྱོད་ལྡན་རྒན་གཞོན་ཀུན་ལ་ཕན།།
བོད་དར་རྒྱས་གསོས་སུ་འགྱུར་བར་སྨོན།།
༢༠༡༩-༡༢-༣༡ཉིན།
གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།
|