པཎྜི་ཏ་དབལ་ཤུལ་ངག་དབང་བརྩོན་འགྲུས།
གྲུབ་མཐའ། དགེ་ལུགས་པ།
འཁྲུངས་འདས། ༡༦༤༨-༡༧༢༡
པཎྜི་ཏ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ས་བྱི་ཕྱི་ལོ་(༡༦༤༨)ལོར་རྒན་གྱར་ཡབ་དཔའ་འབུམ་རྒྱལ་དང་ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཀུན་མཁྱེན་སྐུ་ཕྲེང་དང་བོ་ཡིན་ཞིང་། དགུང་ལོ་བཅུ་གསུམ་པར་འདུལ་འཛིན་ཡེ་ཤེས་རྒྱ་མཚོའི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་བཞེས། ཉེར་གཅིག་པར་དབུས་གཙང་དུ་ཆིབས་བསྒྱུར་མཛད། ཇོ་བོ་ཤཱཀྱ་མུ་ནེ་དང་འཇམ་དབྱངས་གྱང་ཐིམ་མ་གཉིས་ཀྱིས་སྙན་དར་ཕྱག་གིས་བཞེས། ཞལ་འཛུམ་པའི་གཟིགས་སྣང་བྱུང་། དགུ་བའི་ཉེར་ལྔ་ཉིན་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས། ཉེར་དགུ་བར་ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་བསྟེན། བཀའ་པོད་ལྔ་དང་བཅས་པར་དཔེ་གཟིགས་དོགས་གཅོད་སོགས་ཀྱིས་དུས་འདས། ཉེར་བདུན་ཐོག་ཀུན་གཟིགས་ལྔ་བ་ཆེན་པོའི་སྤྱན་སྔར་བསྙེན་རྫོགས་བཞེས། ཉེར་དགུ་ལོར་རྒྱུད་སྨད་གྲྭ་ཚང་དུ་ཞུགས། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་སོགས་བླ་མ་མང་བོ་བསྟེན། བདེ་གསང་འཇིགས་གསུམ་སོགས་བཀའ་དབང་དང་། རིན་འབྱུང་བརྒྱ་རྩ་སོགས་རྗེས་གནང་། ལམ་རིམ་ཆེ་ཆུང་བསྐྱེད་རྫོགས་བཅས་མདོ་སྔགས་ཀྱི་བཤད་ཁྲིད་སོགས་རྒྱ་བོད་ཀྱི་གཞུང་མང་བཀླགས། ཚེ་འདིའི་འཁྲི་བ་སྤངས་ཏེ་སྒྲུབ་ལ་གཞོལ་བར་ཐུགས་ལ་བཅགས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མངའ་རིས་མཐོ་ལྡིང་ངམ་དགའ་ལྡན་གྱི་གསེར་ཁྲི་མཛད་དགོས་ཚུལ་དང་། དགུང་ལོ་སོ་གསུམ་ནས་ང་གསུམ་བར་ལོ་ངོ་ཉི་ཤུར་རི་བོ་དགེ་འཕེལ་དུ་ཐུགས་དམ་མཉམ་བཞེས་ཀྱིས་གདུལ་བྱ་མཐའ་ཡས་པར་དབང་ལུང་མན་ངག་བཤད་ཁྲིད་ཀྱི་གདམས་པ་བསྩལ། ང་གསུམ་པ་ལྕགས་འབྲུག་ཕྱི་ལོ་(༡༧༠༠)ལོར་སྒོ་མང་གྲྭ་ཚང་ནས་གཞུང་ལ་ནན་ཆེར་ཞུས་པ་ལྟར། རྒྱལ་མཆོག་ནས་བཀའ་ནན་ཕེབས་པས་སྒོ་མང་བླ་མ་ཅིས་ཀྱང་མཛད་སྒོས་བྱུང་། དྲུག་ཅུ་བ་མེ་ཕག་ཕྱི་ལོ་(༡༧༠༧)ལོར་ལྷ་བཟང་ཧན་གྱིས་ཕ་བོང་ཁའི་གདན་ས་ཕུལ། སྐབས་དེར་ཨེ་རྟི་ནི་ཇུ་ནང་གིས་དགོན་གསར་འདེབས་ཆེད་མདོ་སྨད་དུ་གདན་དྲངས། ས་གླང་ཕྱི་ལོ་(༡༧༠༩)ལོར་བླ་བྲང་དགའ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་སྡེ་ཆེན་པོ་ཕྱག་བཏབ་གནང་། སྐུ་ཞབས་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ནས་སྒོ་མང་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་མཚན་དང་། དབུ་གདུགས་ཐམ་ག་སོགས་བཀའ་ཡིས་གཟེངས་བསྟོད་མཛད་པ་འབྱོར། དགོན་ལུང་དུ་ཕེབས་ནས་རྒྱུད་གྲྭ་གསར་འཛུགས་མཛད། ལྕགས་བྱི་ཕྱི་ལོ་(༡༧༢༠)ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་དགུར་གོང་མ་ཁང་ཤིས་བསྟན་པ་འཛིན་ཅིང་སྐྱོང་བར་བྱེད་པའི་པཎྜི་ཏ་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་དང་། གསེར་ཐམ། གསེར་ཡིག་སོགས་ཀྱི་གཟེངས་བསྟོད་གནང་བ་འབྱོར། གསུང་རྩོམ་ལ་འཇིགས་བྱེད་ཆོས་འབྱུང་སོགས་པོད་བཅོ་ལྔ་བཞུགས། དོན་བཞི་བ་ལྕགས་གླང་ཕྱི་ལོ་(༡༧༢༡)ལོའི་བོད་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཉིན་སྐུ་གཤེགས།
གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་། དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན།
|