༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་དགུ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པ
༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་དགུ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-05-29ལྟ་ཀློག (435)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།

བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)

 དཔྱད 」གླེང་བསླངས་པའི་གཏམ། ༡

ལེའུ་དང་པོ། རྩོམ་འདི་འབྲི་བའི་ཀུན་སློང་།

དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་དང་པོ། ༢

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གཉིས་པ། ༣

 「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གསུམ་པ།  ༤

ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།

 དཔྱད 」ནང་བསྟན་གྱི་ཁྱད་ཆོས། 

 「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༢ - ༣

 「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༤ - ༥ 

「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༦ - ༧


ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།
༨ - ༩
བརྒྱད་པ། སྡུག་བསྔལ་གྱིས་མནར་བའི་འཇིག་རྟེན་དོར་ནས་རང་ཁོ་ན་ཞི་བདེ་ལ་སྤྱོད་པའི་ཞུམ་པ་སྤངས་པའི་ཁྱད་ཆོས།
    ནང་བའི་ཆོས་ལུགས་ནི་འཇིག་རྟེན་དོར་ནས་རང་བདེ་འབའ་ཞིག་སྒྲུབ་པའི་ཞུམ་བཅས་ཁྲེལ་མེད་ཀྱི་ལུགས་ཤིག་གོ་ཞེས་སྨྲ་བ་ནི་ཤིན་ཏུ་རྩིང་ཞིང་བབ་ཅོལ་ཉིད་དེ། ཤེས་པས་སྲིད་ལ་མི་གནས་ཤིང་། ། སྙིང་རྗེས་ཞི་ལ་མི་གནས་དང་། ། ཞེས་སྲིད་ཞིའི་མཐའ་གཉིས་འགོག་པའི་བྱང་ཆུབ་ཀྱི་སེམས་ལ་ཅུང་ཟད་ཀྱང་འདང་མ་རྒྱབ་པའི་སྐྱོན་དང་བཅས་པས་སོ།། རང་བདེ་དོར་ནས་གཞན་བདེ་གཙོ་བོར་སྒྲུབ་པ་ནི་ནང་བའི་ཆོས་ལས་མཆོག་ཏུ་གྱུར་བ་ཞིག་མི་རྙེད་དེ། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལས། དག་པའི་ཞིང་དུ་སྐྱེས་ནས་ཀྱང་བརྩེ་བ་ཤུགས་དྲག་པོས་ཀུན་ནས་བསླང་སྟེ་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་གཙོ་བོར་མ་དག་པའི་ཞིང་དུ་ཕྱིན་ནས་སེམས་ཅན་ཐམས་ཅད་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པ་ལ་བརྟེན་ནས་རྒྱལ་བའི་བསྔགས་པའི་ལམ་རྣམ་པར་དག་པ་ལ་འགོད་ནུས་པར་གྱུར་ཅིག་ཅེས་དང་བླ་མཆོད་ལས་ཀྱང་། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི། ། མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་། ། སྙིང་རྗེས་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པའི། ། བརྩོན་འགྲུས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། ། ཞེས་དང༌། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། ། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། ། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། ། ཞེས་སྨོན་ལམ་བཏབ་པ་འདི་ལྟ་བུའི་རླབས་ཆེན་གྱི་བསམ་བློ་དང་འཇིགས་པ་མེད་པའི་སྙིང་སྟོབས་ནང་བའི་ཆོས་ལུགས་ལས་གཞན་དུ་ཆ་ཙམ་ཡང་མཐོང་རྒྱུ་མེད་པའི་ཕྱིར་རོ།།    གཞན་ཡང་འདིར་དཔེ་ཞིག་བཀོད་ན། ཆིང་རྒྱལ་རབས་ཀྱི་གོང་མ་གནམ་སྐྱོང་རྒྱལ་བོའི་དབུ་བླ་རྒྱའི་སློབ་དཔོན་ཡུས་ལིན་ (玉琳) ཞེས་པ་ཞིག་ཡོད་པ་དེ་བློན་ཆེན་དབང་ཚང་གི་མཆོད་གནས་སུ་བཀུར་ཚེ། ལྷུའུ་ཞེས་པའི་ནང་མི་ཞིག་ཕྲག་དོག་གིས་རབ་ཏུ་གདུང་སྟེ་དེ་ལ་གླགས་འཚོལ་བའི་ཕྱིར་འདི་ལྟར་སྨྲས་པ། ཁྱོད་ནི་གུས་བཀུར་གཞུང་སེམས་མེད་པ་ཞིག་སྟེ། ན་ཚོད་འདི་ལྟར་གཞོན་ཡང་ཁྱིམ་སྤངས་ཏེ་རབ་ཏུ་བྱུང༌། ཉིན་རེ་བཞིན་ལས་ཅི་ཡང་མ་བྱས་པར་གཞན་གྱི་ཟས་ལ་སྤྱོད། རང་ཉིད་ཀྱི་སྟོབས་ཤུགས་རྒྱལ་ཁབ་ཀྱི་དོན་དུ་མི་བཀོལ་བར་སོས་དལ་དུ་སྤྱོད་སྡོད། དེའི་ཕྱིར་གཞུང་སེམས་ཁྱོད་ལ་ཇི་ལྟར་བཤད། ད་དུང་ཁྱོད་ཀྱི་ཕ་མས་ཁྱེད་རང་བསྐྱེད་ཅིང་སྐྱོང་སྟེ་ནར་སོན་དུ་བཅུག་ཀྱང་ཕ་མའི་དྲིན་ལན་མི་འཇལ་བར་ཕ་མ་དོར་ཏེ་གྲྭ་བ་བྱས་པས་ཁྱོད་ཀྱི་གུས་བཀུར་གང་དུ་འཚོལ་ཞེས་ཟེར།    དེའི་ལན་དུ་སློབ་དཔོན་ལགས། ཝུའུ་དཔོན་རོགས་ལགས། ཁྱེད་ཀྱིས་མི་ཡ་རབས་ཤིག་གི་སྤྱོད་པ་ནི་རྒྱལ་ཁབ་ལ་བློ་སེམས་དཀར་ཞིང་ཕ་མ་ལ་གུས་སེམས་ལྡན་དགོས་པར་གསུངས་པ་དེ་ཤིན་ཏུ་མད་ཅིང་ལེགས་སོ།། འོན་ཀྱང་རབ་ཏུ་བྱུང་ཞིང་ནང་བའི་བསྟན་པ་ལ་ཞུགས་ཏེ་ལུས་ངག་འགྲོ་བ་སྐྱོབ་པའི་དོན་དུ་འབུལ་བ་ནི་གཞུང་སེམས་དང་གུས་སེམས་མེད་དོ་ཞེས་བཤད་པ་ཇི་ལྟར་འབྲེལ། ཁྱེད་ཀྱིས་རབ་བྱུང་བ་དག་གིས་ལས་ཀ་ཅི་ཡང་མི་བྱེད་ཅིང་གཞན་གྱི་ཟས་ལ་ལོངས་སྤྱོད་དོ་ཞེས་གསུངས་པའང་ཁྱེད་རང་གི་རབ་ཏུ་བྱུང་བའི་འགན་ཅི་ཡིན་མ་མཁྱེན་པ་ལགས་ཏེ། ཆོས་སྤེལ་བ་ནི་རབ་བྱུང་བ་དག་གི་ཁྱིམ་ལས་ལྟ་བུ་དང་། འགྲོ་བ་ལ་ཕན་པ་བསྒྲུབ་པ་ནི་ལས་དོན་ཡིན། རབ་ཏུ་བྱུང་བ་ཞིག་ལ་མཚོན་ན་དམ་པའི་ཆོས་ཀྱིས་གཞན་རྒྱུད་འདུལ་བར་བྱེད་པ་ནི་ཁོའི་བྱ་བ་ཡིན་ནོ།། རྒྱལ་ཁབ་ལ་དྲིན་བཟོ་བའི་ཚུལ་ཡང་ཞིང་འདེབས་དར་འཐག་དང་ཐོན་སྐྱེད་དངོས་སྒྲུབ་ལྟ་བུ་ཁོ་ནར་མ་ངེས་ཏེ། དཔེར་ན་ང་ཚོས་རྒྱལ་བའི་ཆོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བདེ་འཇགས། མི་གཤིས་ལེགས་བསྒྱུར་བྱས་ཏེ་མི་དམངས་ཀྱི་འཚོ་བ་ལུགས་མཐུན་དུ་བཏང་། མི་ཚེ་ཡི་རིན་ཐང་ཆེ་རུ་བཏང་བ་ཡང་རྒྱལ་ཁབ་ལ་དྲིན་བཟོ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་འགྲོ་བ་ཡིན་པའི་ཕྱིར། གལ་ཏེ་ཐོན་སྐྱེད་ལ་དངོས་སུ་ཞུགས་ཏེ་ཞིང་ལས་སོགས་ལ་མ་འབད་ན་དཀོར་ཟས་ལ་སྤྱོད་པ་ཙམ་དང་། རྒྱལ་ཁབ་ལ་དྲིན་བཟོ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མི་ཐུབ་ན། ཝུའུ་དཔོན་རོགས་ཁྱེད་རང་ཐ་ན་བློན་ཆེན་དང་བཅས་པ་ཡང་ངེད་ཅག་གྲྭ་བ་རྣམས་དང་མཚུངས་པར་རྒྱལ་ཁབ་ལ་དྲིན་བཟོ་དང་སྤྱི་ཚོགས་ལ་ཞབས་འདེགས་ཅི་ཡང་བསྒྲུབ་མི་ནུས་པ་འདྲ་འདྲ་ཡིན་ནོ་ཞེས་སོགས་མང་དུ་གསུངས་པས་ཀྱང་ནང་བའི་སྤྱི་སེམས་གསལ་བར་མཚོན་ཐུབ་པས་མང་དུ་སྨྲ་དགོས་དོན་མེད་དོ།།    དེས་ན་སངས་རྒྱས་ཆོས་ལུགས་ཚེ་འདིའི་རྒྱལ་བོ་དང་ཕ་མ་ཙམ་དུ་མ་ཟད། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ནས་བདེ་བ་ལ་འགོད་པ་དང་། དེ་ཡང་སྡུག་བསྔལ་ཉི་ཚེ་བ་ཙམ་མ་ཡིན་པར་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་མཐར་ཐུག་གི་བདེ་བ་ཟད་མི་ཤེས་པ་ལ་འགོད་འདོད་ཅན་ཡིན་པས། འཇིག་རྟེན་དུ་བཤད་པའི་དྲིན་ལན་གཞལ་ཚུལ་དང་འདི་གཉིས་ལ་ནམ་མཁའ་དང་ཁབ་མིག་གི་ཚད་ཙམ་གྱི་རྒྱ་ཆེ་ཆུང་ཡོད་པ་ལེགས་པར་ཤེས་པར་བྱའོ།།

དགུ་བ། མཆོག་དམན་གྱི་ཁྱད་པར་རིགས་པས་ལེགས་པར་འབྱེད་པ་ལས་རང་ལྟ་མཆོག་འཛིན་དང་སྡང་སེམས་མི་བྱེད་པའི་ཁྱད་ཆོས།

    ད་ལྟ་འཛམ་གླིང་དུ་དར་ཁྱབ་ཆེ་བའི་ཆོས་ལུགས་གཞན་མང་བོ་ཞིག་གིས་རང་ལུགས་ལས་ཕྱི་རོལ་དུ་གྱུར་བའི་གྲུབ་མཐའ་སྨྲ་བ་དག་ལ་སྙིང་རྗེ་གཏན་ནས་སྐྱེ་མི་རུང་བར་བཤད་པས་ཆགས་སྡང་ཆེ་ཡང་། ནང་བའི་ཆོས་ལུགས་ལས་ནི་སྙིང་རྗེ་སྐྱེ་བའི་ཡུལ་ལ་དགྲ་གཉེན་དང་གྲུབ་མཐས་ཁྱད་པར་ཕྱེས་ནས་མི་འཇོག་ཅིང་གཞན་ལུགས་ལ་སྡང་སེམས་བྱེད་མི་རུང་གསུངས་ཏེ། དཔལ་ལྡན་ཟླ་བ་གྲགས་པས། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། ། གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། ། ཅེས་དང་དབུ་མ་སྙིང་བོ་ལས། ཕྱོགས་སུ་ལྷུང་བས་སེམས་གདུང་བས། ། ཞི་བ་ནམ་ཡང་རྟོགས་མི་འགྱུར། ། ཞེས་དང་སློབ་དཔོན་ཡེ་ཤེས་སྙིང་བོའི་བདེན་གཉིས་ལས་ཀྱང་། དེ་ལྟར་བདེན་གཉིས་རྣམ་ཕྱེ་འདིར། ། ཅི་ཉེས་ཡོད་དམ་འོན་ཏེ་མེད། ། ཕྱོགས་འཛིན་པ་ཡིས་དཀྲུགས་པའི་ཡིད། ། ལེགས་པར་དོར་ལ་དཔྱད་པར་གྱིས། ། ཞེས་པ་ནས། སྡང་བས་ཚིག་པ་ཁྱོད་ལ་ནི། ། དལ་བ་འབྱོར་བའང་རིང་དུ་གསལ། ། ཞེས་དང་སྤེལ་མར་བསྟོད་པར་ཆོས་ལྡན་རབ་འབྱོར་རམ་སློབ་དཔོན་དཔའ་བོས་ཀྱང་། དམ་ཆོས་རབ་ཏུ་བསྟོད་པ་དང་། ། དམ་ཆོས་མ་ལགས་སྨོད་མཛད་ཀྱང་། ། དམ་པ་དག་དང་ཐ་མ་ལ། ། ཁྱོད་ནི་ཆགས་དང་ཁྲོ་མི་མངའ། ། དགྲ་བཅོམ་དག་དང་མུ་སྟེགས་ལ། ། རྗེས་སུ་ཆགས་དང་ཁོང་ཁྲོ་བར། ། ཁྱོད་ཀྱི་ཐུགས་ནི་མི་འགྱུར་ན། ། ཞེས་སོགས་འདི་ལྟ་བུའི་ཚིག་མདོ་དང་བསྟན་བཅོས་དག་ལས་མང་དུ་གསུངས་པའི་ཕྱིར། འོན་ཀྱང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། ། སེར་སྐྱ་སོགས་ལ་མི་སྡང་ཡང་། ། གང་ཞིག་རིགས་པར་ལྡན་པའི་ཚིག ། དེ་ཉིད་སྟོན་པར་ཡོངས་སུ་འཛིན། ། ཞེས་དང་རྗེ་བདག་ཉིད་ཆེན་པོའི་རིན་པོ་ཆེ་གསུམ་གྱི་གཏམ་ལས། གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། ། ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། ། ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། ། འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས། ། ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། ། དེ་ཕྱིར་བློ་གྲོས་ཕྲ་ཞིང་འཛངས་པ་དང་། ། ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། ། ངོམས་མི་སླ་བར་ཞེས་གསུངས་པ་ལྟར་རིགས་པས་ལེགས་པར་དཔྱད་ནས་འཇུག་དགོས་ཀྱི། རང་གཞན་གྱི་ཕྱོགས་ཕྱེས་ན་ཆགས་སྡང་ཅན་ཡིན་ལ་བདག་ལ་ཕྱི་ནང་གི་ལུགས་དང་། གྲུབ་མཐའ་ལའང་ཁྱད་པར་མེད་དོ།། ཞེས་མཉམ་མཉམ་དུ་འཛིན་པ་ནི་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་ངང་ཚུལ་ལས་བློ་ཁོག་ཡངས་པའི་ཡོན་ཏན་མིན་ནོ།།

    དེས་ན་ནང་བའི་ཆོས་ལུགས་སུ་རང་གཞན་གྱི་ལུགས་ལ་རིགས་པས་དགག་སྒྲུབ་མང་དུ་མཐོང་བ་ནི་མ་རིག་པས་ལམ་ལོག་པར་འཕྱན་པ་རྣམས་ཡང་དག་པའི་ལམ་དུ་དྲངས་པའི་ཕྱིར་སྙིང་རྗེས་ཀུན་ནས་བསླངས་ཏེ་མཛད་པ་ལས་ཆགས་སྡང་དང་ཕྱོགས་ལྷུང་གི་དབང་གིས་མ་ཡིན་པས། འདི་ལས་ལྷག་པའི་ཚན་རིག་དང་། འདི་ལས་ལྷག་པའི་དངོས་གཙོ་རྩོད་སྒྲུབ་ཀྱི་རིག་པ་ཞིག་གང་ནས་ཀྱང་རྙེད་པར་མི་འགྱུར་རོ།།


--- མུ་འགོད། ---


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། db3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438345
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།