
དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ།
གྲུབ་མཐའ། རྙིང་མ་བ།
འཁྲུངས་འདས། ༡༧༦༡-༡༨༢༩
དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་ཕྱི་ལོ་(༡༧༦༡)ལོར་དགེ་རྩེ་ཁྲོ་ཤུལ་དཔོན་ཚང་ལ་སྐུ་འཁྲུངས། རྫོགས་པ་དབོན་པདྨ་ཀུན་གྲོལ་དང་། ཀཿ ཐོག་དྲི་མེད་ཞིང་སྐྱོང་མགོན་པོ་གཉིས་ཞལ་མཐུན་པར་ཀློང་གསལ་སྙིང་པོ་དབོན་ཚེ་དབང་འཕྲིན་ལས་ཀྱི་སྤྲུལ་སྐུར་ངོས་བཟུང་། ཀཿ ཐོག་ཏུ་གདན་དྲངས་ནས་ཁྲི་ལ་མངའ་གསོལ་མཛད། སྐུ་ཞབས་རིན་པོ་ཆེ་དང་རྨོག་གྲུབ་ནམ་མཁའ་ཆོས་དབང་སོགས་ལས། ཀཿ ཐོག་པའི་སྔར་རྒྱུན་བཀའ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་རྫོགས་པར་གསན། མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་སྦྱོང་དང་བསམ་པའི་ཤེས་རབ་ཀྱི་ནང་ནས་སྒྲོ་འདོགས་བཅད་པས་སྒོམ་པའི་ཤེས་རབ་ཀྱི་རྩལ་རྫོགས། མཁས་པའི་གྲགས་པ་གངས་ཅན་གྱི་ལྗོངས་འདིར་ཁྱབ་པར་བྱུང་། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་དང་མཇལ་ནས་དགོངས་ཀློང་གཅིག་ཏུ་འདྲེས། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། རྫོགས་ཆེན་པ་ཨ་ཏི་བསྟན་པའི་རྒྱལ་མཚན་སོགས་གསར་རྙིང་གི་མཁས་གྲུབ་རྣམས་དང་ཕན་ཚུན་ཆོས་མང་དུ་གནང་། ཀཿ ཐོག་སྔ་རབས་པའི་བཀའ་སྲོལ་མདོ་རྒྱུད་སེམས་གསུམ་གཙོ་བོར་འཆད་སྤེལ་གནང་། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་དང་། ཀུན་མཁྱེན་སྔ་ཕྱི་གཉིས་གསུང་འབུམ་ཚང་མའི་དཔར་གསར་བཞེངས་ཐུགས་ཁུར་དང་ཞུ་དག་བཅས་མཛད། གདན་ས་འདིར་སྔ་འགྱུར་བཀའ་མ་རྣམས་ཀྱི་སྒྲུབ་མཆོད་ཆེན་མོའི་ཕྱག་ལེན་གྱི་རྒྱུད་གསར་དུ་བཙུགས། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་བའི་ཞབས་ལ་གཏུགས་ནས་གདམས་ངག་གི་ཞུན་མཐར་བཅད།
ཀཿ ཐོག་པའི་ཁྲི་འཛིན་མཆོག་སྤྲུལ་རྣམས་ངོས་འཛིན་དང་མཚན་གསོལ་བཅས་གནང་། ཀཿ ཐོག་པའི་བྱང་ཕྱོགས་ཀྱི་དགོན་ལག་ཐམས་ཅད་ཀྱི་རྩ་བ་ལྟ་བུ་དགེ་རྩེ་བཀྲ་ལེགས་དགོན་གྲྭ་བ་སྟོང་ཡོད་པའི་ཆོས་སྡེ་གསར་དུ་བཏབ་པ་དང་། གཞན་ཡང་མགོ་ལོག་དང་། རྒྱལ་རོང་། ཉག་རོང་། བཞག་གསར་སོགས་ཀྱི་ཀཿ ཐོག་དགོན་རྙིང་པ་རྣམས་ཉམས་གསོ་དང་། གསར་སྐྲུན་བཅས་གནང་། སྔ་འགྱུར་རྙིང་མ་རྒལ་ལན་རྩོད་ཟློག་དྲིས་ལན་སོགས་མང་པོ་མཛད། སོག་པོའི་རྒྱལ་པོ་སོགས་ཁམས་དབུས་ཀྱི་ཆེ་དགུ་ཀུན་ཀྱི་ཞབས་ལ་བཏུད། ཀཿ་ཐོག་ཏུ་གཙུག་ལག་ཁང་ཁམས་གསུམ་ཟིལ་གནོན་དང་། དྲི་མེད་ཞིང་སྐྱོང་སྐུ་གདུང་གངས་རིའི་རྒྱན་གཅིག ཕྱག་ཚ་ངེས་དོན་སྐུ་གདུང་། ཀུན་གཟིགས་སྒྲོལ་མའི་ལྷ་ཁང་དང་སོག་པོའི་ལི་མ་ཐུབ་སྐུ་སྟོང་གི་ལྷ་ཁང་སོགས་དང་། སོག་བླ་འཇམ་དབྱངས་དཀོན་མཆོག་བརྒྱུད་དེ་ལྕང་སྐྱ་རོལ་པའི་རྡོ་རྗེ་དབུ་འདྲེན་ཐོབ་པའི་གུ་རུའི་གོས་ཐང་ཆེན་མོ་འདོམ་བཅོ་ལྔ་པ་སོགས་རྟེན་བཞེངས་ཤིན་ཏུ་རྒྱ་ཆེ། རྫོགས་ཆེན་སྐུ་ཕྲེང་གསུམ་པ་དང་། བྱེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སོགས་སློབ་མ་གྲངས་ལས་འདས་པ་བྱོན། རབ་བྱུང་བཅུ་བཞི་པའི་ས་གླང་ཟླ་ལྔ་པའི་ཚེས་གཅིག་གི་ཕྱི་ལོ་(༡༨༢༩)ལོར་སྐུ་གཤེགས།
གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་། དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན།
|