
སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར།
གྲུབ་མཐའ། དགེ་ལུགས་པ།
འཁྲུངས་འདས། ༡༧༠༤-༡༧༨༨
སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་མཆོག་ནི། སྤྱི་ལོ་(༡༧༠༤)ལོར་མདོ་སྨད་རྨ་ཆུའི་འགྲམ་ཐོ་ལི་ཞེས་པའི་ཡུལ་དུ་ཡབ་རྡོ་རྗེ་བཀྲ་ཤིས་དང་། ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་པའི་ཐོག་ཀུན་མཁྱེན་འཇམ་དབྱངས་བཞད་པས་སུམ་པ་བླ་མའི་ཡང་སྲིད་དུ་ངོས་འཛིན་མཛད། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས་ཡི་གེའི་འབྲི་ཀློག་སོགས་ལེགས་པར་སྦྱངས། དགུང་ལོ་བདུན་པ་སྟེ། སྤྱི་ལོ་(༡༧༡༠)ལོར་ཐར་ཤུལ་དཔོན་སློབ་ཀྱི་དྲུང་དུ་རབ་ཏུ་བྱུང་། མཚན་བློ་བཟང་ཆོས་སྐྱོང་ཞེས་གསོལ། དགུང་ལོ་དགུ་པར་དགོན་ལུང་གི་ཆོས་གྲྭར་ཞུགས། དགུང་ལོ་བཅུ་གསུམ་པར་རྣལ་འབྱོར་པ་ཆེན་པོ་སློབ་དཔོན་ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ཕྱུག་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་པ་སྟེ། སྤྱི་ལོ་(༡༧༢༣)ལོར་དབུས་སུ་གྲྭ་སྐོར་དུ་ཕེབས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་སློང་གི་སྡོམ་པ་བཞེས། མཚན་ཡེ་ཤེས་དཔལ་འབྱོར་ཞེས་གསོལ། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ལ་མོ་ངག་དབང་ནམ་མཁའ་དང་། མོག་ཀྱཱ་རབ་འབྱམས་པ་འཇམ་དབྱངས་རྒྱ་མཚོ། ཁྲི་ངག་དབང་མཆོག་ལྡན། ཀོང་པོ་བཀའ་འགྱུར་པ་ཆོས་རྗེ་རིན་ཆེན། ཞྭ་དམར་ཤེས་རབ་རྒྱ་མཚོ། སྒོ་མང་བླ་མ་སེམས་ཉིད་དམ་པ་སོགས་མཁས་ཆེན་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ལ་གསན་བཞེས་རྒྱ་ཆེན་པོ་མཛད། པྲ་ཏི་དགེ་བཤེས་ངག་དབང་ཆོས་དཔལ་དང་། དེའི་སློབ་མ་མཛོ་མོ་མཁར་པ་སྨོན་ལམ་ལྷུན་གྲུབ་ལས་སྒྲ་རིག་པ་དང་། སྐུ་འབུམ་པ་མི་ཐུང་བསོད་ནམས་རྒྱལ་མཚན་ལས་སུམ་རྟགས། སྨན་རམས་པ་ཉི་མ་རྒྱལ་མཚན་ལས་གསོ་རིག རྒྱུད་སྨད་གྲགས་པ་ལྷུན་གྲུབ་ལས་ལྷ་རིས་ཐིག་ཚད་དང་ཡིག་རིགས་སྣ་ཚོགས། སོག་པོ་རབ་འབྱམས་པ་ངག་དབང་རྒྱ་མཚོ་ལས་རྩིས་དཀར་ནག་སོགས་ལ་སྦྱང་བརྩོན་གནང་སྟེ་ཐུན་མོང་གི་རིག་གནས་ཀུན་ལའང་མཁས་པའི་ཡང་རྩེར་སོན། སུམ་པ་པཎྜི་ཏ་ཞེས་མཁས་པའི་གྲགས་པ་ཕྱོགས་བཅུར་ཁྱབ། དགུང་ལོ་ཉེར་ལྔ་པར་མི་དབང་ཕོ་ལྷ་པས་ཁོང་ལ་བཀའ་ཤོག་དང་ཐམ་ག་གནང་ནས་འབྲས་ཡུལ་སྐྱིད་ཚལ་དགོན་གྱི་མཁན་པོར་བསྐོས་པས། དེ་རུ་ལོ་གཉིས་ཙམ་བཞུགས། སྤྱི་ལོ་(༡༧༣༡)ལོར་ཕྱིར་མདོ་སྨད་དུ་ཕེབས། མཚན་སྒྲོག་མཁན་ཆེན་དགེ་འདུན་དོན་གྲུབ་སོགས་མཁས་གྲུབ་དུ་མ་ལས་དབང་ལུང་མན་ངག་མང་དུ་ཞུས། སྤྱི་ལོ་(༡༧༣༧)ལོར་ཆིང་གི་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ། ལོ་གསུམ་ཙམ་ལ་མཚོ་བདུན་དགོན་པའི་མཁན་པོ་མཛད། སྤྱི་ལོ་(༡༧༣༩)ལོར་ཕྱིར་དགོན་ལུང་དུ་ཕེབས། དགུང་ལོ་སོ་དགུ་པ་ཆུ་ཁྱི་ལོར་ཡང་བསྐྱར་པེ་ཅིན་དུ་ཐེངས་གཅིག་ཕེབས་ཤིང་། དགོན་ལུང་རི་ཁྲོད་དང་། ཞྭ་ཁོག་གི་བདེ་སྐྱིད་སྒྲུབ་སྡེ་གཉིས་ཀྱི་འདུ་ཁང་དང་། དགོན་ལུང་དགའ་ལྡན་ལྷ་རྩེ་བཅས་བཞེངས། སྲིད་གནོན་འབུམ་པ་ཆེན་པོ་དང་། སུམ་པའི་ཟིན་ཡོན་ལྷ་ཁང་། དམར་གཙང་ལྷ་ཁང་བཅས་ལ་ཞིག་གསོ་མཛད། དགུང་ལོ་ཞེ་གསུམ་པ་སྟེ། སྤྱི་ལོ་(༡༧༤༦)ལོར་དགོན་ལུང་གི་ཁྲིར་བཞུགས། སྔ་ཕྱིར་ཁྲི་པ་ལན་གསུམ་མཛད། བཀྲ་ཤིས་ཆོས་གླིང་དང་། སེར་ལུང་། འདུལ་བ་དགོན། དགའ་ལྡན་རིན་ཆེན་གླིང་། ཕོ་རོད་པྲ་ཏི་དགོན་སོགས་ཀྱི་ཁྲི་བ་ཡང་མཛད། སྤྱི་ལོ་(༡༧༥༠)ལོར་རི་བོ་རྩེ་ལྔར་ཕེབས། དགུང་ལོ་དྲུག་ཅུ་རེ་དྲུག་པར་སླར་ཡང་དབུས་སུ་ཐེངས་གཅིག་ཕེབས། དགུང་ལོ་རེ་བརྒྱད་པར་སོག་ཡུལ་དུ་ཕེབས་ནས་ལོ་བརྒྱད་ཙམ་བཞུགས། དགུང་ལོ་དོན་དགུ་པར་སླར་ཡང་དགོན་ལུང་གི་ཁྲིར་ཕེབས་ནས་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད་ལེགས་པར་བསྩལ། ཐུའུ་བཀྭན་ཆོས་ཀྱི་ཉི་མ་དང་། གྲོ་ཚང་བྲག་རིན་པོ་ཆེ་དང་། པཎྜི་ཏ་ཆོས་རྗེ་བློ་བཟང་ལྷུན་གྲུབ་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱུང་།
མཁས་དབང་འདི་ཉིད་ཀྱི་གསུང་རྩོམ་ལ། ཚད་མ་སྡེ་བདུན་གྱི་སྙིང་ནོར་དང་། གྲུབ་མཐའི་རྣམ་གཞག་ཉུང་བསྡུས། གསུང་རབ་མཛོད་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག མངོན་རྟོགས་རྒྱན་གྱི་དཀའ་གནད་ཀྱི་སྤྱི་དོན་ཉུང་བསྡུས་བློ་གསལ་མགུལ་རྒྱན། དབུ་མ་འཇུག་པའི་མཐའ་དཔྱོད་ཉུང་བསྡུས་ཟླ་འོད། དབུ་མའི་ལྟ་ཁྲིད་རྒྱས་འབྲིང་བསྡུས་གསུམ། རྒྱུད་སྡེ་རྒྱ་མཚོའི་གྲྭ་གཟིངས། གསོ་དཔྱད་བདུད་རྩིའི་ཆུ་རྒྱུན་གྱི་ཆ་ལག་ལས་ལག་ལེན་ཉུང་བསྡུས་བདུད་རྩིའི་ཟིལ་དཀར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། མིའི་ཆོས་ལུགས་ཀྱི་བསྟན་བཅོས་མེ་ཏོག་ཕྲེང་མཛེས་སོགས་པོ་ཏི་བརྒྱད་བཞུགས། དགུང་ལོ་གྱ་ལྔ་པ་སྟེ། སྤྱི་ལོ་(༡༧༨༨)ལོར་སྐུ་གཤེགས།
|