
བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ནི1948ལོའི་ཟླ12པར་མཚོ་སྔོན་འབའ་རྫོང་དུ་སྐྱེས་ཤིང་། ཕྱིས་སུ་ཅི་ལིན་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས།
1978ལོ་ནས་བཟུང་སྔ་རྗེས་སུ་གུང་གཞོན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་དང་། བྲག་དཀར་རྫོང་གི་རྫོང་ཨུའི་ཧྲུའུ་ཅི། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་བཅས་ཀྱི་འགན་བཞེས།
1985ལོ་ནས་བཟུང་གུང་གཞོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་ཀྱི་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ལས་འཛིན་གཞོན་པ་བཅས་ཀྱི་འགན་བཞེས།
1995ལོའི་ཟླ9པ་ནས་བཟུང་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་གྱི་མགོ་འཛིན་གཞོན་པ་དང་ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་བཞེས། རྒྱལ་ཡོངས་སྲིད་གྲོས་སྐབས་བདུན་པ་དང་བརྒྱད་པའི་ཨུ་ཡོན་དང་། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་དམངས་ཆེན་གྱི་མི་རིགས་ཆོས་ལུགས་ལས་དོན་ཨུའི་ཨུ་ཡོན་བཅས་ཀྱི་འགན་བཞེས།
ད་ལྟ་ཀྲུང་གོའི་མདོ་དབུས་མཐོ་སྒང་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་གཞོན་པ་དང་། རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་འགན་བཞེས་ཡོད་པར་མ་ཟད། ལན་ཀྲུའུ་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱི་གདན་ཞུའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། ཁོང་གི་བརྩམས་ཆོས་ལ《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས》《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་མི་གྲངས།》《མདོ་དབུས་མཐོ་སྒང་གི་ཆུའི་ཐོན་ཁུངས།》《མདོ་དབུས་མཐོ་སྒང་གི་བྱེ་འགྱུར་གནད་དོན་དང་རྒྱུན་མཐུད་འཕེལ་རྒྱས།》《བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ》སོགས་ཆེད་རྩོམ་མང་པོ་ཡོད་ཅིང་། ད་ལྟ《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས》ཞེས་པའི་ལས་གཞི་གལ་ཆེན་དེར་མགོ་འཛིན་བྱས་ནས་མི་སུམ་བརྒྱ་ལྷག་གིས་གྲུབ་པའི་ཚོགས་པ་དང་མཉམ་དུ་ཞིབ་འཇུག་བྱེད་ཀྱིན་ཡོད།།
|