བཟང་ཐོག་གི་བཟང་།

ལྡོང་ཡོན་ཏན་རྒྱ་མཚོས།
རིས་མེད་སྨོན་ལམ་བཏབ་ན་ལོས་བཟང་མོད།།
རིས་མེད་ལག་ལེན་བྱས་ན་དེ་བས་བཟང་།།
ལྟ་གྲུབ་རིགས་པས་བཟུང་ན་ལོས་བཟང་མོད།།
ལྟ་ཚུལ་ཨ་འཐས་མིན་ན་དེ་བས་བཟང་།།
བླ་མ་མང་བོ་ཡོད་ན་ལོས་བཟང་མོད།།
བླ་མ་བསྟེན་ཚུལ་འགྲིག་ན་དེ་བས་བཟང་།།
ཐོས་པས་བློ་མིག་ཕྱེས་ན་ལོས་བཟང་མོད།།
ཐོས་དོན་རྒྱུད་ལ་སྦྱར་ན་དེ་བས་བཟང་།།
དབང་བསྐུར་མང་བོ་ཐོབ་ན་ལོས་བཟང་མོད།།
དབང་བརྡ་གསལ་བོར་འཕྲོད་ན་དེ་བས་བཟང་།།
གཞན་ལ་འཚེ་བ་སྤངས་ན་ལོས་བཟང་མོད།།
གཞན་ཕན་ཅི་ནུས་བསྒྲུབས་ན་དེ་བས་བཟང་།།
སྲོག་བསླུ་ཚེ་ཐར་བཏང་ན་ལོས་བཟང་མོད།།
སྲོག་ལྡན་འཆམ་མཐུན་བྱས་ན་དེ་བས་བཟང་།།
རྟེན་གསུམ་ལྷ་ཁང་བཞེངས་ན་ལོས་བཟང་མོད།།
རྟེན་འབྱུང་ཆོས་ཉིད་རྟོགས་ན་དེ་བས་བཟང་།།
མ་ཎི་རྡོ་ལ་བརྐོས་ན་ལོས་བཟང་མོད།།
མ་ཎིའི་གོ་དོན་བསླབས་ན་དེ་བས་བཟང་།།
གཟུངས་སྔགས་རས་ལ་དཔར་ན་ལོས་བཟང་མོད།།
གཟུངས་ཀྱི་བརྡ་དོན་ཁྲོལ་ན་དེ་བས་བཟང་།།
མཐུན་སྒྲིལ་ལག་རྡང་སྦྲེལ་ན་ལོས་བཟང་མོད།།
མཐུན་སྒྲིལ་གནད་དུ་སོང་ན་དེ་བས་བཟང་།།
སློབ་གསོའི་དར་ཆེན་ཕྱར་ན་ལོས་བཟང་མོད།།
སློབ་གསོ་སེམས་ལ་བཏང་ན་དེ་བས་བཟང་།།
ཕ་སྐད་གཙང་མ་བཤད་ན་ལོས་བཟང་མོད།།
ཕ་མའི་སེམས་ཁམས་མ་བོར་དེ་བས་བཟང་།།
ཀ་ཁའི་ཡིག་གཟུགས་འགྲན་ན་ལོས་བཟང་མོད།།
ཀ་ཁའི་བླ་སྲོག་བསྲུངས་ན་དེ་བས་བཟང་།།
རྩོམ་ཡིག་ཆད་མེད་སྤེལ་ན་ལོས་བཟང་མོད།།
རྩོམ་གྱི་ནང་དོན་གཙང་ན་དེ་བས་བཟང་།།
ལོ་རྒྱུས་དཔྱད་གླེང་གནང་ན་ལོས་བཟང་མོད།།
ལོ་རྒྱུས་དྲང་མོར་བཤད་ན་དེ་བས་བཟང་།།
ཁོར་ཡུག་སྲུང་སྐྱོབ་བྱས་ན་ལོས་བཟང་མོད།།
ཁོར་ཡུག་མ་སྦགས་བཞག་ན་དེ་བས་བཟང་།།
རྒན་གསོའི་ཁང་བཟང་བསྐྲུན་ན་ལོས་བཟང་མོད།།
རྒན་པར་བྱམས་སྐྱོང་ཆེ་ན་དེ་བས་བཟང་།།
རྣམ་གྲངས་ཆེ་ཆུང་ལོན་ན་ལོས་བཟང་མོད།།
རྣམ་དག་མི་གཤིས་མ་བོར་དེ་བས་བཟང་།།
སྐད་འཕྲིན་བཀོལ་སྤྱོད་ཤེས་ན་ལོས་བཟང་མོད།།
སྐད་ཆར་འགན་འཁུར་ཡོད་ན་དེ་བས་བཟང་།།
ཚོགས་སྡེ་སྣ་ཚོགས་བཙུགས་ན་ལོས་བཟང་མོད།།
ཚོགས་གཙོའི་བསམ་སྤྱོད་ཡག་ན་དེ་བས་བཟང་།།
སྐྱེས་སྐར་སྐྱིད་ཀྱིས་རོལ་ན་ལོས་བཟང་མོད།།
སྐྱེས་པའི་དོན་གོ་ཆོད་ན་དེ་བས་བཟང་།།
སྙིང་རྩ་ལྕགས་ལས་སྲ་ན་ལོས་བཟང་མོད།།
སྙིང་ལ་འཕར་ལྡང་ཡོད་ན་དེ་བས་བཟང་།།
མདུན་བསྐྱོད་སྤོབས་པ་ཡོད་ན་ལོས་བཟང་མོད།།
མདུན་ལྗོངས་གསལ་བོར་མཐོང་ན་དེ་བས་བཟང་།།
ཆོལ་གསུམ་བོད་ཡིན་ཟེར་ན་ལོས་བཟང་མོད།།
ཆོལ་ཁའི་འཐེན་འཁྱེར་མེད་ན་དེ་བས་བཟང་།།
༢༠༡༨-༡༠-༧
གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།
|